རྩོམ་པ་པོ། ཨེ་པ་བསོད་ནམས་རིན་ཆེན།
སྔོན་གླེང་།
སྤྱིར་ཉི་ཟླ་གཟའ་གཉིས་ནི་ངེད་མིའི་རིགས་འཚོ་བའི་ས་ཡི་གོ་ལ་འདི་དང་འབྲེལ་བ་ཆེས་ཉེ་བའི་སྐར་ཁྱིམ་གྱི་གོ་ལ་ཞིག་ཡིན་པར་མ་ཟད། དམིགས་བསལ་འགྲོ་བ་མིའི་རིགས་ཀྱི་ལུས་ཁམས་ཀྱི་བདེ་སྡུག་དང་ཐད་ཀར་རྟེན་ལྟོས་ཀྱི་འབྲེལ་བ་ཡོད་པའི་གཟའ་སྐར་གཙོ་བོའ་ིགྲས་ཤིག་ཀྱང་ཡིན། བོད་རྩིས་རིག་པའི་ནང་ཟླ་ཉི་སོ་སོའ་ིདཀར་ཆའི་འཕེལ་གྲིབ་དང་། འབྱུང་ཁམས་བགྲོད་ཚུལ་སོགས་རྩ་བའི་ཤེས་བྱ་རྣམས་སྤྱི་བསྡོམས་ཀྱི་ཚུལ་དུ་གསུངས་པ་ཙམ་ལས། བྱེ་བྲག་དངོས་པོའི་གྲུབ་ཚུལ་འདི་དང་འདི་ཡིན་ཞེས་ཕྱི་ལུགས་གནམ་རིག་ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་གསལ་ཁ་མེད་ཅེས་གླེང་ཆོག
དེང་ཕྱི་རོལ་དངོས་པོ་གཙོར་འཛིན་གྱི་རིག་པ་སྨྲ་བའི་(ཚན་རིག་)མཁས་པ་དུ་མས་ཟླ་ཉི་གཉིས་པོའི་སྐོར་ཤེས་རྟོགས་འབྱུང་བ་ནི་སྤྱིར་བཏང་ཞིག་མ་ཡིན་ལ། ལྷག་པར་ཨ་རི་དང་། འཇའ་པཎ་མཁའ་བསྐྱོད་གནམ་རིག་པས་སྔ་ཕྱིར་ཟླ་བའི་ནང་འཕུར་བསྐྱོད་ཀྱིས་ཟླ་བའི་གནས་སྟངས་ལ་ཞིབ་འཇུག་བྱ་མུས་ཡིན་པ་མ་ཟད། ཉེ་བའི་ཆར་ཟླ་བའི་ནང་ཆུ་ཡོད་མེད་ འཚོལ་ཞིབ་ཀྱིས་ཐེངས་དང་པོར་ཚན་རིག་པ་འགའ་གནས་བཅས་ཏེ་རྒྱུ་སྐར་གཞན་དང་གཞན་ལ་ཤེས་རྟོགས་ཀྱིས་འགྲོ་བ་མིའི་རིགས་ལ་འཚོ་གནས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བའི་མིག་འབུར་ཟུམ་པ་མེད་པར་བར་སྣང་སྟོང་པར་ཕྱོགས་བཞིན་འདུག འོན་ཏེ་དོན་དངོས་ཉི་ཟླ་གཉིས་དང་ས་ཡི་གོ་ལ་དེ་བཞིན་སྐར་ཁྱིམ་གཞན་བར་གྱི་རྟེན་འབྲེལ་གྱི་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་ཕྱི་ཐལ་ཐག་རིང་དུ་ལུས་ཡོད་པ་ལྟ་ཅི། དེ་དག་དང་ནང་བཅུད་འགྲོ་བའི་བར་གྱི་བདེ་སྡུག་གི་འབྲེལ་བའི་སྐོར་ལ་མཚོན་ན་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་ཉིས་སྟོང་དང་བརྒྱ་ཕྲག་དུ་མའི་སྔོན་ནས་གསུངས་པའི་སྟོན་པ་ཚད་མའི་སྐྱེས་བུ་གང་གིས་བསྟན་པའི་གསུང་ཚད་མར་བཟུང་སྟེ་བརྟག་ཐབས་དང་། སྒོམ་ལམ་གྱི་རྣམ་རིག་བེད་སྤྱད་དེ་ཕྱི་གཟའ་སྐར་གྱི་བགྲོད་པ་བརྩི་བའི་རིག་པར་གསར་གཏོད་དང་དར་འཕེལ་ཞིབ་འཇུག་གནང་ཡོད་ལ། ཕྱིའི་གཟའ་སྐར་གྱི་ཚོགས་དང་ནང་མིའི་ལུས་ཁམས་བར་གྱི་འབྲེལ་བ་ནི་ཆེས་རིན་ཐང་ལྡན་པ་ཞིག་ཏུ་ངོས་འཛིན་ཐོབ་སྟེ་ཕྱིའི་གཟའ་སྐར་ལ་བརྟེན་པའི་ནང་མིའི་བདེ་སྡུག་གི་རྣམ་གཞག་གཏན་ལ་ཕབ་ཡོད། ལྷག་པར་དུས་རྟེན་ཁྱད་པར་བ་དེ་ཉིད་བརྩི་བ་ལ་བརྟེན་ཏེ་ཐམས་ཅད་མཁྱེན་པའི་གོ་འཕང་གྲུབ་པ་ལ་མཐུན་རྐྱེན་ཇི་ལྟར་བསྐྲུན་པའི་དགེ་མཚན་རྨད་དུ་བྱུང་བའི་རིག་པའང་ལམ་ལག་ལེན་ཐོག་ནས་ངོ་སྤྲོད་གནང་ཡོད། དེ་ན་འདིར་རང་ལུགས་ཀུན་ཁྱབ་བོད་རྩིས་རིག་པས་ཉི་ཟླ་འཛིན་ཚུལ་སྐོར་ལ་འགྲེལ་བརྗོད་ཇི་འདྲ་གནང་གི་ཡོད་པའི་སྐོར་མདོར་བསྡུས་གླེང་རྒྱུ་ཡིན།
དང་པོ། ཟླ་ཉི་ཇི་ལྟར་སྒྲིབ་པའི་རྒྱུ་རྐྱེན་བཤད་པ།
ཟླ་ཉི་ཇི་ལྟར་སྒྲིབ་པའི་རྒྱུ་རྐྱེན་ནམ། ཟླ་བ་དང་ཉི་མ་གཉིས་པོ་གཟས་འཛིན་པའི་སྣང་ཚུལ་བྱུང་བཞིན་པ་དེའི་རྒྱུ་མཚན་གང་འདྲ་ཡིན་སྙམ་ན། འདི་ཡི་ཐད། ཕྱི་ལུགས་དང་རང་ལུགས་གཉིས་པོའ་ིབཤད་ཚུལ་མི་འདྲ་ལ། རང་ལུགས་ལའང་རིག་བྱེད་དང་མདོ་འགྲེལ། དུས་འཁོར་སོགས་མདོ་རྒྱུད་གསུང་རབ་ཀྱི་དགོངས་པ་འདྲ་མིན་ཡོད།
གཅིག ཕྱི་ལུགས་པས་ཟླ་ཉི་འཛིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཟླ་བ་དང་། ཉི་མ། སའི་གོ་ལ་གསུམ་པོའ་ིརང་འགྲོས་ཀྱི་རྒྱུ་ལམ་འཕྲེད་ཐིག་གཅིག་གི་སྟེང་འཁེལ་བ་ལས་བྱུང་བར་བཤད་ཡོད། ཕྱི་ལུགས་གནམ་རིག་པས་མཁའི་གཟའ་སྐར་གྱི་འོད་ཀྱི་འབྱུང་གཞི་ཉི་མ་ཁོ་ན་ཡིན་པ་དང་། ཟླ་བ་སོགས་གཟའ་གཞན་དང་གཞན་གྱི་འོད་ཕྲ་རགས་གང་ཡང་ཉི་མའི་འོད་ཀྱི་ལྡོག་འཕྲོ་ལས་བྱུང་བར་ངོས་འཛིན་བྱེད། དེ་ན་ཉི་ཟླའི་འོད་འགྲིབ་པའི་སྣང་ཚུལ་འདི་ཡང་། འགྲིབ་བྱ་གྲིབ་བྱེད་ཉི་ཟླ་གཉིས་དང་གོ་ལ་གསུམ་གྱི་འཁོར་བགྲོད་དམིགས་བསལ་ལས་བྱུང་བར་ངོས་འཛིན་གྱིས་གཟའ་གཞན་དང་གཞན་ལའང་གཟའ་འཛིན་ཡོད་པར་གླེང་། དེ་ཡང་། བྱེ་བྲག་ཟླ་བ་ཉི་མ་དང་གོ་ལའི་བར་དུ་སླེབས་པའི་སྐབས་ཟླ་བའི་གཟུགས་ཀྱིས་ཉི་འོད་འགྲིབ་པས་སར་ཉི་འཛིན་གྱི་སྣང་བ་འབྱུང་བར་བཤད་པ་དང་། གོ་ལ་ཟླ་ཉི་གཉིས་པོའ་ིབར་དུ་བགྲོད་པའི་ཚེ་གོ་ལའི་གཟུགས་ཀྱིས་ཉི་འོད་འགྲིབ་པས་ཉི་མའི་འོད་དེ་ཟླ་གཟུགས་སྟེང་འཕྲོ་མི་ཐུབ་པའི་སྣང་ཚུལ་ལས་སར་ཟླ་འོད་གྲིབ་པ་སྟེ་ཟླ་འཛིན་གྱི་མངོན་ཚུལ་འབྱུང་བར་བཤད་པ་ཡིན།
གཉིས། རང་ལུགས་ཟླ་ཉི་སྒྲིབ་པའི་རྒྱུ་རྐྱེན་ཐད་རིག་བྱེད་དང་། དུས་འཁོར་སོགས་ཀྱི་འཆད་ཚུལ་འགའ་ཞིག་ཡོད་པ་ལས་འདིར་མདོ་དང་རིག་བྱེད་སོགས་དཔེ་མཚོན་སྐོར་རེ་ཞིག་བཞག་ནས་དུས་འཁོར་དགོངས་འགྲེལ་བོད་རྩིས་རིག་པའི་ལྟ་ཚུལ་འཁྲུལ་བྲལ་བྱེ་བྲག་ཏུ་བཤད་པ་ལ་རྒྱུ་རྐྱེན་ལ་ཕྱི་ནང་གསུམ་ལས།
༡༽ ཕྱི་ལྟར་ན་སྒྲ་གཅན་ཞེས་པ་ལུས་ནམ་མཁའ་སྟོང་པའི་༼སྟོང་པའི་རང་བཞིན་ཞེས་པ་གཟའ་སྐར་གཞན་ལྟར་གཟུགས་རགས་པ་འཛིན་དུ་མེད་ཀྱང་འབྱུང་བཞིའི་དཀྱིལ་འཁོར་དང་ཆ་འདྲར་སྟོང་རྡུལ་སོགས་ཁམས་ལྔའི་རྡུལ་གྱིས་གྲུབ་པ་མིག་ཤེས་ཀྱི་སྤྱོད་ཡུལ་དང་བྲལ་བ་ཞིག་ལ་ངོས་འཛིན་དགོས་སམ་སྙམ།༽རང་བཞིན་སྐར་ཁྱིམ་ཁྱོན་ཀུན་ཏུ་ཁྱབ་པ་ལ་མགོ་མཇུག་བཻེཌཱུརྱའི་མདོག་འཛིན་པ་སྐར་ཁྱིམ་གོ་ལའི་ཕྱེད་ཕྱེད་དུ་གནས་པར་གསུངས། དེ་ཡང་། བསོད་ནམས་ལྡན་པས་གཡས་སུ་སྐོར་ཞེས་ཟླ་ཉི་སོགས་གཟའ་གཞན་རྣམས་རང་འགྲོས་གོ་ལར་གཡོན་སྐོར་དུ་འཁོར་བ་ལ་སྒྲ་གཅན་ཉིད་གཡས་སུ་འཁོར་བར་བྱེད། དེས་རྒྱུན་དུ་ལུས་ཀུན་གང་དང་འཕྲད་ཀྱང་ཉི་ཟླའི་འོད་སྒྲིབ་པ་མེད་ལ། མགོ་ལུས་བཻཌཱུརྱའི་རང་བཞིན་༼མགོ་ལུས་ཀྱི་ཁམས་ནི་ནང་དུ་དབུ་མའི་ཡར་སྣེ་མར་སྣེ་གཉིས་ཀྱི་ཁམས་མི་འདྲ་བར་གསུངས་པ་ལྟར་ཕྱི་རོལ་སྒྲ་གཅན་ལའང་སྦྱར་དུ་རུང་བ་ཡིན།༽གང་རུང་དང་འཕྲད་པ་དེས་ཟླ་ཉི་སྒྲིབ་པར་གསུངས། རྒྱུ་མཚན་དེའི་ཕྱིར་རྩིས་གཞུང་དུ་སྒྲ་གཅན་རླུང་རེ་དྲུག་དང་ནམ་མཁའི་ཁམས་སུ་འཇོག་པ་ལ་འདིའི་རང་འགྲོས་ཀྱང་གཡས་སུ་ལོངས་སྤྱོད་ལྡོག་པའི་ཚུལ་གྱི་འཕོ་བར་བསྟན་པ་མ་ཟད་དམིགས་བཀར་གཟའ་འདིའི་ལོངས་སྤྱོད་ལས་གཟའ་གཞན་གྱི་ལོངས་སྤྱོད་སྤྲོ་ཚུལ་ཡང་བསྟན་ཡོད་པ་འདི་ནི་ཕྱི་དུས་འཁོར་བོད་ལུགས་སྐར་རྩིས་རིག་པའི་འདོད་ཚུལ་མཐར་ཐུག་ཅིག་ཡིན་ལ། ཕྱི་ནང་གཞན་གསུམ་འགལ་མེད་རྒྱུ་མཚན་ལྡན་པའི་ཤེས་བྱེད་ཀྱི་རྩ་བ་ལྟ་བུའང་ཡིན།
༢༽ ནང་མིའི་ལུས་ཁམས་ཀྱི་རྟེན་རྩ་དབུ་རྐྱང་རོ་གསུམ་དང་སྦྱར་བའི་ལུགས་ལྟར་ན། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་གཞུང་ན། ནང་གི་ཉི་ཟླ་སྒྲ་གཅན་ཞེས་ཐོག་མར་མངལ་ཆགས་པའི་སྐབས་ནང་གི་སྲོག་རླུང་དང་། ཁམས་དཀར་དམར་གྱི་རྟེན་རྩ་དབུ་རྐྱང་རོ་གསུམ་དང་སྦྱར་ཏེ་གསུངས་པའང་། དབུ་མའི་ཡས་ཀྱི་རྩེར་ཕ་ལས་བྱུང་བའི་ཁམས་དཀར་ཡུང་འབྲུ་ཙམ་པའི་ཧཾ་སྒྲ་གཅན་དང་། མས་རྩེར་མ་ལས་བྱུང་བའི་ཁམས་དམར་ཨ་ཤད་ཅན་དུས་མེ་རྒྱུ་བར་བཤད་ལ། སྙིང་ཁ་ཆོས་འཁོར་གྱི་ཕྱོགས་དང་མཚམས་ཀྱི་རྩ་འདབ་བརྒྱད་ལ་གཟའ་གཞན་བརྒྱད་གནས་པར་བཤད་པའི་བྱེ་བྲག་གཡས་སུ་ཉི་མའི་རྩ་དམར་སེར་ཞེས་རོ་མ་དང་འབྲེལ་བར་རྒྱུ་བ་དང་། གཡོན་ཕྱོགས་ཟླ་བའི་རྩར་ཨི་ཊ་རྐྱང་མ་དང་འབྲེལ་བ་རྒྱུ་བར་བཤད་པས་དེ་གཉིས་ཀར་སྤྱི་བོའི་ཧཾ་ཁམས་དཀར་དང་རྩ་བའི་ཨ་ཤད་ཁམས་དམར་སྦྱོར་བ་ནང་དུ་སྲོག་གི་རླུང་དེ་དཀར་དམར་སོ་སོ་དང་སྦྱོར་བས་ཕྱི་རོལ་སྒྲ་གཅན་འཇུག་པ་དེ་ཡང་གཉིས་ཀ་ལྷན་དུ་སྦྱོར་བས་ཉི་འཛིན་དང་། ཨི་ཊའི་ཁམས་རྐྱང་མ་དང་སྦྱར་བས་ཟླ་བ་འཛིན་པར་བྱེད་དོ། །དེ་ཡང་དུས་འཁོར་བསྡུས་རྒྱུད་ཡེ་ལེའི་ཕྲེང་འཛིན་བརྒྱ་དང་རེ་གཅིག་ལས། ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མུན་པ་ཉིད། །ཐུན་མཚམས་དེ་ནི་ལུས་ཀྱི་དབུས་སུ་རྣལ་འབྱོར་རྣམས་ཀྱིས་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཞེས་དང་། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ག་ཡི་ཡང་སྲོག་གི་རླུང་ནི་ཆེན་ པོ་འགག །ཆུ་སྐྱེས་རྡོ་རྗེ་རབ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །ཞེས་གསུངས་བ་ལས་རྟོགས་ལ། གཞན་ཡང་ནང་ལུས་ཐོག་མར་ཆགས་དུས་ཟླ་ཁམས་དཀར་པོ་དང་། ཉི་ཁམས་དམར་པོ། རྣམ་ཤེས་སྒྲ་གཅན་ཏེ། རྣམ་ཤེས་ཕ་ཡི་རྡོ་རྗེའི་ལམ་བརྒྱུད་པའི་མངལ་གྱི་པདྨ་དཀར་དམར་ཁམས་གཉིས་དང་ལྷན་དུ་རྒྱུ་བས་ལུས་གྲུབ་པར་བཤད་ལ། ལུས་གནས་སུ་རྩ་དཀར་ཟླ་བ་དང་། རྩ་ནག་ཉི་མ། རླུང་རྒྱུ་སྒྲ་གཅན་རིགས་སུ་བཤད་པ་ཡིན་ནོ། །
༣༽ གཞན་བསྐྱེད་རྫོགས་རྣལ་འབྱོར་དང་སྦྱར་ན། ཉི་ཟླ་སྒྲ་གཅན་གསུམ་ག་དུས་འཁོར་ཡབ་ཡུམ་གྱི་གདན་དུ་འབྱུང་བ་དེ་ལས་ཞབས་ཀྱིས་རོ་རྐྱང་སྟེ་ཟླ་ཉི་གཉིས་དང་། རྫོགས་རིམ་མཐར་ཐུག་སྐབས། རོ་རྐྱང་རླུང་གཉིས་དྷུ་དྷིའི་ནང་ཞུགས་ཚེ་སངས་རྒྱས་ཐོབ་པ་དང་ཕྱི་རོལ་ཟླ་ཉི་འཛིན་པར་གསུངས་སོ། །དེ་ལྟར་དཔལ་ལྡན་དུས་འཁོར་ན་ཕྱི་འཇིག་རྟེན་ཁམས་ཀྱི་བཤད་པའི་སྐབས་ཕྱིའི་སྒྲ་གཅན་གྱི་བགྲོད་པ་དང་ལོངས་སྤྱོད་རྩི་ཚུལ་གསལ་བར་བསྟན་པ་ཙམ་མ་ཟད། དེས་ཉི་ཟླའི་སྒྲིབ་ཚུལ་ཡང་ནང་དུ་རྩ་རླུང་གི་འཕོ་བ་དང་སྦྱར་ཞིང་། གསང་བ་སྒྲ་ཉི་ཟླ་གསུམ་གྱི་ལོངས་སྤྱོད་བརྩི་ཐབས་ལ་བལྟོས་ཏེ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཀྱི་བརྩི་ཚུལ་སོགས་གཏན་ལ་དབབ་ཤིང་། བདག་ཅག་གི་སྟོན་པས་ཀྱང་ལམ་འདིར་བརྟེན་ནས་ཀུན་མཁྱེན་གྱི་གོ་འཕང་དུ་གཤེགས་པ་སོགས་དངོས་མཐོང་ཚད་མའི་མན་ངག་དངོས་པོ་སྟོབས་ཤུགས་ཀྱི་རིག་པའི་ལམ་ནས་གྲུབ་པ་བོད་གངས་ཅན་ཡུལ་གཅིག་པུར་བསམ་གྱིས་མི་ཁྱབ་པ་བྱོན་ནོ། །
བོད་ཀྱི་སྲོལ་རྒྱུན་རྩིས་རིག་པས་ལོ་རེར་ཉི་ཟླ་གཟའ་འཛིན་དུ་ཡོད་དང་དེ་དག་དུས་ཇི་ཙམ་ལ་ཆ་ཇི་ཙམ་སྒྲིབ་ཀྱི་ཡོད་པའི་གནས་ཚུལ་ཆ་ཚང་སྔོན་ཚུད་ནས་ལེ་ཐོའི་ནང་བཀོད་ཡོད་སྟབས་དེ་དག་གསལ་པོ་ངོས་འཛིན་ཐུབ་དང་མ་ཐུབ་ནི་ལེ་ཐོའི་ནང་དོན་ལྟ་ཐུབ་དང་མ་ཐུབ་ལ་རགས་ལུས་ཡོད་སྟབས། སྐབས་སུ་ལེ་ཐོའི་ནང་ཇི་ལྟར་འཁོད་ཡོད་པའི་གནས་ཚུལ་ཁག་བལྟ་བདེའི་ཕྱིར་མུ་མཐུད་དེ་ངོ་སྤྲོད་སྙིང་བསྡུས་ཞུ་བ་ལ།
གཉིས་པ། ཟླ་ཉི་ཇི་ལྟར་སྒྲིབ་ཚུལ་བཤད་པ།
བྱེ་བྲག་ཟླ་ཉི་གཟའ་གཉིས་ཇི་ལྟར་སྒྲིབ་ཚུལ་ཐད། རྩིས་རིག་པ་ལས་བརྟག་པ་རྣམ་པ་བདུན་བསྟན་ཡོད་པའང་། ༡༽ སྒྲིབ་མིན། ༢༽ སྒྲིབ་ཆ། ༣༽ སྒྲིབ་ཡུན། ༤༽ སྒྲིབ་དུས། ༥༽ སྒྲིབ་ཕྱོགས། ༦༽ སྒྲིབ་པའི་སྐབས་ཀྱི་མདོག ༧༽ འགྲིབ་སོས་ཕྱོགས་བཅས་ཀྱི་སྒོ་ནས་སྒྲིབ་ཚུལ་དབྱེ་ཞིབ་ཕྱོགས་བསྡོམས་བྱས་ཡོད་པས་འདི་སྐོར་དངོས་དོན་རྒྱས་པ་རྩིས་རིག་སྨྲ་བ་པོས་རྩིས་གཞུང་ན་ས་རིས་རི་མོའི་ལག་ལེན་དང་བཅས་རྒྱས་པར་བཀོད་ཡོད་པ་དེ་ལས་མཁྱེན་དགོས།
གསུམ་པ། གཟའ་འཛིན་ལྟ་སྟངས་དངོས་བཤད་པ་ལ།
ལེ་ཐོའི་ནང་ཟླ་ཉི་སོ་སོའི་འཛིན་ཆ་ཆེ་ཆུང་དང་། དེ་ཉིད་རང་གླིང་ནས་(ང་ཚོ་གནས་པའི་གླིང་ལྷོ་གླིང་དབུས་མ།)མཐོང་མིན་ལ་མ་ལྟོས་པའི་འཛིན་དུས་རགས་ཞིབ་རེ་བཀོད་ཡོད་པས་ང་ཚོས་དེ་ཉིད་དུས་ནམ་ཞིག་ལ་ཕྱོགས་གང་ནས་ཆ་ཇི་ཙམ་འཛིན་ཚུལ་གསལ་རྟོགས་ཐུབ་ཆེད། སྐབས་སུ་ཟླ་ཉི་འཛིན་པའི་དུས་ཚོད་ངོས་འཛིན་དང་། འཛིན་ཡུན་དུས་ཀྱི་དགེ་བའི་འགྱུར་ཁྱད། ཕྱིས་ཀྱི་བརྟག་པ་བྱ་ཚུལ་བཅས་རྣམ་པ་གསུམ་གྱི་སྒོ་ནས་ངོ་སྤྲོད་ཞུ་བ་ལ།
གཅིག ཟླ་ཉི་འཛིན་པའི་དུས་ཚོད་ངོས་འཛིན།
ཟླ་ཉི་འཛིན་དུས་ཀྱི་དུས་ཚོད་རགས་པ་ནི་ཟུར་དུ་ཡེ་ལོའི་ཟླ་ཞག་དང་སྦྱར་ཏེ་བཀོད་ཡོད་པ་ལྟར་དང་། ཟླ་ཉི་ཕྱོགས་གང་ནས་སྒྲིབ་མིན་ནི། ཟླ་ཉི་འཛིན་པའི་རི་མོའ་ིནང་གསལ་ལྟར་ཟླ་ཉི་རང་ངོས་ནས་རྩིས་པའི་གཡས་ཤར། གཡོན་ནུབ། སྟེང་ལྷོ། འོག་ནུབ་ཏུ་བརྩི་བའོ། །
གཉིས། ཟླ་ཉི་སྒྲིབ་པ་ཕྱོགས་གང་ནས་མཐོང་བའི་ས།
ཕྱོགས་གང་ནས་མཐོང་བའི་གླིང་དང་གླིང་ཕྲན་སོ་སོའི་ས་ཚིགས་ངོས་འཛིན་ཚུལ་ཐད། རང་རེའི་རྩིས་གཞུང་ནས་དུས་འཁོར་ལུགས་ཀྱི་དགོངས་དོན་ལྟར་ཤར་ལྷོ་ནུབ་བྱང་སོ་སོར་གླིང་ཆེན་རེ་དང་། བྱེ་བྲག་དུམ་བུ་རེ་ཆ་གསུམ་དུ་ཕྱེ་བས་ཤར་ནས་ནུབ་བར། ཤར་གླིང་ལྟ་བུར་མཚོན་ན། ཤར་གླིང་ཤར་མ་དང་། ཤར་གླིང་དབུས་མ། ཤར་གླིང་ནུབ་མ་ཞེས་ཤར་རེ་བརྒྱད། དབུས་ནུབ་ཏུ་དབྱེ་སྟེ་གླིང་དེ་དང་དེར་དུས་སྦྱོར་ཉི་ཟླ་འཁོར་ཚུལ་གསུང་བ་ལས་རིག་གསར་ས་ཁམས་རིག་པའི་འདོད་ཚུལ་ལྟར་ཞིབ་པ་གླིང་རེའི་ནང་རྒྱལ་ཁབ་གང་དང་གང་ཡོད་དང་མིང་ཇི་ཡིན་སོགས་ནི་ངེད་ཅག་གནས་པའི་ལྷོ་གླིང་དབུས་མ་འདི་མ་གཏོགས་གཞན་ལ་བཤད་པ་མ་མཇལ་བ་དེ་ཉིད་ཀྱི་དགོས་དོན་ཡང་མང་དུ་ལྡན་པས་འདིར་གླེང་བར་མི་བྱ་བའོ། །དེ་ལ་འདིར་སྐབས་སུ་ང་ཚོས་ཉི་འོད་ཀྱིས་གླིང་སོ་སོར་བྱ་བ་བྱེད་པའི་དུས་ཀྱི་འཁོར་ཚུལ་ལ་ལྟོས་ཏེ། གླིང་གཞན་གསུམ་པོའ་ི(ཤར་གླིང་། བྱང་གླིང་། ནུབ་གླིང་)ནང་གནས་པའི་རྒྱལ་ཁབ་ལས་དབུས་གཙོ་གསུམ་དང་། ལྷོ་གླིང་དབུས་མའི་ཡུལ་དྲུག་ངོས་འཛིན་ཐུབ་ན་རྒྱལ་ཕྲན་གཞན་དག་གཞན་རིགས་བསྒྲེས་རྟོགས་སོ།། དེ་ལ་རགས་པའི་དབང་དུ་བྱས་ན་ཤར་གླིང་དབུས་མ་ཤར་རྒྱ་མཚོ་དང། ནུབ་གླིང་དབུས་མའི་ནང་ཨིང་ལན་། བྱང་གླིང་དབུས་མའི་ནང་ཨ་རི་བཅས་དང་། ལྷོ་གླིང་དབུས་མའི་ནང་རྒྱ་གར་དང་། རྒྱ་ནག བོད་བཅས་ཡུལ་ཆེན་པོ་དྲུག་གནས་ཡོད་པས། གཞུང་ལེའི་ནང་གླིང་འདི་དང་འདི་ནས་མཐོང་མི་མཐོང་བཀོད་པ་རྣམས་རགས་ཙམ་མཁྱེན་པར་མཛོད།
བོད་ཀྱི་སྲོལ་རྒྱུན་རྩིས་རིག་པས་ལོ་རེར་ཉི་ཟླ་གཟའ་འཛིན་དུ་ཡོད་དང་དེ་དག་དུས་ཇི་ཙམ་ལ་ཆ་ཇི་ཙམ་སྒྲིབ་ཀྱི་ཡོད་པའི་གནས་ཚུལ་ཆ་ཚང་སྔོན་ཚུད་ནས་ལེ་ཐོའི་ནང་བཀོད་ཡོད་སྟབས་དེ་དག་གསལ་པོ་ངོས་འཛིན་ཐུབ་དང་མ་ཐུབ་ནི་ལེ་ཐོའི་ནང་དོན་ལྟ་ཐུབ་དང་མ་ཐུབ་ལ་རགས་ལུས་ཡོད་སྟབས། སྐབས་སུ་ལེ་ཐོའི་ནང་ཇི་ལྟར་འཁོད་ཡོད་པའི་གནས་ཚུལ་ཁག་བལྟ་བདེའི་ཕྱིར་མུ་མཐུད་དེ་ངོ་སྤྲོད་སྙིང་བསྡུས་ཞུ་བ་ལ།
གཉིས་པ། འཛིན་ཡུན་དུས་ཀྱི་དགེ་བའི་འགྱུར་ཁྱད།
དེ་ཡང་། མདོ་རྒྱུད་གསུང་རབ་དུ་མ་ནས་ཉི་ཟླ་འཛིན་ཡུན་དུས་སུ་དགེ་བ་སྒྲུབ་ན་ཕན་རླབས་ཤིན་ཏུ་ཆེ་བར་གསུངས་བ་ལ། བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་ཉིད་ཀྱིས་ཀྱང་རྟེན་འབྲེལ་གྱི་དུས་གནད་འདི་བཟུང་སྟེ། སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་དང་། མྱ་ངན་ལས་འདས་པ་སོགས་འགྲོ་བའི་དོན་མཐའ་ཡས་པ་བརྩམས་གནང་ཡོད་པས་འདི་ལ་ཐེ་ཚོམ་ཡིད་གཉིས་ཅི་ལ་དགོས། དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། གང་ཚེ་ཟླ་ཉིའི་དཀྱིལ་འཁོར་ལ། །སྒྲ་གཅན་གྱིས་ནི་ཟིན་པའི་ཚེ། །སྐྱེ་བོས་དགེ་སྡིག་བྱ་བ་གང་། །བརྩམས་པ་འབུམ་འགྱུར་དུ་གསུངས་ལ། །ཞེས་དང་། ཉི་ཟླའི་མདོ་ལས་ཀྱང་། ཉི་མར་བྱེ་འགྱུར་ཟླ་བ་ལ། །འབུམ་དུ་འགྱུར་ཞེས་དང་། གཞན་ཡང་། ཆོས་རྒྱལ་ཟླ་བ་བཟང་པོས། ཉི་འཛིན་བྱེ་བ་ཕྲག་བརྒྱ་དང་། ཟླ་འཛིན་བྱེ་བ་རུ་འགྱུར་ཞེས་གསུངས་པས་དེ་ལྟ་བུའི་དགེ་སྡིག་གི་འགྱུར་བ་འབྱུང་བའི་རྒྱུ་མཚན་ཡང་གསང་སྔགས་རྒྱུད་སྡེ་ཕལ་མོ་ཆེ་ལས། གཡས་གཡོན་ཉི་ཟླའི་ལས་རླུང་དང་། །ཡེ་ཤེས་དབུ་མ་རོ་གཅིག་ཏུ། །འགྱུར་ཚེ་རྣལ་འབྱོར་རྣམས་ཀྱི་ལས། །རྫོགས་རིམ་ཟབ་མོའང་ལྷན་ཅིག་འགྲུབ། །ཅེས་གསུངས་པ་ལས། ཕྱི་ལྟར་ན་ཉི་ཟླ་འཛིན་པའི་དུས་ཡུན་འདིའི་ནང་ཉི་ཟླའི་འོད་སྣང་ལ་བརྟེན་ནས་འཚོ་བའི་སྲོག་ལྡན་འགྲོ་བ་ཕལ་ཆེར་ལ་གནོད་པ་དང་། མང་ཞིག་འཆི་བར་འགྱུར་བ་གསུངས་བས་དེ་དག་ལ་དམིགས་ཏེ་དགེ་བ་བསྒྲུབ་ན་གཞན་གྱི་དོན་བསྒྲུབ་པ་ཡིན་པས་དགེ་བ་སྟོབས་ཆེ་བར་གསུངས་བ་སོགས་དགོས་ཁྱད་དུ་མར་མཐོང་བས་རེ་ཞིག་བསྡུས་པར་བྱས་ལ།
ད་ནི་ཞོར་འཕྲོས་སུ། དེང་གི་དུས་འདིར་རང་རེའི་སྤྱི་ཚོགས་ན་ནང་པའི་ཆོས་ཉམས་སུ་ལེན་པ་པོ་ཕལ་མོ་ཆེས་རང་རང་གི་གྲུབ་མཐའི་སྲོལ་འཛིན་གྱི་བླ་མ་ཆ་གེ་མོ་འཁྲུངས་འདས་ཀྱི་དུས་རྟེན་དང་། དེ་བཞིན་ས་ཟླ་ལྟ་བུ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དུས་བཟང་ཁྱད་པར་ཅན་ཕྱོགས་ཙམ་གལ་ཆེར་བཟུང་སྟེ་ཕྱག་མཆོད་སྒྲིབ་སྦྱོངས་དང་། ཚོགས་འབུལ་ཞབས་བརྟན་སོགས་དགེ་བའི་ཆོས་སྒྲུབ་པ་མང་དུ་སྣང་བ་ལས། དམིགས་བཀར་ཉི་ཟླ་འཛིན་པའི་དུས་འདི་གཙིགས་སུ་འཛིན་ཏེ་དགེ་ལས་ལ་བཞུགས་མཁན་ནི་དམངས་ཁྲོད་ན་ཅུང་དཀོན་པར་མཐོང་ལ། ལྷག་པར་སྲོལ་རྒྱུན་ལེ་ཐོར་གཟིགས་རྟོགས་དང་མཁྱེན་རྟོགས་མེད་པ་འགའ་ཞིག་གིས་ནི་ཉི་ཟླ་འཛིན་བཞིན་ཡོད་པའང་མ་རྟོགས་པ་དང་། ཡང་ནང་ཆོས་ལ་བློ་དེ་ཙམ་མ་ཕྱོགས་པར་རིག་གསར་བག་མའི་ཕྱི་སྤྱོད་ལ་ཞེན་པའི་གསར་སྐྱེས་འགའ་ཞིག་ནི་མཁའ་ལ་ཉི་ཟླའི་འོད་ཇི་ལྟར་སྒྲིབ་པའི་སྣང་ཚུལ་དེ་ཉིད་མིག་གི་ལོངས་སྤྱོད་ཁོ་ནར་ངོས་འཛིན་གྱིས་བག་མེད་རྣམ་གཡེང་གིས་དུས་ཕུད་པ་སོགས་སེམས་ཀྱིས་བཟོད་པར་དཀའ་བའི་ཚུལ་ཇི་སྙེད་མཐོང་བས། ཅི་སྟེ་རང་རེའི་མེས་པོ་རྣམས་ཀྱིས་གཙིགས་སུ་བཟུང་བའི་དུས་རྟེན་ཁྱད་པར་ཅན་འདི་ཉིད་ཆུད་ཟོས་སུ་མ་གཏོང་བར་མཛོད་ཅིག་ཅེས་རང་གཞན་གཉིས་ཀར་ཡང་དུ་གླེང་བར་འདོད་དོ། །
གསུམ་པ། ཕྱིས་ཀྱི་བརྟག་པ་བྱ་ཚུལ།
འདི་ནི་ཉི་ཟླ་འཛིན་དུས་ཀྱི་གཟའ་སྐར་དང་གནམ་གཤིས་ཀྱི་འགྱུར་བ་གང་བྱུང་ལ་བལྟོས་ཏེ་སར་གནས་པའི་སྐྱེ་དངོས་ཡུལ་སྡེ་བཅས་པར་བཟང་ངན་མཚན་མ་ཇི་འོང་བརྟག་པ་བྱ་ཚུལ་ཞིག་ཡིན་ཏེ། གཟའ་སྐར་གང་ལ་འཛིན་པའི་བརྟག་པ་རྒྱས་པ་རྩིས་རིག་པའི་གཞུང་དུ་ན་གསལ་བ་གཤམ་དུ་རེའུ་མིག་ལྟ་བདེར་བཀོད་ཡོད་པ་ལས་ཤེས་དགོས་ཤིང་། འདིར་དུས་སྦྱོར་གང་ལ་འཛིན་པའི་འབྲས་བུ་ནི། དུས་སྦྱོར་ལུག་ཁྱིམ་གཟའ་ཡིས་འཛིན། །དམག་མི་མགར་བའི་རིགས་ལ་ངན། །གླང་ལ་ཆོས་སྤྱོད་རྫི་བོ་ཉམས། །འཁྲིག་པར་རྩིས་མཁན་ཆུང་མར་ངན། །ཀར་ཌར་མུ་གེའི་འཇིགས་པ་འབྱུང་། །སཻངྒ་བྲག་རི་ཉམས་པ་འོང་། །བུ་མོ་སེམས་ཅན་ཡོངས་ལ་གནོད། །སྲང་ལ་བོད་དང་འབྲོག་པ་ཉམས། །སྡིག་པར་དྲག་ཤུལ་ཅན་ལ་གནོད། །གཞུ་ལ་འབྲུ་དང་བོན་པོ་ཉམས། ། ཆུ་སྲིན་ཆུར་གནས་སྲོག་ཆགས་ཉམས། །བུམ་པར་གྲོང་ཁྱེར་རྐུན་པོས་རླག །ཉ་ལ་བོད་པ་རི་དྭགས་ལ་ངན་པའོ། །ཞེས་གསུངས་སོ། །