༄༅།།ས་སྐྱ་ཡབ་སྲས་དང་དེ་ལས་འཁྲུངས་པའི་གསོ་རིག་བསྟན་བཅོས་ཀྱི་སྐོར།

༄༅།།ས་སྐྱ་ཡབ་སྲས་དང་དེ་ལས་འཁྲུངས་པའི་གསོ་རིག་བསྟན་བཅོས་ཀྱི་སྐོར།
༄༅།།རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམ་གསུམ་དང་ཁོང་རྣམས་ཀྱིས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར་མདོ་ཙམ་གླེང་བ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།

 

བན་ཟུར་འཇིགས་མེད།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཞིབ་འཇུག་སློབ་མའི་དོ་དམ་ཚན་ཁག

ནང་དོན་གནད་བསྡུས།  རྩོམ་ཡིག་འདིའི་ནང་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་ལས་ས་སྐྱ་པ་ཡབ་སྲས་རྣམ་གསུམ་སྟེ།  རྗེ་བཙུན་གྲགས་པ་རྒྱལ་མཚན་དང་།  དཔལ་ཆེན་འོད་པོ་ཆེ།  ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གསུམ་མཚམས་སྦྱོར་མདོར་བསྡུས་དང་།  ཁོང་རྣམས་ཀྱིས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་།  བརྒྱད་ཆུང་ཉི་མའི་འཁོར་ལོ།  ཡན་ལག་བརྒྱད་པའི་སྙིང་པོ་སོགས་ཀྱི་སྐོར་ལ་དཔྱད་པ་ཞུས་ཡོད།
བརྡ་ཆད་གཙོ་བོ།  ས་སྐྱ་པ།  ཡབ་སྲས་རྣམ་གསུམ།  གསོ་བ་རིག་པའི་བསྟན་བཅོས།

བརྟན་པའི་འཁོར་ལོ་མི་ཡི་ཟོལ་དུ་བྱོན།  །

སྨན་གྱི་བླ་མའི་བྱིན་རླབས་དངོས་སུ་ཞུགས།  །

གསོ་རིག་བསྟན་པའི་ཉིན་བྱེད་ས་སྐྱ་པ།  །

ཡབ་སྲས་བརྒྱུད་པར་བཅས་ལ་ཕྱལ་འཚལ་ལོ།  །

  ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས་འདིར་གླེང་བར་བྱ་ནི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་ཁྲོད་ལས་མཚན་སྙན་མངོན་པར་མཐོ་བ་ས་སྐྱ་པ་ཡབ་སྲས་རྣམ་གསུམ་སྟེ།  རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། གཅུང་དཔལ་ཆེན་འོད་པོ་ཆེ།  དེ་ཡི་རིགས་སྲས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་གསུམ་གྱིས་བོད་ལུགས་གསོ་བ་རིག་པར་བླ་ན་མེད་པའི་སྲི་ཞུ་བསྐྱངས་ཤིང་སྨན་གྱི་བསྟན་བཅོས་མཛད་པའི་སྐོར་རོ།།

  དེ་ཡང་རྗེ་བཙུན་ཡབ་སྲས་གྱིས་སྐུ་ཚེའི་རིང་ཆོས་དང་རིག་གནས་ལ་གསན་བསམ་མཐར་ཕྱིན་པ་མཛད་ཅིང་འཕྲིན་ལས་ནམ་མཁའ་ལྟར་ཁྱབ་པར་མཛད།  ཁྱད་པར་དུ་སྐབས་སུ་བབས་པ་ནད་མེད་ཚེ་བསྲིངས་ཀྱི་རིག་པ་སྟེ་གསོ་དཔྱད་སྨན་གྱི་སྒོ་ནས་འགྲོ་དོན་དཔག་མེད་མཛད།  སྟག་ཚང་ལོ་ཙཱ་བའི་ཞལ་ནས།  འགྲོ་ཀུན་ལུས་ནད་སྣ་ཚོགས་ཀྱིས་གཟིར་ཕྱིར།  །གསོ་དཔྱད་དོན་དུ་མི་གཉེར་སྲིད་མཐའ་ཙམ།  །དེའི་ཕྱིར་རིག་གནས་གཉིས་པ་དེ་ཉིད་ནི།  །འགྲོ་བ་རྗེས་སུ་འཛིན་པའི་མཆོག་ཏུ་སྣང་།  །ཞེས་གསུངས་པ་ལྟར་ས་ཆེན་ཡབ་སྲས་གསུམ་ནས་ཐོག་མར་གསོ་བ་རིག་པར་གསན་བསམ་མཐར་ཕྱིན་པ་མཛད་ཅིང་།  བར་དུ་ཟུག་རྔུས་གཙེས་པའི་ནད་པ་དུ་མར་མི་འཇིགས་སྲོག་གི་སྦྱིན་པ་བསྩལ།  མཐའ་མ་རྗེས་རབས་འཚོ་བྱེད་རྣམས་ཀྱི་དོན་དུ་ཐུགས་བརྩེ་བ་ཆེན་པོས་གསོ་བ་རིག་པའི་བསྟན་བཅོས་ལེགས་པར་མཛད་དེ།  རྗེ་བཙུན་གྲགས་པ་རྒྱལ་མཚན་མཆོག་གིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་།  གཅུང་དཔལ་ཆེན་འོད་པོ་ཆེས་གསོ་དཔྱད་ཀྱི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འཁོར་ལོ།  ཆོས་རྗེ་ས་སྐྱ་པཎ་ཆེན་མཆོག་གིས་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་སོགས་མཛད་པས་རང་ཅག་ཚེ་རིག་འཛིན་པ་སྤྱིའི་བསོད་ནམས་ཀྱི་གོ་བསྐལ་དང་།  བོད་ལུགས་གསོ་རིག་གི་བསྟན་པའི་མཛེས་རྒྱན་དུ་གྱུར།  །

དེ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ལས།  གཞན་ཡང་མཁས་པ་སྣ་ཚོགས་ཀྱིས།  །ལེགས་བཤད་སྣ་ཚོགས་འདི་ལྟ་སྟེ།  །……..རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས།  །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་།  །དེ་བཞིན་དཔལ་བོ་ཆེ་ཡིས་ནི།  །བརྒྱད་ཆུང་ཉི་མའི་འཁོར་ལོ་དང་།  །མཁས་མཆོག་ས་སྐྱ་པཎ་ཆེན་གྱིས།  །ཡན་ལག་བརྒྱད་པའི་དོན་བསྡུས་གསུངས།  །ཞེས་གསུངས།  །

 

  དང་པོ།  རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ཁོང་གི་བསྟན་བཅོས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

 

གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་པའི་གཞུང་འདིའི་མཛད་པ་པོ་ནི་ས་སྐྱ་གོང་མ་ལྔའི་ཡ་གྱལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་མཆོག་ཡིན་པར་བཞེད།  ཁོང་ནི་རབ་བྱུང་གསུམ་པའི་མེ་ཡོས་ཏེ་སྤྱི་ལོ༡༡༤༧ལོར་དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་།  ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་སློབ་དཔོན་བསོད་ནམས་རྩེ་མོའི་གཅུང་པོ་ཡིན། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་བརྡ་དག་གིས་གཙོས་པའི་ཆོས་དང་རིག་གནས་གཉིས་ཆར་གསན་བསམ་མཛོད།  དགུང་གྲངས་བཅུ་གཉིས་པར་ཡབ་གཤེགས་ནས་བཅུ་གསུམ་པ་ལ་གཅེན་རིན་པོ་ཆེ་སློབ་དཔོན་བསོད་ནམས་རྩེ་མོ་དབུས་སུ་སློབ་གཉེར་ལ་བྱོན་པས་རྗེ་བཙུན་ཉིད་ཀྱིས་དཔལ་ལྡན་ས་སྐྱའི་གདན་སའི་ཐུགས་འགན་བཞེས་ཤིང་གསང་སྔགས་སོགས་གཞུང་གི་བཤད་པ་དུ་མ་མཛད།  སྐུ་ཚེའི་རིང་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་།  གཅེན་རིན་པོ་ཆེ་སློབ་དཔོན་བསོད་ནམས་རྩེ་མོ་སོགས་མཁས་གྲུབ་དུ་མ་མཉེས་པ་གསུམ་གྱིས་མཆོད་དེ་མཁས་པའི་གྲགས་སྙན་རྒྱས།  ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དང་།  གྲགས་པའི་མཐའ་ཅན་བརྒྱད་ལ་སོགས་པ་སློབ་ཚོགས་གྲངས་ལས་འདས་པར་དམ་ཆོས་ཀྱི་གྲུ་ཆར་བསྩལ་ཞིང་།  ལམ་འབྲས་བརྒྱུད་པའི་གསོལ་འདེབས་དང་།  བླ་མ་ས་སྐྱ་པ་ཆེན་པོའི་རྣམ་ཐར།  ཞེན་པ་བཞི་བྲལ་གྱི་གདམས་པ། བླ་མ་ལྔ་བཅུ་པའི་འགྲེལ་པ་སོགས་ལེགས་བཤད་ཀྱི་གསུང་རབ་པོད་བཞི་སྐལ་ལྡན་རྗེས་འཇུག་གི་གསོས་སུ་བསྐྲུན།  བགྲང་བྱ་ལྔ་བཅུ་ང་བདུན་རིང་ས་སྐྱའི་གདན་ས་བསྐྱངས་ཏེ་མཐར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བཞི་པའི་མེ་བྱི་སྤྱི་ལོ་༡༢༡༦ལོར་གཟུགས་སྐུའི་བཀོད་པ་བསྡུས།

དམིགས་བསལ་གསོ་དཔྱད་ཀྱི་ཐོག་ལ་ཡན་ལག་བརྒྱད་པ་ཕྱག་བཞེས་གནང་བར་གྲགས་ཏེ།  འདིར་བརྒྱུད་ལུགས་ཀྱི་དབང་དུ་བྱས་ན།  བོད་གངས་ཅན་གྱི་མིག་བུ་ཆེན་པོའི་ཆེན་པོ་ལོ་ཆེན་རིན་ཆེན་བཟང་པོའི་ཞལ་སྔ་ནས་རིམ་པས་བྲག་སྟེང་པ་ཆེན་པོ་ཡོན་ཏན་ཚུལ་ཁྲིམས་ལ་ཡན་ལག་བརྒྱད་པ་འདི་བཀའ་བབས།  དེ་ལས་གུང་ཐང་གི་མཁས་པ་ཆེན་པོ་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པས་གསོ་རིག་སྐོར་ཡན་ལག་བརྒྱད་པ་སོགས་དང་།  དབུ་མ་རིགས་ཚོགས།  མ་རྒྱུད་སྐོར།  ཡང་གསང་།  མཁའ་སྤྱོད།  དབུ་མའི་རྫོགས་རིམ་མན་ངག་ཆོས་སྐྱོང་གུར་མགོན་སོགས་འཆད་སྤེལ་རྒྱལ་ཆེར་མཛད་པའི་སློབ་མའི་དབུས་ཆེན་གྱིས་ཡན་ལག་བརྒྱད་པ་སྦྱངས་ལ་དེའི་བརྒྱུད་པ་ལས་བྱུང་བ་ས་ཆེན་རྣམ་ཐར་དུ་བྱུང་བ་བཞིན་ཡིན།  དེས་ན་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བ་ཤེས་བྱ་སྤྱིའི་ཁོག་དབུགས་ལས།  རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསོ་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་།  ས་སྐྱ་སྨན་གྲོང་པའི་གསེར་བྲེ་དངུལ་བྲེ་སོགས་ཀྱང་ཡན་ལག་བརྒྱད་པ་ལ་བརྟེན་པར་སེམས་སོ། ། ཞེས་གསུངས་པ་ལྟར་རོ།  གཞན་ཡང་རྗེ་བཙུན་ཆེན་པོས་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་གསོ་བ་རིག་པའི་མན་ངག་གཙོ་བོར་འཛིན་ཏེ་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་བྱ་བའི་གསོ་བ་རིག་པའི་བསྟན་བཅོས་འདི་མཛད་པར་གྲགས།  དེ་ཡང་གསོ་རྒྱལ་དཀོར་མཛོད་དཔེ་ཚན་གཉིས་བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་པའི་མཇུག་བྱང་དུ།  འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་གདམས་པ་འདི་ལས་འཕྲོས་པས་བྱང་ཁོག་ལ་མིང་བཏགས་པ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱང་།  འདིར་འདུས་པ་ཡིན།  ཞེས་དང་།  དཔེ་ཚུན་མཐའ་མ་མགོ་དཔྱད་པད་མ་དྲི་མེད་ཀྱི་མཇུག་བྱང་དུ།  འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་འདི་ལས་འཕྲོས་པའི་མགོ་དཔྱད་ལ་མིང་འདོགས་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་།  ངོ་བོ་འདི་ལས་མེད། ཅེས་གསལ་བ་ལས་ཀྱང་མཚོན་ནུས་སོ།  གཞུང་འདི་དེང་ས་སྐྱ་བཀའ་འབུམ་ནང་བཞུགས།

མདོར་ན་རྗེ་བཙུན་འདི་པ་རིག་པའི་གནས་ཐམས་ཅད་ལ་མངའ་བརྙེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ཏེ།  འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་མཛད་པའི་བླ་མ་རྗེ་བཙུན་ཆེན་པོའི་རྣམ་ཐར་ལས། འདིར་བདག་ཅག་གི་བླ་མ་ཁམས་གསུམ་གྱི་མགོན་པོ།  བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ།  ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ།  ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན།  རིགས་པ་དང་གྲོལ་བའི་སྤོབས་པ་ཐུན་མོང་མ་ཡིན་པ་ལ་མངའ་བརྙེས་པས་སློབ་མའི་ཐེ་ཚོམ་གྱི་དྲ་བ་རྣམ་པར་འདྲལ་བ།  ཡེ་ཤེས་དང་ཡེ་ཤེས་ཀྱི་འཇུག་ཡུལ་རྣམ་པར་དག་པ་ལ་དབང་འབྱོར་བས་གནས་དང་གནས་མ་ཡིན་པ་ལ་བསྙེངས་པ་མི་མངའ་བ།  རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པས།  བསྒྲུབ་པ་དང་སུན་འབྱིན་པའི་ཆ་ལ་རྨོངས་པའི་ཐིབས་པོ་བསལ་བ།  ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལ་མཁས་པ།  གདུལ་བྱའི་རྒྱུད་ཡང་དག་པར་སྦྱོར་བའི་རྩ་ལག་ཆེན་པོར་གྱུར་པའི་དཔལ་ས་སྐྱ་པ་ཆེན་པོ་དེ་ནི།  ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་པར་ཐེ་ཚོམ་མི་ཟ་བར་རང་ཉིད་ལ་ངེས་བའི་ཤེས་པ་ཁྱད་པར་ཅན་སྐྱེས་ལ།  དམ་པའི་གྲོགས་འགའ་ཞིག་གིས་ཀྱང་གཏན་ཚིགས་དང་བཅས་པས་དེ་ལྟར་ངེས་པ་སྐྱེས་པ་དག་འཇུག་མོད་ཀྱི།  འོན་ཀྱང་རེ་ཞིག་སྐྱེ་བོ་ཕལ་པོ་ཆེ་ལ་ཇི་ལྟར་སྣང་བ་དེ་མདོ་ཙམ་ཞིག་བརྗོད་དོ།  ཞེས་གསུངས་པ་དང་།  ཡང་ཆོས་རྗེ་ས་པཎ་གྱིས་མཛད་པའི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ་ལས།  ཡི་གེས་འདུལ་ལ་ཡི་གེ་དང་།  །རྩིས་པ་རྣམས་ལ་རྩིས་དང་ནི།  །འཚོ་བྱེད་རྣམས་ལ་འཚོ་བྱེད་གཞུང་།  །ཆོས་འདོད་རྣམས་ལ་ཆོས་ཀྱང་སྟོན།  །གང་གིས་ཕན་དགོངས་ཐུགས་རྗེ་ཡིས།  །ཉེ་བར་ཕན་ལ་དེ་སྟོན་པ།  །སྟོན་མཆོག་ཁྱེད་འདྲ་མ་མཐོང་སྟེ།  ། ཀུན་མཁྱེན་ཁྱེད་ལ་ཕྱག་འཚལ་ལོ།  །ཞེས་རྗེ་བཙུན་རིན་པོ་ཆེར་བསྟོད་པ་མཛད་པ་ལས་ཀྱང་རྟོགས་ནུས་སོ།  །

གཞུང་འདིའི་མཚན་ལ་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བ་མཛད་པ་པོས་རྒྱལ་བོད་གསོ་རིག་གི་གཞུང་གཞན་ལས་ཕྱུང་བའི་སྨན་སྦྱོར་དང་།  རྒྱུད་སྡེ་ཟབ་མོ་རྣམས་ནས་གསུངས་པའི་སྔགས་དང་།  རྫས་ཀྱི་སྒོ་ནས་རང་དང་གཞན་རྗེས་སུ་གཟུང་བའི་ཐབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་ཐོས་ཤིང་ཉིད་ཀྱིས་ཕྱག་ལེན་དུ་བསྐྱངས་པ་རྣམས་གདུལ་བྱ་མན་ངག་གིས་དབེན་པ་རྣམས་ཀྱི་དོན་དུ་ཕྱོགས་གཅིག་དུ་བསྡེབས་ནས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་མཚན་དུ་གསོལ་བ་ཡིན།  དེའི་སྐོར་ཞིབ་པ་གཞུང་འདིའི་སྦྱར་བྱང་དུ་གསལ་བ་ལྟར་རོ།  །

གཞུང་འདི་ཉིད་དེབ་གཟུགས་སུ་བསྐྲུན་པའི་ཐོག་མ་ནི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༣ལོའི་ཟླ་བ་གསུམ་པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བཏབ་པ་དེ་ཉིད་ཡིན་ཞིང་།  དེ་ལ་ཁྱོན་ཤོག་གྲངས་༢༢༤མཆིས།  དཔེ་རྙིང་འདིར་འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ་དང་།  བྱང་ཁོག་ཆོས་ཀྱི་འཁོར་ལོ།  ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད་སོགས་ནས་མཇུག་གི་མགོ་དཔྱད་པད་མ་དྲི་མེད་བར་ནང་དོན་ནམ་དཔེ་ཚན་མི་འདྲ་བ་ཁག་ཞེ་བདུན་ཙམ་མཆིས།

 

  གཉིས་པ།  དཔལ་ཆེན་འོད་པོ་ཆེ་དང་ཁོང་གི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འཁོར་ལོ།

 

གསོ་རིག་སྨྲ་བའི་བདག་ཉིད་དཔལ་ཆེན་འོད་པོ་ཆེ་ནི་ས་ཆེན་ཀུན་དགའ་སྙིང་པོའི་སྲས་དང་།  རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ།  འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་གྱི་ཡབ་བཅས་ཡིན་ཞིང་།  ཡབ་ས་ཆེན་དགུང་ལོ་ང་དགུ་བཞེས་པ་བོད་རབ་བྱུང་གསུམ་པའི་ལྕགས་རྟ་སྟེ་སྤྱི་ལོ་༡༡༥༠ལོར་སྐུ་བལྟམས་ཏེ།  གཅེན་སློབ་དཔོན་བསོད་ནམས་རྩེ་མོ་དང་།  རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་དུ་མའི་ཞལ་སྔ་ནས་ཆོས་དང་རིག་གནས་གསན་བསམ་མཛད་ཅིང་།  ཁྱད་པར་དུ་གསོ་བ་རིག་པ་ལ་ནང་བྱན་ཆུད་པར་གྱུར་ཏེ་སྐུ་ཚེའི་རིང་གསོ་དཔྱད་སྨན་གྱི་སྒོ་ནས་འགྲོ་དོན་མཛད་པར་གྲགས།  མཐར་དགུང་གྲངས་ལྔ་བཞི་པ་བོད་རབ་བྱུང་གསུམ་པའི་ཆུ་ཕག་སྤྱི་ལོ་༡༢༠༣ལོར་ཞི་བར་གཤེགས།  འགོས་ལོའི་དེབ་ཐེར་སྔོན་པོ་ལས།  ས་ཆེན་ལ་སྲས་བཞི་ལས།  ཀུན་དགའ་འབར་ནི།  རྒྱུ་གར་དུ་བྱོན།  མཁས་པར་གྱུར་ནས་ཉི་ཤུ་རྩ་གཉིས་པ་ལ་རྒྱ་གར་ཉིད་དུ་གཤེགས། གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་ཡབ་ཀྱི་ང་གཅིག་པ་ཆུ་ཕོ་ཁྱི་ལ་འཁྲུངས།  བཞི་བཅུ་རྩ་གཅིག་པ་ཆུ་ཕོ་སྟག་ལ་གཤེགས།  གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡབ་ཀྱི་ང་དྲུག་པ་མེ་མོ་ཡོས་ལ་འཁྲུངས།  རང་ལོ་ཉེར་དྲུག་པ་ཆུ་འབྲུག་ནས་གདན་ས་བསྐྱངས།  བདུན་ཅུ་པ་མེ་ཕོ་བྱི་བ་ལ་གཤེགས།  བཞི་པ་དཔལ་ཆེན་འོད་པོ་ཡབ་ཀྱི་ང་དགུ་པ་ལྕགས་ཕོ་རྟ་ལ་འཁྲུངས།  ང་བཞི་པ་ཆུ་མོ་ཕག་པ་གཤེགས།  དེ་ལ་སྲས་གཉིས་ལས་ཆེ་བ་ས་སྐྱ་པཎ་ཆེན་ཡབ་ཀྱི་སོ་གསུམ་པ་ཆུ་ཕོ་སྟག་ལ་འཁྲུགས།  དྲུག་ཅུ་རྩ་གསུམ་པ་ཤིང་ཕོ་འབྲུག་ལ་གོང་དུ་བྱོན།

བདུན་ཅུ་པ་ལྕགས་མོ་ཕག་ལ་གཤེགས།  གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་ཡབ་ཀྱི་སོ་ལྔ་པ་ཤིང་ཕོ་འབྲུག་ལ་འཁྲུངས། ང་དྲུག་བཞེས་པ་ས་མོ་ཕག་ལ་གཤེགས། དེའི་སྲས་བླ་མ་འཕགས་པ་ཡབ་ཀྱི་ང་གཉིས་པ་ཤིང་མོ་ལུག་ལ་འཁྲུངས།  ཞེས་གསུངས་པ་ལྟར་དཔལ་ཆེན་འོད་པོ་ཆེའི་འཁྲུངས་འདས་ལོ་ཚིགས་དང་།  ས་ཆེན་གོང་མ་རྣམས་ཀྱི་འབྲེལ་བ་ཡང་ལམ་ཙམ་རྟོགས་པར་གྱུར།  །

  ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བ་ཤེས་བྱ་སྤྱིའི་ཁོག་དབུབས་ལས།  འཁོན་དཔལ་ཆེན་འོད་པོས་བརྒྱད་ཆུང་ཉི་མའི་འཁོར་ལོ།  ཞེས་གསལ་ཏེ།  ས་སྐྱ་འཁོན་གྱི་གདུང་བརྒྱུད་དྲི་མ་མེད་པ་གསོ་རིག་སྨྲ་བ་དཔལ་ཆེན་འོད་པོ་ཆེས་གསོ་དཔྱད་ཀྱི་གཞུང་བརྒྱད་ཆུང་ཉི་མའི་འཁོར་ལོ་ཞེས་པ་མཛད་པར་གྲགས་ཀྱང་།  ལོ་རྒྱུས་ཀྱི་འཕེལ་འགྲིབ་ལས་ད་ཕན་བདག་ཅག་གི་མཇལ་བསྐལ་དུ་མ་བཞུགས།  བསྟན་བཅོས་ཀྱི་མཚན་ལས་གཞུང་གི་བརྗོད་བྱ་ལམ་ཙམ་རྟོགས་ཏེ།  བརྒྱད་ཆུང་ཞེས་པའི་བརྒྱད་ནི་གསོ་དཔྱད་ཀྱི་བརྗོད་བྱ་ལུས་དང་།  བྱིས་པ་ལ་སོགས་པ་ཡན་ལག་བརྒྱད་ལ་གོ་བ་དང་།  ཆུང་ནི་ཡན་ལག་བརྒྱད་པའི་རྣམ་གཞག་ཤིན་ཏུ་ནས་རྒྱས་པ་འཕགས་ཡུལ་གྱི་སློབ་དཔོན་དཔའ་བོས་མཛད་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་པའི་པོད་ཆེན་ནམ་གཞུང་ཆེན་དེ་ལས་ཆུང་ངམ་ཉུང་ངུར་བསྟན་པར་གོ་བ་མིན་ནམ་སེམས།  ཉི་མའི་འཁོར་ལོ་ནི་དཔེ་ཡི་སྒོ་ནས་བཏགས་པར་སྣང་།  ཡང་ཅིག་བསམ་ཚེ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བྱ་བའི་གསོ་དཔྱད་ཀྱི་གཞུང་ནི་ཡབ་དཔལ་ཆེན་འོད་པོའི་བརྒྱད་ཆུང་ཉི་མའི་འཁོར་ལོ་ལ་གཞི་བཅོས་ཏེ་རྩོམ་སྒྲིག་མཛད་པ་མིན་ནམ་སྙམ་ཡང་བརྒྱད་ཆུང་ཉི་མའི་འཁོར་ལོ་ཞེས་པའི་གཞུང་དངོས་སུ་མ་མཇལ་བས་ལུང་རིགས་ཚད་མ་གསུམ་གྱི་སྒྲུབ་བྱེད་ཁུངས་བཙན་འདི་ཡིན་བྱ་བ་བསྟན་དུ་མེད་པས་རྟོག་པའི་ཚོད་བགམ་ཙམ་དུ་ཟད་དོ།  །

  འོན་ཀྱང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ནི་དཔལ་ཆེན་འོད་པོ་ཆེའི་གསོ་དཔྱད་ཀྱི་གཞུང་ལ་དཔྱད་གཞི་གནང་བའམ་དམ་པ་གང་དེའི་མན་ངག་ཐོར་བུ་བསྡུ་ལེན་མཛད་ཡོད།  དེ་ཡང་།  གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཀྱི་སེར་པོ་རྟ་འདོད་ཀྱི་སྦྱོར་བའི་སྐབས།  གྲགས་རྒྱལ་གཅུང་གི་བཞེད་པ་ནི།  ཐར་ནུ།  ཆུ་རྩ།  ཤུ་དག  དཔའ་བོ་སེར་པོ།  དུར་བྱིད།  ཨ་རུ་ར།  གུ་གུལ།  གླ་རྩི།  རྒྱ་ཚྭ་དེ་རྣམས་ཞིབ་པར་བཏགས་ལ།  ཁྱེའུའི་ཆུ་དང་སྦྱར་ལ་བཏང་།  སྐྱུགས་པ་བསྲུང་།  འཁྲུ་བ་རབ་ཏུ་བསྔགས་ཏེ་ནད་ཕྱིར་དབྱུང་།  སོགས་གསལ་ཞིང་། གྲགས་རྒྱལ་གཅུང་ཞེས་པ་ནི་གསོ་རྒྱལ་དཀོར་མཛོད་ཀྱི་མཛད་པ་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་དཔལ་ཆེན་འོད་པོ་ཆེ་ཉིད་ཡིན་ནོ།  །

 

གསུམ་པ།  ས་སྐྱ་པཎ་ཆེན་དང་ཁོང་གི་བསྟན་བཅོས་ཡན་ལག་བརྒྱད་པའི་སྙིང་པོ་སོགས།

 

འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།  ཡབ་དཔལ་ཆེན་འོད་པོ་དགུང་ལོ་སུམ་ཅུ་སོ་གསུམ་སྟེ།  རབ་བྱུང་གསུམ་པའི་ཆུ་སྟག  སྤྱི་ལོ་༡༡༨༢ལོར་སྐུ་བལྟམས།  ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་དུ་མ་བསྟེན་ཏེ་གནས་ལྔ་རིག་པའི་དོན་མ་ལུས་པ་ཐུགས་སུ་ཆུད་དེ་པཎྜི་ཏའི་མཚན་གྱི་ཅོད་པན་འཆང་།  ཀུན་མཁྱེན་རོང་སྟོན་གྱིས་མཛད་པའི་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མཁས་པའི་མགུལ་རྒྱན་ཅེས་པ་ལས།  སྒྲ་ཚད་བཟོ་དང་གསོ་བའི་བསྟན་བཅོས་དང་།  །སྡེ་སྣོད་གསུམ་གྱི་གསུང་རབ་མཐའ་ཡས་སོགས།  །རིག་པ་འཛིན་པའི་སྡེ་སྣོད་མ་ལུས་པ།  །ཐུགས་སུ་ཆུད་ནས་རིམ་གཉིས་བརྟན་པ་ཐོབ།  །ཞེས་གསུངས་པ་ལྟར་དང་།  གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་ཚད་མ་རིགས་གཏེར་སོགས་ཚད་ལྡན་གྱི་བསྟན་བཅོས་དུ་མ་མཛད།  དགུང་ལོ་རེ་གསུམ་བཞེས་པའི་ཚེ་གོང་མ་གོ་དན་རྒྱལ་པོའི་མཆོད་གནས་སུ་གདན་འདྲེན་པ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཏེ་ཕེབས།  མཐར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བཞི་པའི་ལྕགས་ཕག་སྟེ།  སྤྱི་ལོ་༡༢༥༡ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།  །

ཆོས་རྗེས་ས་པཎ་མཆོག་གིས་ཡབ་མེས་ནས་བརྒྱུད་པའི་གསོ་དཔྱད་ཀྱི་སྐོར་མཐའ་དག་གསན་བཞེས་མཛད་ཅིང་།  གཙོ་བོ་ཡན་ལག་བརྒྱད་པ་རྩ་འགྲེལ་ཕྱག་བཞེས་བསྐྱངས་ཏེ།  མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས།  གསོ་རིག་གི་སྐོར་ལ་སྤྱིར་གསོ་དཔྱད་ཀྱི་གཞུང་ལུགས་དུ་མ་ལས་བྱུང་བའི་སྐོར་རྣམས་དང་།  ལྷག་པར་ཡན་ལག་བརྒྱད་པའི་སྙིང་པོ་དང་།  འགྲེལ་པ་ཟླ་ཟེར་དང་བཅས་པ་ཐུགས་སུ་ཆུད་ཅིང་།  དེ་དག་གི་དོན་ལེགས་པར་སྟོན་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་དོན་བསྡུས་ཞེས་པ་གསར་རྩོམ་མཛད།  ཅེས་གསུངས་པ་ལྟར་རོ།  དམ་པ་འདིས་མཛད་པའི་གསོ་བ་རིག་པའི་སྐོར་ལ་བསྟན་བཅོས་ཡན་ལག་བརྒྱད་པའི་སྙིང་པོའམ་ཡན་ལག་བརྒྱད་པའི་དོན་བསྡུས་བྱ་བ་མཛད།  བསྟན་བཅོས་དེ་ནི་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོས་མཛད་པའི་གསོ་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལ་གཞི་བཅོལ་ཏེ་རྩོམ་སྒྲིག་གནང་ཞིང་།  ད་ལྟ་མཇལ་དུ་ཡོད་པའི་བརྒྱད་པའི་སྙིང་པོ་བྱ་བའི་གཞུང་འདིར་བརྗོད་བྱ་གསོ་དཔྱད་ཀྱི་ཡན་ལག་བརྒྱད་དང་།  རྗོད་བྱེད་གནས་དྲུག་སྟེ།  མདོ་ཡི་གནས་དང་།  ལུས་ཀྱི་གནས།  ནད་གཞིའི་གནས།  གསོ་བའི་གནས།  ཆོ་ག་གྲུབ་པའི་གནས།  ཕྱི་མའི་གནས་དང་བཅས་ཀྱི་སྒོ་ནས་ལེགས་པར་བསྟན་ཞིང་།  མཇུག་བྱང་དུ།  སྨན་དཔྱད་གཞུང་ལུགས་རྒྱ་མཚོ་བསྲུབས་པ་ལས།  །ཡན་ལག་བརྒྱད་བསྡུས་བདུད་རྩིའི་ཚོགས་ཐོབ་གང་།  ། དེ་ལས་དོན་ཆེན་རྩོལ་བ་ཞན་པ་རྣམས།  །དགའ་བར་བྱ་ཕྱིར་རྒྱུད་འདི་ལོགས་ཤིག་བྱས།  །འདི་ནི་ཚེ་ཡི་རིག་བྱེད་རྒྱ་མཚོ་ཡི།  །སྙིང་པོ་ལས་ནི་སྙིང་པོ་བླངས་ནས་སུ།  །རྣམ་པར་སྦྱར་ལས་དགེ་བ་གང་ཐོབ་པ།  །དེ་ཡིས་འགྲོ་བས་བདེ་ཆེན་ཉིད་ཐོབ་ཤོག  །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་རྫོགས་སོ།  །ཞེས་གསལ།  གཞུང་འདི་ཉིད་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་ས་སྐྱ་བཀའ་འབུམ་དཔེ་བསྡུར་མའི་ཁོངས་སུ་བཞུགས་ཤིང་།  ཁོ་བོའི་སློབ་དཔོན་སྟོང་ར་བ་ཐུབ་བསྟན་སྨོན་ལམ་མཆོག་གིས།  འདིར་མཛད་བྱང་མི་གསལ་ཡང་།  དཔལ་ས་སྐྱའི་དཔེ་མཛོད་དུ་ས་པཎ་གྱི་བཀའ་འབུམ་བྲིས་མ་དཔེ་རྙིང་པོད་འགའ་བཞུགས་པའི་ནང་ནས་༼ཌ༽རྟགས་ཅན་གྱི་སྟོད་ཀྱི་ཆ་ལ་བཞུགས་ཤིང་ལྡེབ་གྲངས་ཉེར་བདུན་བཞུགས། སྤྱིའི་ཨང་གྲངས་སུམ་ཅུ་སོ་གཉིས་ནས་ལྔ་བཅུ་ང་བརྒྱད་བར་ཡིན་པ།  འདི་ཉིད་སྣག་ཤོག་དང་ཡིག་གཟུགས་ཚང་མ་དཔེ་ཚན་གཞན་དང་གཅིག་གྱུར་ཡིན་པ་དང་།   པོད་དེའི་ནང་ས་པཎ་གྱི་གསུང་མ་གཏོགས་མེད་པ་སོགས་ལ་བརྟགས་ན།  ཐོག་མར་བཀའ་འབུམ་བསྒྲིག་དུས་ནས་བཀོད་པར་ཐེ་ཚོམ་མེད་པས་མཛད་པ་པོ་ས་སྐྱ་པཎྜིཏ་ཡིན་ངེས་སོ།  །ཞེས་གསུངས།  །

དེ་བཞིན་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་པོད་བཞི་པའི་ནང་།  དུག་བཅོས་ཀྱི་གདམས་པ་ཤོག་བུ་༦གི་བདག་ཉིད་ཅན་ཞིག་ཀྱང་བཞུགས།  གཞན་ཡང་རྒྱུད་རྡོ་རྗེ་མཁའ་འགྲོ་དང་།  ལྷག་པར་ལམ་འབྲས་ལུགས་ཀྱི་ལུས་གནད་ཀྱི་མན་ངག་རྣམས་ཆོས་རྗེ་ཉིད་ཀྱི་སློབ་མ་གྲུབ་པའི་བཀའ་བབ་རྒྱལ་མཚན་དཔལ་བཟང་ཞེས་པས་མཛད་པའི་རྡོ་རྗེའི་ལུས་ཀྱི་རྣམ་བཞག་༼ད་ལྟ་ལམ་འབྲས་བེའུ་བུམ་དུ་ཡོད།༽དང་།  དབྱུག་བཅོས་ཆེན་མོ་ཡོད་པར་གྲགས་པ་དེ་དག་ཀྱང་དོན་གྱི་ངོ་བོ་གསོ་རིག་གི་གྲུབ་པ་ལུས་དང་།  དཔྱད་ཀྱི་ཁོངས་སུ་བསྡུ་བས་དེའི་ཕྱིར་གསོ་རིག་སྦྱོང་བའི་རྨང་ལྟ་བུར་གྱུར་རོ།  །

 

  མཇུག་བསྡུ་བ།

 

དེ་ལྟར་ཐབས་མཁས་ཤིང་ཐུགས་རྗེ་དང་ལྡན་པའི་བདག་ཉིད་ཆེན་པོ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་གསུམ་གྱིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་སོགས་ཚད་ལྡན་གསོ་དཔྱད་ཀྱི་བསྟན་བཅོས་མཛད་དེ་གདུལ་བྱ་འགྲོ་བ་ནད་པ་དང་།  རྗེས་འཇུག་འཚོ་བྱེད་རྣམས་པ་བཀའ་དྲིན་བླ་ལྷག་ཏུ་བསྩལ་བ་ཕྱོགས་དུས་ཀུན་ཏུ་སྙིང་ལ་བཅངས་ཤིང་དྲན་གསོ་ཞུ་ཕྱིར་མདོ་ཙམ་སྤེལ་ཞིང་།  འདི་ལ་མ་རྟོགས་ལོག་རྟོག་གི་དྲི་མས་སྦགས་པ་ནི་བསྙོན་དུ་མེད་པས་བཟོད་གསོལ་ཞུ་རྒྱུ་དང་།  གལ་ཏེ་དགེ་བའི་ཆ་ས་རྡུལ་ཙམ་མཆིས་ཚེ་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་ལུས་ཅན་ཀུན་གྱི་གསོས་སུ་སྨིན་རྒྱུའི་བསྔོ་སྨོན་དང་བཅས་བོད་རབ་བྱུང་བཅུ་བདུན་མྱོས་བྱེད་ཅེས་པ་ཤིང་ལུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་དགེ་བའི་ཚེས་ལ་བགྱིས་པའོ།།

སླར་སྨྲས་པ། བྱང་ཆུབ་སེམས་དཔའ་རྗེ་བཙུན་རིན་པོ་ཆེས།  །

གསོ་དཔྱད་གཞན་ནས་ཕྱུང་བའི་སྨན་སྦྱོར་དང་།  །

རྒྱུད་སྡེའི་ཟབ་སྔགས་ཉིད་ཀྱི་ཕྱག་ལེན་སོགས།  །

གཅིག་ཏུ་བསྡེབས་པ་གསོ་རྒྱལ་དཀོར་མཛོད་མཛད།  །

འཇམ་མགོན་བླ་མ་ས་པཎ་ཡབ་སྲས་ཀྱིས།  །

གསོ་དཔྱད་བརྒྱད་ཆུང་ཉི་མའི་འཁོར་ལོ་དང་།  །

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་སོགས་མཛད།  །

དེ་དག་ཚིག་ཉུང་དོན་བསྡུས་མན་ངག་མང་།  །

ལག་ཏུ་བླང་བདེ་ཡིད་བཞིན་ནོར་བུ་འདྲ།  །

འདི་ནི་སྨན་པ་རྣམས་ཀྱི་གོ་མཚོན་དང་།

འགྲོ་བ་ནད་པའི་དཔལ་ཡིན་ཨེ་མ་ཧོ།  །

རྩོམ་ཁུངས།  གངས་ལྗོངས་བོད་ལུགས་གསོ་རིག་དཔྱད་རྩོམ་ཕྱོགས་བསྒྲིགས། ༢༠༡༤

 

བརྒྱུད་སྐུལ།

མཆན་སྤེལ།