དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།
༼ཀ༡ན༽༄༅། །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ་ལ་ཡན་ལག་ཆེན་པོ་ལྔ་ལས་ཡན་ལག་དང་པོ་འཇིག་རྟེན་ཀྱི་ཁམས་སྤྱིར་བསྟན་པ་དང༌། ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ལ་ལེའུ་བཞི་ལས་དང་པོ་སྟོན་པའི་མཛད་པ་བཤད་པ། གཉིས་པ་བཀའ་བསྡུ་བ་ཁྱད་པར་དུ་བཤད་པ། གསུམ་པ་དཀོན་མཆོག་གསུམ་གྱི་རྟེན་བྱུང་ཚུལ་བཞི་པ་རྒྱ་གར་གྱི་རྒྱལ་རབས་རྣམས་བཞུགས་སོ། །
མཆོད་པར་བརྗོད་པ།
༼ཀ༡བ༽༄༅༅། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ། ཐམས་ཅད་མཁྱེན་པ་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །དོན་ཀུན་རབ་གྲུབ་སྐྱེ་འགྲོའི་རྟེན་གནས་གཅིག་པོ་གང༌། །ཐེག་གསུམ་དམ་པའི་ཆོས་ཀྱི་འཁོར་ལོས་མངའ་སྒྱུར་བ། །སྟོན་པ་མཆོག་དང་དེ་སྲས་སློབ་མར་བཅས་ཀུན་ལ། །བྱང་ཆུབ་བར་དུ་སྤྱི་བོས་འདུད་ཏོ་རབ་འདུད་ཏོ། །
བརྩམ་པར་དམ་བཅའ་བ།
རབ་མཆོག་གཙོ་བོ་རྣམས་ཀྱི་ངོ་མཚར་གཏམ། །ཐོས་ཚེ་བདག་འདྲ་གྱི་ནའི་སྐྱེ་བོ་ཡང༌། །ལུས་ཀྱི་སྤུ་ལྡང་མཆི་མ་ཁོང་ནས་འཁྲུག །དད་པའི་ཤུགས་དྲག་ཟློག་པར་དཀའ་གྱུར་ན། །སྐལ་བཟང་བློ་གསལ་དཔྱོད་ལྡན་སྐྱེ་བོ་རྣམས། །ཅི་ཕྱིར་དད་པའི་དབང་སྟོབས་རྒྱས་མི་འགྱུར། །མཚན་ཐོས་ཙམ་ཡང་དོན་ཆེན་ལྡན་འགྱུར་ན། །མོས་ཅིང་གུས་པར་གྱུར་རྣམས་ལྟ་ཅི་སྨོས། །དེ་ཕྱིར་དམ་པ་རྣམས་ཀྱི་ཡོན་ཏན་ལ། །གཅིག་དུ་དད་པས་ཡིད་རབ་དྲང་བ་དང༌། །བདག་དང་སྐལ་མཉམ་གཞན་ལའང་ཕན་བྱའི་ཕྱིར། །ཆོས་རྒྱལ་རྣམས་ཀྱི་མཛད་པའི་ཚུལ་བཟང་འབྲི། །རྒྱ་མཚོའི་ཆུ་བོ་སྔོན་ནས་མང་བཅུས་མོད། །ད་དུང་སུ་ཡིས་བླངས་ཀྱང་མི་ཟད་ལྟར། །འདི་ཚུལ་སྔོན་རབས་མཁས་པས་མང་སྦྱར་མོད། །ད་དུང་ལེགས་༼ཀ༢ན༽བཤད་མཁས་པའི་སྤྱི་ནོར་ཡིན། །འོན་ཀྱང་དོན་རྒྱས་ཚིག་ཉུང་མཐའ་རྒྱ་ཆོད། །ཀུན་ལ་གཟུར་གནས་ངེས་པའི་ཁུངས་དང་འབྲེལ། །ཆོས་ཉིད་ལ་འཇུག་མཚན་མར་མི་སྨྲ་བ། །དེ་ནི་ལེགས་བཤད་འདི་ཡི་ཁྱད་ཆོས་ཏེ། །དེ་བས་བློ་ལྡན་རྣམས་ཀྱིས་མཉན་པར་གྱིས། །
ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ།
ཆོས་ཀུན་རང་བཞིན་གཟོད་ནས་རྣམ་དག་ཉིད། །འགག་པ་མེད་པའི་རང་རྩལ་མཐའ་ཡས་ནི། །
གནས་སྐབས་དག་དང་མ་དག་སྣ་ཚོགས་པའི། །རྟེན་འབྲེལ་སྣང་བ་སྒྱུ་མ་ཙམ་དུ་འཆར། །
ཇི་ལྟར་མེ་ལོང་ངོས་ལ་བཞིན་སྣང་ལྟར། །འཇིག་རྟེན་ཞེས་བྱ་ཕྱི་ན་ཡོད་མིན་ཡང༌། །
བྱིས་རྣམས་ཇི་ལྟར་སྣང་བ་དེ་ཙམ་ལ། །བདེན་པར་ཞེན་ཏེ་སོ་སོར་ཨ་ཐང་ཆད། །
ཇི་ལྟར་རྨི་ལམ་སྣང་བ་སྣ་ཚོགས་དེ། །སྣང་དང་མི་བདེན་གཉིས་ཀ་ཡིན་པ་ལྟར། །
འཁོར་འདས་སྣང་བ་སྣ་ཚོགས་ཐམས་ཅད་ཀྱང༌། །བདེན་རྫུན་བྲལ་བ་དེ་ལྟར་ཤེས་པར་གྱིས། །
དེ་བས་གདུལ་བྱའི་སྣང་བ་ཇི་བཞིན་དུ། །མངོན་པ་གོང་འོག་འཇིག་རྟེན་གདགས་པ་དང༌། །
དྲན་པ་ཉེར་བཞག་སངས་རྒྱས་ཕལ་པོ་ཆེ། །མཁའ་འགྲོ་རྒྱ་མཚོ་དུས་ཀྱི་འཁོར་ལོ་སོགས། །
མདོ་རྒྱུད་བསྟན་བཅོས་ཆེན་པོ་མང་ཞིག་དུ། །འཇིག་རྟེན་གནས་ཚུལ་མི་འདྲ་མང་གསུངས་ཀྱང༌། །
རྒྱལ་བས་འཇིག་རྟེན་ཞེན་པས་མ་གཟིགས་ཕྱིར། །གར་ཡང་མི་གནས་གང་དུའང་འགལ་བ་མེད། །
དེ་ཕྱིར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལའང༌། །མ་ཆགས་མི་ཞེན་མི་གནས་མི་འདོར་བ། །
བུང་བས་མེ་ཏོག་རྩི་བཅུད་ལེན་ཚུལ་གྱིས། །བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཤད་བྱ། །
གླིང་བཞི་རི་རབ་ལྷ་གནས་དང་བཅས་པ། །རྒྱ་མཚོའི་ཕྱི་རོལ་ཁོར་ཡུག་གཅིག་གིས་བསྐོར། །
འོག་གཞི་རླུང་གི་དཀྱིལ་འཁོར་ལ་ཐུག་པ། །འདི་ནི་གླིང་བཞིའི་འཇིག་རྟེན་ཁམས་གཅིག་ཡིན། །
མཆུ་ཞེང་དེ་ཡི་ན་མཁའ་འདས་པ་ན། །སླར་ཡང་གླིང་བཞིའི་འཇིག་རྟེན་གཞན་ཞིག་ཡོད། །
འདི་ལྟ་གཅིག་ནས་གཉིས་སུ་བརྒྱུད་པ་ཡིས། །སྟོང་དུ་ཚང་ཚེ་རྒྱ་མཚོ་གཅིག་གིས་བརྟེན། །
ཕྱི་རོལ་ཁོར་ཡུག་གཅིག་གིས་བསྐོར་༼ཀ༢བ༽བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །
དེ་འདྲ་གཅིག་ནས་གཉིས་སུ་བགྲངས་པ་ནི། །སྟོང་དུ་ཚང་ཚེ་སྟོང་གཉིས་བར་མ་ཡི། །
འཇིག་རྟེན་ཁམས་ཟེར་རྒྱ་མཚོ་གཅིག་ལ་བརྟེན། །ཕྱི་ནས་ཁོར་ཡུག་འབྲིང་པོས་བསྐོར་བ་ཡིན། །
སྟོང་གཉིས་བར་མའི་འཇིག་རྟེན་ཁོ་ན་ནི། །སྟོང་ཕྲག་གཅིག་དུ་ལོངས་ཚེ་སྟོང་གསུམ་གྱི། །
སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་ཞེས་བྱ། །གངས་ཆེན་མཚོ་ཡི་རྒྱ་མཚོ་ཆེན་པོས་བརྟེན། །
ཕྱི་རོལ་ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར། །གླིང་བཞི་རེ་རེའང་བྱེ་བ་ཕྲག་བརྒྱ་ཡོད། །
འདི་ཙམ་མཉམ་དུ་ཆགས་ཅིང་འཇིག་པ་རུ། །ཐུན་མོང་མངོན་པའི་བསྟན་བཅོས་དག་ལས་བཤད། །
མཆོག་གི་སྤྲུལ་སྐུ་གཅིག་གི་ཞིང་དུ་འདོད། །ཐེག་ཆེན་ལྟར་ན་སྟོང་གསུམ་འཇིག་རྟེན་ཉིད། །
བྱེ་བ་ཕྲག་བརྒྱས་རབ་འབྱམས་མཚམས་སྦྱར་ཏེ། །དེ་ཉིད་བྱེ་བ་ཕྲག་བརྒྱར་ལོངས་པ་ན། །
རབ་འབྱམས་རྒྱུད་ཅེས་བྱ་བའི་འཇིག་རྟེན་ཁམས། །དེ་ཡང་བྱེ་བ་ཕྲག་བརྒྱར་བརྩིས་པ་ན། །
རབ་འབྱམས་རྒྱ་མཚོའམ་བར་མའི་རྒྱུད་ཅེས་བྱ། །དེ་ཡང་བྱེ་བ་ཕྲག་བརྒྱར་ལོངས་པའི་ཚེ། །
གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །འཇིག་རྟེན་ཁམས་ཏེ་སྤྲུལ་སྐུ་གཅིག་གི་ཞིང༌། །
རེ་རེའང་རང་རང་རྒྱ་མཚོ་ཁོར་ཡུག་བཅས། །འདི་ཙམ་ཆགས་འཇིག་སྟོངས་གནས་མཉམ་དུ་བྱེད། །
གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །ཞིང་ཁམས་དེ་ནི་རྣམ་སྣང་གངས་ཆེན་མཚོའི། །
སྤུ་ཁུང་རེ་ནའང་བྱེ་བ་ཕྲག་བརྒྱར་གནས། །སྐུ་ཡི་རྡུལ་ཕྲ་རེ་ལའང་དེ་འདྲ་སྟེ། །
ཞིང་དེའི་རྡུལ་རེ་ལ་ཡང་དེ་སྙེད་གནས། །རྣམ་སྣང་དེ་ནི་རྒྱལ་བ་ཤཱཀ་ཐུབ་འདིའི། །
ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་ཡིན་ཏེ། །དེ་ཡི་སྐུ་དང་ཞིང་ལ་གང་གནས་པའི༌། །
ཞིང་ཁམས་དེ་ཀུན་གཅིག་དུ་བསྡོམས་བྱས་པ། །ལོངས་སྤྱོད་རྫོགས་སྐུ་རེ་རེའི་ཞིང་དུ་གསུངས། །
ཚུལ་འདིས་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། །དེ་སྙེད་རྒྱལ་བའི་ཞིང་དང་སྐུ་ཡང་གནས། །
ཤིན་དུ་ངེས་པའི་དོན་དུ་སྐུ་དང་ཞིང༌། །ཚད་མེད་ཕ་མཐའ་བཟུང་བར་མི་ནུས་སོ། །
དེ་ལྟར་༼ཀ༣ན༽འཇིག་རྟེན་རྒྱ་མཚོ་མཐའ་ཡས་པ། །ལ་ལ་ཉོན་མོངས་ལ་ལ་ཡོངས་སུ་དག །
ལ་ལ་ཀུན་ནས་ཉོན་མོངས་དག་པར་ལྡན། །ལ་ལ་དག་ཞིང་ཀུན་ནས་ཉོན་མོངས་ཏེ། །
ལ་ལ་སྤྱིའུ་ཚུགས་ལ་ལ་སྣྲེལ་ཞིའི་ཞིང༌། །རྒྱུ་དབྱིབས་རྒྱན་དང་འགྲོ་བའང་ཐ་དད་ཉིད། །དེ་ལྟར་ཕ་མཐའ་ཡས་པར་གནས་པ་ལས། །ཁོ་བོ་ཅག་གི་རྟེན་གནས་ཞིང་འདི་ནི། །རྣམ་པར་སྣང་མཛད་གངས་ཆེན་མཚོ་རྒྱལ་དེའི། །ཕྱག་གི་ལྷུང་བཟེད་ནང་ན་པདྨ་ཡི། །སྡོང་པོ་ཡལ་ག་མེ་ཏོག་རབ་རྒྱས་པའི། །ཟེའུ་འབྲུ་ཉེར་ལྔ་བརྩེགས་མར་གནས་པ་ལས། །བཅུ་གསུམ་པ་ཡི་སྟེང་ན་གནས་པ་ཡི། །དབུས་མའི་སྙིང་པོ་མེ་ཏོག་གིས་བརྒྱན་ཞིང༌། །དེ་ལས་དབུས་ཀྱི་རབ་འབྱམས་རྒྱ་མཚོའི་ཞིང༌། །དེ་ལས་དབུས་ཀྱི་རབ་འབྱམས་རྒྱུད་ཀྱི་ཞིང༌། །དེའི་ཡང་དབུས་ཀྱི་རབ་འབྱམས་མཚམས་སྦྱོར་ཞིང༌། །དེ་དབུས་གླིང་བཞི་རི་རབ་བྱེ་བ་ནི། །ཕྲག་བརྒྱས་བརྒྱན་པ་མི་མཇེད་འཇིག་རྟེན་ཁམས། །འགྲོ་རྣམས་ཉོན་མོངས་ལས་མི་འབྱེད་པའི་ཕྱིར། །ཞིང་གི་སྐྱོ་ནས་སྨད་པར་བྱ་བ་དང༌། །ཞིང་འདིའི་སེམས་དཔའ་རྣམས་ནི་ལྷག་པར་ཡང༌། །བཟོད་དང་ལྡན་པའི་ཡོན་ཏན་བསྔགས་པའི་ཕྱིར། །འཇིག་རྟེན་ཁམས་འདི་མི་མཇེད་ཅེས་སུ་བརྗོད། །དེ་ལས་སྤྱི་ཕུང་སྟོང་གི་འཇིག་རྟེན་དབུས། །གླིང་བཞིའི་འཇིག་རྟེན་བཅོམ་པ་དང་ལྡན་པ། །རྡོ་རྗེ་རིན་པོ་ཆེ་ལས་ལེགས་པར་གྲུབ། །གཞལ་མེད་ཁང་དབྱིབས་སྤོས་ཆུའི་མཚོ་ལ་གནས། །ཀུན་ནས་ཉོན་མོངས་རྣམ་པར་དག་ལྡན་པར། །རྒྱལ་བས་ཕལ་པོ་ཆེ་ཡི་མདོ་ལས་གསུངས། །རྡོ་རྗེའི་གཞི་དང་རི་རབ་ཁོར་ཡུག་དུ། །ལྡན་པར་དུས་ཀྱི་འཁོར་ལོ་ལས་ཀྱང་གསལ། །འཇིག་རྟེན་བཞག་པ་དང་མཛོད་པའི་ལུགས་ཀྱིས། རླུང་དཀྱིལ་དཔངས་དཔག་ཚད་ས་ཡ་དྲུག་འབུམ་རྒྱར་གྲངས་མེད། དེའི་སྟེང་དུ་ཆུ་དཀྱིལ་འབུམ་ཕྲག་བརྒྱད། གསེར་གྱི་ས་གཞི་སུམ་འབུམ་ཉི་ཁྲི། འདི་གཉིས་ཟླུམ་པོ་ཐད་ཀར་འབུམ་ཕྲག་ཉི་ཤུ་སུམ་སྟོང་དང་བརྒྱ་ཕྲག་ཕྱེད་དང་ལྔར་མཉམ་མོ། །དེའི་སྟེང་ཆུས་གང་བ་ལ་དབུས་སུ་རི་རབ་རིན་པོ་ཆེ་བཞི་ལས་གྲུབ་པ་ཞེང་དཔག་ཚད་བརྒྱད་ཁྲི། ཆུར་བརྒྱད་ཁྲི་ནུབ་ཅིང་བརྒྱད་ཁྲི་སྟེང་དུ་འཕགས་པ། ༼ཀ༣བ༽རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་རོལ་མཚོ་ཡང་དཔག་ཚད་བརྒྱད་ཁྲིའོ། །རི་གཞན་བརྒྱད་དཔངས་དང་ཞེང་ནང་མའི་ཕྱེད་སྟེ་བ་ཚྭའི་མཚོ་ཆེན་མ་གཏོགས་རོལ་མཚོ་རྣམས་ཀྱང་ནང་མའི་ཕྱེད་སྟེ། གཉའ་ཤིང་འཛིན་རྒྱ་དཔངས་བཞི་ཁྲི། གཤོལ་མདའ་འཛིན་ཉི་ཁྲི། སེང་ལྡེང་ཅན་ཁྲི། ལྟ་ན་སྡུག་ལྔ་སྟོང། རྟ་རྣ་ཉིས་སྟོང་ལྔ་བརྒྱ། རྣམ་སྡུད་སྟོང་ཉིས་བརྒྱ་ལྔ་བཅུ། མུ་ཁྱུད་འཛིན་རི་དྲུག་བརྒྱ། ལྕགས་རི་སུམ་བརྒྱ་ཕྱེད་དང་བཅུ་གསུམ། ཕྱིའི་རྒྱ་མཚོ་སུམ་འབུམ་དང་སྟོང་ཕྲག་ཉེར་གཉིས། ཤར་ལུས་འཕགས་པོ་ཟླ་གམ་ངོས་གསུམ་ལ་ཉིས་སྟོང་རེ་དང་བཅད་ཁམ་ལ་སུམ་བརྒྱ་ལྔ་བཅུ། འཛམ་གླིང་ཤིང་རྟ་འཁོར་ལོ་གཉིས་པ་ལྟ་བུ་ངོས་གསུམ་ལ་ཉིས་སྟོང་རེ་དང་གཅིག་ལ་སྟོང་ཕྲག་ཕྱེད་དང་བཞི། ནུབ་བ་ལང་སྤྱོད་ཟླུམ་པོ་ཐད་ཀར་བདུན་སྟོང་ལྔ་བརྒྱ། བྱང་སྒྲ་མི་སྙན་གྲུ་བཞི་དཔག་ཚད་བརྒྱད་ཁྲི། ལྕགས་རི་ལྕགས། རི་རབ་རིན་པོ་ཆེ་སྣ་བཞི། གཞན་རྣམས་གསེར་དུ་འདོད་ཏོ། །
ཐུན་མོང་མདོ་དང་མངོན་པ་ལྟར་བཤད་ན། །འགྲོ་བའི་སྤྱི་མཐུན་ལས་དང་བསྐལ་བཟང་འདིའི། །བྱང་སེམས་རྣམས་ཀྱིས་ཞིང་ཡོངས་སྦྱངས་པའི་མཐུས། །སྟོངས་བསྐལ་བར་བསྐལ་ཉི་ཤུ་འདས་འོག་དུ། །ཕྱོགས་བཅུ་ནས་ནི་རླུང་གཡོས་ཕན་ཚུན་དུ། །འཕུལ་བས་རླུང་གི་དཀྱིལ་འཁོར་རྒྱ་གྲམ་དབྱིབས། །སྲ་ཞིང་འཐས་པ་རྔམས་སུ་དཔག་ཚད་ནི། །ས་ཡ་དྲུག་འབུམ་རྒྱ་རུ་གྲངས་མེད་ཆགས། །དེ་ཡི་ནམ་མཁར་འགྲོ་བའི་ལས་དང་ནི། །བྱང་ཆུབ་སེམས་དཔའི་མཐུ་ལས་གྲུབ་པ་ཡི། །སྤྲིན་ཆེན་གསེར་གྱི་གཉའ་ཤིང་སྟུག་པོ་ཆགས། །དེ་ལས་ཤིང་རྟའི་འཕང་ལོ་སྲོག་ཤིང་དང༌། །གཉའ་ཤིངམདའ་སྨྱུག་ཙམ་དང་ཆར་ཐིགས་ནི། །སྦོམ་པོའི་ཆར་རྒྱུན་རིང་དུ་བབ་པ་ཡིས། །ཆུ་ཡི་ཕུང་པོ་ཚངས་པའི་འཇིག་རྟེན་ལ། །འཐུག་པར་ཆགས་ཏེ་དེ་དབུས་འཛམ་གསེར་གྱི། །པདྨ་སྟོང་ཤར་གནས་གཙང་ལྷ་ཡིས་མཐོང༌། །སངས་རྒྱས་སྟོང་ཞིག་འབྱུང་བའི་ལྟས་སུ་ཤེས། །བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད། །དེ་ཕྱིར་བསྐལ་པ་པདྨ་སྟོང་མཐོང་ངམ། །བཟང་པོའི་བསྐལ་པ་ཞེས་བྱར་གྲགས་པ་ཡིན། །ཆུ་ཡི་ཕུང་པོ་རླུང་གིས་བསྲུབས་པ་ལས། །སྤྲིས་མའི་ཚུལ་དུ་གསེར་གྱི་ས་གཞི་ཆགས། །ཆུ་ཡི་ཕུང་པོ་དཔག་ཚད་སུམ་འབུམ་དང༌། །ཉི་ཁྲི་ཞོམ་སྟེ་རྔམས་སུ་འབུམ་༼ཀ༤ན༽ཕྲག་བརྒྱད། །གསེར་གཞི་དཔག་ཚད་སུམ་འབུམ་བཞི་ཁྲིར་ལྡན། །དེ་དབུས་ལྷུན་པོ་བང་རིམ་བཞིར་ལྡན་པ། །ཤར་དངུལ་ལྷོ་ནི་བཻཌཱུརྻ་སྔོན་པོ། །ནུབ་ནི་པད་རཱག་བྱང་ཕྱོགས་གསེར་ལས་བྱས། །དཔག་ཚད་བརྒྱད་ཁྲི་ཕྲག་གཉིས་ཕྱེད་མཚོར་ནུབ། །གཉའ་ཤིང་འཛིན་དང་གཤོལ་འཛིན་སེང་ལྡེང་ཅན། །ལྟ་ན་སྡུག་རི་རྟ་རྣ་རྣམ་སྡུད་དང༌། །མུ་ཁྱུད་འཛིན་རི་ཞེས་བྱ་གསེར་རི་བདུན། །ནང་མའི་ཕྱེད་ཏུ་ཕྱི་མའི་རྩེས་སླེབས་པར། །རི་རབ་ཕྱི་ནས་རིམ་བཞིན་གྲུ་བཞིར་བསྐོར། །བར་བར་ན་ནི་རོལ་པའི་མཚོ་བདུན་དང༌། །ལོངས་སྤྱོད་ས་པའི་གླིང་གཞན་དུ་མའང་ཡོད། །དེ་ཡི་ཕྱི་རོལ་བ་ཚྭའི་རྒྱ་མཚོའི་ནང༌། །གླིང་བཞི་གླིང་ཕྲན་བརྒྱད་དང་ལྡན་པ་ཆགས། །ཤར་གླིང་གསུམ་པོ་ཟླ་བ་ཕྱེད་པའི་དབྱིབས། །ལྷོ་གླིང་ཤིང་རྟའི་དབྱིབས་སམ་སོག་ཀ་འདྲ། །ནུབ་གསུམ་ཟླུམ་པོ་བྱང་གསུམ་གྲུ་བཞི་སྟེ། །རྒྱུ་ནི་སོ་སོའི་ཕྱོགས་ཀྱི་རི་རབ་མཚུངས། །འོན་ཀྱང་རྩོད་པར་ལྡན་པའི་དུས་བྱུང་ཚེ། །རིན་ཆེན་ནུབ་སྟེ་ས་གཞི་ཕལ་པར་སྣང༌། །མི་ཡི་བཞིན་དབྱིབས་རང་རང་གླིང་དང་འདྲ། །རྒྱན་འདོགས་ཚུལ་དང་ལོངས་སྤྱོད་ཐ་དད་སྟེ། །རྒྱས་པར་དྲན་པ་ཉེར་བཞག་མདོ་རུ་ལྟོས། །རྒྱ་མཚོའི་ཕྱི་རོལ་ལྕགས་ཀྱི་རི་བོ་ཡིས། །མུ་ཁྱུད་ལྟ་བུར་བསྐོར་བས་གནས་པ་ཡིན། །འཛམ་གླིང་འོག་ན་དམྱལ་བ་ཡི་དྭགས་ཡོད། །རྔ་ཡབ་གླིང་ན་སྲིན་པོ་གནས་པ་སྟེ། །གླིང་བཞི་གླིང་ཕྲན་གཞན་རྣམས་མི་ཡི་གནས། །རི་རབ་ནང་གི་ཁོང་སེང་ལྷ་མིན་གནས། །ལོགས་ཀྱི་ཕྱེད་མན་རྒྱལ་ཆེན་བཞི་པའི་ལྷ། །གཞན་ཡང་གཞལ་མེད་ཁང་པའི་ལྷ་རྣམས་ནི། །མཁའ་ལ་རྒྱུ་བས་ཉི་ཟླ་གཟའ་སྐར་ཟེར། །དེ་ཡན་སུམ་བཅུ་རྩ་གསུམ་ལྷ་རྣམས་ཀྱི། །སྲུང་མའི་རིམ་པ་དུ་མ་ལོགས་ན་གནས། །རྩེ་མོར་སུམ་བཅུ་རྩ་གསུམ་ལྷ་གནས་དངོས། །བརྒྱ་བྱིན་ཕོ་བྲང་རྣམ་རྒྱལ་ཁང་བཟང་དང༌། །ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་དང༌། །ཆོས་བཟང་ལྷ་ཡི་འདུན་ས་སྐྱེད་ཚལ་བཞི། །ཡོངས་འདུའི་ཤིང་སོགས་འབྱོར་བ་དཔག་ལས་འདས། །༼ཀ༤བ༽འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་ཏེ། །ལྷ་གནས་བཞི་པོ་མཚོ་ནས་རང་རང་བར། །ཇི་ཙམ་ཡོད་པ་དེ་སྲིད་སྟེང་དུ་ཡང༌། །གཞལ་བའི་མཁའ་ལ་སྤྲིན་བཞིན་སོ་སོར་ཆགས། །གཟུགས་ཚེ་ལོངས་སྤྱོད་རིམ་པས་གོང་མ་འཕགས། །ཀུན་ཀྱང་འདོད་པའི་འདོད་ཆགས་ལྡན་པའི་ཕྱིར། །འདི་མན་འདོད་པའི་ཁམས་སུ་བརྗོད་པ་ཡིན། །དེ་སྟེང་གཟུགས་ཁམས་གནས་རིས་བཅུ་བདུན་དང༌། །གཟུགས་མེད་བཞི་སྟེ་སྲིད་པའི་རྩེ་མོར་ཐུག །དེ་ཀུན་ཆགས་བྲལ་ཏིང་ངེ་འཛིན་གྱིས་འཚོ། །འདོད་གཟུགས་ཀུན་ནའང་རང་རང་རྒྱལ་པོ་གནས། །གཟུགས་མེད་ན་ནི་རང་ལས་གཞན་མི་སྣང༌། །དེ་ལྟར་ཁམས་གསུམ་ཀུན་གྱི་ནང་ན་ཡང༌། །འཁོར་ལོས་སྒྱུར་དང་རང་རྒྱལ་རྫོགས་སངས་རྒྱས། །འབྱུང་ཞིང་དགེ་སྡིག་ལས་ཀུན་མཐུ་ཆེ་བས། །ལྷ་ལས་ལྷག་པ་མི་ཡི་འགྲོ་བར་གསུངས། །དེར་ཡང་སྒྲ་མི་སྙན་པ་ལོངས་སྤྱོད་ཀྱི། །ས་སྟེ་སྔར་མེད་ཏམ་ཆོས་སྒྲུབ་པ་མེད། །གླིང་གསུམ་འདི་ནི་ལས་ཀྱི་ས་སྟེ་མཆོག །དེ་ལས་ཀྱང་ནི་སངས་རྒྱས་འབྱུང་བའི་གནས། །འཛམ་བུའི་གླིང་ཉིད་ཁྱད་ཏུ་འཕགས་པ་ཡིན། །གསེར་གླིང་སིངྒྷ་ལ་དང་ཙནྡྲ་གླིང༌། །ལ་སོགས་གླིང་བྲན་མང་མོད་འདི་རུ་འདུ། །དེ་ཡང་ཡུལ་དབུས་རྒྱ་གར་རྒྱལ་ཁམས་ནི། །ཟ་འོག་བླ་རེས་ཕུབ་འདྲ་རིན་ཆེན་གླིང༌། །དེ་ལ་ཡུལ་འཁོར་ཆེན་པོ་བཅུ་དྲུག་དང༌། །ཁྱད་པར་མཉན་ཡོད་གནས་བཅས་ཡངས་པ་ཅན། །ཙམྤ་ཝ་ར་ཎ་སི་མ་ག་དྷ། །དེ་རྣམས་གྲོང་ཁྱེར་ཆེན་པོ་དྲུག་དུ་བཤད། །སོག་པོ་ལི་ཡུལ་ཤིང་རྟའི་དབྱིབས་འདྲ་སྟེ། །སྣ་ཚོགས་འདོད་དགུ་དགོས་འདོད་འབྱུང་བའི་གླིང༌། །ཧོར་དང་རྒྱ་ནག་མེ་ཏོག་པདྨ་ནི། །ཁ་བྱེ་འདྲ་སྟེ་ངོ་མཚར་ཆེ་བའི་གླིང༌། །ཁ་བ་ཆགས་པ་བོད་ཀྱི་རྒྱལ་ཁམས་ནི། །སྲིན་མོ་གན་རྐྱལ་འགྱེལ་འདྲ་ངམ་གྲོག་ཆེ། །འདྲེ་སྲིན་གདུག་པ་མང་ཞིང་རི་ནག་རྩུབ། །མུན་པའི་སྨག་རུམ་ལྟ་བུར་གནས་པ་ཡིན། །གཞན་ཡང་ཡུལ་འཁོར་ཆེན་པོ་མཐའ་ཡས་ཏེ། །རང་རང་དཔལ་འབྱོར་ལོངས་སྤྱོད་ལྡན་པས་གནས། །དེ་ལྟར་༼ཀ༥ན༽སྣོད་ཀྱི་འཇིག་རྟེན་མས་རིམ་ཆགས། །རྫོགས་ཚེ་བསམ་གཏན་གཉིས་པའི་ལྷ་ཞིག་ན། །ཤི་འཕོས་ཚངས་ཆེན་གནས་སུ་བརྫུས་ཏེ་སྐྱེས། །དེ་ཡིས་བདག་ལ་གྲོགས་གཞན་ཡོད་ན་སྙམ། །དེ་ཡི་མོད་ལ་ལྷ་གཞན་བརྫུས་སྟེ་བྱུང༌། །དེ་ཕྱིར་འཇིག་རྟེན་པ་རྣམས་ཚངས་ཆེན་ནི། །སྣོད་བཅུད་བྱེད་པོ་ཡིན་སྙམ་འཁྲུལ་པ་སྐྱེས། །དེ་ལྟར་བཅུད་ཀྱི་སེམས་ཅན་ཡས་རིམ་བཞིན། །ཆགས་ནས་ལྷ་གནས་མ་ལུས་ཚང་བའི་ཚེ། །འོད་གསལ་ལྷ་ཞིག་ཤི་འཕོས་སྐད་ཅིག་གིས། །འཛམ་བུའི་གླིང་དུ་མི་རུ་བརྫུས་ཏེ་སྐྱེས། །དེ་བཞིན་གཞན་ཡང་བརྫུས་སྐྱེས་མང་བྱུང་སྟེ། །ཚེ་ཚད་དཔག་ཡས་བསམ་གཏན་ཟས་ཀྱིས་འཚོ། །ལུས་ལ་འོད་ལྡན་རྫུ་འཕྲུལ་མཁའ་ལ་འགྲོ། །གཟུགས་ཀྱི་ཡོན་ཏན་མཐའ་ཡས་ལྡན་པ་ཡིན། །དེ་ཚེ་ས་འདི་བདུད་རྩི་ས་ཡི་བཅུད། །དཀར་ཞིང་སྦྲང་རྩིའི་རོ་ལྡན་འཇམ་ལ་བཞུན། །མར་སར་གོང་བུ་ལྟ་བུ་ཁོ་ནར་གནས། །དེ་ལ་སྲེད་པས་ཟོས་པས་བསམ་གཏན་གྱི། །ཟས་ཉམས་ལུས་ཀྱི་རྫུ་འཕྲུལ་ནུབ་པར་གྱུར། །སྲེད་པའི་དབང་གིས་ས་བཅུད་གཏིང་དུ་ནུབ། །ས་མོ་ཞག་ཅེས་ཁ་དོག་དམར་སེར་ལ། །སྦྲང་རྩིའི་རོ་ལྡན་བྱུང་སྟེ་ཟོས་པ་ཡིས། །ལྕི་བའི་ཕྱིར་ན་ལུས་ཀྱི་འོད་ཀྱང་ཉམས། །དེ་ནས་མཁའ་ལ་ཉི་ཟླ་གཟའ་སྐར་བྱུང༌། །ས་ཞག་ས་འོག་ནུབ་སྟེ་བདུད་རྩི་ཡི། །མྱུ་གུའི་ཚལ་བྱུང་དེ་ཡང་ཟོས་པས་ནུབ། །མ་རྨོས་སཱ་ལིའི་འབྲས་བྱུང་དེ་ཟོས་པས། །ཤིན་དུ་རགས་ཕྱིར་རྙིགས་མ་བཤང་གཅི་བྱུང༌། །འདི་ཡན་རྫོགས་ལྡན་བསྐལ་པ་ཞེས་བྱར་གྲགས། །རྒྱུ་དེས་ཕོ་མོའི་དབང་པོ་ཐ་དད་དོད། །ལྟ་དང་རྒོད་དང་ལག་བཅང་འཁྲིག་པ་བྱུང༌། །གཞན་གྱིས་བལྟས་ནས་ས་རྡོས་བཏབ་ཅིང་གཤེས། །ངོ་ཚ་སྐྱོབ་ཕྱིར་ཁྱིམ་བྱས་མངལ་སྐྱེས་བྱུང༌། །མི་ཚངས་སྤྱོད་གྱུར་གཞན་གསུམ་མ་ཉམས་ཕྱིར། །གསུམ་ལྡན་བསྐལ་པ་ཞེས་བྱར་གྲགས་པ་ཡིན། །སཱ་ལིའི་འབྲས་དེ་ནམ་ཟ་ལེན་པ་ལས། །ལེ་ལོ་ཅན་ཞིག་གིས་ནི་གསོག་འཇོག་བྱས། །དེ་མཐོང་ཀུན་ཀྱང་༼ཀ༥བ༽གསོག་འཇོག་བྱེད་པར་གྱུར། །སྲེད་པའི་རྒྱུ་དང་སེར་སྣའི་སྐྱོན་དེ་ཡིས། །སཱ་ལིའི་འབྲས་ཀྱང་སྦུན་པ་སྲ་བས་གཡོགས། །བརྔས་མ་ཐག་དུ་སྐྱེ་བ་ཡང་མེད་ནས། །མཛངས་ཅིང་ཕན་པར་དགའ་བའི་མི་ཅིག་གིས། །ཆ་མཉམ་ཞིང་བགོས་རང་གི་སྐལ་བ་ཆད། །ཀུན་གྱིས་ཅུང་ཟད་ཙམ་རེ་བྱིན་པ་ཡིས། །སྐལ་བ་ཤིན་དུ་རྒྱལ་ཕྱིར་རྒྱལ་པོར་ཐོགས། །གཅིག་གི་སྐལ་པ་ཅིག་ཤོས་ཀྱིས་བརྐུས་པས། །དེ་ནས་གཉིས་ལྡན་བསྐལ་པ་ཞེས་བྱར་གྱུར། །རྐུ་བ་སྲུང་ཕྱིར་སྔར་གྱི་རྒྱལ་པོ་དེ། །ཞིང་རྣམས་སྲུང་བསྐོས་དྲུག་ཆ་གླར་བྱིན་པས། །ཞིང་དཔོན་དུ་གྲགས་དཔྱ་ཁྲལ་ཐོག་མ་ཡིན། །རྐུ་བ་བྱུང་ཚེ་ཞི་བས་མ་བཟློག་ནས། །ལུས་ལ་བསྣུན་སྟེ་བསད་པས་སྲོག་གཅོད་བྱུང༌། །གསོད་པས་སྐྲག་རྣམས་རྫུན་དུ་སྨྲ་བར་བྱེད། །དེ་ལྟར་རྩ་བ་བཞི་ག་སྤྱད་པའི་ཕྱིར། །རྩོད་པར་ལྡན་པའི་དུས་སུ་གྱུར་པ་ཡིན། །འདི་ནི་ཐུབ་བསྟན་སྐྱོན་མེད་ལོ་བཅུ་གཉིས། །གནས་དང་སྔོན་གྱི་རྫོགས་ལྡན་བསྐལ་པ་སྦྱར། །དེ་ནས་ཆུ་བུར་དང་པོ་བྱུང་བའི་ཚེ། །ཕམ་པར་བཅས་དང་གསུམ་ལྡན་སྦྱར་བ་སོགས། །འདུལ་བའི་ལུང་ལས་ཇི་སྐད་བཤད་བཞིན་ཏེ། །ཆོས་ཀྱི་དབང་དུ་བྱས་པའི་དུས་བཞི་ཡིན། །མདོ་སྡེ་ལྟར་ན་རྩོད་ལྡན་འཆར་བ་དང༌། །ཞིང་དེའི་སངས་རྒྱས་ཐོག་མ་དུས་མཚུངས་འབྱུང༌། །ལོངས་སྤྱོད་མཐའ་དག་ཚང་བ་རྫོགས་ལྡན་ཏེ། །རྐང་པ་གཅིག་ཉམས་གསུམ་ལྡན་ལ་སོགས་སྦྱར། །ལོངས་སྤྱོད་དབང་དུ་བྱས་པའི་དུས་བཞི་སྟེ། །རྩོད་ལྡན་དུས་སུ་འཁོར་སྒྱུར་མི་འབྱུང་ཞེས། །བཤད་པའང་མདོ་སྡེའི་ལུགས་ཀྱི་དུས་བཞི་ཡིན། །སྔགས་ལས་དུས་བཞིའི་རྣམ་གཞག་གཞན་མང་བཤད། །ཁ་ཅིག་འདས་པའི་སངས་རྒྱས་གསུམ་པོ་དང༌། །རྫོགས་ལྡན་ལ་སོགས་རེ་རེ་བཞིན་སྦྱར་ཏེ། །རྩོད་ལྡན་དུས་སུ་ཤཱཀྱའི་ཏོག་བྱོན་ཞེས། །འཆད་ནི་འཇིག་རྟེན་གནའ་གཏམ་ཙམ་ཞིག་སྟེ། །བསྟན་ལས་བྱུང་བའི་དུས་བཞིའི་རྣམ་གཞག་མིན། །ཁ་ཅིག་དུར་སྒྲ་སྒྲོག་པའི་ལྗོན་ཤིང་ལས། །རྒྱལ་བའི་སྐུ་གདུང་ཟླུམ་༼ཀ༦ན༽ཞིང་ཆེ་བ་བྱུང༌། །དེ་ཡི་ནང་ནས་བརྫུས་སྐྱེས་ཁྱེའུ་ནི། །ལྟ་བས་མི་ངོམས་བྱུང་དེ་མང་བཀུར་ཡིན། །དེ་བས་གདུང་གི་བརྒྱུད་པར་འཇོག་ཅེས་དང༌། །དེ་བཞིན་ཡར་འདེད་ལྷ་བདུད་ཞེས་ཟེར་མོད། །ཚད་ལྡན་གཞུང་ལས་བཤད་པ་མ་མཐོང་ངོ༌། །ལོངས་སྤྱོད་ཉམས་ཅིང་གསོད་པའི་བར་བྱུང་བས། །སྐྱོ་སྟེ་ནགས་སུ་གནས་པས་བསམ་གཏན་ཐོབ། །མངོན་ཤེས་ལྡན་ལ་དྲང་སྲོང་ཞེས་བྱར་གྲགས། །བསམ་གཏན་མ་ཐོབ་སྐྱོ་བས་གྲོང་དུ་འོངས། །སྙན་ངག་སོགས་ཀྱིས་འཚོ་ལ་བྲམ་ཟེར་ཐོགས། །དཔྱ་ཁྲལ་གྱིས་འཚོ་རྒྱལ་རིགས་ཅེས་སུ་གྲགས། །ཚོང་དཔོན་སོགས་བྱེད་སྟེ་རྣམས་རྗེ་འུའི་རིགས། །ཞིང་གི་ལས་ཀྱི་འཚོ་བ་དམངས་རིགས་ཏེ། །གསོད་སོགས་ངན་ལས་ཀྱིས་འཚོ་གདོལ་པའི་རིགས། །མདོར་ན་བྱེད་ལས་སོ་སོ་ཐ་དད་ལས། །རྒྱལ་རིགས་ལ་སོགས་བཟང་ངན་རིགས་ལྔར་བཞག །འདི་ཡན་རིགས་ལ་ཁྱད་པར་ཡོད་མ་ཡིན། །དེ་བཞིན་དུད་འགྲོ་ཡི་དྭགས་དམྱལ་བ་པ། །རིམ་པར་ཆགས་ཅིང་དམྱལ་བ་མནར་མེད་ཏུ། །སེམས་ཅན་གཅིག་གཅིག་སྐྱེས་པར་གྱུར་པ་ན། །ཆགས་བསྐལ་བར་བསྐལ་ཉི་ཤུ་རྫོགས་པ་སྟེ། །དེ་ནས་གནས་པའི་བསྐལ་པ་རྩོམ་པ་ཡིན། །ཁ་ཅིག་མང་བཀུར་མ་དྲོས་མཚོར་ཁྲུས་བྱས། །ཁུ་བ་ལྷུང་ལས་དུད་འགྲོའི་སྐྱེ་གནས་བྱུང༌། །བརྐུས་པའི་མི་གཉིས་གཅིག་བསད་གཅིག་སྤྱུགས་པས། །བསད་སྟེ་སྨོན་ལམ་ལོག་པས་ལྷ་མིན་གྱུར། །སྤྱུགས་པ་ཤི་འཕོས་ཡི་དྭགས་ཐོག་མར་སྐྱེས། །མང་བཀུར་འདས་ནས་ལྷ་དབང་བརྒྱ་བྱིན་གྱུར། །སྨོན་ལམ་མཐུ་དེས་ལྷ་དང་ལྷ་མིན་རྩོད། །དགེ་མཆོག་སྡིག་སྤྱད་དམྱལ་བར་སྐྱེས་གྱུར་ཏེ། །དེ་ཚེ་འགྲོ་བ་རིགས་དྲུག་ཚང་ངོ་ཞེས། །བོད་གཞུང་སྔ་རབས་འགའ་ལས་འཆད་པར་སྣང༌། །ཞིང་དཔོན་དེ་ཡིས་མི་རྣམས་ཆ་མཉམ་དུ། །ལེགས་པར་བསྐྱངས་པས་ཀུན་ཀྱང་དགའ་གྱུར་ཏེ། །མང་པོས་དཔོན་དུ་བཀུར་ཕྱིར་མང་བཀུར་གྲགས། །ཞིང་བདག་ཕོངས་པ་སྐྱོབ་པ་༼ཀ༦བ༽རྒྱལ་རིགས་ཏེ། །ཆོས་དང་ཚུལ་ཁྲིམས་ཤེས་རབ་ཀུན་སྤྱོད་ཀྱིས། །འཁོར་རྣམས་མགུ་བར་བྱེད་ཕྱིར་རྒྱལ་པོར་བཏགས། །བསྐལ་བཟང་འདི་ལ་འཛམ་བུའི་གླིང་འདི་ན། །མི་ཡི་རྒྱལ་པོ་ཀུན་གྱི་ཐོག་མ་ཡིན། །དེ་ཚེ་མི་ལ་སེམས་ཅན་ཞེས་སུ་གྲགས། །དེ་སྲས་འོད་མཛེས་མི་ལ་ཚུར་ཤོག་ཟེར། །དེ་སྲས་དགེ་བ་མི་ལ་རྨེ་བ་ཅན། །དེ་སྲས་དགེ་མཆོག་མི་ལ་སྤྲིན་མགྲིན་ཟེར། །དེ་སྲས་གསོ་སྦྱོང་འཕགས་ཏེ་དེ་རྣམས་ལ། །སྔོན་གྱི་རྒྱལ་པོ་སྡེ་ལྔ་ཞེས་སུ་གྲགས། །འདི་ཚེ་མི་ལ་ཏ་ལའི་རྐང་ཞེས་འབོད། །མིང་དེ་རྣམས་ནི་འདོད་རྒྱལ་ཁོ་ན་ཡིན། །གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་ནི། །འཇམ་པོ་ལས་བྱུང་ཁྱེའུ་ང་ལས་ནུ། །གླིང་བཞིར་དབང་བྱས་གསེར་གྱི་འཁོར་ལོས་སྒྱུར། །ལྷ་དབང་བརྒྱ་བྱིན་སྟན་ཕྱེད་བསྟབས་པ་ཡིན། །ཚེ་ཚད་བརྒྱ་བྱིན་བརྒྱ་དང་སོ་དྲུག་ཐུབ། །འདི་དུས་མི་ཡི་ཚེ་ཚད་དཔག་དུ་མེད། །དེ་ཡི་བརླ་གཡས་ལས་སྐྱེས་མཛེས་པ་སྟེ། །གླིང་གསུམ་དབང་བྱེད་དངུལ་གྱི་འཁོར་སྒྱུར་ཡིན། །དེ་ཡི་བརླ་གཡོན་ལས་སྐྱེས་ཉེ་མཛེས་ནི། །གླིང་གཉིས་དབང་བྱེད་ཟངས་ཀྱི་འཁོར་ལོས་སྒྱུར། །དེ་ཡི་རྐང་བོལ་ལས་སྐྱེས་མཛེས་ལྡན་ནི། །གླིང་གཅིག་དབང་བ་ལྕགས་ཀྱི་འཁོར་ལོས་སྒྱུར། །དེ་ཡི་རྐང་མཐིལ་ལས་སྐྱེས་ཉེས་མཛེས་ལྡན། །འཛམ་གླིང་ལ་དབང་སྟོབས་ཀྱི་འཁོར་སྒྱུར་ཏེ། །འདི་རྣམས་འཁོར་ལོས་སྒྱུར་བ་སྡེ་ལྔ་ཟེར། །ང་ལས་ནུ་ཚེ་རིགས་པའི་གནས་རྣམས་ལ། །དཔྱོད་ཕྱིར་མི་རྣམས་ཀྱི་མིང་དཔྱོད་པ་ཅན། །དེ་བཞིན་སེམས་པ་ཅན་དང་ཉེར་རྟོག་ཅན། །ཤེད་བུ་ཤེད་ལས་སྐྱེས་སོགས་ད་ལྟའི་བར། །དུ་མར་བརྗོད་ཅིང་བདག་དང་གང་ཟག་སོགས། །བྱེད་པའི་སྐྱེས་བུའི་རྣམ་གྲངས་གཞན་དུའང་རྟོག །ཉེ་མཛེས་ལྡན་གྱིས་འཛམ་གླིང་སྐྱོང་བའི་ཚེ། །སྐྱེ་རྒུའི་ཚེ་ལོ་བཞི་ཁྲི་ཐུབ་པ་སྟེ། །དེ་ཚེ་བསྐལ་བཟང་སངས་རྒྱས་ཐོག་མ་ནི། འཁོར་བ་འཇིག་བྱོན་མཛད་པ་བཅུ་གཉིས་བསྟན། །༼ཀ༧ན༽འདི་ཡན་སྡེ་སྣོད་གསུམ་པ་ཕལ་ཆེར་མཚུངས། །ཉེ་མཛེས་ལྡན་སྲས་བཟང་པོའམ་རྒྱས་བྱེད་ཡིན། །དེ་ནས་སྲེད་པ་སྲེད་དང་བཏང་བ་དང༌། །བཏང་བཟུང་ལུས་ཐུལ་ཤེས་ལྡན་ངན་སྤོང་དང༌། །ཤིང་རྟེ་སྡུག་གུ་དུག་ཅན་དུག་ཅན་ཆེ། །ཤངྐུ་ནི་དང་ཤངྐུ་ནི་ཆེན་པོ། །ཀུ་ཤི་ཉེ་བའི་ཀུ་ཤི་ཀུ་ཤི་ཆེ། །རྒྱས་བྱེད་རྒྱས་བྱེད་ཆེན་པོ་ལེགས་མཐོང་དང༌། །ལེགས་མཐོང་ཆེན་པོ་གནོད་སེལ་ཉེ་གནོད་སེལ། །རྨ་བྱ་ངེས་འགྲོ་བདེ་བྱེད་རབ་འདུལ་དང༌། །རབ་ཏུ་སྒྲ་བསྒྲགས་རབ་གདུང་ལྡན་འོད་བྱེད། །ལྷུན་པོ་རི་རབ་ལྷུན་ལྡན་མེ་ལྕེ་དང༌། །མེ་ལྕེའི་ཕྲེང་དང་མེ་ལྕེ་ལྡན་པའི་བརྒྱུད། །འབུམ་དུ་ཚང་བ་གྲོང་ཁྱེར་གྲུ་འཛིན་བྱུང༌། །དགྲ་རྣམས་འདུལ་ཕྱིར་དགྲ་འདུལ་རྒྱལ་པོའི་བརྒྱུད། །ལྔ་ཁྲི་བཞི་སྟོང་དམག་མི་ཚུགས་སུ་བྱུང༌། །དེ་སྲས་རྒྱལ་པོ་མ་ཕེབས་འབེབས་ཀྱི་བརྒྱུད། །དྲུག་ཁྲི་སུམ་སྟོང་ཝ་ར་ཎཱ་སིར་བྱུང༌། །བཟོད་དཀའི་རྒྱུད། བརྒྱད་ཁྲི་བཞི་སྟོང་འདར་འཛིན་གྲོང་དུའོ། །ཚངས་བྱིན་རྒྱུད། སུམ་ཁྲི་ཉིས་སྟོང་གླང་ཆེན་གནས་སུ་སྟེ། །གླང་པོས་བྱིན་རྒྱུད། གྲོང་ཁྱེར་རྡོ་མཆོག་དུ་ནི་སྟོང་ཕྲག་ལྔ། །བལ་བུའི་རྒྱུད། གྲོང་གི་རྡལ་དུ་སུམ་ཁྲི་ཉིས་སྟོང་སྟེ། །ཚན་ཆེན་ཐུབ་རྒྱུད། གཞན་ལས་རྒྱལ་དུ་སུམ་ཁྲི་ཉིས་སྟོང་ཉིད། །རྒྱལ་བ་པོའི་རྒྱུད། ཀ་ནྱ་ཀུཔཛའི་གྲོང་དུ་ཁྲི་ཉིས་སྟོང༌། །རྒྱལ་བའི་སྡེའི་རྒྱུད། ཙམ་པའི་གྲོང་དུ་ཁྲི་དང་སྟོང་ཕྲག་བརྒྱད། །ཀླུའི་ལྷ་རྒྱུད། ཏཱ་ལའི་ཕྲེང་བར་ཉི་ཁྲི་ལྔ་སྟོང་དང༌། །སླར་ཡང་མི་ཡི་ལྷ་རྒྱུད་ཁྲི་ཉིས་སྟོང༌། །དུག་ཅན་པའི་ལྷ་རྒྱུད། བ་སོའི་གྲོང་དུ་ཁྲི་དང་སྟོང་ཕྲག་བརྒྱད། །བློ་བཟང་རྒྱུད། ཉི་ཁྲི་ཆིག་སྟོང་རྒྱལ་པོའི་ཁབ་ཏུ་བྱུང༌། །ཝ་ར་ཎཱ་སིར་མུན་སེལ་རྒྱུད་པ་བརྒྱ། །དབང་ཆེན་སྡེའི་རྒྱུད། རྩྭ་ཅན་དུ་ནི་བརྒྱད་ཁྲི་བཞི་སྟོང་སྟེ། །གྲུ་འཛིན་དུ་ནི་མཚོ་ལྷའི་རྒྱུད་པ་སྟོང༌། །དཀའ་ཐུབ་སྤྱོད་རྒྱུད། བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་སྟེ། །ས་གཙོའི་རྒྱུད་སྟོང་ཝ་ར་ཎཱ་སིར་བྱུང༌། །དེ་ཡི་ཐ་མ་རྒྱལ་༼ཀ༧བ༽པོ་གཉེན་ལྡན་ཏེ། །དེ་ཚེ་སྐྱེ་རྒུའི་ཚེ་ལོ་སུམ་ཁྲི་ཐུབ། །རྫོགས་པའི་སངས་རྒྱས་གསེར་ཐུབ་འཇིག་རྟེན་བྱོན། །ས་བདག་རྒྱུད། དེ་ནས་དམག་མི་ཚུགས་པར་སྟོང་ཡིན་ཏེ། །ས་འཛིན་རྒྱུད། བརྒྱད་ཁྲི་བཞི་སྟོང་འདྲེས་པའི་གྲོང་དུ་བྱུང༌། །དེ་ཡི་ཐ་མ་རྒྱལ་པོ་ལྷ་ཆེན་ཏེ། །ཨ་སྨྲའི་ཚལ་དུ་རྒྱལ་པོའི་དྲང་སྲོང་མཛད། །དེ་རྒྱུད་བརྒྱད་ཁྲི་བཞི་སྟོང་ཡང་དེ་བཞིན། །རྒྱལ་པོའི་དྲང་སྲོང་ཚངས་པར་སྤྱད་པ་སྤྱོད། །དེ་ནས་དེས་འཕེན་མུ་ཁྱུད་མུ་ཁྱུད་བརྟེན། །ཚན་ཆེན་པོ་དང་ཟ་བ་ཉེར་ཟ་དང༌། །ཟ་ཆེན་ཟ་ལྡན་གྱ་ནོམ་སྣང་བ་དང༌། །མཉམ་ལྟ་ཐོས་པའི་སྡེ་དང་ཆོས་ཀྱི་སྡེ། །རྟོགས་པ་རྟོགས་ཆེན་རྟོགས་སྡེ་མྱ་ངན་མེད། །མྱ་ངན་བྲལ་དང་མཚམས་བརྟན་རྒན་མཚམས་དང༌། །དུནྡུ་མ་ར་སྐྱ་རེངས་ཕྱོགས་བདག་དང༌། །རྡུལ་བཟང་བདེ་བྱད་ཀུན་དགའ་མེ་ལོང་གདོང༌། །སྐྱེད་པོ་རྒྱལ་བ་ཁྱུ་མཆོག་བཟའ་བཏུང་ལྡན། །བཟའ་བཏུང་མོད་དང་ཐུབ་མེད་གཞན་ལས་རྒྱལ། །བརྟན་པོ་རབ་བརྟན་སྟོབས་ཆེན་གཞོན་པ་མང༌། །བློ་བཟང་བརྟན་པར་ཞོན་དང་གཞུ་བཅུ་པ། །གཞུ་བརྒྱ་དགུ་བཅུའི་གཞུ་དང་རྣམ་རྒྱལ་གཞུ། །གཞུ་བཀྲ་གཞུ་སྲ་གཞུ་བརྟན་ཤིང་རྟ་བཅུ། །ཤིང་རྟ་བརྒྱ་པ་དགུ་བཅུ་སྣ་ཚོགས་པ། །ཤིང་རྟ་རྣམ་པ་སྣ་ཚོགས་ཤིང་རྟ་བརླིང༌། །ཤིང་རྟ་བརྟན་རྒྱུད་བདུན་ཁྲི་བདུན་སྟོང་ནི། །ལེགས་པར་སྣང་བའི་གྲོང་ཁྱེར་ཆེན་པོར་བྱུང༌། །ན་མཁའི་བདག་དང་མུས་ཐུད་རྒྱུད། ཝ་ར་ཎཱ་སིར་བརྒྱ་ཕྲག་གཅིག་གི་མཐར། །རྒྱལ་པོ་ཀྲྀ་ཀྲི་ཚེ་ལོ་ཉི་ཁྲི་སྟེ། །རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་བྱོན། །ཀྲྀ་ཀྲིའི་སྲས་པོ་ལེགས་པར་སྐྱེས་ཀྱི་རྒྱུད། །བརྒྱ་ཕྲག་གཅིག་ནི་གྲོང་ཁྱེར་གྲུ་འཛིན་བྱུང༌། །དེ་ནས་རྒྱལ་པོ་རྣ་བ་ཅན་གྱི་བུ། །ཆེ་བ་གཽ་ཏ་མ་རབ་ཏུ་བྱུང༌། །ཆུང་བ་བ་ར་དྷྭ་ཛར་རྒྱལ་ས་གཏད། །དེ་ཚེ་གཡོན་ཅན་པདྨའི་རྩ་ལག་གིས། །མིག་སེར་དབང་གིས་སྨད་ཚོང་བཟང་མོ་བསད། །རལ་གྲི་གཽ་ཏ་མའི་སྤྱིལ་པོར་བོར། །༼ཀ༨ན༽གཤེད་མས་གཽ་ཏམ་བཟུང་སྟེ་གོ་རར་བཅུག །རྒྱལ་པོས་རང་གི་ཕུ་བོ་ཡིན་པ་དང༌། །དེ་ལ་ཉེས་པ་མེད་པའང་མ་ཤེས་ནས། །བསད་ཤིང་ལ་བཙུགས་འཆི་ཁར་མཁན་པོ་ནི། །དྲང་སྲོང་མདོག་ནག་གིས་མཐོང་རྒྱུ་དྲིས་པས། །གཽ་ཏ་མས་རང་གིས་མ་ཉེས་པའི། །བདེན་པ་བརྗོད་པས་མཁན་པོ་གསེར་མདོག་གྱུར། །བདག་ནི་འདི་ནས་འགྲོ་བ་གར་སྐྱེ་དྲིས། །རྒྱལ་རྒྱུད་ཆད་ན་མི་རུང་བར་ཤེས་ནས། །མཁན་པོས་བྲམ་ཟེའི་སྨྲེང་ལས་བུ་མེད་པ། །དེ་ལ་ཕྱི་མའི་འགྲོ་བ་མེད་ཟེར་གྱིས། །ཁྱོད་ཀྱིས་རིགས་རྒྱུད་འཇོག་པར་ནུས་སམ་དྲིས། །བདག་ལ་བུད་མེད་རྒྱུས་ཀྱང་མི་འཚལ་ན། །ད་ལྟ་གནད་རྣམས་འཆད་ཚེ་ག་ལ་ཞིག །མཁན་པོས་རྫུ་འཕྲུལ་གྱིས་ནི་རྫི་ཆར་སྤྲུལ། །སྡུག་བསྔལ་ཅུང་ཟད་ཞི་བར་བྱས་ནས་ཀྱང༌། །ཆགས་པ་ཡིད་ལ་བྱེད་ཏུ་བཅུག་པ་ཡིས། །ཁྲག་དང་ས་བོན་འདྲེས་པ་ས་ལ་ཟགས། །བསད་ཤིང་རྩ་བར་སྒོང་ང་གཉིས་སུ་གྱུར། །མཁན་པོས་ཁྱེར་ཏེ་བུར་ཤིང་ཚལ་དུ་བཞག །ཉི་མའི་ཟེར་གྱིས་སྨིན་ཞིང་བརྡོལ་བ་ལས། །ཁྱེ་འུ་རེ་བྱུང་གཅིག་ནི་ཉི་མའི་གཉེན། །ཅིག་ཤོས་བུ་རམ་ཤིང་པར་བཏགས་ཏེ་གསོས། །རྒྱལ་པོ་དེ་འདས་སྲས་ཀྱང་མེད་པའི་ཚེ། །དྲང་སྲོང་གཽ་ཏ་མ་བཙལ་བ་དང༌། །མཁན་པོས་སྔོན་གྱིས་ཚུལ་བརྗོད་ཁྱེའུ་གཉིས། །བཏང་ནས་ཕུ་བོ་རྒྱལ་པོར་བསྐོས་པ་དང༌། །དེ་ཡང་རྒྱལ་བུ་མེད་པ་ཉིད་ཏུ་འདས། །དེ་ནས་བུ་རམ་ཤིང་པ་རྒྱལ་པོར་བསྐོས། །འདི་གཉིས་བུ་རམ་ཤིང་པའི་སྟེངས་ཞེས་ཟེར། །སྲས་རྒྱུད་བརྒྱ་ནི་གྲུ་འཛིན་ཡུལ་དུ་བྱུང༌། །དེ་ནས་རྒྱལ་པོ་འཕགས་སྐྱེས་པོ་ཅེས་པ། །དེ་ལ་སྲས་བཞི་སྐར་མདའི་གདོང་དང་ནི། །ལག་ན་གླང་འདུལ་རྐང་གདུབ་ཅན་ཞེས་བྱུང༌། །བཙུན་མོ་ཤི་ནས་རྒྱལ་པོ་གཞན་ཞིག་གི །བུ་མོ་བསླངས་པས་དེ་ལས་སྐྱེས་པའི་བུ། །རྒྱལ་སར་འབྱིན་པའི་གཙིགས་ཡིག་བཟུང་ནས་བྱིན། །དེ་ལ་ཁྱེ་འུ་རྒྱལ་སྲིད་དགའ་ཞེས་བྱུང༌། །བློན་པོའི་གཡོ་ཡིས་ཕུ་བོ་བཞི་པོ་༼ཀ༨བ༽རྣམས། །སྲིང་མོ་གཉེན་བཅས་གངས་རི་དང་ཉེ་བ། །ཆུ་བོ་སྐལ་ལྡན་ཤིང་རྟ་འབབ་པའི་འགྲམ། །དྲང་སྲོང་སེར་སྐྱའི་གནས་དང་ཉེ་བར་སྤྱུགས། །དེ་དག་གནས་དེར་ལོ་མའི་སྤྱིལ་པོ་བྱས། །རི་དྭགས་ཤ་དང་རྩ་བ་འབྲས་བུས་འཚོ། །དྲང་སྲོང་དེ་ལ་ཕ་བཞིན་ལྟ་བར་གྱུར། །ལང་ཚོ་རྒྱགས་ཆེས་འདོད་པས་ཉེན་པ་ཡིས། །ལུས་རིད་གྱུར་པ་དྲང་སྲོང་ལ་སྨྲས་པས། །རང་རང་སྲིང་མོ་སྤོངས་ལ་མས་དབེན་གྱི། །སྲིང་མོ་དག་དང་ལྷན་ཅིག་འགྲོགས་པར་གྱིས། །རྒྱལ་རིགས་རྒྱལ་སྲིད་ཉམས་ལ་འདི་རུང་ཞེས། །སྨྲས་པ་ཚད་མར་བཟུང་སྟེ་མིང་སྲོང་འགྲོགས། །དེ་ལས་ཁྱེའུ་བུ་མོ་མང་དུ་འཕེལ། །དྲང་སྲོང་དེ་ཡིས་ཡངས་པའི་ས་ཞིག་དུ། །རིལ་བའི་ཆུ་བྲིམས་གྲོང་ཁྱེར་བཀོད་པ་བྱས། །རྒྱལ་རིགས་དེ་དག་ཐམས་ཅད་དེར་གནས་བཅས། །སེར་སྐྱས་བསྟན་ཕྱིར་སེར་སྐྱའི་གཞི་ཞེས་གྲགས། །ཕྱིས་ནས་མང་དུ་འཕེལ་བས་དེར་མ་ཤོང༌། །འབབ་ཆུ་རོ་ཧི་ཀ་ཡི་ཕར་ངོས་སུ། །ལྷ་ཡིས་བསྟན་པའི་ས་རུ་གྲོང་བཅས་པས། །གྲོང་ཁྱེར་ལྷས་བསྟན་ཞེས་བྱར་གྲགས་པ་བྱུང༌། །ཡབ་ཀྱིས་རྒྱལ་བུ་བཞི་ཡི་གཏམ་དྲིས་པས། །མིང་སྲིང་འགྲོགས་པར་ཐོས་ཚེ་ངོ་མཚར་ནས། །རྒྱལ་པོས་ལག་པ་བརྐྱངས་ཏེ་གཞོན་ནུ་རྣམས། །ཕོད་པ་ཡིན་ནོ་ཞེས་སྨྲས་དབང་ཆེན་གྱིས། །སྨྲས་ཕྱིར་དེ་ཕྱིན་ཤཱཀྱ་ཞེས་པར་གྲགས། །ཡབ་འདས་རྒྱལ་སྲིད་འགའ་ནི་རྒྱལ་པོར་གྱུར། །དེ་ཡང་བུ་མེད་འདས་ནས་ཕུ་བོ་བཞི། །རིམ་པས་བསྐོས་པས་དང་པོ་གསུམ་པོ་ནི། །རྒྱལ་པོར་གྱུར་པའི་སྲས་མེད་བཞིན་དུ་འདས། །བཞི་པ་རྐང་གདུབ་ཅན་གྱི་བུ་གནས་འཇིག །དེ་སྲས་བ་ལང་གནས་ཏེ་དེ་ཡི་སྲས། །སེང་གེའི་འགྲམ་དང་སེང་གེའི་སྒྲ་ཞེས་གཉིས། །འཛམ་བུའི་གླིང་ན་གནམ་རུ་ཐོགས་པའི་མཆོག །སེང་གེའི་འགྲམ་ལ་སྲས་བཞི་ཟས་གཙང་མ། །ཟས་དཀར་བྲེ་བོ་ཟས་དང་བདུད་རྩི་ཟས། །རྒྱལ་པོ་གཙང་མའི་ཟས་ལ་སྲས་གཉིས་ཏེ། །སྒྱུ་འཕྲུལ་ཆེ་ལས་བཅོམ་ལྡན་༼ཀ༩ན༽འདས་བལྟམས་ཅིང༌། །སྒྱུ་འཕྲུལ་ལས་ནི་གཅུང་པོ་མཛེས་དགའ་བོ། །ཟས་དཀར་སྲས་པོ་རྒྱལ་དང་བཟང་ལྡན་གཉིས། །བྲེ་བོ་ཟས་ལ་མིང་ཆེན་མ་འགགས་པ། །བདུད་རྩི་ཟས་ལ་ལྷས་བྱིན་ཀུན་དགའ་བོ། །དོན་ཀུན་གྲུབ་པའི་སྲས་གཅིག་དགྲ་གཅན་ཟིན། །དེ་ཡིས་ཤཱཀྱ་ཆེན་པོའི་རྒྱུད་པ་རྫོགས། །སྲིད་པའི་རྒྱུན་བཅད་ཡང་སྲིད་མེད་ཏོ་ཞེས། །ཤཱཀྱ་རྣམས་ཀྱིས་ཆོ་འབྲང་ཞུས་པའི་ཚེ། །མུ་སྟེགས་པ་རྣམས་གཽ་ཏ་མ་ནི། །རང་རིགས་སྒྲོག་ཞེས་འཕྱ་བ་སྤང་བའི་ཕྱིར། །ང་ནི་རེ་ཞིག་སྐུ་རྒྱབ་བསྙུན་པ་བསལ། །ཁྱོད་ཀྱིས་སྟོན་ཞེས་བསྒོས་ནས་གཟིམས་པར་བསྟན། །རྫུ་འཕྲུལ་ལྡན་མཆོག་མོངྒལ་བུ་ཡིས་ནི། །མཉམ་པར་བཞག་སྟེ་ཏིང་འཛིན་ལས་ལངས་ནས། །རྒྱ་ཆེར་བཤད་ཅེས་འདུལ་བའི་ལུང་ལས་གསུངས། །མངོན་པར་བྱུང་བའི་མདོ་སྡེ་ལས་བཤད་དང༌། །མངོན་པའི་འཇིག་རྟེན་བཞག་པར་བཤད་པ་སྟེ། །གསུམ་པོ་གྲངས་དང་གོ་རིམ་མི་འདྲ་བ། །སྡེ་སྣོད་གསུམ་གྱི་འཆད་ཚུལ་ཐ་དད་ཡོད། །ཆོས་ཀྱི་རྒྱལ་པོའི་བཀའ་ཆེམས་ཀ་བཀོལ་མར། །འཕགས་སྐྱེས་པོ་ཡི་སྲས་གསུམ་སྲིང་མོར་བཅས། །སྤྱུགས་པའི་ཆེ་རྒྱུད་ཤཱཀྱ་ཆེན་པོ་སྟེ། །བར་མའི་རྒྱུད་ལ་ཤཱཀྱ་ལི་ཙཱ་བཱི། །ཆུང་བའི་རྒྱུད་ལ་རི་བྲག་པ་ཅེས་གསུངས། །དང་པོའི་རྒྱུད་པ་གནས་འཇོག་ས་ཁྱིམ་ནས། ཁྲི་དང་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང༌། །དེ་ཡི་ཐ་མ་ཤིང་རྟ་བཅུ་པ་ནས། །རྒྱལ་རབས་བཅུ་གཅིག་པ་ལ་གཞུ་བརྟན་བྱུང༌། །དེ་ཡི་བུ་ནི་སེང་གེའི་འགྲམ་ཞེས་གསུངས། །ཁ་ཅིག་རྒྱལ་པོ་ཤིང་རྟ་བཅུ་པའི་སྲས། །གསུམ་ལས་ཤཱཀྱ་ཆེ་སོགས་རིགས་གསུམ་བྱས། །ཆེན་པོ་ནས་བཟུང་ཉེར་བརྒྱད་འདས་པ་ན། །སེང་གེའི་ཟ་འགྲམ་བྱུང་བར་འཆད་པ་དང༌། །ཁ་ཅིག་དྲང་སྲོང་གཽ་ཏ་མ་ཡི། །སྒོ་ང་གསུམ་ལས་རིགས་གསུམ་གྱེས་སྨྲ་སོགས། །༼ཀ༩བ༽བཤད་པའི་རྣམ་གྲངས་དུ་མ་བྱེད་པར་སྣང༌། །གནས་བསྐལ་ཡ་ཐོག་མ་ཐོག་རིང་མོ་གཉིས། །དེ་ཡི་བར་དུ་ཁུག་པ་བཅོ་བརྒྱད་སྟེ། །གསུམ་གྱིས་གནས་བསྐལ་བར་བསྐལ་ཉི་ཤུ་ཡིན། །ད་ལྟ་ཡ་ཐོག་རིང་མོའི་མཇུག་ཡིན་ཏེ། །ཚེ་ལོ་བཅུ་པ་རྫོགས་པའི་ཡར་འཕེལ་ནས། །བར་གྱི་ཁུག་པ་བཅོ་བརྒྱད་འགོ་རྩོམ་བྱེད། །དེ་ཡང་ད་ལྟར་གནས་པའི་མི་རྣམས་ཀྱིས། །ཕ་མ་དགེ་སྦྱོང་བྲམ་ཟེ་རྒན་རབས་སོགས། །བརྙས་ཅིང་མི་དགེའི་ལས་ལམ་སྤྱད་པའི་རྒྱུས། །ཚེ་དང་ལོངས་སྤྱོད་རིམ་པས་བྲི་གྱུར་ཏེ། །ཚེ་ཡི་རིང་ཚད་ལོ་བཅུ་ཐུབ་པར་འགྱུར། །དེ་ཚེ་གོས་མཆོག་སྐྲ་ཡི་ལ་བ་སྟེ༌། །ཟས་མཆོག་ཀོ་ཊ་རྒྱན་མཆོག་མཚོན་ལ་བྱེད། །གབ་ཙེ་རུས་གོང་ཐུར་མས་འཚོ་བ་ཡིས། །བརྗུད་སྟེ་འཆི་བ་མུ་གེའི་བསྐལ་པ་ནི། །ལོ་བདུན་ཟླ་བདུན་ཞག་བདུན་བར་དུ་འབྱུང༌། །དེ་ནས་ནད་ཀྱི་བསྐལ་པ་འཇིགས་རུང་བ། །ཟླ་བ་བདུན་དང་ཞག་བདུན་བར་དུ་འབྱུང༌། །དེ་ནས་མཐོང་ཚད་གཅིག་གིས་གཅིག་གསོད་པ། །མཚོན་ཆའི་བསྐལ་པ་ཞག་བདུན་ཁོ་ན་འབྱུང༌། །དེ་ནས་ལྷག་མར་ལུས་པའི་མི་རྣམས་ནི། །སྡིག་པས་སྐྱོ་སྟེ་སྲོག་གཅོད་སྤོང་བར་འགྱུར། །དེ་ཡིས་ཚེ་ལོ་ཉི་ཤུ་ཐུབ་པར་འཕེལ། །གཟུགས་མདོག་ལོངས་སྤྱོད་སྔོན་ལས་ལྷག་པར་གྱུར། །དེ་བཞིན་མ་བྱིན་ལེན་སོགས་དགུ་རིམ་བཞིན། །དེ་ནས་ཆགས་དང་འདོད་དང་ལོག་ཆོས་སྤངས། །ཕ་མ་དགེ་སྦྱོང་བྲམ་ཟེ་རྒན་རབས་ལ། །བསྐུར་དང་བྱས་ཤེས་དྲིན་གཟོ་ལ་གནས་པས། །སྔོན་ལས་ཚེ་དང་གཟུགས་མདོག་ལོངས་སྤྱོད་རྣམས། །རིམ་པས་ཉིས་འགྱུར་འཕེལ་ཏེ་བརྒྱད་ཁྲིར་ཐུག །མི་ཡི་ཚེ་ལོ་བརྒྱ་པར་གྱུར་པའི་ཚེ། །འཕགས་པའི་གནས་བརྟན་བཅུ་དྲུག་འཛམ་གླིང་དུ། །དགྲ་བཅོམ་འཁོར་མང་ལྡན་པ་གཤེགས་ནས་ནི། །སྐལ་ལྡན་རབ་ཏུ་འབྱིན་ཞིང་ཤཱཀྱའི་བསྟན། །སླར་ཡང་སྐྱེ་རྒུ་རྣམས་༼ཀ༡༠ན༽ཀྱི་ཚེ་ལོ་ནི། །བརྒྱ་ཕྲག་དྲུག་པར་འཕེལ་བ་དེ་སྲིད་གནས། །མི་རྣམས་ཚེ་ལོ་བདུན་བརྒྱ་ཐུབ་པའི་ཚེ། །གནས་བརྟན་བཅུ་དྲུག་གིས་ནི་སྟོན་པའི་བཀའི། །གླེགས་བམ་ཀུན་བསྡུས་རིན་ཆེན་མཆོད་རྟེན་བྱས། །བསྐོར་ནས་སྟོན་པར་ཕྱག་མཛད་མྱ་ངན་འདའ། །དེ་ཡིས་ཤཱཀྱའི་བསྟན་པ་མཐར་ཐུག་ཅེས། །དགའ་བའི་བཤེས་ཀྱི་རྟོགས་པ་བརྗོད་ལས་བྱུང༌། ། ཀུན་མཁྱེན་བུས་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས་ཚེ་ལོ་དྲུག་བརྒྱ་པའི་བར་བསྟན་པ་གནས་པར་བཤད་པ་ནི་སྐུ་གདུང་གི་མཆོད་རྟེན་སོགས་ལ་དགོངས་པ་ཡིན་ནོ་ཞེས་གསུངས་ཀྱང་དེ་ནི་མ་ཡིན་ཏེ་འཁོར་བ་འཇིག་ལ་སོགས་པ་འདས་པའི་སངས་རྒྱས་གསུམ་གྱི་ཡང་སྐུ་གདུང་དང་གཙུག་ཕུད་སོགས་ཀྱི་མཆོད་རྟེན་ད་ལྟ་བཞུགས་པས་དེ་དག་གི་བསྟན་པའང་གནས་པར་འགྱུར་བའི་ཕྱིར་རོ། །དེས་ན་རྟོགས་བརྗོད་སྟེ་ཉིད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་ན་ཡུལ་ཤི་པི་ཀའི་གྲོང་ཁྱེར་བྱིན་གྱིས་བརླབས་ཞེས་བྱ་བ་རྒྱལ་པོ་རིགས་པའི་སྡེའི་ཡུལ་ན་དགྲ་བཅོམ་པ་དགའ་བའི་བཤེས་གཉེན་ཞེས་བྱ་བ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེ་མྱ་ངན་ལས་འདའ་ཁར་དགེ་སློང་རྣམས་ཀྱིས་བསྟན་པ་ཇི་སྲིད་གནས་དྲིས་པས། ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་དུ་དམ་པའི་ཆོས་གཏད་སྟེ་སྦྱིན་བདག་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །དེ་ཡང་གནས་བརྟན་དང་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་ཞེས་བྱ་སྟེ་འཁོར་དགྲ་བཅོམ་པ་སྟོང་དག་ལྷན་ཅིག་བ་ལང་སྤྱོད་ཀྱི་གླིང་ན་གནས་སོ། །༡གསེར་གྱི་བུ་འཁོར་ལྔ་སྟོང་དང་བྱང་ཕྱོགས་ཁ་ཆེའི་ཡུལ་ནའོ། །༢བ་ར་དྷྭ་ཛ་དྲུག་སྟོང་དང་ཤར་ལུས་འཕགས་གླིང་ནའོ། །༣མི་བྱེད་པ་བདུན་སྟོང་དང་འཛམ་གླིང་ནའོ། །༤བཌྷུ་ལ་དྲུག་སྟོང་དང་སྒྲ་མི་སྙན་ནའོ། །༥བཟང་པོ་དགུ་སྟོང་དང་ཟངས་གླིང་ནའོ། །༦ནག་པོ་སྟོང་དང་སིངྒྷ་གླིང་ནའོ། །༧བད་སའི་བུ་སྟོང་ཕྲག་བཅུ་གཅིག་དང་པན་སའི་གླིང་ནའོ། །༨བ་ལང་སྐྱོང་ནི་བརྒྱད་སྟོང་དང་རི་སྤོས་ངད་ལྡང་ནའོ། །༩ལམ་བ་ནི་སྟོང་ཕྲག་བཅུ་གསུམ་དང་སུམ་ཅུ་རྩ་གསུམ་ནའོ། །༡༠དགྲ་གཅན་ཟིན་ནི་སྟོང་དང་པྲྀ་ཡངྐུའི་གླིང་ནའོ། །༡༡ཀླུའི་སྡེ་ནི་སྟོང་ཕྲག་བཅུ་གཉིས་དང་རི་སྐྱ་བོ་ནའོ། །༡༢ཟུར་གྱིས་ཤེས་ནི་སྟོང་ཕྲག་བཅུ་གསུམ་དང་རི་ངོས་༼ཀ༡༠བ༽ཡངས་ནའོ། །༡༣ནགས་ན་གནས་ནི་སྟོང་ཕྲག་བཅུ་བཞི་དང་ལུས་འཕགས་ཀྱི་རི་ལའོ། །༡༤མི་ཕམ་པ་ནི་སྟོང་ཕྲག་བཅོ་ལྔ་དང་བྱ་རྒོད་ཕུང་པོའི་རི་ལའོ། །༡༥གཙུག་གི་ལམ་ནི་སྟོང་ཕྲག་བཅུ་དྲུག་དང་རི་བོ་གཉའ་ཤིང་འཛིན་ལ་གནས་སོ། །༡༦གནས་བརྟན་དེ་དག་གིས་མ་ཤེས་པའམ་མ་མཐོང་བའམ་མི་ཐོས་པའམ་མངོན་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་ཏོ། །དགེ་འདུན་གྱི་བྱ་བའམ་སྤྱན་དྲངས་པའམ་བཅོ་ལྔ་སྟོན་ནམ་གཙུག་ལག་ཁང་དུ་དབུལ་བའམ་གཎྜིའི་རབ་གནས་སམ་གང་ཡང་ཅུང་ཟད་མི་ཤེས་པ་མེད་སྟེ་དེ་དག་དུ་གནས་བརྟན་བཅུ་དྲུག་པོ་དེ་དག་དང་འཁོར་དུ་བཅས་པ་གཞན་དང་གཞན་གྱིས་དེ་དང་དེར་བྱོན་ཞིང་གནས་ཏེ་དེ་ལྟར་སྦྱིན་པ་ཡོངས་སུ་དག་པར་བྱེད་ཏོ། །མ་འོངས་པ་ན་མཚོན་གྱི་བསྐལ་པ་བྱུང་བ་འདས་ནས་མི་རྣམས་དགེ་བ་བཅུ་དང་ལྡན་པས་ཚེ་སླར་འཕེལ་ཏེ་ལོ་བརྒྱ་ཐུབ་པ་ན་སྟོན་པའི་ཉན་ཐོས་དེ་དག་ཀྱང་ཕྱིར་ལ་ཛམྦུའི་གླིང་དུ་བྱོན་ནས་དམ་པའི་ཆོས་ཡང་དག་པར་སྟོན་པར་བྱེདཅིང་རབ་ཏུ་འབྱིན་པར་བྱེད་སྟེ་ཇི་སྲིད་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་དྲུག་བརྒྱ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་འགྱུར་ཏེ་མི་རྣམས་ཀྱིས་ཚེ་ལོ་བདུན་བརྒྱ་ཐུབ་པར་གྱུར་པ་ན་ཉན་ཐོས་དེ་དག་གིས་གང་སའི་སྟེང་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་དག་གཅིག་དུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གཅིག་བྱས་ཏེ་ཀུན་ནས་བསྐོར་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་བརྗོད་སྟེ་ཕྱག་བྱས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མཆོད་རྟེན་དེ་ཡང་ནུབ་ནས་འོག་གི་གསེར་གྱི་ས་གཞི་གང་ཡིན་པ་དེ་ལ་གནས་སོ། །དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ་ཞེས་གསུངས་ཅིང་དེ་ཕྱིན་རང་རྒྱལ་འབྱུང་བ་དང་བྱམས་པའི་སྐབས་ལུང་དུ་བསྟན་ནོ། །དེ་ཕྱིན་ཚེ་ལོ་ཡར་འཕེལ་དེ་སྲིད་ཏུ། །ཤཱཀྱའི་བསྟན་ལ་ཐེག་འབྲིང་དུ་ཞུགས་པའི། །རང་རྒྱལ་བྱེ་བ་ཕྲག་བདུན་འབྱུང་འགྱུར་ཏེ། །སློབ་དཔོན་མེད་པར་ཡེ་ཤེས་མངོན་བྱས་ནས། །༼ཀ༡༡ན༽རྫུ་འཕྲུལ་གྱིས་འདུལ་བསོད་སྙོམས་སྤྱོད་པ་ཡིས། །གཞན་གྱི་དགེ་བའི་རྩ་བ་སྤེལ་བར་མཛད། །དེ་བཞིན་རང་སངས་རྒྱས་པ་ཐམས་ཅད་ཀྱང༌། །བསྟན་པ་མེད་པའི་སྟོངས་ལ་འབྱུང་བ་ཡིན། །མི་རྣམས་ཚེ་ལོ་བརྒྱད་ཁྲིར་འཕེལ་བའི་ཚེ། །གཟུགས་སྟོབས་ཁ་དོག་ལོངས་སྤྱོད་མཐའ་ཡས་ཏེ། །ས་བོན་གཅིག་ལས་འབྲས་བུ་ལན་བདུན་འཕེལ། །ཆེ་ཞིང་བཅུད་དང་ལྡན་པའི་འབྲུ་རྣམས་ནི། །སྙེ་མ་རེ་ལས་བྲེ་བོ་བཞི་རེ་འབྱུང༌། །ཕྱོགས་རེར་རྒྱ་མཚོ་དཔག་ཚད་གཉིས་བསྐམས་ཏེ། །འཛམ་གླིང་ཡངས་ཅིང་གཡང་ས་ངམ་གྲོག་མེད། །མཉམ་ཞིང་འཇམ་པ་རིན་ཆེན་ཀུན་གྱིས་བརྡལ། །བྱ་གག་འཕུར་སྟབས་ཆོད་པར་གྲོང་གིས་ཁྱབ། །མི་རྣམས་ནད་ནི་ཟས་མི་ཟ་བ་དང༌། །འདོད་དང་རྒ་བ་གསུམ་ཡིན་ནད་གཞན་མེད། །དེ་ཚེ་རིན་ཆེན་བདུན་དང་ལྡན་པ་ཡི། །གླིང་བཞིའི་འཁོར་ལོས་སྒྱུར་རྒྱལ་དུང་དང་ནི། །རྫོགས་པའི་སངས་རྒྱས་བྱམས་པ་འབྱུང་འགྱུར་ཏེ། །དཀོན་མཆོག་རྣམ་གཉིས་ཅིག་ཅར་འབྱུང་བ་ནི། །སྨོན་ལམ་མཐུ་རུ་མཆོད་སྡོང་གླིང་བཞིར་བཤད། །ལུང་འདི་ལས་མཁན་ཆེན་པདྨ་བཟང་པོས་མདོ་སྡེ་སྤྱི་རྣམ་དུ་བྱམས་པ་གཉིས་ལ་བསྟན་པ་གཅིག་དུ་བཤད་པ་དེ་ནི་མ་ཡིན་ཏེ། སྤྱིར་སངས་རྒྱས་རྣམས་རྩོད་ལྡན་ཁོ་ན་ལ་འབྱུང་བ་དང༌། རྩོད་ལྡན་ལ་འཁོར་ལོས་སྒྱུར་བ་མི་འབྱུང་བར་གསུངས་ཀྱང་འདིར་སངས་རྒྱས་དང་འཁོར་ལོས་སྒྱུར་བ་སྟེ་དཀོན་མཆོག་གཉིས་ཅིག་ཅར་དུ་འབྱུང་བ་ནི་སྨོན་ལམ་གྱི་མཐུ་ཡིན་པའོ། །ད་ལྟར་ཤཱཀྱའི་རྒྱལ་པོའི་བསྟན་འདི་ལ། །རྒྱལ་བའི་སྐུ་དང་མཆོད་རྟེན་བཞེང་བ་དང༌། །ཉམས་པ་གསོ་སོགས་བྱེད་པའི་མི་དེ་རྣམས། །བྱམས་པའི་འདུས་པ་དང་པོར་གྲོལ་བར་འགྱུར། །རྒྱལ་བའི་གསུང་རབ་འབྲི་ཞིང་བཞེང་བ་རྣམས། །འདུས་པ་གཉིས་པར་རྣམ་པར་གྲོལ་བ་འཐོབ། །ད་ལྟར་དགེ་སློང་དགེ་འདུན་མཆོད་བྱེད་པ། །འདུས་པ་གསུམ་པར་རྣམ་པར་གྲོལ་འགྱུར་ཞེས། །མདོ་དང་དགའ་བའི་བཤེས་གཉེན་གྱིས་ལུང་བསྟན། །དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་པའི་ཚེའི་བཙུན་མོ་ཚངས་རབ་ལ་ཁྱེའུ་ཞིག་བཙས་པ་ན་འདི་མངལ་དུ་ཞུགས་པ་ནས་ནང་མི་ཐམས་ཅད་བྱམས་པ་དང་ལྡན་པར་གྱུར་ཏོ་ཞེས་མཚན་བྱམས་པར་བཏགས། དེ་ཆེར་སྐྱེས་ནས་ཕས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བཏང་སྟེ་རིག་བྱེད་ཀློག །དེའི་ཚེ་རྒྱལ་ཆེན་བཞིས་པདྨ་དང་པདྨ་ཆེན་པོ་༼ཀ༡༡བ༽དུང་དང་དུང་ཆེན་པོ་སྟེ་གཏེར་ཆེན་པོ་བཞི་ཕྱུང་ནས་རྒྱལ་པོ་དུང་ལ་ཕུང་ཞིང་སྔོན་རྒྱལ་པོ་སྒྲ་སྒྲོགས་ལ་བརྒྱ་བྱིན་གྱིས་མཚན་མར་བྱིན་པའི་ལྷའི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་སྡོང་སྤོམས་སུ་ཕོ་འདོམ་དྲུག་བཅུ་པ་ལྟ་བས་མི་ངོམས་པ་དེ་གངྒཱའི་འགྲམ་ནས་ཕྱུང་སྟེ་ཕུལ་ཞིང་དེ་རྒྱལ་པོ་དུང་གིས་མདུན་ན་འདོན་དང་དེས་ཁྱེའུ་བྱམས་པ་དང་དེས་ཁྱེའུ་ལྔ་བརྒྱ་ལ་བྱིན་དེ་དག་གིས་དུམ་བུ་ལྔ་བརྒྱར་བགོས་པ་མཐོང་བས་ཁྱེའུ་བྱམས་པ་སྐྱོ་སྟེ་ཁྱིམ་ནས་རབ་ཏུ་བྱུང་ཞིང་སྔོན་རིང་མོ་ནས་ལམ་དང་འཇུག་པ་དང་ཐེག་པ་བདེ་བས་ཞུགས་པའི་ཕྱིར་དཀའ་བ་སྤྱོད་པ་མེད་པར་དེ་ཉིད་ཀྱི་མཚན་མོ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་རྒྱལ་པོ་དུང་གི་རིན་པོ་ཆེ་སྣ་བདུན་ཡང་ནུབ་པར་འགྱུར་རོ། །དེ་ནས་རྒྱལ་པོས་ལོ་ཉི་ཁྲི་ལྷག་པར་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ཞིང་མཐར་རྒྱལ་པོ་བུ་སྟོང་བཙུན་མོ་བརྒྱད་ཁྲི་བཞི་སྟོང་བློན་པོ་དེ་སྙེད་དང་བཅས་པ་དང་ཡབ་བྲམ་ཟེའི་འཁོར་དེ་སྙེད་དང་བཅས་པ་རབ་ཏུ་བྱུང་ཞིང་འཁོར་འདུས་པ་གསུམ་འབྱུང་ལ་དེ་རྣམས་བཅོམ་ལྡན་འདས་བྱམས་པས་རི་བོ་བྱ་རྐང་ལ་ཁྲིད་སྟེ་རིའི་གཡོགས་བསལ་ནས་འོད་སྲུང་ཆེན་པོའི་སྐུ་གདུང་ཕྱག་མཐིལ་དུ་བཞག་ནས་འདི་ནི་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པའི་ཉན་ཐོས་ཀྱི་མཆོག་འོད་སྲུང་ཆེན་པོའི་སྐུ་གདུང་ངོ་ཞེས་བསྟན་པས་ལུས་ཆུང་ངུ་འདི་ལྟ་བུས་ཡོན་ཏན་གྱི་ཚོགས་དེ་འདྲ་བ་ཐོབ་པ་ཞེས་སྐྱོ་བའི་ཚེ་གདུང་དེ་ལས་སྣམ་སྦྱར་ཕྲལ་ཏེ་འདི་ནི་བཅོམ་ལྡན་འདས་དེའི་ཕྱགས་བདར་ཁྲོད་པའི་སྣམ་སྦྱར་རོ་ཞེས་བསྟན་པའི་མོད་ལ་འཁོར་དེ་ཐམས་ཅད་དགྲ་བཅོམ་པ་འཐོབ་པར་གྱུར་ལ། དེའི་མཐར་གདུང་དེ་ཡང་ན་མཁའ་ལ་འཕགས་ནས་འབར་བ་དང་གསལ་བ་དང་འོད་འབྱིན་པ་དང་ཆར་དང་གློག་དང་ཡ་མ་ཟུང་ལ་སོགས་པའི་ཆོ་འཕྲུལ་དུ་མ་བསྟན་ཏེ་ཐུགས་ཀ་ནས་རང་བྱུང་བའི་མེས་འཚིག་སྟེ་རིང་སྲེལ་ལྷུང་བ་རྣམས་མཆོད་རྟེན་དུ་བྱེད་པར་གསུངས་ཅིང༌། ཤཱཀྱའི་བསྟན་པ་ལ་སྐུ་གཟུགས་བཞེང་པ་སོགས་སངས་རྒྱས་ལ་བྱ་བ་བྱས་པ་རྣམས་འདུས་པ་དང་པོར་གྲོལ། གསུང་རབ་འབྲི་ཀློག་བཞེངས་པ་སོགས་ཆོས་ལ་བྱ་བ་བྱས་པ་རྣམས་འདུས་པ་གཉིས་པར་གྲོལ། དགེ་སློང་རེ་རེ་ལ་གདུགས་ཚོད་སྟོབ་པ་ཡན་ནས་དགེ་འདུན་ལ་མཆོད་པ་བྱས་པ་དང་འདུ་བའི་སྒོ་སྦྱར་བ་རྣམས་འདུས་པ་གསུམ་པར་གྲོལ་བར་བྱམས་པ་ལུང་བསྟན་གྱི་མདོ་གསུམ་དང་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས་བཤད་ཏོ། །ཚེ་ལོ་དྲུག་༼ཀ༡༢ན༽ཁྲིར་རྒྱལ་བ་སེང་གེ་སྟེ། །དེ་སོགས་དགུ་བརྒྱ་གོ་དགུ་ཚང་བར་འགྱུར། །རྒྱལ་བ་བཞི་བཅུ་གཅིག་པ་དགྲ་གཅན་ཆེ། །ས་གཞི་རིན་ཆེན་བདུན་ཡིན་ངན་སོང་མེད། །མི་རྣམས་མེ་ཏོག་པདྨར་བརྫུས་ཏེ་སྐྱེ། །སྔོན་གྱི་རྒྱལ་བ་བཞི་བཅུའི་འཕྲིན་ལས་མཛད། །སངས་རྒྱས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་པ། །མེ་ཏོག་བྱིན་དང་གཞན་ཡང་ཕལ་ཆེན་བྱིན། །ཡེ་ཤེས་ཉི་མ་ཚེ་དཔག་མེད་པ་དང༌། །རིན་ཆེན་གྲགས་པ་དགེ་བ་སྨྲང་འདོན་པ། །མི་འཁྲུགས་མདོག་དང་འདམ་བརྒལ་དྲན་པའི་འོད། །དགེ་འོད་དགྲ་ལས་རྒྱལ་དང་དུས་མཁྱེན་འོད། །བཤེས་གཉེན་བཟང་པོ་སྨན་བདག་མདངས་མངའ་བ། །དགའ་སྟོབས་འཁྲུལ་མེད་བློ་དང་ལྷ་བདག་དང༌། །ན་མཁའི་དབྱངས་དང་ལྷ་ཡི་རྒྱལ་པོ་རྣམས། །ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ་སྟེ། །ཉན་ཐོས་རང་སངས་རྒྱས་ཀྱི་མིང་ཡང་མེད། །ཁྱད་པར་སངས་རྒྱས་དྲུག་བརྒྱ་བཅུ་གཅིག་པ། །གསེར་འོད་ཚེ་ན་ཞིང་དེའི་སེམས་ཅན་ཀུན། །ཕྱིར་མི་ལྡོག་པའི་བྱང་སེམས་ཤ་སྟག་འབྱུང༌། །རྒྱལ་བ་གཞན་རྣམས་ཐེག་པ་གསུམ་གྱིས་འདུལ། །མངོན་པའི་མཛོད་ལས་ཚེ་ལོ་མར་འགྲིབ་ཀྱི། །བརྒྱད་ཁྲི་པ་ནས་བརྒྱ་པའི་བར་ལས་གཞན། །དེ་བཞིན་གཤེགས་པ་མི་འབྱུང་གསུངས་པ་ནི། །ཐེག་པ་ཆུང་ངུའི་རྣམ་གཞག་ཕྱོགས་གཅིག་སྟེ། །བརྒྱ་དང་གཅིག་པ་ཡོན་ཏན་འོད་འཕྲོ་ནི། །སྐུ་ཚེ་བྱེ་བ་ཉིས་སྟོང་ཐུབ་པ་དང༌། །ཉིས་བརྒྱ་གསུམ་པ་རྒྱལ་བ་རིན་ཆེན་ཏོག །ལོ་གྲངས་བྱེ་བ་འབུམ་དུ་ཚང་བར་བཞུགས། །ཉིས་བརྒྱ་སོ་གཅིག་ཚོགས་ཆེན་གཙོ་བོ་ནི། །སྐུ་ཚེ་ཉིན་གཅིག་བཞུགས་པ་ལ་སོགས་སྟེ། །ཡུལ་རིགས་འོད་གདུང་ཡབ་ཡུམ་སྲས་དང་ནི། །རིམ་གྲོ་བ་དང་མཆོག་ཟུང་འདུས་པའི་ཚད། །སྐུ་ཚེ་བསྟན་པའི་གནས་ཚད་སྐུ་གདུང་དང༌། །མཆོད་རྟེན་ཐུགས་བསྐྱེད་ཚུལ་རྣམས་ཐ་དད་པར། །བསྐལ་པ་བཟང་པོའི་མདོ་ལས་རྒྱས་པར་གསུངས། །མ་ཐོག་རིང་མོར་སངས་རྒྱས་མོས་པ་སྟེ། །དེ་ཡན་སངས་རྒྱས་ཀུན་༼ཀ༡༢བ༽གྱི་འཕྲིན་ལས་མཛད། །རྒྱལ་བ་དགུ་བརྒྱ་གོ་དགུ་པོ་ཀུན་གྱི། །འཁོར་དང་སྐུ་ཚེ་བསྟན་པའི་གནས་ཚད་རྣམས། །གཅིག་དུ་བསྡོམས་པ་རྒྱལ་བ་སྣང་མཛད་འདིའི། །འཁོར་དང་སྐུ་ཚེ་བསྟན་པའི་ཚད་ཏུ་འགྱུར། །ཞིང་འདིའི་འགྲོ་ཀུན་ཐེག་གསུམ་སོ་སོ་ལས། །ཕྱིར་མི་ལྡོག་ཐུལ་གནས་བསྐལ་རྫོགས་པ་ཡིན། །མནར་མེད་དམྱལ་བར་སེམས་ཅན་མ་ལུས་པ། །དེ་ཚེ་འཇིག་པའི་བསྐལ་པའི་ཐོག་མ་སྟེ། །ཆགས་བསྐལ་གནས་བསྐལ་འཇིག་བསྐལ་སྟོངས་བསྐལ་བཞི། །ཡུན་ནི་བར་བསྐལ་ཉི་ཤུ་རེ་རེར་མཚུངས། །དེ་ལྟར་བར་བསྐལ་བརྒྱད་བཅུ་བསྡོམས་པ་ལ། །བསྐལ་པ་ཆེན་པོ་གཅིག་དུ་བརྗོད་པ་ཡིན། །འཇིག་བསྐལ་ཚུལ་ཡང་ཅུང་ཟད་བཤད་བྱས་ན། །ངན་སོང་གསུམ་དུ་སེམས་ཅན་མ་ལུས་ཚེ། །མི་ཞིག་གིས་ནི་ཆོས་ཉིད་ཀྱིས་ཐོབ་པའི། །བསམ་གཏན་དང་པོའི་ཏིང་འཛིན་འགྲུབ་གྱུར་ཏེ། །དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས། །བྱུང་བའི་དགའ་བདེ་འདི་ནི་དམ་པ་ཞེས། །ཆེད་ཏུ་བརྗོད་པས་སྒྲ་དེ་མོད་ཁོ་ནར། །སོ་སོའི་གླིང་གི་མི་རྣམས་ཀུན་གྱིས་ཐོས། །ཀུན་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཐོབ། །ཤི་འཕོས་གཟུགས་ཀྱི་ཁམས་ཀྱི་ཚངས་རིས་དང༌། །ཚངས་པའི་མདུན་འདོན་ཚངས་ཆེན་གསུམ་དུ་སྐྱེས། །དེ་བཞིན་འདོད་པའི་ལྷ་རིས་དྲུག་ག་ཡང༌། །ཁམས་གོང་འཕོས་ཏེ་འདོད་ཁམས་མ་ལུས་སྟོངས། །བསམ་གཏན་དང་པོའི་ལྷ་རིས་གསུམ་ག་ཡང༌། །རྟོག་དཔྱོད་སྤངས་པའི་བསམ་གཏན་གཉིས་པ་ཐོབ། །ཤི་འཕོས་འོད་ཆུང་ལ་སོགས་གནས་གསུམ་དུ། །སྐྱེས་ཏེ་ཚངས་ཆེན་མན་ཆད་སྟོངས་པར་འགྱུར། །དེ་ཚེ་ཉི་མའི་གཞལ་མེད་ཁང་སྟོང་པ། །གཉིས་པ་ཤར་བས་ཆུ་མིག་ལྟེང་ཀ་སྐེམ། །གསུམ་པས་ཆུ་ཕྲན་མ་ལུས་སྐེམ་པར་བྱེད། །བཞི་པས་ཆུ་བོ་ཆེ་རྣམས་སྐེམ་པར་འགྱུར། །ལྔ་པས་རྒྱ་མཚོ་ཆེན་པོ་དཔག་ཚད་སོགས། །རིམ་པས་སྐེམ་ཞིང་མི་འགྲེང་བདུན་ནས་ནི། །མི་འགྲེང་གང་དང་བ་ལང་རྨིག་རྗེས་ཙམ། །༼ཀ༡༣ན༽ཐ་མར་ཟིལ་པ་ཙམ་ཡང་མེད་པར་སྐེམ། །དྲུག་པ་ཤར་བས་ས་ཀུན་དུ་བར་འཐུལ། །བདུན་པས་རི་རབ་ཁོར་ཡུག་བཅས་པའི་བར། །གཅིག་དུ་འབར་ཏེ་ཚངས་པའི་འཇིག་རྟེན་མན། །མེ་ལྕེ་གཅིག་དུ་གྱུར་པས་སྲེག་པར་བྱེད། །མེ་དེ་རང་ཞི་ཐལ་བའང་མ་ལུས་པ། །དེ་ཚེ་འཇིག་པའི་བསྐལ་པའི་མཐར་ཐུག་ཅེས། །ཉི་མ་བདུན་ལུང་བསྟན་པའི་མདོ་དྲངས་ནས། །འཇིག་རྟེན་བཞག་པར་མཽངྒལ་བུ་ཡིས་བཤད། །སྟོངས་བསྐལ་བར་བསྐལ་ཉི་ཤུ་འདས་པ་ནས། །སླར་ཡང་ཆགས་པའི་བསྐལ་པ་སྔོན་བཞིན་འབྱུང༌། །འོན་ཀྱང་སྒྲོན་མེའི་བསྐལ་པ་ཞེས་བྱ་བ། །སངས་རྒྱས་འབྱུང་བསྐལ་ཨུ་དུམ་ཝ་ར་ཡི། །མེ་ཏོག་ལྟ་བུར་བརྒྱ་ལ་སྲིད་པ་ཙམ། །ཕལ་ཆེར་དཀོན་མཆོག་གསུམ་གྱི་སྒྲོན་མེ་ཡིས། །དབེན་པ་མུན་པའི་བསྐལ་པ་ཤ་སྟག་ཡིན། །མེ་ཡིས་འཇིག་པ་ལན་བདུན་ཚང་བའི་ཚེ། །བསམ་གཏན་གཉིས་པ་མན་ཆད་ཆུས་གཅིག་འཇིག །རིམ་པ་འདི་ཡིས་ཆུ་ཡིས་འཇིག་ཐེབས་བདུན། །ཚང་ཚེ་བསམ་གཏན་གསུམ་པའི་དགེ་རྒྱས་མན། །རླུང་ཆེན་རབ་ཏུ་གཡོ་བས་འཇིག་པ་ཉིད། །ཡང་ནི་མེ་ཡིས་འཇིག་སོགས་སྔར་བཞིན་ཏེ། །མེད་བཞིན་སྣང་བའི་རྟེན་འབྲེལ་རྒྱུན་མི་ཆད། །འདུ་བྱེད་རླུང་ལྡང་དགའ་བདེ་ཆུ་ལྟར་གཡོ། །རྟོག་དཔྱོད་མེ་འདྲ་ནང་གི་བསམ་གཏན་སྐྱོན། །རྟེན་འབྲེལ་མཐུ་ལས་ཕྱི་རོལ་འཇིག་པར་སྣང༌། །བསམ་གཏན་བཞི་པ་སྣོད་བཅུད་ལྷན་ཅིག་དུ། །སྐྱེ་འཇིག་སྣང་གི་འབྱུང་བའི་མཐུར་མི་ལྟོས། །དེ་དག་ཀྱང་བསྐལ་པ་བཟང་པོ་འདིའི་རྣམ་གཞག་དུ་ཟད་སྟེ་གཞན་དུ་ན་ཕལ་ཆེན་ལས་འཇིག་རྟེན་གྱི་ཁམས་མི་འབྱེད་འདིའི་བསྐལ་པ་གང་ཡིན་པ་དེ་ནི་བདེ་བ་ཡོད་པའི་ཞིང་ཁམས་ཀྱི་ཉིན་ཞག་གཅིག་གོ །བདེ་བ་ཡོད་པའི་ཞིང་ཁམས་ཀྱི་བསྐལ་པ་དེ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་རབ་འཇོམས་ཀྱི་ཞིང་དུར་མིག་གིས་མཚན་པའི་ཉིན་ཞག་གཅིག་གོ །དེ་བཞིན་དུ་སྔ་མའི་བསྐལ་པ་ཕྱི་མའི་ཉིན་ཞག་དུ་བསྒྲེས་ཏེ་ཤིན་དུ་སྐུའི་པདྨ་རྒྱས་པའི་ཞིང་ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོག་པ་དང༌། ཆོས་རྒྱལ་མཚན་གྱི་ཞིང་རྡུལ་མེད་དང༌། སེང་གེའི་ཞིང་སྒྲོན་མ་བཟང་དང༌། རྣམ་སྣང་སྙིང་པོའི་ཞིང་འོད་བཟང་དང༌། ཆོས་འོད་སྐུའི་པདྨ་རྒྱས་པའི་ཞིང་འདའ་བར་དཀའ་བ་དང༌། །མངོན་མཁྱེན་ཀུན་འོད་རྒྱན་ལྡན་གྱི་ཞིང་ཐུགས་ཟླའི་མེ་ལོང་དཀྱིལ་འཁོར་མདོག་ནས་གྲངས་མེད་ས་ཡ་གཅིག་བགྲངས་པའི་ཐ་མའི་བསྐལ་པ་ནི་རྒྱལ་བ་དཔལ་བཟང་གི་ཞིང་པདྨའི་དཔལ་གྱི་ཉིན་ཞག་དུ་བཤད་པས་མདོར་ན་ཚད་ཀྱིས་གཞལ་བར་བྱ་བ་མིན་ནོ། །བསྐལ་པ་བཟང་པོ་འདི་ཡི་འོག་རོལ་དུ། །མུན་བསྐལ་ཆེན་པོ་དྲུག་བཅུ་འདས་པའི་རྗེས། །སྒྲོན་བསྐལ་སྙན་པ་ཆེན་པོ་ཞེས་བྱ་བ། །དེ་ལ་སངས་རྒྱས་ཁྲི་ཕྲག་གཅིག་༼ཀ༡༣བ༽འབྱུང་ངོ། །དེ་ནས་མུན་བསྐལ་ཆེན་པོ་ཁྲི་འདས་ནས། །སྐར་མ་བཀྲམ་པ་ཞེས་བྱའི་སྒྲོན་བསྐལ་ལ། །རྫོགས་པའི་སངས་རྒྱས་བརྒྱད་ཁྲི་ཚང་བར་འབྱུང༌། །ཡང་ནི་མུན་བསྐལ་སུམ་བརྒྱ་འདས་པའི་འོག །སྒྲོན་མེའི་བསྐལ་ཆེན་ཡོན་ཏན་བཀོད་པ་ལ། །རྒྱལ་བ་བརྒྱད་ཁྲི་དང་ནི་བཞི་སྟོང་འབྱུང༌། །དེ་ཙམ་མདོ་ལས་རྒྱལ་བས་ལུང་དུ་བསྟན། །དེ་བཞིན་ན་མཁའ་ཇི་སྲིད་གནས་ཀྱི་བར། །བསྐལ་པའི་ཕྱི་མཐའ་ཐུག་པ་ཡོད་མ་ཡིན། །འདི་ནི་འཇིག་རྟེན་ཁམས་འདིའི་རྣམ་གཞག་སྟེ། །དེ་བཞིན་ཕྱོགས་བཅུའི་ནམ་མཁས་གར་ཁྱབ་པར། །དག་དང་མ་དག་ཞིང་ཁམས་རྒྱ་མཚོ་རྣམས། །ཁ་ཅིག་སྟོངས་ཅིང་ལ་ལ་འཇིག་དང་ཆགས། །གཞན་དག་གནས་སོགས་རྒྱ་མཚོའི་ལྦུ་བ་ལྟར། །གོ་མཚམས་མེད་ཅིང་རྒྱུན་མི་ཆད་པར་སྣང༌། །ཞིང་ཁམས་མཐའ་དག་མཐོང་བའི་མིག་དག་པ། །འཕགས་མཆོག་རྣམས་ཀྱི་གཟིགས་ཡུལ་ལྟད་མོར་ཆེ། །ངེས་པའི་དོན་དུ་ཞིང་འདི་འཇིག་པ་མེད། །རྒྱལ་བས་བསྟེན་པའི་རྩ་ཡི་སྟན་ཙམ་ཡང༌། །ཁམས་གསུམ་འབྱུང་བ་ཀུན་གྱིས་གཞིག་མི་ནུས། །རྡོ་རྗེའི་གདན་དང་བྱ་རྒོད་ཕུང་རི་སོགས། །སྔོན་གྱི་རྒྱལ་བ་བགྲང་ཡས་རྒྱ་མཚོའི་ཡང༌། །རྫོགས་སངས་རྒྱས་པའི་གནས་དང་ཤེས་ཕྱིན་གྱི། །ཆོས་ཀྱི་འཁོར་ལོ་བསྐོར་གནས་ཡིན་ཞེས་གསུངས། །མེ་ཡིས་འཇིག་པར་སྣང་ཚེའང་ཞིང་འདི་ནི། །ཅུང་ཟད་མ་ཉམས་རྒྱལ་སྲས་རྣམས་ཀྱིས་གང༌། །འོན་ཀྱང་འཇིག་རྟེན་བྱེད་པོར་རློམ་པ་ཡི། །ཚངས་སོགས་དྲེགས་དང་ང་རྒྱལ་གཞོམ་པ་དང༌། །སྐྱོ་བ་བསྐྱེད་ཅིང་རྟག་འཛིན་ལྡོག་པའི་ཆེད། །མེ་ཆུ་རླུང་གིས་འཇིག་པའི་བསྐལ་པ་སྟོན། །དེ་ཚེ་ཞིང་དེ་སྟོངས་པར་གྱུར་པ་ཡིས། །སེམས་ཅན་གཅིག་གི་སྲོག་ལའང་མི་གནོད་པ། །འདི་ནི་རྒྱལ་བའི་འཕྲིན་ལས་མཆོག་ཅེས་གསུངས། །ལེགས་པར་བཤད་པ་མཁས་པའི་དགའ་སྟོན་ལས། །འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པའི་ཡན་ལག་སྟེ་དང་པོའོ། །
ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས།
ལེའུ་དང་པོ་སྟོན་པའི་མཛད་པ་བཤད་པ།
༄༅། །ད་ནི་སྟོན་པའི་མཛད་པ་བརྗོད་པར་བྱ། །བདག་ཅག་རྣམས་ཀྱི་སྟོན་པ་ཐུབ་པའི་མཆོག །༼ཁ༡༤ན༽འདིས་ནི་བླ་མེད་བྱང་ཆུབ་ཐུགས་བསྐྱེད་སྟེ། །རྒྱལ་སྲས་གཞན་ལས་ཆེས་ཆེར་རྨད་བྱུང་བའི། །བྱམས་བརྩེ་སྤྲོ་དང་རྩོམ་པ་རྒྱ་ཆེན་པོས། །བྱང་ཆུབ་ལམ་བཟང་བདེ་བླག་གིས་བགྲོད་ནས། །མཐའ་ཡས་བསྐལ་མང་སྔོན་ནས་སངས་རྒྱས་ཀྱང༌། །སྔོན་གྱི་སྨོན་ལམ་ཆེན་པོ་ལྔ་བརྒྱའི་མཐུས། །འཛམ་གླིང་སྐྱེ་རྒུ་ཚེ་ལོ་བརྒྱ་པའི་ཚེ། །རྙིགས་མ་ལྔ་ལྡན་ལྷག་པར་གདུལ་དཀའ་བའི། །འགྲོ་རྣམས་གདུལ་ཕྱིར་དགའ་ལྡན་ལྷ་གནས་ན། །ལྷ་ཡི་སྟོན་པ་དམ་པ་ཏོག་དཀར་ཞེས། །སངས་རྒྱས་འོད་སྲུང་གི་ནི་རྒྱལ་ཚབ་ཏུ། །བཞུགས་པ་ལས་བབ་འཛམ་གླིང་གཤེགས་པར་དགོངས། །ད་ལྟ་འཛམ་གླིང་རྙིགས་མ་ལྔ་བདོ་སྟེ། །རྟོག་གེ་པ་དྲུག་རྗེས་སུ་སྒྲོགས་པ་དྲུག །སྙོམས་པར་འཇུག་པ་དྲུག་སྟེ་མུ་སྟེགས་ཀྱི། །སྟོན་པ་བཅོ་བརྒྱད་ཀྱིས་ནི་མ་རུང་བྱས། །གཤེགས་པའི་དུས་མིན་བཞུགས་པར་གསོལ་འདེབས་ཞེས། །ལྷ་རྣམས་ཀུན་གྱིས་གསོལ་བ་བཏབ་པའི་ཚེ། །རོལ་མོ་ཐམས་ཅད་དུས་གཅིག་དཀྲོལ་ཅིག་གསུངས། །བྱང་ཆུབ་སེམས་དཔའས་དུང་དཀར་བླངས་ཏེ་བུས། །རོལ་མོའི་སྒྲ་ཡི་ནང་ན་མཆོག་ཅི་དྲིས། །ཀུན་ཀྱང་དུང་གི་སྒྲ་ཡིས་ཟིལ་མནན་གསོལ། །དེ་བཞིན་བདུད་དང་མུ་སྟེགས་མ་ལུས་པ། །ང་ཡིས་ཟིལ་མནན་འགྲོ་ཀུན་དྲང་ངོ་གསུངས། །ཚེ་ལོ་བརྒྱ་པའི་དུས་དང་གོ་ཏམ་གདུང༌། །སེར་སྐྱའི་གྲོང་མཆོག་དག་པའི་ཡབ་ཡུམ་སྟེ། །གཟིགས་པ་ལྔ་ལ་རྣམ་པར་གཟིགས་ནས་ནི། །གླང་ཆེན་ཐལ་ཀར་གསེར་གྱི་དྲ་བ་ཡིས། །གཡོགས་པའི་རྣམ་པས་གྲོང་ཁྱེར་སེར་སྐྱ་རུ། །ཟས་གཙང་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས། །ལྷས་བསྟན་རྒྱལ་པོ་ལེགས་པར་རབ་སད་སྲས། །དུས་གསུམ་རྒྱལ་བ་མཐའ་ཡས་མང་པོ་ཡི། །ཡུམ་དུ་སྨོན་པ་གྲུབ་པའི་འཕགས་མ་དེ། །གསོ་སྦྱོང་དག་པར་སྤྱོད་པའི་ལྷུམས་སུ་ཞུགས། །དེར་ཡང་མངལ་གྱི་དྲི་མས་མ་གོས་པར། །ཙན་ནད་སྦྲུལ་གྱི་སྙིང་པོའི་ཁང་བཟང་ནང༌། །༼ཁ༡༤བ༽བཞུགས་ནས་ཕྱོགས་བཅུའི་བྱང་སེམས་མཐའ་ཡས་བཏུལ། །ཆོས་ཀྱི་རྣམ་གྲངས་རྒྱ་མཚོ་དུ་མ་བསྟན། །འཛམ་གླིང་ཀུན་དུ་སངས་རྒྱས་འབྱུང་བའི་ལྟས། །ཡ་མཚན་དཔག་མེད་མཐའ་ཡས་སྣང་བར་གྱུར། །གླིང་གི་དབུས་སུ་བྱང་ཆུབ་ལྗོན་ཤིང་སྐྱེས། །སེར་སྐྱའི་གྲོང་ཀུན་རིན་ཆེན་ལས་བྱས་གྱུར། །གངས་རིའི་ངོས་ནས་སེང་གེའི་ཕྲུ་གུ་དག །འོངས་ནས་སྲང་ན་གནོད་པ་མེད་པར་རྩེ། །ལུམྦིའི་ཚལ་ཀུན་རིན་ཆེན་ལྗོན་པས་ཁྱབ། །དེ་ཚེ་ཟླ་དགུ་ངོ་བཅུ་ཚང་བའི་ཚེ། །ལྷུམས་སུ་ཟླ་བ་བཅུར་ཞག་བདུན་གྱིས་མ་ཆོག་པ་བཞུགས་པ་ལ། མདོར་ཟླ་བ་བཅུ་ཚང་བའི་ཐ་སྙད་གྱིས་བརྗོད་ཅིང་འདིར་ཟླ་དགུ་ངོ་བཅུར་བརྗོད་པ་ཡིན་ནོ། །ངོ་མཚར་ལྟས་ཆེན་སོ་གཉིས་བྱུང་བ་ལས། །རྩ་གསུམ་ལྷ་ཡི་འབྱོར་པ་ལྟ་བུ་ཡིས། །ཡུམ་གྱིས་ལུམྦིའི་ཚལ་གྱི་སྐྱེད་ཚལ་བྱོན། །རྒྱུ་སྐར་རྒྱལ་དང་ལྡན་ཚེ་ཡུམ་གྱི་ཕྱག །པ་ལ་ཀྵ་ཡི་ལྗོན་པ་ལ་འཇུས་ཏེ། །བྱ་རྨྱང་མཛད་པའི་རྩིབ་ལོགས་གཡས་པ་ནས། །ཡུམ་ལ་གནོད་པ་མེད་ཅིང་ནག་ནོག་གིས། །མ་གོས་གསེར་གོང་ཕྱིས་པ་ལྟ་བུ་རུ། །བལྟམས་ཚེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །བྲན་མོ་རྒན་མོའི་རྣམ་པས་བླངས་པའི་ཚེ། །ཐེག་པར་མ་གྱུར་སྟོབས་ཀྱི་ང་རྒྱལ་བཅོམ། །ཀླུ་དབང་རྣམས་ཀྱིས་བདུད་རྩིས་སྐུ་ཁྲུས་གསོལ། །ཕྱོགས་ཀུན་གོམ་པ་བདུན་བདུན་བོར་བ་ལས། །གསེར་གྱི་པདྨ་འདབ་སྟོང་པ་རེ་བྱུང༌། །སྐྱེ་རྒ་ན་འཆི་ཀུན་ལས་འདའ་བྱེད་ཅིང༌། །འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་རོ་གསུངས། །བསིལ་བའི་འོད་ཀྱིས་འཇིག་རྟེན་སྣང་བར་བྱས། །ངོ་མཚར་ལྟས་ཆེན་བཅོ་བརྒྱད་བྱུང་བའི་ཚེ། །ཡབ་ཀྱིས་ཕྱག་དང་བསྟོད་པ་དང་པོ་མཛད། །ཚངས་པས་བདུད་རྩིའི་ཟིལ་མངར་བླངས་ཏེ་ཕུལ། །ཞག་བདུན་ལོན་ཚེ་ཡུམ་གྱི་སྤྲུལ་པ་བསྡུས། །ཡུམ་གྱིས་སྐྱེད་པའི་བྱ་བ་རྫོགས་ཟིན་ཞིང༌། །སྐྱེ་བོ་ཕལ་པའི་སྐྱེད་མར་མི་རིགས་ལ། །ཁྱིམ་ནས་བྱུང་བ་ཡུམ་གྱིས་མི་བཟོད་པ། །སྤང་དང་ཡུམ་གྱི་ཕྱག་ཀྱང་མི་བཞེད་ཕྱིར། །འཁྲུངས་ནས་ཞག་བདུན་ཡུམ་གྱི་ཚེ་ལུས་པའི། །ཚེ་ན་ལྷུམས་སུ་འཇུག་པར་མཛད་པའི་ཕྱིར། །འདི་ཡང་རྒྱལ་བ་ཕལ་གྱི་ཐུན་མོང་ཡིན། །སྐྱེ་རྒུའི་༼ཁ༡༥ན༽བདག་མོ་ཆེན་མོ་སྒྱུ་འཕྲུལ་སོགས། །མ་མ་སུམ་བཅུ་གཉིས་ཀྱིས་ཞམ་རིང་བྱེད། །གཞན་ཡང་ཤཱཀྱའི་ཁྱེ་འུ་ལྔ་བརྒྱ་དང༌། །གྲགས་འཛིན་མ་སོགས་བུ་མོ་བརྒྱད་ཁྲི་དང༌། །བྲན་ཕོ་བྲན་མོ་ལྔ་བརྒྱ་ཕྲག་རེ་དང༌། །གླང་ཆེན་རྟ་དང་མ་ཧེ་བ་གླང་སོགས། །ལྔ་བརྒྱ་ཕྲག་རེ་དུས་གཅིག་ཉིད་ཏུ་བཙས། །རིན་ཆེན་གཏེར་ཀུན་ས་ལས་རང་བྱུང་གྱུར། །ཕྱོགས་བཞིར་མཉན་ཡོད་རྒྱལ་པོ་ཚངས་བྱིན་བུ། །གསལ་རྒྱལ་དང་ནི་གྲོང་ཁྱེར་རྒྱལ་པོའི་ཁབ། །པད་སྙིང་སྲས་པོ་གཟུགས་ཅན་སྙིང་པོ་དང༌། །ཀཽ་ཤམྦིར་ནི་དམག་བརྒྱའི་བུ་ཤར་པ། །འཕགས་རྒྱལ་དུ་ནི་མུ་ཁྱུད་མཐའ་ཡས་བུ། །རབ་སྣང་ཞེས་བྱ་རྒྱལ་ཕྲན་བཞི་ཡང་བཙས། །དང་པོར་དོན་ཀུན་གྲུབ་པར་མཚན་གསོལ་ཏོ། །ཤཱཀྱ་དྲེགས་ལྡན་རྣམས་ཀྱང་དུལ་གྱུར་ནས། །ཐུབ་ལྟར་གནས་ཕྱིར་ཤཱཀྱ་ཐུབ་པ་དང༌། །གནོད་སྦྱིན་ཤཱཀྱ་འཕེལ་སོགས་ཀྱིས་བཏུད་པས། །ལྷ་ཡི་ལྷ་སྟེ་མཚན་གསུམ་རིམ་པར་བཏགས། །ཁྱིམ་དུ་གནས་ན་གླིང་བཞིའི་འཁོར་སྒྱུར་དང༌། །རབ་ཏུ་བྱུང་ན་རྫོགས་འཚང་རྒྱ་འོ་ཞེས། །མཚན་མཁན་རྣམས་ཀྱིས་མགྲིན་གཅིག་ལུང་སྟོན་གྱུར། །དྲང་སྲོང་ཉོན་མོངས་མེད་ཀྱིས་ཕྱག་བྱས་ཏེ། །ངེས་པར་རྫོགས་འཚང་རྒྱ་བར་ལུང་བསྟན་ནས། །རང་གི་སྣག་ཚ་བྲམ་ཟེ་མེས་བྱིན་ལ། །དགུང་ལོ་སོ་ལྔ་ལོན་ནས་འཚང་རྒྱ་ཡིས། །དེ་ཚེ་སློབ་མར་བྱོས་ཞེས་བསྟན་ནས་འདས། །རོ་བརྒྱ་ལྡན་པའི་འབྲས་ཆན་མང་བཞེས་ཚེ། །མཛུབ་མོ་གཅིག་གིས་གསེར་གཞོང་བཟུང་བ་ནི། །གླང་ཆེན་ལྔ་བརྒྱས་དབྲོག་པར་མ་ནུས་ཕྱིར། །གླང་ཆེན་སྟོང་གི་སྟོབས་ཅན་ཞེས་མཚན་བཏགས། །བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལས། །ཡི་གེ་སློབ་པའི་གྲྭར་བྱོན་ཡི་གེའི་རིགས། །དྲུག་བཅུ་རྩ་བཞི་སློབ་དཔོན་ལ་བསྟན་པས། །ཡ་མཚན་གྱུར་ཏེ་བསྟོད་ཕྱག་བྱས་པར་གྱུར། །སངས་རྒྱས་སམ་ནི་འཁོར་ལོས་སྒྱུར་བྱུང་ཚེ། །ཡི་གེ་འདི་འབྱུང་གཞན་༼ཁ༡༥བ༽དུ་མི་འབྱུང་ཞེས། །བྲིས་ཏེ་བསྟན་པས་མཁའ་ལས་ཚངས་པ་ཡིས། །མཐུན་གྱུར་བརྗོད་ཕྱིར་ཚངས་པའི་ཡི་གེར་གྲགས། །རྩིས་ཀྱི་ཕ་མཐར་སོན་པ་སྲིད་སྒྲུབ་ཀྱིས། །མི་འཁྲུགས་པ་ལས་གོང་དུ་བགྲང་མ་ནུས། །གཞོན་ནུས་སྙིང་པོ་མཆོག་གི་བར་དུ་བརྩིས། །ཛམ་བུའི་ཤིང་གྲིབ་ཏིང་འཛིན་མཛད་པ་ན། །ཕྱི་དྲོར་གྱུར་ཀྱང་གྲིབ་མས་སྐུ་མ་བཏང༌། །འདི་ཚེ་ཡབ་ཀྱིས་བསྟོད་ཕྱག་གཉིས་པ་མཛད། །དྲང་སྲོང་ལྔ་ཡིས་མཁའ་ལ་འགྲོ་མ་ནུས། །ཞབས་ལ་གཏུགས་ཅིང་བསྟོད་ནས་སོང་བར་གྱུར། །དེ་ནས་བུད་མེད་རྣམས་ཀྱི་དོན་མཛད་ཕྱིར། །གྲགས་འཛིན་མ་ལ་རྒྱལ་བའི་རུ་མཚོན་བྱས། །ལྷས་བྱིན་མཛེས་དགའ་ལག་ན་བེ་ཅོན་ཅན། །ལ་སོགས་ཚན་པོ་ཆེ་དང་སྲེད་མེད་བུའི། །སྟོབས་ལྡན་ཤཱཀྱའི་ཁྱེ་འུ་ལྔ་བརྒྱ་དང༌། །འཕོང་དང་འདེགས་དང་གཅོད་པ་ལ་སོགས་པ། །སྒྱུ་རྩལ་འགྲན་པས་དེ་དག་ཐམས་ཅད་ཀྱི། །དྲེགས་པ་ཚར་བཅད་འཇིག་རྟེན་ཟིལ་གྱིས་མནན། །ལག་ན་བེ་ཅོན་བུ་མོ་གྲགས་འཛིན་མ། །དྲིལ་བུ་སྒྲ་ཡི་བུ་མོ་ས་འཚོ་མ། །ཤཱཀྱ་དུས་ལེགས་བུ་མོ་རི་དྭགས་སྐྱེས། །ལ་སོགས་བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས། །འཇིག་རྟེན་མཐུན་པར་འཇུག་པའི་སྤྱོད་པ་ཡིས། །སྐྱེ་བོ་མགུ་བར་མཛད་ནས་སྲིད་པ་ལས། །ངེས་པར་འབྱུང་བ་ཆེན་པོ་བསྟན་པའི་སླད། །སེར་སྐྱའི་སྒོ་བཞིར་རྒ་ནད་ཤི་བ་དང༌། །སྤྲུལ་པའི་དགེ་སློང་གཟིགས་པའི་རྐྱེན་དང་ནི། །བཙུན་མོས་སྦྱར་བའི་རོལ་མོའི་སྒྲ་དབྱངས་ལས། །ཚིགས་སུ་བཅད་པ་དུ་མས་བསྐུལ་བ་ཡིས། །ཁྱིམ་ལས་ངེས་པར་འབྱུང་བ་ཉིད་ཏུ་དགོངས། །མ་ནིང་ཡིན་ཞེས་སྐུར་པ་སྤང་བའི་ཕྱིར། །བུད་མེད་འགྲོགས་པའི་ཐ་མ་འདི་ཡིན་ཞེས། །གྲགས་འཛིན་མ་ལ་སྲས་ཀྱི་ས་བོན་བཞག །རྒྱལ་པོས་ར་བ་ལྕགས་རི་སྒོ་འཕར་དང༌། །དམག་དཔུང་མང་པོས་བསྐོར་ཏེ་སྲུང་ལ་བརྩོན། །མཚན་མོ་ཡབ་གཅིག་མནལ་གྱིས་ནོན་པ་ལ། །གསོལ་བ་བཏབ་པས་༼ཁ༡༦ན༽མནལ་གྱིས་མྱོས་པ་དང༌། །ནམ་ཡང་བླ་མའི་གནས་རྣམས་ཀུན་གྱི་ངག །མ་བཅག་བདེན་པའི་ཚིག་གི་མཐར་ཕྱིན་པ། །དེ་ཡི་ངག་ཚིག་སུས་ཀྱང་མི་ཟློག་ཕྱིར། །ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་ཅེས། །གནང་བ་བྱིན་ཏེ་རྒྱུ་སྐར་རྒྱལ་ཤར་བ། །མཚན་ཕྱེད་ཚེ་ན་བསྔགས་ལྡན་ལ་བཅིབས་ཏེ། །རྒྱལ་ཆེན་བཞི་ཡིས་ཆིབས་ཀྱི་རྐང་ལག་བཏེག །ཚངས་དང་བརྒྱ་བྱིན་འོད་ཀྱིས་ལམ་སྣ་བྱས། །གནས་གཙང་ལྷས་བསྐོར་སྟེང་གི་མཁའ་ལ་བྱོན། །ཤཱཀྱ་ཁྱེ་འུ་གྱང་ཡུལ་ལས་འདས་པ། །བྱང་ཕྱོགས་ཀཱ་མ་རཱུ་པའི་ཡུལ་དུ་བབ། །ཉིད་ཀྱིས་ཉིད་ཀྱི་གཙུག་ཕུད་དོར་བ་ཡིས། །རྣམ་དག་ཅེས་བྱ་གཙུག་ཕུད་མཆོག་རྟེན་བྱུང༌། །འདས་པའི་སངས་རྒྱས་གསུམ་གྱི་གཙུག་ཕུད་ཀྱི། །མཆོད་རྟེན་ཀྱང་ནི་ཕྱོགས་འདིར་ལྷན་ཅིག་གནས། །མ་བྱོན་རྣམས་ཀྱང་གཙུག་ཕུད་འདི་རུ་འདོར། །རྔོན་པར་སྤྲུལ་པའི་ལྷ་ཡིས་དུར་སྨྲིག་ཕུལ། །བླངས་སར་འདུན་པས་དུར་སྨྲིག་མཆོད་རྟེན་བརྩིགས། །གཙུག་ཕུད་དུས་སྟོན་གོས་ཀྱི་དུས་སྟོན་ཞེས། །ལྷ་ཡུལ་ན་ཡང་དུས་སྟོན་རེ་རེ་ཡོད། །རྟ་དང་རྒྱན་བསྐུར་འདུན་པ་སླར་ལོག་སར། །འདུན་པ་སླར་ལོག་པ་ཡི་མཆོད་རྟེན་བྱས། །འདུན་པས་སེར་སྐྱར་རྒྱལ་འབངས་མྱ་ངན་བསལ། །བཙུན་མོ་རྣམས་ཀྱིས་བསྔགས་ལྡན་མགུལ་ནས་འཇུས། །རྟ་མཆོག་ཁྱོད་ཀྱིས་མི་མཆོག་གར་བསྐྱལ་ཞེས། །ངུས་པས་བསྔགས་ལྡན་ཅང་ཤེས་མྱ་ངན་སྐྱེས། །ཟས་བཅད་དབུགས་ཀྱིས་བརྣངས་ཏེ་གུམ་པ་ལས། །ཁྱིམ་བདག་བུར་སྐྱེས་ཕྱིས་ནས་དགྲ་བཅོམ་བཀོད། །རྒྱན་རྣམས་གཞོན་ནུ་གཞན་ལ་གཡོགས་པ་ན། །ལྷ་ཕྲན་གཞན་གྱིས་བརྒྱ་བྱིན་རྒྱན་ཐོགས་ལྟར། །སུས་ཀྱང་མ་ཐེག་སྐྱེ་གུའི་བདག་མོ་ཡིས། །རྒྱན་ཆ་མཐོང་བའི་མྱ་ངན་སྤང་བའི་ཕྱིར། །རྫིང་དུ་དོར་བས་རྒྱན་གྱི་རྫིང་བུ་བྱུང༌། །དེ་ནས་བྱང་ཆུབ་སེམས་དཔའ་རང་བྱུང་གིས། །བསྙེན་པར་རྫོགས་སྟེ་ཆུ་བོ་༼ཁ༡༦བ༽དབྱིག་ལྡན་སོགས། །བརྒལ་ནས་ཡུལ་དབུས་མ་གདྷ་རུ་ཆས། །དྲང་སྲོང་ངན་སྤོང་བུ་ཡི་བསྟི་གནས་བྱོན། །ཁོ་བོའི་བསོད་ནམས་མཐུ་ཡིས་སྔོན་གྱི་ཚེ། །ལྗོན་ཚོགས་འདི་ཀུན་ཛམ་བུའི་གསེར་ལས་གྲུབ། །ལོ་འདབ་མེ་ཏོག་འབྲས་བུ་རྟག་རྒྱས་ཀྱང༌། །ད་ནི་ཕལ་བའི་ཤིང་གྱུར་བརྙིང་བསྐམས་པས། ཁོ་བོ་འཆི་བར་ངེས་ཅེས་བྲམ་ཟེ་དེ། །མྱ་ངན་བྱེད་པ་གཟིགས་ནས་སླར་གསུངས་པ། །དེ་ནི་ཁྱོད་ཀྱི་མཐུ་མིན་གངས་རི་དང༌། །ཉེ་སར་ཤཱཀྱའི་གཞོན་ནུ་ཞིག་བྱུང་བ། ཁྱིམ་དུ་གནས་ན་འཁོར་ལོས་སྒྱུར་འགྱུར་ལ། །འདི་ནི་དེ་ཡི་སྐྱེད་མོས་ཚལ་དུ་འགྱུར། །དེ་མཐུས་སྔོན་ཚེ་འབྱོར་པ་རྒྱས་པ་ཡིན། །གཞོན་ནུ་དེ་ནི་ཁྱིམ་སྤངས་རབ་བྱུང་བས། །དེ་བས་བསྐམས་པར་ཟད་ཅེས་གསུངས་པ་ན། །དེ་ཡིས་བརྟགས་ནས་འོ་ན་གཞོན་ནུ་དེ། ཁྱོད་ཉིད་ཁོ་ནར་ངེས་ཞེས་མཆོད་པ་བྱས། །མ་ག་དྷ་རུ་བསོད་སྙོམས་མཛད་པའི་ཚེ། །སྐྱེ་བོ་ཀུན་གྱིས་དགེ་སྦྱོང་མཛེས་པར་བསྒྲགས། །རྒྱལ་པོ་གཟུགས་ཅན་སྙིང་པོས་མཐོང་ནས་ནི། །འདི་ལྟའི་གཟུགས་དང་ན་ཚོད་དཀའ་ཐུབ་འཕངས། །རྒྱལ་པོར་འོས་ཞེས་རྒྱལ་སྲིད་ཕྱེད་བསྟབས་པ། །མ་བཞེས་རྒྱལ་པོས་སློབ་མར་ཁས་ལེན་བྱས། །མེ་ལྔ་པ་དང་ཉི་མའི་བརྟུལ་ཞུགས་དང༌། །རྐང་པ་གཅིག་གིས་འགྲེང་སོགས་སྣ་ཚོགས་པའི། །དཀའ་ཐུབ་སྤྱོད་པའི་མུ་སྟེགས་གནས་སུ་ཞུགས། །དེ་དག་རྣམས་དང་མཐུན་པའི་དཀའ་བ་ནི། །ཉིས་འགྱུར་ལ་སོགས་སྤྱད་པས་དེ་ཀུན་དང༌། །དགེ་སྦྱོང་ཆེན་པོ་ཅེས་བྱར་མཚན་དུ་བརྗོད། །དེ་ནས་སྙོམས་པར་འཇུག་བ་དྲུག་པོ་ཡི། །ནང་ནས་སྒྱུ་རྩལ་ཞེས་བུ་རིང་འཕུར་ལས། །ཅི་ཡང་མེད་པའི་སྐྱེ་མཆེད་མངོན་དུ་མཛད། །སླར་ཡང་རངས་བྱེད་བུ་ནི་ལྷག་སྤྱོད་ཀྱི། །སློབ་མར་མཛད་སྟེ་སྲིད་ཙིའི་སྐྱེ་མཆེད་ནོས། །དེ་དག་མགུ་བས་སློབ་མའི་ཚོགས་ཕུལ་ཀྱང༌། །དེ་ཀུན་ཐར་པའི་ལམ་དུ་མ་གཟིགས་ནས། །ཆུ་བོ་ནཻ་རཉྫ་རའི་འགྲམ་དུ་བྱོན། །དཀའ་ཐུབ་༼ཁ༡༧ན༽ཙམ་གྱིས་གྲོལ་འདོད་དགའ་བའི་ཕྱིར། །རྒྱ་ཤུག་འབྲུ་རེ་སཱ་ལུ་འབྲུ་རེ་དང༌། །ཆུ་ཐིགས་ཙམ་ཡིས་འཚོ་དང་ཅུང་ཟད་ཀྱང༌། །མི་གསོལ་སོགས་ཀྱི་དཀའ་བ་ལོ་དྲུག་སྤྱད། །ཚོར་བ་ཟིལ་མནན་དབུགས་ཀྱི་དབྱུང་རྔུབ་སྤངས། །ལྷར་བཅས་སྐྱེ་བོ་གཞན་གྱིས་མ་ཞུགས་པ། །མཁའ་ཁྱབ་ཅེས་བྱའི་ཏིང་འཛིན་མཛད་པར་གྱུར། །དེ་ཚེ་ཡབ་དང་ཞང་པོས་མི་ལྔ་བརྒྱ། །འཁོར་དུ་བཞག་པའི་བརྒྱ་ཕྲག་རེ་རེ་ནས། །མི་རེ་བསྡད་ནས་གཞན་རྣམས་ལོག་པ་ལ། །ལྔ་སྡེ་ཞེས་བྱ་འཁོར་གྱི་དང་པོ་བྱུང༌། །མདོ་གཞན་དག་ལས་རིང་འཕུར་ལྷག་སྤྱོད་ཀྱི། །སློབ་མ་ལྔ་ཞིག་ཞབས་ཕྱིར་འབྲངས་པ་ནི། །ལྔ་སྡེ་བཟང་པོ་ཡིན་པར་བཤད་པའང་ཡོད། །གསང་སྔགས་ཡོ་ག་ལྟར་ན་དཀའ་ཐུབ་ཀྱི། ཁོག་པ་མི་ཡུལ་དུ་བཞག་འོག་མིན་ནམ། །རི་རབ་རྩེར་བྱོན་ལོངས་སྐུར་སངས་རྒྱས་ཏེ། །སླར་ཡང་དཀའ་ཐུབ་སྦྱོང་བའི་ལུས་ལ་ཞུགས། །སྤྲུལ་སྐུར་འཚང་རྒྱ་ཚུལ་དུ་སྟོན་པར་གསུངས། །ཐུན་མོང་སྣང་ངོར་ཤིན་དུ་རིད་པའི་སྐུ། །གྲོང་གི་བྱིས་པའི་རྩེད་མོའི་གནས་སུ་གྱུར། །ངལ་དུབ་མཐའ་ཡིས་གྲོལ་བར་མ་གཟིགས་ནས། ཁ་ཟས་རགས་པ་བཟའ་འོ་ཞེས་གསུངས་པས། །ལྔ་སྡེ་མ་དད་ཝ་ར་ཎ་སིར་སོང༌། །འདི་ཡང་བྱང་ཆུབ་སེམས་དཔའ་འཚང་རྒྱ་བ། །མི་ཡི་སྐྱེ་བོས་བསྙེན་པར་མི་ནུས་པས། །ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཐུ་རུ་བཤད། །དེ་ཚེ་གྲོང་པའི་བུ་མོ་དགའ་མོ་དང༌། །དགའ་སྟོབས་མ་ཞེས་བྱ་བས་མཚན་མཁན་གྱིས། །བུ་མོ་གང་གིས་ལོ་ནི་བཅུ་གཉིས་སུ། །ཚངས་པར་སྤྱད་སྟེ་དཀའ་ཐུབ་རྫོགས་པའི་ཚེ། །མ་ཧེ་སྟོང་གི་འོ་མའི་ཉིང་ཁུ་ཡིས། །བྲམ་ཟེ་མཆོད་སྟེ་སྨོན་ལམ་བཏབ་པ་ན། །དོན་ཀུན་གྲུབ་པའི་བཙུན་མོར་འགྱུར་རོ་ཞེས། །བསྟན་ཐོས་ལོ་ནི་བཅུ་གཉིས་ཚངས་པར་སྤྱད། །དཀའ་ཐུབ་གྲུབ་ནས་མ་ཧེ་མོ་སྟོང་བཞོས། །འོ་མ་དེ་དག་རྣམས་ལ་བླུད་ནས་ནི། །སླར་ཡང་བཞོས་ཏེ་ལྔ་བརྒྱ་ལ་ནི་བླུད། །༼ཁ༡༧བ༽དེ་ལྟར་མ་ཧེ་ཉི་ཤུ་རྩ་ལྔའི་བར། །ལན་བདུན་ཉིང་ཁུར་བྱས་པའི་འོ་ཐུག་བསྐོལ། །ཤ་ཁ་ར་དང་སྦྲང་རྩིའི་དྭངས་མ་བཏབ། །སཱ་ལིའི་འབྲས་བླུག་བསྐོལ་བས་བཀྲ་ཤིས་པའི། །རྟགས་ཀྱི་རི་མོ་དུ་མ་ཤར་བ་ནི། །མཚན་མཁན་གྱིས་མཐོང་འདི་ནི་སུས་འཐུངས་པ། །དེ་རིང་བསམ་པ་འགྲུབ་པར་འགྱུར་རོ་ཟེར། །སྦྱིན་ཡུལ་བྲམ་ཟེ་འབོད་པར་བྲན་མོ་བསྐུལ། །བརྒྱ་བྱིན་མཐུ་ཡིས་དགེ་སྦྱོང་བྲམ་ཟེ་གཞན། །གཅིག་ཀྱང་མི་སྣང་བརྒྱ་བྱིན་ཚངས་པ་གཉིས། །བྲམ་ཟེར་སྤྲུལ་པ་མཐོང་ནས་བོས་པ་ན། །ང་བས་རྣམ་པ་དུ་མས་འདི་ལྷག་གིས། །འདི་ལ་ཕུལ་ཞེས་བརྒྱ་བྱིན་གྱི་ཚངས་པ། །དེ་ཡིས་བྱང་ཆུབ་སེམས་དཔའ་བསྟན་པར་གྱུར། །འོ་ཐུག་དེ་ཡིས་གསེར་གྱི་གཞོང་པ་བཀང༌། །ཕུལ་ནས་བྱང་ཆུབ་སེམས་དཔའི་ཞབས་ལ་གཏུགས། །ཤཱཀྱའི་གཞོན་ནུ་གངས་རིའི་འགྲམ་བྱུང་བ། །དོན་གྲུབ་དེ་ཡི་བཙུན་མོར་སྨོན་ལམ་བཏབ། །བྱང་ཆུབ་སེམས་དཔས་དེ་ནི་ཁྱིམ་ནས་བྱུང༌། །འདོད་པ་སྤངས་ཀྱིས་སྨོན་ལམ་གཞན་ཐོབ་གསུངས། །དེ་གཉིས་མཛའ་ཞིང་གཅུགས་པའི་ཡིད་ཀྱི་རྒྱུས། །འོ་ན་དེ་བསམ་འགྲུབ་པར་གྱུར་ཅིག་ཞེས། །བསྔོས་སྟེ་བྱང་ཆུབ་སེམས་དཔས་མཐུན་གྱུར་མཛད། །གཞོང་པ་འདི་ཡང་བཏང་ངམ་ཞེས་གསུངས་པས། །ཁོ་མོ་ཅག་ནི་སྣོད་དང་བཅས་པ་ཡིས། །བྱིན་ཏེ་སྣོད་མ་མཆིས་པར་མ་ཡིན་ཟེར། །འདི་གཉིས་བསྐལ་བཟང་སངས་རྒྱས་ཐམས་ཅད་ལ། །རྫོགས་འཚང་རྒྱ་ཀར་བསོད་སྙོམས་འབུལ་བ་པོར། །སྨོན་ལམ་བཏབ་སྟེ་འགྲུབ་པར་གྱུར་པ་ཡིན། །བྱང་ཆུབ་སེམས་དཔས་ཆུ་བོའི་འགྲམ་དུ་བསྣམས། ཁྲུས་མཛད་སྦྲང་རྩི་ལྟ་བུར་མངར་བ་ཡི། །འོ་ཐུག་བཞེས་པས་སྐུ་ཡི་མཐུ་སྟོབས་རྒྱས། །གསེར་གཞོང་ཆུར་དོར་ཀླུ་རྒྱལ་རྒྱ་མཚོས་ཁྱེར། །བརྒྱ་བྱིན་གྱིས་ནི་མཁའ་ལྡིང་དུ་སྤྲུལ་ཏེ། །ཕྲོགས་ནས་ལྷ་ཡུལ་དུ་ཁྱེར་མཆོད་པ་བྱས། །དེང་སང་ན་ཡང་༼ཁ༡༨ན༽སྣོད་ཀྱི་དུས་སྟོན་ཡོད། །བྲན་མོ་གྲུབ་མ་ཞེས་པའི་རོ་དཀྲིས་པའི། །གསོ་རས་བླངས་ཏེ་བཀྲུས་ཅིང་ཁ་བསྒྱུར་ནས། །ཕྱགས་བདར་ཁྲོད་པའི་སྣམ་སྦྱར་མཛད་པར་གྱུར། །དེ་ཚེ་འཛམ་གླིང་རྩི་ཤིང་ལྡུམ་བུ་ཀུན། །རང་རང་ལོ་འདབ་མེ་ཏོག་འབྲས་བུ་རྒྱས། །ཀུན་ཀྱང་རྩེ་ཀུན་རྡོ་རྗེའི་གདན་དུ་ཕྱོགས། །བུར་ཤིང་ལ་སོགས་རང་རང་བཅུད་རྣམས་འཛག །ས་ཆེན་འདི་ནི་འཁོར་བ་ལས་བྱས་ལྟར། །རེག་ན་འཁྲོལ་ཞིང་སྒྲ་སྙན་འབྱིན་པར་གྱུར། །སྲོག་ཆགས་ཀུན་ཀྱང་བྱང་ཆུབ་སྙིང་པོའི་ཕྱོགས། །རང་བཞིན་གྱིས་འདུད་མགོ་བོ་སྟོན་པར་བྱེད། །བྱང་ཆུབ་ཤིང་མཆོག་རབ་ཏུ་རྒྱས་ཅིང་མཛེས། །བྱ་རྣམས་སྙན་པའི་སྒྲ་འབྱིན་ཉི་འོད་གསལ། །འགྲོ་ཀུན་མི་དགེའི་བསམ་པ་ནུབ་པས་གནས། །བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་སྟོབས། །མཐའ་ཡས་ལྡན་པས་སེང་གེའི་སྟབས་ཀྱིས་ཆས། །ནགས་ཚལ་མེ་ཏོག་བཀྲ་བའི་སྤོ་ཅིག་གཟིགས། །འདི་རུ་འདུག་ནས་འཚང་རྒྱ་ཞེས་དགོངས་ཚེ། །རི་དེ་ཉིལ་ཞིང་ཞིག་པར་གྱུར་པ་ན། །ཅིས་ཉེས་དགོངས་ཚེ་གནས་གཙང་ལྷ་རྣམས་ཀྱིས། །མཚམས་མེད་སྤྱད་དང་སྲིད་པ་ཐ་མ་པའི། །བྱང་སེམས་གཉིས་ནི་ས་གཞི་ཕལ་པ་ཡིས། །བསྟེན་མི་ནུས་ཀྱིས་ཧ་ཅང་མི་རིང་བར། །རྡོ་རྗེའི་གདན་ཡོད་སྟེ་རུ་གཤེགས་ཞེས་བསྟན། །བརྒྱ་བྱིན་གྱིས་སྤྲུལ་རྩྭ་ཚོང་བཀྲ་ཤིས་ལས། །རྨ་བྱའི་མགྲིན་མདོག་རེག་ན་འཇམ་པ་ཡི། །ལྷ་ཡི་རྩྭ་བླངས་བྱང་ཆུབ་ཤིང་དྲུང་བྱོན། །རྩྭ་རྣམས་གཡས་སྐོར་ཉིད་ཏུ་ངང་གིས་འཁྱིལ། །དེ་སྟེང་བཞུགས་ཏེ་བྱང་ཆུབ་མ་ཐོབ་བར། །ནམ་ཡང་འདི་ལས་ལྡང་བར་མི་བྱ་ཞེས། །དམ་བཅས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་བཀྱེ་བས་བདུད་ཀྱི་བདག་པོ་སྦྲན། །བདུད་ཀྱི་དཔུང་ཚོགས་མི་འཁྲུགས་ཕྲག་གཅིག་ནི། །འཇིགས་པའི་གཟུགས་ཅན་ལྷགས་ཏེ་མཚོན་ཆར་ཕབ། །དེ་ཀུན་མེ་ཏོག་ཆར་གྱུར་འཁྱིལ་༼ཁ༡༨བ༽ཞིང་འབབ། །བདུད་ཀྱི་བུ་མོ་རྣམས་ཀྱིས་ཆགས་པ་ཡིས། །བསླུ་བར་བརྩམས་པ་རྒན་མོར་བྱིན་བརླབས་ཏེ། །སླར་ཡང་རྒྱལ་སྲས་ཉིད་ལ་སྐྱབས་སུ་སོང༌། །ཁྱོད་ཀྱིས་བསགས་པའི་ཚོགས་གཉིས་དེ་ཙམ་གྱིས། །འཚང་རྒྱ་རིགས་པ་མིན་ཞེས་བདུད་ཀྱིས་རྒོལ། །བྱང་ཆུབ་སེམས་དཔས་སྡིག་པ་ཅན་ཁྱོད་ཀྱིས། །གཏན་མེད་མཆོད་སྦྱིན་གཅིག་ཅིག་བྱས་པ་ཡིས། །འདོད་པའི་ཁམས་ཀྱི་དབང་ཕྱུག་དུ་གྱུར་ན། །ང་ཡིས་གཏན་མེད་མཆོད་སྦྱིན་དཔག་ཡས་བྱས། །གསུངས་ཚེ་བདུད་ཀྱིས་དཔང་པོ་སུ་ཡོད་ཟེར། །ཕྱག་གཡས་བརྐྱངས་པ་ས་གཞི་ལ་བསྣུན་ཏེ། །ཀུན་ལ་སྙོམས་ཅིང་ཉེ་ཁོན་མེད་པ་ཡི། །ས་འདི་ང་ཡི་དཔག་ཞེས་གསུངས་པའི་མོད། །ས་ཆེན་རྣམ་པ་དྲུག་དུ་གཡོས་པ་ལས། །ས་ཡི་ལྷ་མོ་བརྟན་མས་ལུས་ཕྱེད་ཐོན། །ཇི་སྐད་བཀའ་བསྩལ་དེ་བཞིན་ཁོ་ན་སྟེ། །འདི་ནི་བདག་ལ་མངོན་སུམ་ཉིད་ཡིན་ནོ། །དེ་ལྟ་མོད་ཀྱིས་ལྷར་བཅས་འཇིག་རྟེན་གྱི། །དཔང་པོ་ཚང་མ་ཁྱོད་ཉིད་ཡིན་ནོ་ཞེས། བརྗོད་པ་ཐོས་པས་བདུད་ཚོགས་སྐྲག་ཅིང་བྱེར། །མང་ཞིག་སྟོན་པ་ཉིད་ལ་སྐྱབས་སུ་སོང༌། །དེ་ལྟར་བྱམས་པ་ཆེན་པོ་གཅིག་ཁོ་ནས། །གཡོ་བ་མེད་བཞིན་བདུད་སྡེ་ཀུན་བཏུལ་ཏེ། །བདེན་པ་བཞི་དང་ལུགས་འབྱུང་ལུགས་ཟློག་གི །རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་མཁྱེན་པས། །སྤྱན་དང་མངོན་པར་ཤེས་པ་མངོན་དུ་མཛད། །སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། །སྐྱ་རེངས་ཤར་ཚེ་མངོན་པར་རྫོགས་སངས་རྒྱས། །དེ་ཚེ་མཁའ་ལ་ཟླ་བ་གཟའ་ཡིས་ཟིན། །གྲགས་འཛིན་མ་ལ་དགྲ་གཅན་ཟིན་སྲས་བཙས། །རྒྱལ་པོས་གཞོན་ནུའི་སྲས་མིན་ཞེས་དོགས་ཚེ། །ཡུམ་གྱིས་གཞོན་ནུའི་པང་ཚང་རྡོ་བ་དང༌། །་ལྷན་ཅིག་དམོད་བོར་རྒྱན་གྱི་རྫིང་བུར་འཕངས། །ལྷན་ཅིག་བལ་འདབ་བཞིན་དུ་ཆུ་སྟེང་འཕྱོ། །སྐྱེ་བོ་ཡིད་འཆེས་བཙས་སྟོན་རྒྱ་ཆེར་བྱས། །དེ་ཚེ་བདུད་རྩི་ཟས་ཀྱི་བུ་བཙས་པས། །༼ཁ༡༩ན༽ཀུན་དགའ་བོ་ཞེས་དུས་ལས་མིང་དུ་བཏགས། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། །སྐྱིལ་ཀྲུང་ཉིད་ཀྱིས་ཏཱ་ལ་བདུན་སྲིད་ཀྱི། །ཚད་ཏུ་ལན་བདུན་འཕགས་ཏེ་ཆེད་ཏུ་བརྗོད། །ལྷ་རྣམས་ཀུན་གྱིས་རྒྱ་ཆེར་མཆོད་པར་གྱུར། །སངས་རྒྱས་མ་བྱུང་དུས་སུ་དམུས་ལོང་ཞིང༌། །སངས་རྒྱས་བྱུང་དུས་མིག་རབ་རྙེད་པ་ཡི། །ཀླུ་ཡི་རྒྱལ་པོ་ནག་པོས་ཀུན་ནས་བསྟོད། །བདུན་ཕྲག་ཞག་དུ་སྐྱིལ་ཀྲུང་མ་གཤིག་བཞུགས། །གཉིས་པར་བྱང་ཆུབ་ཤིང་ལ་མི་འཛུམས་གཟིགས། །གསུམ་པར་སྟོང་གསུམ་རྒྱང་རིང་བར་དུ་འཆག །བཞི་པར་ཤར་ནུབ་རྒྱ་མཚོའི་བར་དུ་འཆག །ལྔ་པར་བཏང་བཟུང་ཀླུ་ཡི་གནས་ན་བཞུགས། །དྲུག་པར་ནྱ་གྲོ་དྷ་ཡི་ཤིང་དྲུང་བཞུགས། །བདུན་པར་སྒྲོལ་རྒྱུའི་ཤིང་གི་ཚལ་ན་བཞུགས། །དེ་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་ལ། །ཐོག་མའི་བསོད་སྙོམས་འབུལ་པོའི་སྨོན་ལམ་ཅན། །ཚོང་པ་ག་གོན་དང་ནི་བཟང་པོ་ཡིས། །ཟོང་མང་ཁལ་དེད་ལྷོ་ནས་བྱང་བགྲོད་ཚེ། །ལེགས་སྐྱེས་དང་ནི་གྲགས་པ་ཅེས་བྱ་བ། །གླང་བུའི་དམ་པ་ཅང་ཤེས་གཉིས་ཀྱིས་ནི། །མགྲོན་པོ་རྣམས་ཀྱི་ལམ་གྱི་སྣ་འདྲེན་ཞིང༌། །ལམ་དུ་འཇིགས་པ་ཡོད་ན་མི་འགྲོ་བས། །དེ་ཚེ་གླང་བུ་ཅང་ཤེས་དེ་གཉིས་ཀྱིས། །ལམ་དུ་མ་ཕྱིན་དེད་ཀྱང་ལམ་གཞན་ཞུགས། །ནགས་ཀུན་མྱུལ་བས་འཇིགས་པ་མ་མཐོང་སྟེ། །གླང་བུའི་ཕྱིར་ཕྱིན་བྱང་ཆུབ་ཤིང་དྲུང་ན། །རྒྱལ་བ་བཞུགས་མཐོང་གླང་བུ་སྐོར་བ་བྱེད། །ལྷས་ཀྱང་སྦྲན་པས་ཚོང་པ་དད་གྱུར་ཏེ། །སྐྱོ་མ་ལྡེ་གུ་སྦྲང་རྩི་བུར་ཤིང་སོགས། །བསོད་སྙོམས་ཕུལ་ཚེ་རྒྱལ་བས་དགོངས་པ་མཛད། །ལག་གིས་བླངས་ན་མུ་སྟེགས་ཅན་བཞིན་འགྱུར། །སྔོན་གྱི་རྒྱལ་བའི་བཞེས་སྣོད་གང་ཡིན་དགོངས། །ལྷུང་བཟེད་ཏུ་མཁྱེན་གནས་གཙང་ལྷས་ཀྱང་གསོལ། །འཇིག་རྟེན་སྐྱོང་བ་བཞི་ཡིས་རིན་ཆེན་ཚོགས། །༼ཁ༡༩བ༽དུ་མའི་ལྷུང་བཟེད་ཕུལ་བ་མ་བཞེས་ནས། །རྡོ་ཡི་ལྷུང་བཟེད་རེ་རེ་ཕུལ་བ་བཞེས། །གཅིག་དུ་བྱིན་རླབས་བསོད་སྙོམས་བཞེས་ནས་ནི། །ཚོང་པ་རྣམས་ལ་བདེ་ལེགས་ཚིགས་བཅད་གསུངས། །ལྷུམས་སུ་ཞུགས་ནས་མཛད་པ་འདི་ཡི་བར། །ཕལ་ཆེར་ཐུན་མོང་སྐྱེ་བོའི་མཐོང་བ་ཡི། །དབང་བྱས་ལུང་དང་མངོན་བྱུང་རྒྱ་རོལ་ལྟར། །ཉུང་ངུར་བསྡུས་ནས་ཅུང་ཟད་བརྗོད་པ་ཡིན། །འཕགས་ཆེན་རྣམས་ཀྱི་གཟིགས་པའི་དབང་བྱས་ཚེ། །བྱང་ཆུབ་ཤིང་གི་རྒྱན་དང་བཀོད་པ་ཚད། །སེང་གེའི་ཁྲི་ཆེན་བསམ་ཡས་ལྡན་པ་སྟེ། །བྱིས་པའི་འགྲོ་བས་བསྐལ་པར་བགྲང་མི་ནུས། །དེར་བཞུགས་སྐལ་མཉམ་སེམས་དཔའི་འཁོར་མཐའ་ཡས། །དབུས་སུ་སངས་རྒྱས་རྡོ་རྗེའི་གདན་སྤོ་ལས། །གཡོ་བ་མེད་བཞིན་རི་རབ་རྩེ་མོ་དང༌། །འཐབ་བྲལ་དགའ་ལྡན་ལ་སོགས་འོག་མིན་བར། །སོ་སོའི་གནས་སུ་སྐུ་ཡི་བཀོད་པ་སྣང་ཕྱོགས་བཅུའི་ཞིང་ནས་བྱང་སེམས་ཚོགས་འདུས་ཏེ། །ཕལ་པོ་ཆེ་ཡི་མདོ་སྡེ་གསུངས་པ་ཉིད། །དེ་བཞིན་རྡོ་རྗེ་ཐེག་པའི་རྒྱུད་འགའ་ལས། །གསང་སྔགས་མཐུ་ཡིས་བདུད་བཏུལ་སངས་རྒྱས་ཚུལ། །དུ་མར་བཤད་རྣམས་མ་ལུས་བརྗོད་མི་ལང༌། །ཐམས་ཅད་གདུལ་བྱའི་སྣང་ཆ་ཐ་དད་སྟེ། །གཅིག་རྗེས་གཅིག་མཐུད་བྱུང་བར་མ་འཁྲུལ་ཞིག །དེ་ནས་དམ་ཆོས་དཀོན་པར་སྟོན་པ་དང༌། །སྐྱེ་རྒུ་ཚངས་ལ་དད་རྣམས་གདུལ་བའི་ཕྱིར། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུ་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མོ་ནུས་པས། །མི་སྨྲ་ནགས་འདབ་གནས་བྱ་ཞེས་དགོངས་ཚེ། །འཇིག་རྟེན་དུ་ནི་མི་རུང་སྣ་ཚོགས་བྱུང༌། །ལྷ་ཡིས་ཤེས་ནས་ཀུན་གྱིས་གསོལ་བ་བཏབ། །ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ། །ཕུལ་ཏེ་མ་ག་ངྷ་འདིར་མ་དག་ཆོས། །དྲི་མར་བཅས་པར་སེམས་པའི་སྨྲ་བ་བྱུང༌། །དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། །༼ཁ༢༠ན༽དེ་སྐད་བསྐལ་བཟང་རྒྱལ་བ་ཐམས་ཅད་ཀྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བ་པོ། །ཚངས་པས་གསོལ་བའི་མོད་ལ་ཞལ་གྱིས་བཞེས། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་ལྟོས། །སྐྱེ་བོ་འདི་ཀུན་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བཏབ་འཁོར་ལོ་བསྐོར་རོ་གསུངས། །སྔོན་གྱི་སློབ་དཔོན་རིང་འཕུར་ལྷག་སྦྱོང་གཉིས། །དྲང་བར་དགོངས་ཚེ་འདས་མ་ཐག་པར་མཁྱེན། །ཐོག་མའི་གདུལ་བྱ་ལྔ་སྡེ་ཡིན་མཁྱེན་ནས། །ཝ་ར་ཎཱ་སིར་གཤེགས་པར་གྱུར་པའི་ཚེ། །གངྒཱའི་མཉན་པས་གྲུ་བཙས་བླངས་པ་ན། །གྲུ་བཙས་མེད་གསུང་མཁའ་ལ་བྱ་བཞིན་གཤེགས། །རྒྱལ་པོས་དེ་ཐོས་རབ་བྱུང་གྲུ་བཙས་བཀག །ཁོར་མོ་འཇིག་ཅེས་ཝ་ར་ཎཱ་སིའི་ཡུལ། །དྲང་སྲོང་ལྷུང་བ་རི་དགས་ནགས་ཚལ་དུ། །ལྔ་སྡེས་མ་གུས་པ་ཡི་ཁྲིམས་བཅས་ཀྱང༌། །ཐུབ་དབང་གཟི་བརྗིད་མ་བཟོད་དང་གིས་བྲལ། །གདུང་དང་རིགས་ནས་བོད་པར་མ་བྱེད་ཅིག །ད་ནི་མངོན་པར་རྫོགས་སངས་རྒྱས་སོ་གསུངས། །རིན་ཆེན་ཁྲི་སྟོང་ས་ལས་རང་བྱུང་བའི། །དང་པོ་གསུམ་ལ་ཕྱག་དང་སྐོར་བ་མཛད། །བཞི་པར་བསྙེངས་པ་མེད་པར་བཞུགས་ནས་ནི། །བདེན་བཞིའི་ངོ་བོ་བྱ་བ་འབྲས་བུ་སྟེ། །བཟླས་པ་གསུམ་གྱིས་རྣམ་པ་བཅུ་གཉིས་ཀྱི། །ཆོས་འཁོར་ལོ་གྲངས་མི་ཉུང་བ་རུ་བསྐོར། །དང་པོས་ཀཽཎྜི་ནྱས་ནི་མཐོང་ལམ་ཐོབ། །སྟོན་པས་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས། །ལན་གསུམ་རྨེད་པས་ཀུན་ཤེས་མཚན་དུ་གྱུར། །གཉིས་པར་ཀཽཎྜི་ནྱས་དགྲ་བཅོམ་སྟེ། །སྣམ་སྦྱར་རྒྱལ་མཚན་འཛིན་པའི་མཆོག་དུ་བསྟན། །རྟ་ཐུལ་རླངས་པ་བཟང་ལྡན་མིང་ཆེན་བཞེས། །མཐོང་བའི་ལམ་དང་གསུམ་པར་དགྲ་བཅོམ་གྱུར། །འདི་ལྔ་ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་རྫོགས། །འདོད་གཟུགས་ལྷ་ནི་བརྒྱད་ཁྲིས་ཆོས་མིག་ཐོབ། །ལྷ་ཀུན་ལྷུང་ལྷུང་ལྡེགས་ལྡེགས་༼ཁ༢༠བ༽སྒྲ་འབྱིན་ཏེ། །སྔོན་ཚེ་ལྷ་མི་སུས་ཀྱང་མ་བསྐོར་བའི། །ཆོས་འཁོར་བསྐོར་བ་མཐོང་ཞེས་ཆེད་ཏུ་བརྗོད། །ཐེག་དམན་ལུགས་ལ་ཆོས་འཁོར་གཞན་མི་འདོད། །ཐེག་ཆེན་ལུགས་ཀྱི་ཆོས་འཁོར་དང་པོ་ཡིན། །གྲགས་པ་ཁྱིམ་ན་གནས་བཞིན་དགྲ་བཅོམ་བཀོད། །མི་སློབ་ཁྱིམ་གནས་སྲིད་པ་མིན་ཞེས་གསུངས། །དེ་སོགས་ཉེ་བའི་ལྔ་སྡེ་རབ་ཏུ་བྱུང༌། །རིགས་གཙོའི་བུ་ནི་ལྔ་བཅུ་དགྲ་བཅོམ་བཀོད། །དྲུག་བཅུའི་ཚོགས་ལྡན་བཟང་སྡེས་བདེན་པ་མཐོང༌། །ཆོ་འཕྲུལ་ལྔ་བརྒྱས་སྟེང་རྒྱས་འོད་སྲུང་བཏུལ། །རལ་པ་ཅན་སྟོང་ཟག་པ་ཟད་པར་བཀོད། །གང་ཞིག་མཐོང་བས་གླང་ཆེན་སྨྱོན་པ་ཡང༌། །དུལ་བྱེད་རྟ་ཐུལ་གྱི་ནི་སྤྱོད་ལམ་གྱིས། །འཛམ་གླིང་སྨྲ་བའི་མཆོག་གྱུར་ཉེ་རྒྱལ་དང༌། །འདུན་འདོན་བྲམ་ཟེའི་དམ་པ་པང་ནས་སྐྱེས། །འཁོར་བཅས་བཏུལ་ཏེ་ཤེས་རབ་རྫུ་འཕྲུལ་དུ། །ལྡན་པའི་དམ་པ་མཆོག་གི་ཟུང་དུ་བསྟན། །དེ་དག་ལ་སོགས་སྲིད་པ་ཐ་མ་པ། །ཕལ་ཆེར་དགེ་སློང་ཚུར་ཤོག་ཚངས་སྤྱོད་བྱོས། །ཅེས་གསུངས་མོད་ལ་ཆོས་གོས་སྣམ་སྦྱར་བསྒོས། །སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ཙམ། །རིལ་བ་ཐོགས་གྱུར་བསྙེན་པར་རྫོགས་ནས་ཀྱང༌། །ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟར་གནས་པ། །དགེ་སློང་དངོས་པོ་ལྡན་པར་གྱུར་པའི་ཕྱིར། །ཚུར་ཤོག་གིས་ནི་བསྙེན་པར་རྫོགས་པ་ཡིན། །སེར་སྐྱ་བཟང་མོ་ལྷ་ཡི་ལུས་ཐོབ་དང༌། །ཛམྦུའི་གསེར་ནས་མ་གའི་ཁལ་བརྒྱ་པའི། །བང་བ་བརྒྱད་བཅུ་ལ་སོགས་སྤངས་ནས་ནི། །རབ་བྱུང་ངང་གིས་འདོད་ཆགས་བྲལ་གྱུར་པ། །བྲམ་ཟེའི་ཁྱེ་འུ་ནྱ་གྲོ་དྷ་སྐྱེས་ཀྱིས། །མཐོང་བའི་མོད་ལ་ཁྱོད་ནི་སྟོན་པ་སྟེ། །ཁོ་བོ་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས། །ལན་གསུམ་གསོལ་བས་བསྙེན་པར་རྫོགས་གྱུར་པ། །འོད་སྲུང་ཆེན་པོ་སྟོབས་བཅུ་པ་ཅེས་གྲགས། །འོད་སྲུང་ཆེན་པོ་དང་འོད་སྲུང་སྟོབས་བཅུ་པ་གཉིས་སུ་མདོ་ཁ་ཅིག་ལས་འབྱུང་ལ་མཛད་པ་འཁྲུལ་མེད་ཏུ་འོད་སྲུང་སྟོབས་བཅུ་པ་ནི་མ་ག་དྷ་པ་ཡིན་པར་སེམས་ཞེས་བྲིས་མོད་ཀྱང་འོད་སྲུང་ཆེན་པོ་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པ་འདྲ་སྙམ་དུ་རང་ལ་ཡང་ཡང་ཤར་བས་འདི་ལྟར་བྲིས་པ་ཡིན་ནོ། །གཞོན་ནུའི་དཔེ་ཡི་མདོ་སྡེས་གསལ་རྒྱལ་བཏུལ། །རྒྱལ་པོ་གཟུགས་༼ཁ༢༡ན༽ཅན་སྙིང་པོ་དད་པར་མཛད། །མགོན་མེད་ཟས་བྱིན་དད་དང་བདེན་པ་ལ། །བཞག་སྟེ་རྒྱལ་བྱེད་ཚལ་གྱི་ཀུན་ར་བཞེས། །རྫོགས་སངས་རྒྱས་ནས་ལོ་བདུན་ལོན་པའི་ཚེ། །ཡབ་ཀྱི་ཕོ་ཉ་མདུན་ན་འདོན་འཆར་ཀ། དེ་ལྟའི་ཆོ་གས་བསྙེན་པར་རྫོགས་སུ་བཅུག །རྫུ་འཕྲུལ་བཀོད་པས་སེར་སྐྱའི་གྲོང་དུ་གཤེགས། །ཡབ་ཀྱིས་བསྟོད་ཕྱག་གསུམ་པ་མཛད་པར་གྱུར། །ཆོས་གསུང་ཚེ་ན་ཁྱེ་འུ་ཀུན་དགའ་བོ། །རྔ་ཡབ་ཐོགས་ཏེ་སྟོན་པའི་སྐུ་ལ་གཡོབ། །དེ་ལས་གཞན་དུ་འགྲོ་བར་མ་འདོད་ནས། །ཞམ་རིང་བགྱིས་ཏེ་ཐོས་པ་འཛིན་པར་གྱུར། །ཉིད་གཅུང་འདོད་ཆགས་དྲག་པོ་རབ་ཟློག་ནས། །དགྲ་བཅོམ་དབང་པོ་བསྡམས་པའི་མཆོག་དུ་བསྟན། །རྒྱལ་པོ་ཟས་གཙང་དྲེགས་དང་ཞུམ་པ་ཡིས། །བདེན་པ་མ་རྟོགས་མཁྱེན་ནས་མཽངྒལ་བུས། །རྫུ་འཕྲུལ་བསྟན་པས་བདག་གི་བུ་འབའ་ཞིག །རྫུ་འཕྲུལ་ལྡན་སྙམ་དྲེགས་པ་དེ་དང་བྲལ། །ལྷ་ཡི་གཞལ་མེད་ཁང་པར་རྒྱལ་ཆེན་བཞིས། །སྒོ་བསྲུངས་ཚངས་དང་བརྒྱ་བྱིན་ལ་སོགས་ལ། །དམ་ཆོས་སྟོན་པ་མཐོང་བས་ལྷ་རྣམས་ཆོས། །མི་ཉན་སྙམ་པའི་ཞུམ་པ་དང་བྲལ་ཏེ། །རྒྱུན་དུ་ཞུགས་པའི་འབྲས་བུའི་གནས་ལ་བཀོད། །ང་ཡི་བསྟན་ལ་རིགས་རུས་མི་གཙོ་ཞེས། །འབྲེག་མཁན་ཉེ་འཁོར་ཚུར་ཤོག་གིས་བསྙེན་རྫོགས། །ཤཱཀྱའི་རྒྱལ་པོ་བཟང་ལྡན་ལྷས་བྱིན་སོགས། །རིགས་གཟུགས་མཆོག་ཐོབ་ལྔ་བརྒྱ་རབ་བྱུང་སྟེ། །དེ་ལས་ཕལ་གྱིས་སྟོན་པ་མཉེས་པར་བྱས། །གྲགས་འཛིན་མངལ་ཁུང་ལོ་དྲུག་འཛིན་པ་དང༌། །དགྲ་གཅན་ཟིན་ནི་དེ་སྲིད་མངལ་གནས་པའི། །རྒྱུ་ནི་འདི་ཞེས་སྔོན་གྱི་ལས་འབྲས་གསུངས། །གྲགས་འཛིན་མ་ཡིས་སྟོན་པ་དབང་བྱེད་ཕྱིར། །སྔགས་ཀྱིས་བཏབ་པའི་ལ་དུ་སྲས་ལ་བསྐུར། །སྟོན་པར་ཕུལ་བས་སླར་གནང་ཟོ་ཞིག་གསུངས། །ཡབ་ཀྱི་ཕྱིར་འབྲངས་རབ་ཏུ་འབྱིན་པའི་ཕྱིར། །ཤཱ་རིའི་བུར་གཏད་སྟེ་ཡི་༼ཁ༢༡བ༽དགེ་ཚུལ་གྱུར། །སྔོན་གྱི་དྲང་སྲོང་མས་བྱིན་དགྲ་བཅོམ་བཀོད། །རུས་ལས་ཀ་ཏྱ་ཡཱ་ན་ཞེས་པར་གྲགས། །མཐའ་ཁོབ་འདུལ་བར་བྱེད་པའི་མཆོག་དུ་བསྟན། །དེ་ཡིས་གཏུམ་པོ་རབ་སྣང་འཁོར་བཅས་བཏུལ། །ལྷོ་ཕྱོགས་གསེར་སའི་རྒྱལ་པོ་ཀབ་ཕི་ན། །དམག་ཚོགས་ཁྲི་རེར་ལྡན་པའི་བློན་པོ་ནི། །བརྒྱད་ཁྲི་བཞི་སྟོང་ལྡན་པ་བཏུལ་བྱས་ནས། །རབ་བྱུང་དགེ་སློང་བསོད་སྙོམས་སྤྱོད་པར་གྱུར། །སྒྲ་སྒྲོགས་རྒྱལ་པོ་ཨུ་ཏ་ཡ་ན་ནི། །བྲིས་སྐུས་བཏུལ་ཏེ་ཐུབ་པའི་འཁོར་དུ་གྱུར། །སྡིག་གྲོགས་ཀྱིས་ཟིན་རྒྱལ་པོ་གཙུག་ཕུད་ཅན། །འཁོར་དང་བཅས་ལ་མཐོང་ཆོས་ལས་འབྲས་བསྟན། །བུ་རམ་ཤིང་འཕེལ་སློ་མའི་གྲོང་ལ་སོགས། །དཔག་ཚད་བརྒྱ་ཕྲག་ཕ་རོལ་སྤྱན་དྲངས་ཚེ། །དགྲ་བཅོམ་ལྔ་བརྒྱའི་འཁོར་བཅས་ཐ་དད་པའི། །རྫུ་འཕྲུལ་ལྡན་པས་གཤེགས་ཏེ་དུལ་བར་མཛད། །རྫོགས་བྱེད་གནག་ལྷས་སྐྱེས་དང་རྒྱལ་བ་ཅན། །གཉེན་གྱི་བུ་དང་ནོག་ཅན་སྐྲའི་ལ་ཅན། །དེ་ལྟར་མུ་སྟེགས་རྟོག་གེ་པ་དྲུག་གིས། །ཆོ་འཕྲུལ་འགྲན་ཕྱིར་ཡང་ཡང་བསྐུལ་བ་ཡིས། །ཆོ་འཕྲུལ་ཆེན་པོ་བསྟན་པས་ཐམས་ཅད་བཏུལ། །འདི་ཡང་ཉན་ཐོས་ལྟར་ན་ཆོ་འཕྲུལ་གྱི། །ཞིང་སྦྱངས་ནས་ནི་ཆོ་འཕྲུལ་ཉིན་གཅིག་ཡིན། །དེ་ལའང་ཐུན་མོང་ཐུན་མོང་མིན་པ་གཉིས། །འདི་ནི་འདུལ་བའི་ལུང་ལས་བཤད་པ་ལྟོས། །ཐེག་ཆེན་ལྟར་ན་གཅིག་ནས་བཅོ་ལྔའི་བར། །སྦྱིན་བདག་ཆོ་འཕྲུལ་ཐ་དད་རེ་བསྟེན་ཏེ། །བརྒྱད་ཡན་འགྲན་ཟླར་བཅས་པའི་ཆོ་འཕྲུལ་ཏེ། །དེ་ཕྱིན་འགྲན་ཟླ་མེད་པའི་ཆོ་འཕྲུལ་ཡིན། །འདི་ནི་མདོ་སྡེ་མཛངས་བླུན་ནང་ན་གསལ། །མི་དགེའི་བཤེས་གཉེན་ལྷས་བྱིན་གྱིས་བསྐུལ་བའི། །མ་སྐྱེས་དགྲ་ཡིས་གླང་ཆེན་ནོར་སྐྱོང་ནི། །རྦད་པ་བཏུལ་ཏེ་ལྷ་དང་བདེན་པར་བཀོད། །མ་སྐྱེས་མངལ་གནས་ཁྱེ་འུ་ཉིད་འགྱུར་ཞིང༌། །ལྷ་མིའི་དཔལ་ཐོབ་པ་ཡི་བསྟན་ལ་ཞུགས། །དགྲ་བཅོམ་འགྱུར་༼ཁ༢༢ན༽ཞེས་ལུང་བསྟན་དགག་པའི་ཕྱིར། །བླུན་པོ་དུ་མས་འབད་ཀྱང་དགག་མ་ནུས། །ཇི་སྐད་ལུང་བསྟན་གཡོ་བ་མེད་པར་གྱུར། །དཔལ་སྦས་ཀྱིས་ནི་སྒོ་དྲུང་མེ་དོང་བཤམས། །དུག་ཅན་ཟས་སྦྱར་མགྲོན་དུ་སྤྱན་དྲངས་ཚེ། །ཞབས་བཞག་ཙམ་གྱིས་མེ་དོང་པདྨའི་མཚོ། །བུང་བའི་ཁྱུ་མང་སྒྲ་འབྱིན་ལྡན་པར་གྱུར། །པདྨར་ཞབས་བཀོད་ནང་དུ་སྟན་ལ་བཞུགས། །དཀོན་མཆོག་གསུམ་ལ་དུག་གསུམ་མི་མངའ་བའི། །བདེན་པའི་ཚིག་གིས་ཟས་ཀུན་དུག་མེད་གྱུར། །དད་པར་མཛད་སྟེ་བདེན་པ་མཐོང་ལ་བཀོད། །སྐྱེ་རྒུའི་བདག་མོ་རབ་ཏུ་འབྱིན་པ་རུ། །ཀུན་དགའ་བོ་ཡིས་ཞུས་ཚེས་བསྟན་པ་ལ། །བུད་མེད་འཇུག་པར་ཞུ་བ་མ་བྱེད་ཅིག །བསྟན་པ་ལོ་གྲངས་ལྔ་བརྒྱས་སྔར་ནུབ་འགྱུར། །ཞེས་གསུངས་ལན་གསུམ་གསོལ་བའི་ཐ་མར་གནང༌། །ལྕི་བའི་ཆོས་བརྒྱད་ཁས་བླངས་ཀྱིས་བསྙེན་རྫོགས། །དེ་སོགས་བུད་མེད་དགྲ་བཅོམ་མང་དུ་བྱུང༌། །སེར་སྐྱའི་གྲོང་དུ་ཡབ་ཀྱི་མཆོད་རྟེན་མཛད། །སྔོན་ནས་ཕ་མར་གུས་ཞེས་སྔོན་བྱུང་གསུངས། །སངས་རྒྱས་སྟོང་གི་ངེས་པའི་འཕྲིན་ལས་ནི། །ལས་ཀྱི་རྒྱུ་བ་ལུང་སྟོན་མཛད་པའི་ཕྱིར། །ཏི་སིའི་གངས་འགྲམ་མ་དྲོས་མཚོར་བྱོན་ཏེ། །རིན་ཆེན་སྣ་ཚོགས་པདྨ་ལ་བཞུགས་ནས། །སྔོན་ཚེ་མི་ནག་མདུང་ཐུང་ཅན་བསད་པས། །ཞབས་ལ་སེང་ལྡེང་ཚལ་པ་ཟུག་པ་དང༌། །ཁྱེ་འུ་བླ་མས་སངས་རྒྱས་འོད་སྲུང་ཚེ། །མགོ་རེག་ལ་ནི་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་ཐོབ་པར་དཀའ་འོ་ཞེས་སྨྲས་པས། །ལོ་གྲངས་དྲུག་དུ་དཀའ་བ་སྤྱད་པ་དང༌། །དེ་བཞིན་ཨུཏྤལ་བཀྲུ་སྨན་མནམས་པ་དང༌། །ཀུན་དུ་རྒྱུ་མོ་ཙན་ཙས་སྐུར་བ་དང༌། །མུ་སྟེགས་མཛེས་མ་རྒྱལ་བྱེད་ཚལ་བསད་དང༌། །མུ་གེའི་གྲོང་དུ་བསོད་སྙོམས་སྤྱད་པ་ལས། །མ་རྙེད་ལྷུང་བཟེད་སྟོང་པར་བྱོན་པ་དང༌། །སྐུ་སྟོད་བསྙུང་བ་བསལ་ཕྱིར་གཟིམས་པ་དང༌། །བྲམ་ཟེ་བ་ར་དྷྭ་༼ཁ༢༢བ༽ཛས་མི་སྙན་ཚིག །ལྔ་བརྒྱ་བརྗོད་པས་སྤྱོས་ཅིང་དམད་པ་དང༌། །དགྲ་མཐའི་གྲོང་དུ་དབྱར་གནས་མཛད་པ་ན། །རྟ་ཆས་ནས་རུལ་གསོལ་བར་བསྟན་པ་དང༌། །སེར་སྐྱ་བཅོམ་ཚེ་དབུ་བསྙུན་གྱུར་པ་སྟེ། །ལས་ཀྱི་རྣམ་པ་བཅུ་པོ་ལུང་བསྟན་མཛད། །གཞན་ཡང་དགེ་འདུན་དབེན་གྱིས་བྱེ་བ་དང༌། །ལྷས་བྱིན་གྱིས་འཕངས་རྡོ་བས་རྨ་དོད་སོགས། །ལས་ཀྱི་རྒྱུ་ནི་འདི་ཞེས་གསལ་བར་བསྟན། །འཁོར་ཀུན་གྱིས་ཀྱང་རང་རང་ལས་ཀུན་བཤད། །མཆོག་ཟུང་དེ་ཚེ་ངོ་མཚར་རྫུ་འཕྲུལ་རྩེ། །ལྷས་བྱིན་ལུས་འདིས་མནར་མེད་དམྱལ་བར་ལྷུང༌། །ཐ་མར་རང་སངས་རྒྱས་སུ་ལུང་བསྟན་མཛད། །མ་སྐྱེས་དགྲ་ནི་རྩ་བ་མེད་པ་ཡི། །དད་པ་ལ་བཀོད་སྦྱིན་བདག་མཆོག་དུ་གྱུར། །དེ་བཞིན་གདུལ་བྱའི་ཐ་མ་འདུལ་གྱི་བར། །ངོ་མཚར་མཛད་པས་འགྲོ་མང་བཏུལ་བ་སྟེ། །ལུང་དང་ལས་བརྒྱ་རྟོགས་བརྗོད་བརྒྱ་པ་དང༌། མངོན་པར་བྱུང་བའི་མདོ་སྡེ་རྣམས་ལས་གསལ། །འདི་རྣམས་ཐུན་མོང་གདུལ་བྱའི་སྣང་བ་ཡིན། །ཐུན་མོང་མིན་པ་ཐེག་ཆེན་གདུལ་བྱའི་ངོར། །བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར། །ཕྱོགས་བཅུའི་རྒྱལ་སྲས་མཐའ་ཡས་འདུས་པ་ལ། །རྣམ་པར་ཐར་པའི་སྒོ་གསུམ་ཇི་བཞིན་སྒྲས། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། །ཟབ་པ་ཤེར་ཕྱིན་མདོ་སྡེ་མཐའ་ཡས་གསུངས། །དཔག་མེད་བྱང་ཆུབ་མཆོག་དུ་ལུང་བསྟན་མཛད། །ལྷ་ཡི་གནས་དང་ཀླུ་དང་མི་ཅིའི་གནས། །རྩྭ་ཅན་གྲོང་སོགས་མཐའ་ཡས་གནས་རྣམས་སུ། །བྱང་ཆུབ་སེམས་དཔའི་འདུས་པ་དཔག་ཡས་ལ། །ལ་ལར་དྲང་ངེས་རྣམ་པར་ཕྱེ་བ་དང༌། །ལ་ལར་དགོངས་དང་ལྡེམ་དགོངས་སྒྲ་གཞན་དང༌། །ལ་ལར་ཇི་བཞིན་སྒྲ་སོགས་རྣམ་མང་གིས། །ཆོས་ཀྱི་དབྱིངས་ཉིད་ཁོ་ན་ལས་བརྩམས་ཏེ། །རྒྱ་ཆེན་ཐབས་ཀྱི་ཕ་རོལ་ཕྱིན་པ་ཡི། །ཆོས་འཁོར་མཐའ་ཡས་བགྲང་ལས་འདས་༼ཁ༢༣ན༽པར་གསུངས། །དེ་ཚེ་ལས་ལམ་རྣམ་པ་བཅུ་སོགས་ཀྱང༌། །དེས་འདུལ་འགྲོ་ལ་ཐབས་ཀྱི་མཛད་པ་སྟེ། །རྫོགས་སངས་རྒྱས་ལ་མི་དགེའི་ལས་མེད་ཅེས། །གསང་ཆེན་ཐབས་ལ་མཁས་པའི་མདོ་རུ་གསུངས། །ལྷས་བྱིན་འཁོར་དང་བཅས་དང་དྲུག་སྡེ་དང༌། །བདུད་དང་མུ་སྟེགས་ཇི་སྙེད་སྣང་བ་ཡང༌། །སྟོན་པ་ཉིད་ཀྱི་ཐབས་ཀྱི་མཛད་པ་ཡིས། །རྒྱལ་བའི་ཆེ་བ་དབྱུང་བར་བྱེད་པ་སྟེ། །རྒྱལ་ལ་ཐོ་འཚམ་ནུས་པ་མི་སྲིད་ཅེས། །ཟབ་རྒྱས་མདོ་སྡེ་དུ་མ་དག་ལས་བཤད། །མ་སྐྱེས་དགྲ་ཡི་འགྱོད་བསལ་མདོ་སྡེ་ནི། །སྟོན་པ་མྱ་ངན་འདས་ཚེ་འཇམ་དཔལ་མཐུས། །རྒྱལ་པོའི་རྨི་ལམ་ནང་དུ་སྣང་བ་རུ། །འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་དུ་བསྟན། །འདི་དག་ཐུན་མོང་ཕར་ཕྱིན་ཐེག་པ་ཡི། །སྣོད་གྱུར་རྒྱལ་སྲས་རྣམས་ལ་སྣང་བ་ཡིན༌། །ཤིན་དུ་སྐལ་བ་མཆོག་གི་གདུལ་བྱའི་ངོར། །གསང་བ་མཆོག་གི་དགྱེས་པའི་འཁོར་ལོ་ཆེ། །ཨེ་ཝཾ་གཉིས་མེད་མི་ཕྱེད་རྟག་པའི་གནས། །རྡོ་རྗེ་བཙུན་མོའི་བ་གར་སྙོམས་ཞུགས་སྟེ། །ཧེ་རུ་ཀ་དཔལ་ཁ་སྦྱོར་བདུན་ལྡན་པས། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ནི། །ནམ་ཡང་ནུབ་པ་མེད་པའི་དུས་སུ་བསྟན། །རྣལ་འབྱོར་དབང་ཕྱུག་བྱེ་བ་བརྒྱད་བཅུ་དང༌། །རི་རབ་སུམ་བཅུ་དྲུག་གི་རྡུལ་མཉམ་པའི། །རྣལ་འབྱོར་མ་ཚོགས་སྐད་ཅིག་གིས་སྨིན་གྲོལ། །འདུས་པའི་རྒྱུད་ཆེན་གཉིས་མེད་རྣམ་རྒྱལ་དང༌། །འགྲེལ་པ་སྒྲོན་མ་གསལ་བ་ལ་སོགས་པར། །ཟས་གཙང་འཇམ་དཔལ་ཡུམ་ནི་སྒྲོལ་མ་སྟེ། །གྲགས་འཛིན་མ་ནི་ལྷ་མོ་དཔལ་ཆེན་མོ། །དགྲ་གཅན་ཟིན་སྲས་རྡོ་རྗེ་སེམས་དཔའ་སོགས། །དཀྱིལ་འཁོར་ཆེན་པོ་ཉིད་ཏུ་གནས་པར་བཤད། །ཆོས་ཀུན་སྐད་ཅིག་གཅིག་གི་སྣང་བ་སྟེ། །བདེན་རྫུན་སྔ་ཕྱི་ཐོག་མཐའ་ལ་སོགས་པ། །བཏགས་པས་ཡིན་གྱི་རང་གི་ངོ་བོས་མིན། །འདི་འདྲའི་ཆོས་ཉིད་ཟབ་མོ་ལ་སྐྲག་པས། །ཐེག་ཆེན་ཐེག་དམན་༼ཁ༢༣བ༽མདོ་སྔགས་འདི་ཐམས་ཅད། །ཇི་ལྟར་འཁྲུལ་ལྡན་སྐྱེ་བོའི་ངག་བཞིན་དུ། །གཅིག་རྗེས་གཅིག་མཐུད་ཁོ་ནར་མ་འཁྲུལ་ཞིག །ཚད་བཟུང་མེད་པའི་ཡུལ་གྱི་ཚད་འཛིན་ན། །མཁས་པར་གྲགས་ཀྱང་བྱིས་ལས་བྱིས་པར་གོ །ཇི་ལྟར་འགྲོ་མང་དུས་གཅིག་གཉིད་ལོག་ན། །སོ་སོའི་ཁམས་དང་རྐྱེན་དང་བག་ཆགས་ལས། །རྨི་ལམ་སྣང་བ་ཐ་དད་འབྱུང་མོད་ཀྱི། །ཀུན་ལ་བདེན་རྫུན་ཐོག་མཐའ་ཡོད་མ་ཡིན། །དེ་བཞིན་གདུལ་བྱའི་མོས་ཁམས་དབང་པོ་དང༌། །བག་ཉལ་ཐ་དད་མོས་པ་སྣ་ཚོགས་དང༌། །ཡེ་ཤེས་སྒྱུ་འཕྲུལ་བྱིན་གྱི་བརླབས་པའི་མཐུས། །གང་འདུལ་སྐུ་དང་དུས་དང་འཁོར་དང་ཞིང༌། །མཛད་པ་དམ་ཆོས་མཐའ་ཡས་ཅིག་ཆར་སྣང༌། །ཀུན་ཀྱང་ཡེ་ཤེས་སྒྱུ་མའི་སྣང་བར་ཟད། །བདེན་རྫུན་མེད་སྟེ་ཆོས་དབྱིངས་གཅིག་གི་ངང༌། །དམ་ཆོས་པདྨ་དཀར་པོ་གསུང་བའི་རིང༌། །བར་གྱི་བསྐལ་པ་ལྔ་བཅུ་འདས་པ་ནི། །དུས་བྱིན་བརླབས་པས་ཕྱི་དྲོ་གཅིག་གོ་སྙམ། །དེ་ནས་སངས་རྒྱས་འདུས་པ་ཐམས་ཅད་ནི། །ལྗགས་ཀྱི་ཆོ་འཕྲུལ་མཛད་རིང་དེ་སྙེད་འདས། །དུས་བྱིན་བརླབས་ཕྱིར་ཡུད་ཙམ་གཅིག་གོ་སྙམ། །འདི་འདྲ་དཔག་ཡས་གསུངས་པ་རྣམས་ལྟོས་ལ། །སངས་རྒྱས་བྱིས་པའི་ཆོས་སུ་མ་སྡུད་ཅིག །དེ་བཞིན་སྐུ་ཚའི་ཚད་ཀྱང་སྣ་ཚོགས་སུ། །སྣང་སྟེ་བསྐལ་ཆེན་གྲངས་མང་བདུན་བརྒྱ་ནི། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཡིན་ཞེས། །སེང་གེའི་སྒྲ་ཆེན་བསྒྲགས་པའི་མདོ་ལས་བཤད། །གཞན་ཡང་གདུལ་བྱ་དཔག་ཡས་དུ་མ་ཡིས། །ཅིག་ཅར་ཉིད་ཏུ་རང་རང་སྐལ་བ་ལྟར། །ལ་ལས་དགའ་ལྡན་གནས་ནས་འཕོ་བར་མཐོང༌། །དེ་བཞིན་ལྷུམས་ཞུགས་བལྟམས་བཟོ་རོལ་རྩེད་མཛད། ཁབ་ནས་བྱུང་དང་དཀའ་སྤྱོད་འཚང་རྒྱ་དང༌། །ཆོས་གསུང་མྱ་ངན་འདས་དང་རིང་སྲེལ་འགྱེད། །བཀའ་སྡུད་བསྟན་པའི་གྱེས་པ་སྟོན་ལ་སོགས། །མཐའ་ཡས་བསམ་མི་ཁྱབ་པ་ཅིག་ཅར་སྣང༌། །ཇི་ལྟར་བྱང་ཆུབ་སེམས་དཔའ་ནོར་བཟང་གིས། །བྱམས་༼ཁ༢༤ན༽པའི་རྣམ་པར་ཐར་པ་མཐོང་བཞིན་ནོ། །ཐེག་ཆེན་དབང་བྱས་མྱང་འདས་མཛད་པ་ཡང༌། །སྙིང་རྗེ་པད་དཀར་མྱ་ངན་འདས་མདོ་དང༌། ཁྱེ་འུ་བཞི་ཡི་མདོ་སོགས་ལས་གསུངས་ལྟར། །དཔག་ཡས་བསྟན་རྣམས་སྐྱེ་བོས་དཔག་མི་ནུས། །ཐུན་མོང་བྱིས་པའི་གདུལ་བྱའི་སྣང་ངོ་རུ། །ཀུན་དགའ་བོ་ཡིས་ཞམ་རིང་བྱས་ནས་ནི། །ཡུལ་གྱི་དབུས་དང་བྱང་ཕྱོགས་ཕལ་མོ་ཆེ། །ཞབས་ཀྱིས་བཅགས་ཏེ་སྔོན་བྱུང་དུ་མ་བསྟན། །ཁ་ཆེ་ལི་ཡུལ་བོད་སོགས་ལུང་བསྟན་མཛད། །སླར་ཡང་ལག་ན་རྡོ་རྗེས་ཞམ་རིང་བྱས། །ཡུལ་ཁམས་མཐའ་ཡས་མྱུལ་ཞིང་དུལ་བར་མཛད། །མདོར་ན་དགུང་ལོ་ཉེར་དགུ་ཁབ་ཏུ་བཞུགས། །ལོ་དྲུག་དཀའ་སྤྱད་རྫོགས་སངས་རྒྱས་གྱུར་ནས། །ཝ་ར་ཎཱ་སི་ཡངས་པ་ཅན་དང་ནི། །ས་དཀར་ཅན་དང་ལྷ་གནས་བྱིས་པ་གསོད། །ཀཽ་ཤམྦི་དང་འབྲོག་གནས་མཆོད་རྟེན་གནས། །བྱ་རྒོད་ཕུང་རི་འོད་མ་ཅན་གྱི་གྲོང༌། །སྒྲ་བཅས་དང་ནི་སེར་སྐྱའི་གྲོང་ཁྱེར་ཏེ། །བཅུ་གཉིས་པོ་རུ་ལོ་རེ་ལོ་རེ་བཞུགས། །མཉན་དུ་ཡོད་པར་ལོ་གྲངས་ཉི་ཤུ་བཞི། །སྨན་གྱི་ནགས་ཚལ་དུ་ནི་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་ལོ་ལྔ་བཞུགས། །དེ་ལྟར་དགུང་ལོ་བརྒྱད་བཅུ་བཞེས་པའི་ཚེ། །གང་གིས་རྫུ་འཕྲུལ་རྐང་པ་བཞི་པོ་ལ། །བསྟེན་ཞིང་གོམས་པ་མང་དུ་བྱས་པ་དེ། །འདོད་ན་བསྐལ་པའམ་དེ་བས་ལྷག་པར་ཡང༌། །འཚོ་ཞིང་སྡོད་ཏོ་དེ་བཞིན་གཤེགས་པ་ཡིས། །རྫུ་འཕྲུལ་རྐང་བཞི་བསྟེན་གོམས་མང་མཛད་ཕྱིར། །བཞེད་ན་བསྐལ་པའམ་དེ་བས་ལྷག་པར་ཡང༌། །བཞུགས་ཞེས་ཀུན་དགའ་བོ་ལ་ལན་གསུམ་དུ། །མྱ་ངན་མི་འདར་གསོལ་བ་འདེབས་བསྐུལ་ཀྱང༌། །བདུད་ཐིབས་ཀྱིས་ནོན་ཅི་ཡང་མི་སྨྲར་གྱུར། །སྡིག་ཅན་བདུད་ཀྱིས་འདའ་བར་གསོལ་བ་བཏབ། །སྐྱོ་བ་སྐྱེད་ཕྱིར་སྐུ་ཚེའི་ལྔ་ཆ་བཏང༌། །སྐུ་ཚེའི་འདུ་བྱེད་ཟླ་གསུམ་བྱིན་གྱིས་བརླབས། །ས་གཡོས་ཕྱོགས་འཚིག་སྐར་༼ཁ༢༤བ༽མདའ་ལྷུང་བར་གྱུར། །མཆོག་ཟུང་ལ་སོགས་ཉན་ཐོས་ཆེན་པོ་ནི། །མང་ཞིག་ཕུང་པོའི་ལྷག་སྤངས་མྱ་ངན་འདས། །གྲོང་ཁྱེར་ཆེན་པོ་རྩྭ་ཅན་དུ་གཤེགས་ཏེ། །ལམ་དུ་རྡོ་བ་འཕངས་པའི་མདོ་སྡེ་ཡིས། །གྱང་རྣམས་བཏུལ་ཏེ་སཱ་ལའི་ཚལ་གྱི་དབུས། །ཐ་མའི་གཟིམས་ཁྲི་ལ་བཞུགས་མགར་བའི་བུ། །ཙུནྡ་ཞེས་བྱ་སངས་རྒྱས་སྡོང་པོ་ཡི། །ཐ་མའི་བསོད་སྙོམས་འབུལ་པོར་སྨོན་པ་ལས། །བསོད་སྙོམས་བཞེས་ཏེ་ང་ནི་འདས་པའི་འོག །འོད་སྲུང་གིས་ནི་སྟོན་པའི་བྱ་བ་བྱེད། །ང་ཡི་བཀའ་རྣམས་ལེགས་པར་བསྡུ་བར་གྱིས། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཞེས་པས་གནས་དུས་འཁོར་སོགས་གླེང་གཞི་དང༌། །བར་དུ་མཚམས་སྦྱོར་ཐ་མར་ཐུན་གྱུར་བརྗོད། །མེས་པ་རལ་པ་ཅན་དང་ཤཱཀྱ་ལས། །གཞན་པའི་མུ་སྟེགས་རབ་ཏུ་འབྱིན་མི་བྱ། །བསླབ་པ་ཕྲན་ཚེགས་འདོད་ན་བག་ཡངས་བྱོས། །རྒན་པས་གཞོན་པ་ཕན་པས་བསྡུ་བྱ་ཞིང༌། །གཞོན་པས་རྒན་ལ་མིང་ནས་བོད་མི་བྱ། །ཞེས་གསུངས་དགྲ་གཅན་ཟིན་དང་ཀུན་དགའ་བོ། །དགེ་འདུན་ལ་བཏང་སྐུ་ཡི་སྟོད་གཡོགས་བསལ། །དགེ་སློང་དག་རྣམས་བདེ་གཤེགས་སྐུ་ལ་ལྟོས། །དེ་ལ་འདི་ནི་བདེ་གཤེགས་སྐུ་ལྟ་བའི། །ཐ་མ་ཡིན་ནོ་རེ་ཞིག་ཅང་མ་སྨྲ། །བདེན་པ་བཞི་དང་རྟེན་ཅིང་འབྲེལ་འབྱུང་དང༌། །བསླབ་པ་གསུམ་ལ་ཐེ་ཚོམ་ཡོད་ན་ཞུས། །འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནོ། །ཟག་བཅས་སྡུག་བསྔལ་མྱང་འདས་ཞི་བ་སྟེ། །ཆོས་ཀུན་བདག་མེད་པ་འོ་དེ་ལ་འདི། །དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ། །ཞེས་གསུངས་བསམ་གཏན་བཞི་དང་གཟུགས་མེད་དང༌། །འགོག་སྙོམས་རྣམས་ལ་ལུགས་འབྱུང་ལུགས་ཟློག་གིས། །ཡང་ཡང་སྙོམས་ཞུགས་བསམ་གཏན་བཞི་པ་ལས། །ཐ་མར་ཟག་མེད་དབྱིངས་སུ་མྱ་ངན་འདས། །ཉན་ཐོས་ཆེ་རྣམས་ཆོས་ཉིད་ལ་རྟོག་བྱེད། །ཚངས་སོགས་ལྷ་མིའི་འཁོར་༼ཁ༢༥ན༽ཚོགས་རྒྱ་མཚོ་ཀུན། །མྱ་ངན་སྨྲེ་སྔགས་སྡུག་བསྔལ་སྣ་ཚོགས་བྱེད། །ལྷ་རྫས་མཆོད་པ་དཔག་ཡས་འཛམ་གླིང་གང༌། །སྐུ་གདུང་དམ་པ་སྣམ་སྦྱར་ལྔ་བརྒྱ་དང༌། །རས་ཟུང་ལྔ་བརྒྱས་དཀྲིས་ཏེ་འཁོར་སྒྱུར་གྱི། །གདུང་ལྟར་ལྕགས་སྣོད་འབྲུ་མར་གྱིས་བཀང་བར། །བཞུགས་ཏེ་དྲི་ཞིམ་ཤིང་སྤུངས་ཞུགས་ལ་ནི། །བཞེན་པར་བརྩམས་ཚེ་མེ་སྦར་མ་ནུས་ནས། །ལྷ་མིག་ལྡན་པའི་མཆོག་གྱུར་མ་འགགས་པས། །བལྟས་ཏེ་འོད་སྲུང་ཆེན་པོ་སྟོབས་བཅུ་པ། །སྐུ་གདུང་མ་ཉམས་པ་ལ་ཕྱག་བགྱིད་འདོད། །དེ་མཐུས་ཡིན་གྱི་དེ་སྲིད་ཞོག་ཅིག་ཟེར། །འོད་སྲུང་ཆེན་པོས་ལྟས་ཆེན་རྣམས་མཐོང་བས། །སྟོན་པ་འདས་པར་ཤེས་ཏེ་ཀྱེ་མ་འོ། །འདུས་བྱས་རྣམས་ཀྱི་ཆོས་ཉིད་འདིར་ཟད་མོད། །མཆོག་དུ་དད་ལྡན་རྒྱལ་པོ་མ་སྐྱེས་དགྲས། །ཐོས་ན་ཁྲག་སྐྱུགས་མོད་ལ་འཆི་འགྱུར་བས། །དེ་ཟློག་པ་ཡི་ཐབས་ཤིག་བྱ་འོ་སྙམ། །མདུན་ན་འདོན་པ་བྲམ་ཟེ་དབྱར་བྱེད་ལ། །ཐབས་བསྟན་རིངས་པར་སཱ་ལའི་ཚལ་དུ་བྱོན། །བསོད་ནམས་ཆེན་པོ་དེ་ཡིས་མ་ཉམས་པའི། །གདུང་ལ་ཕྱག་བྱས་ཆོས་གོས་རས་ཟུང་གཞན། །ལྔ་བརྒྱ་ཕྲག་རེས་སར་དུ་ཡང་དཀྲིས་ནས། །དྲི་ཞིམ་ཙན་དན་ལ་སོགས་ཤིང་སྤུངས་ཚེ། །ཐུགས་ཀའི་དབུས་ནས་རང་བྱུང་ཡེ་ཤེས་མེས། །སྐུ་གདུང་བསྲེགས་ཏེ་ཡུངས་འབྲུ་ལྟ་བུ་ཡི། །རིང་སྲེལ་གྱིས་ནི་ཀུན་ནས་གཏམས་པར་གྱུར། །དེ་ལ་རས་ཟུང་གཉིས་ནི་མ་ཚིག་པ། །ནང་མ་ཤོས་དང་ཕྱི་མ་ཤོས་ཡིན་ནོ། །དེ་ཚེ་མ་སྐྱེས་དགྲ་ཡི་མདུན་ན་འདོན། །དབྱར་བྱེད་ཀྱིས་ནི་འོད་སྲུང་གིས་བསྟན་ལྟར། །རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱན་དྲངས་ཏེ། །སྟོན་པའི་མཛད་པ་བྲིས་པའི་ཐང་སྐུ་བསྟན། །འདི་ནི་དགའ་ལྡན་གནས་ནས་གླང་ཆེན་གྱི། །རྣམ་པས་བབ་སྟེ་ལྷུམས་སུ་ཞུགས་པ་འོ། །ཞེས་སོགས་གོ་རིམ་བཞིན་དུ་བརྡ་སྤྲད་སྟེ། །ཐ་མར་འདི་ནི་གྲོང་ཁྱེར་རྩྭ་ཅན་གྱི། །སཱ་ལ་ཟུང་གི་ཚལ་དུ་ཤིང་ཟད་པའི། །༼ཁ༢༥བ༽མེ་ལྟར་མྱ་ངན་འདས་ཅིང་ཙནྡན་གྱི། །ཞུགས་ཀྱིས་སྐུ་གདུང་སྦྱོང་བའི་མཛད་པ་འོ། །དེ་སྐད་སྨྲས་པས་རྒྱལ་པོ་སྐྲག་གྱུར་ཏེ། །ཅི་ག་སྟོན་པ་མྱ་ངན་འདས་གྱུར་ཏམ། །དབྱར་བྱེད་ཀྱིས་ནི་ལྷ་ཉིད་དེ་སྐད་གསུངས། །བདག་ནི་དེ་སྐད་བརྗོད་པར་མི་སྤྲོ་འོ། །ཞེས་སྒྲས་ཐོས་པས་རྒྱལ་པོ་ས་ལ་འགྱེལ། །ཡུན་རིང་བརྒྱལ་ཚེ་སྔ་ནས་བཤམས་པ་ཡི། །ཏིལ་མར་གཞོང་པ་བདུན་ལས་རིམ་པས་དྲངས། །ཐ་མར་ཙནྡན་ས་མཆོག་གི་ཁུ་བའི། །གཞོང་པའི་ནང་ནས་དྲངས་པས་སོས་པར་གྱུར། །དེ་ནས་སྡིག་ཅན་ཡུལ་གྱི་གྱད་རྣམས་དང༌། །རྟོག་གཡོའི་ཡུལ་གྱི་རྒྱལ་རིགས་པུ་ལུ་ཀ། །གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ནི་ཀྲོ་དྷ་དང༌། །ཁྱབ་འཇུག་གླིང་ན་གནས་པའི་བྲམ་ཟེ་དང༌། །སེར་སྐྱའི་ཤཱཀྱ་ཡངས་པ་ཅན་པ་ཡི། །ལི་ཙཱ་ཝིར་བཅས་སྐུ་གདུང་ལེན་དུ་ལྷགས། །རྒྱལ་མོ་མ་སྐྱེས་དགྲས་ཀྱང་གླང་ཆེན་བཞོན། །དཔུང་ཚོགས་བཅས་པས་འགྲོ་བར་འགྲོ་བར་ཆས་པའི་ཚེ། །སྟོན་པ་དྲན་པས་བརྒྱལ་ཏེ་ལྷུང་གྱུར་ནས། །འགྲོ་བར་མ་ནུས་དབྱར་བྱེད་དཔུང་བཅས་བཏང༌། །གདུང་སྐལ་ལེན་པའི་སྡེ་ཚན་བདུན་ལྷགས་ཏེ། །རེ་རེ་ཞིང་ནས་རྩྭ་ཅན་གྱད་རྣམས་ལ། །སྟོན་པ་འདི་ནི་ངེད་ལ་རིང་མོ་ནས། །འཕངས་ཅིང་སྡུག་ལ་བླ་མར་གྱུར་པ་ཡིན། །དེ་ནི་ཁྱེད་ཀྱི་ཉེ་འཁོར་དུ་འདས་ཀྱིས། །ངེད་ལ་སྐུ་གདུང་སྐལ་བ་བྱིན་པར་གྱིས། །ངེད་ཀྱིས་རིན་ཆེན་མཆོད་རྟེན་བྱས་ནས་ནི། །མཆོད་པ་བགྱིད་ཅེས་སྨྲས་ཚེ་གྱད་རྣམས་ཀྱིས། །ངེད་ཀྱང་དེ་ལྟར་བྱེད་ཀྱིས་སྐུ་གདུང་ནི། །ཁྱེད་ལ་མི་སྦྱིན་ཞེས་སྨྲས་དེ་རྣམས་ཀྱིས། །འོ་ན་དམག་གིས་དབྲོག་ཞེས་དཔག་དཔུང་སྡུད། །གྱད་རྣམས་ཀྱང་ནི་གཡུལ་དུ་ཆས་པར་གྱུར། །དེ་ཚེ་བྲམ་ཟེ་བྲེ་བོ་དང་མཉམ་པས། །སྟོན་པ་དེ་ནི་བཟོད་པའི་བསྔགས་པ་གསུང༌། །བཟོད་ལ་དགྱེས་ན་དེ་ཡི་སྐུ་གདུང་ཕྱིར། །གཅིག་གིས་གཅིག་ནི་གསོད་པར་མི་རིགས་ཀྱིས། །བདག་གི་སྐུ་གདུང་ཆ་བརྒྱད་༼ཁ༢༦ན༽མཉམ་པར་བགོ །བུམ་པ་འདི་ནི་བདག་གིས་མཆོད་པར་བྱ། །ཞེས་སྨྲས་ཀུན་ཀྱང་དགའ་ཞིང་མཐུན་གྱུར་ནས། །ཆ་བརྒྱད་བགོས་པས་ཡུངས་འབྲུ་ལྟ་བུ་ཡི། །རིང་སྲེལ་མ་ག་དྷ་ཡི་ཁལ་རེ་བྱུང༌། །སོ་སོར་བྱིན་ནས་གདུང་གི་སོལ་བ་རྣམས། །བྲམ་ཟེ་ནྱ་གྲོ་དྷ་སྐྱེས་ཀྱིས་བླངས་ཏེ། །བཅུ་པོ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས། །འོན་ཀྱང་མ་སྐྱེས་དགྲ་ཡི་སྐལ་བ་ནི། །མདོ་སྡེ་འདི་དང་ལྷན་ཅིག་གྲོང་ཁྱེར་གྱི། །ཕྱི་རོལ་ས་གཞིར་ཟ་མ་ཏོག་བཅུག་ནས། །རྒྱལ་པོ་མྱ་ངན་མེད་པའི་དོན་དུ་སྦས། །དེ་འདས་ནས་ནི་ལོ་བརྒྱ་ལོན་པ་ན། །མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་འབྱུང༌། །དེ་ཚེ་དགེ་སློང་དབང་པོའི་སྡེ་ཞེས་པས། །ཕྱུང་སྟེ་མདོ་སྡེ་འདི་ཡིས་རྒྱལ་པོ་འདུལ། །དེ་ནས་མདོ་འདི་བྱང་གི་ཕྱོགས་རོལ་ཏུ། །འཇོག་ཀྱང་སུ་ཡིས་ཤེས་པར་མི་འགྱུར་རོ། །མྱ་ངན་མེད་ཀྱིས་རིང་སྲེལ་དེ་བླངས་ཏེ། །འཛམ་གླིང་ཁྱབ་པར་རིང་སྲེལ་ལྡན་པ་ཡི། །མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་འགྱུར་ཞེས། །བྱང་ཆུབ་སེམས་དཔའི་ཐབས་ཀྱི་སྤྱོད་ཡུལ་གྱི། །རྣམ་འཕྲུལ་བསྟན་པའི་མདོ་ལས་ལུང་དུ་བསྟན། །སྒྲ་སྒྲོགས་པ་ཡི་རིང་སྲེལ་སྐལ་པ་ནི། །ཀླུ་ཡི་རྒྱལ་པོས་ཁྱེར་ཏེ་མཆོད་པ་བྱེད། །ཐུབ་བའི་དབང་པོའི་ཚེམས་ཀྱི་མཆེ་བ་བཞིའི། །གཅིག་ནི་བརྒྱ་བྱིན་གྱིས་ཁྱེར་ལྷ་ཡུལ་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །བཞི་པ་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །དེ་བཞིན་ཚེམས་དང་རིང་སྲེལ་སྐུ་གདུང་གཞན། །དུ་མས་ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །མིའམ་ཅི་དང་མི་སོགས་འགྲོ་བའི་རིས། །དཔག་མེད་གནས་ན་སོ་སོའི་དོན་ཆེན་མཛད། །ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ལས་སྟོན་པའི་མཛད་པ་ཁྱད་པར་དུ་བཤད་པའི་སྐབས་ཏེ་དང་པོའོ། །
ལེའུ་གཉིས་པ་བཀའ་བསྡུ་བ་ཁྱད་པར་དུ་བཤད་པ།
༄༅། །གང་ཚེ་མཆོག་ཟུང་མྱ་ངན་འདས་༼ཁ༢༦བ༽པའི་ཚེ། །དགྲ་བཅོམ་བརྒྱད་ཁྲི་དང་ནི་བདུན་ཁྲི་འདས། །སྟོན་པ་མྱ་ངན་འདས་ཚེ་དགྲ་བཅོམ་པ། །ཁྲི་དང་བརྒྱད་སྟོང་ཕུང་པོའི་ལྷག་མ་སྤངས། །དབང་ཐོབ་དགེ་སློང་ཉུང་ངུར་གྱུར་པ་ཡིས། །ཚེ་ཚད་བསྐལ་མང་ཐུབ་པའི་ལྷ་རྣམས་ནི། །དབང་ཡོད་དགེ་སློང་རྣམས་ཀྱང་འདས་པའི་ཕྱིར། །སྟོན་པའི་གསུང་རབ་དུད་པ་ཙམ་དུ་གྱུར། །དཀོན་མཆོག་གསུམ་པོ་སྒྲོག་པར་མི་བྱེད་ཅེས། །འཕྱ་ཞིང་མྱ་ངན་བྱེད་པ་བསལ་བའི་ཕྱིར། །ཐུབ་པའི་རྒྱལ་ཚབ་འོད་སྲུང་ཆེན་པོ་ཡིས། །བསྒོས་ཏེ་ལྷ་མིག་ལྡན་མཆོག་མ་འགགས་པས། །སྨོན་ནས་ཤེས་པའི་ཏིང་འཛིན་ལ་ཞུགས་ཏེ། །སྲིད་རྩེའི་བར་དུ་བལྟས་ནས་གཎྜི་བརྡུངས། །དགྲ་བཅོམ་ལྔ་བརྒྱར་གཅིག་གིས་མ་ཚང་འདུས། །བ་ལང་བདག་ནི་རྩ་གསུམ་ལྷ་ཡི་གནས། །ཤི་རི་ཤི་ཀའི་གཞལ་ཡས་སྟོང་པ་ན། །འགོག་སྙོམས་ལ་གནས་དེ་ཡིས་ཐོས་མ་གྱུར། །དེ་ནས་འོད་སྲུང་ཆེན་པོས་ཀུན་དགའ་བོ། །ཆུ་ཡི་ཞལ་ལྟ་པར་བསྐོས་སློབ་པ་གཞན། །ལྡོག་སྟེ་དང་པོའི་ལམ་ནས་ཡུལ་དབུས་སོང༌། །དགེ་འདུན་དང་ནི་ཀུན་དགའ་བོར་བཅས་པ། །ལྗོངས་རྒྱུ་བཞིན་པས་མ་ག་དྷ་རུ་བྱོན། །རྒྱལ་པོ་མ་སྐྱེས་དགྲ་ཡི་ཀུན་སྤྱོད་ནི། །རྟ་དང་ཤིང་རྟ་གླང་ཆེན་ལ་སོགས་པ། །ཞོན་ཚེ་སྟོན་པའི་ཉན་ཐོས་མཐོང་བ་ན། །ཅིག་ཅར་འཕྱོངས་ཏེ་ཞབས་ལ་མགོས་ཕྱག་བྱེད། །འོན་ཀྱང་བདེ་བར་གཤེགས་པས་རྟག་དགོངས་པས། །མི་གནང་དལ་བུས་ས་ལ་བབ་ལྟར་གྱུར། །དེ་ལྟར་རྒྱལ་བའི་བསྟན་ལ་གུས་པ་ཡིན། །སྐབས་འདིར་འོད་སྲུང་ཆེན་པོས་མ་ག་དྷར། བྱོན་པ་རྒྱལ་པོ་གླང་ཆེན་བཞོན་པས་མཐོང༌། །སྟེང་ནས་འཕྱོངས་པས་འོད་སྲུང་ཆེན་པོའི་མཐུས། །མཁའ་ལས་བཟུང་སྟེ་དལ་བུས་ས་ལ་བཞག །སྟོན་པ་རྟག་དུ་མཉམ་པར་བཞག་པ་སྟེ། །བསྙེལ་བ་མི་མངའི་ཕྱིར་ན་སྔོན་གྱི་དུས། །ཁྱོད་ལ་ལྷུང་བའི་ཉེས་པར་མ་གྱུར་ཏོ། །སྟོན་པ་དེ་ནི་མྱ་ངན་འདས་ཟིན་ཞིང༌། །༼ག༢༧ན༽དགེ་འདུན་ལ་ནི་སྐྱེ་འཕགས་གང་ཡང་ཡོད། །དགྲ་བཅོམ་རྣམས་ཀྱང་རྟག་དུ་མཉམ་བཞག་མིན། །དེ་བས་ཕྱིན་ཆད་འཕྱོང་བར་མ་བྱེད་ཅེས། །འོད་སྲུང་ཆེན་པོས་དམ་བཅའ་བྱིན་ནས་ནི། །ལྷ་ཡི་གནས་འདིར་དམ་ཆོས་བགྲོ་བྱ་ཞེས། །བསྐུལ་བས་རྒྱལ་པོ་དགའ་ཞིང་མགུ་གྱུར་ནས། །ཡོ་བྱད་མ་ལུས་ལེགས་པར་སྦྱར་ནས་ནི། །ནྱ་གྲོ་དྷ་ཡི་ཕུག་དུ་ལྔ་བརྒྱ་ཡི། །དགེ་སློང་འདུས་པའི་དགེ་འདུན་བཞུགས་ནས་ནི། །དབྱར་གྱི་སྔ་མར་རལ་དང་འགྲུམས་པ་བཅོས། །ཕྱི་མའི་དབྱར་གྱི་ཞལ་བཞེས་མཛད་པར་གྱུར། །ཀུན་དགའ་བོ་ནི་རྒྱུན་ཞུགས་འབྲས་གནས་ཏེ། །གཞན་ཀུན་དགྲ་བཅོམ་རྣམ་ཐར་བརྒྱད་ལྡན་ཡིན། །དེ་ཚེ་འོད་སྲུང་ཆེན་པོས་ཀུན་དགའ་བོ། །སྤྱོ་བས་འདུལ་བར་མཁྱེན་ནས་ཉེས་པ་བརྒྱད། །གླེངས་ཏེ་ཇི་སྲིད་དགྲ་བཅོམ་མ་ཐོབ་བར། །དགེ་འདུན་གནས་ནས་ཕྱུང་སྟེ་བྲི་ཛའི་གྲོང༌། །བྱོན་ཚེ་རང་གི་སློབ་མའི་གདམས་ངག་ལས། །དགྲ་བཅོམ་ཐོབ་སྟེ་དགེ་འདུན་གནས་སུ་བྱོན། །མ་འགགས་པ་ནི་འཕགས་པ་བ་ལང་བདག །འབོད་པར་བསྒོས་ཏེ་རི་རབ་རྩེར་སོང་ནས། །འགོག་སྙོམས་ལས་ལངས་ཞི་བར་འདུག་པ་ལ། །འོད་སྲུང་ལ་སོགས་དགེ་འདུན་གྱིས་འབོད་ཅེས། །བསྐུལ་ཚེ་སྟོན་པ་འདས་སམ་ཞེས་དྲིས་ནས། །ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་མྱ་ངན་འདས། །རང་བྱུང་མེ་ཡིས་ལུས་ཚིག་མེ་ཕུང་གི །ཕྱོགས་བཞི་ནས་ནི་ཚིགས་བཅད་རེ་རེ་གྲག །ལྷུང་བཟེད་ཆོས་གོས་ཁྱེར་ནས་དགེ་འདུན་ལ། །ཕུལ་སྟེ་དེ་ཡི་བསམ་པ་བཟོད་གསོལ་བྱས། །འོད་སྲུང་ཆེན་པོས་བཀའ་བསྡུ་མ་ཟིན་བར། །སུ་ཡང་མྱ་ངན་འདའ་བར་མི་བྱེད་པའི། །ཁྲིམས་བཅས་དང་པོར་འཕགས་པ་ཀུན་དགའ་བོ། །གསོལ་གཉིས་ལས་ཀྱིས་བསྐོས་ནས་སེང་གེའི་ཁྲིར། །དགྲ་བཅོམ་ལྔ་བརྒྱས་སྣམ་སྦྱར་བཏིང་བ་ལ། །བཞུགས་ཏེ་བྱང་ཆུབ་སྙིང་པོར་ཁ་བལྟས་ནས། །སྟོན་པ་ཡིད་ལ་དྲན་པས་སྐྱོ་བཞིན་དུ། །འདི་སྐད་བདག་གིས་ཐོས་༼ག༢༧བ༽པའི་དུས་གཅིག་ན། །ཞེས་པ་བརྗོད་པ་ཙམ་གྱིས་ལྷ་རྣམས་ནི། །མྱ་ངན་ལྡང་གྱུར་ཀྱེ་མ་བཅོམ་ལྡན་འདས། །ད་ནི་ཐོས་པའི་ལམ་དུ་གཤེགས་པར་གྱུར། །སྔོན་ཚེ་ཆོས་སྟོན་བདག་གིས་མངོན་སུམ་མཐོང༌། །ད་ནི་འདི་སྐད་བདག་གིས་ཐོས་ཅེས་གླེང༌། །འདི་ཡང་དེང་དུས་ཐོས་པ་ཙམ་དུ་ཟད། །ཀྱེ་མ་འདུས་བྱས་ཐམས་ཅད་འདི་འདྲ་ཞེས། །ཤུགས་འབྱིན་མཆོད་པའི་ལས་ལ་བརྩོན་པར་གྱུར། །དགྲ་བཅོམ་ལྔ་བརྒྱར་གཅིག་གིས་མ་ཚང་བའང༌། །འདི་ལྟར་ཐམས་ཅད་མི་རྟག་པར་མཚུངས་ཞེས། །སྐྱོ་སྟེ་རང་རང་ཁྲི་ལས་བབ་སྟེ་འཁོད། །སྟོན་པས་དགེ་སློང་ལྔ་ལས་བཀའ་བསྩལ་པ། །ཅེས་སོགས་བཟླས་པ་རྣམ་པ་གསུམ་བཟློས་པས། །མདོ་སྡེའི་སྡེ་སྣོད་ལེགས་པར་བསྡུ་བར་བྱས། །ཁོ་བོས་བཟུང་བའི་མདོ་སྡེ་འདི་ལགས་ཀྱིས། །ཁྱེད་ཅག་རྣམས་ཀྱི་དེ་ཙམ་ཡིན་ནམ་དྲིས། །ཀུན་གྱིས་ངེད་ཀྱི་མདོ་སྡེ་དེ་ཙམ་སྟེ། །ཚེ་དང་ལྡན་པའི་དེ་ཙམ་ཡིན་ནམ་གསུངས། །འདི་ཁོ་ན་སྟེ་དེ་བས་ལྷག་པ་མེད། །ཅེས་སྨྲས་སེང་གེའི་ཁྲི་ལས་བབ་སྟེ་འདུག །དེ་བཞིན་ཉེ་བ་འཁོར་གྱིས་འདུལ་བ་བསྡུས། །བསླབ་གཞི་དང་པོ་གར་བཅས་སུ་ལ་བཅས། །ཞེས་སོགས་དྲིས་ལན་ཚུལ་གྱིས་གཏན་ལ་ཕབ། །དེ་ནས་འོད་སྲུང་མ་བསྐོས་རང་འཛེགས་ཏེ། །མ་མོ་ཞེས་བྱ་བདག་ཉིད་ཁོ་ནས་སྨྲ། །ཞེས་བརྗོད་མངོན་པའི་སྡེ་སྣོད་བསྡུ་བར་བྱས། །གཞུང་གི་ཚད་ནི་འབུམ་ཕྲག་རེ་རེ་ཡིན། །དགྲ་བཅོམ་རེ་རེའི་ཐུགས་ལ་ཡོད་པའི་གཞུང༌། །ཐམས་ཅད་མཐུན་ནམ་མི་མཐུན་བརྟག་པའི་ཕྱིར། །འདོན་ལ་བཀའ་ཡི་བསྡུ་བར་གྲགས་པ་སྟེ། །འདི་ནི་ཐུབ་པའི་བཀའ་བསྡུ་དང་པོ་ཡིན། །
བསྟན་པའི་གཏད་རབས་བདུན།
༄༅། །སྦྱངས་ཡོན་ལྡན་དང་དགོན་པར་གནས་པའི་མཆོག །སྟོན་པ་ཉིད་ཀྱིས་སྟན་ཕྱེད་བསྟབས་པའི་ཕྱིར། །སྔོན་ནས་སྟོན་པ་གཉིས་པར་གྲགས་པ་ཡི། །སྟོབས་བཅུའི་སྟོབས་ལྡན་འོད་སྲུང་ཆེན་པོ་དེ། །བདག་གིས་སྡེ་སྣོད་གསུམ་པོ་བསྡུས་པ་ན། །༼ག༢༨ན༽ཚངས་པ་མཚུངས་སྤྱོད་སུས་ཀྱང་མ་ལྡོག་ཅིང༌། །མཐུན་པར་བཀའ་ཡི་གནང་བ་བྱིན་པའི་ཕྱིར། །འདི་ནི་ཆོས་སོ་འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པ་འོ་ཞེས་དགོངས། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ནི། །འོད་སྲུང་དང་ནི་ཀུན་དགའ་བོ་ཁྱོད་གཉིས། །ང་འདས་ལོ་ནི་བཞི་བཅུ་ལྷག་ཅིག་དུ། །སྟོན་པའི་མཛད་པ་བྱེད་ཅེས་ལུང་བསྟན་ལྟར། །ལོ་འགར་བསྟན་པའི་བྱ་བ་རྒྱ་ཆེན་མཛད། །སྟོན་པ་དེ་ལ་བྱས་པ་གཟོ་བྱས་ཏེ། །དེའི་གསུང་ཅི་ནུས་ཙམ་ཞིག་བསྒྲུབས་ཟིན་གྱིས། །མ་ལུས་སྒྲུབ་པར་སུས་ཀྱང་མི་ནུས་ལ། །རྣག་གི་ལུས་འདིས་སྐྱོ་ཕྱིར་མྱ་ངན་ལས། །འདའ་འོ་ཞེས་དགོངས་ཀུན་དགའ་བོ་བོས་ཏེ། །སྟོན་པས་བདག་ལ་བསྟན་པ་ཡོངས་སུ་གཏད། །བདག་གིས་ཀྱང་ནི་ཁྱོད་ལ་གཏད་པར་བྱ། །ཁྱོད་ཀྱིས་ཤ་ནའི་གོས་ཅན་རྒྱ་མཚོ་ལས། །འོངས་ཏེ་རབ་ཏུ་ཕྱུང་ལ་གཏོད་ཅིག་གསུངས། །འོད་སྲུང་མྱ་ངན་འདའ་ཚེ་མ་སྐྱེས་དགྲ། །སྦྲོན་པར་སྔོན་ཚེ་ཞལ་གྱིས་བཞེས་པའི་ཕྱིར། །ཕོ་བྲང་མདུན་བྱོན་ཆབ་སྒོ་བ་ལ་བོས། །འོད་སྲུང་རྒྱལ་པོ་ལྟ་འོ་ཞེས་སྨྲོས་ཤིག །དེ་ཡིས་རྒྱལ་པོ་གཉིད་ཀྱིས་ལོག་གྱུར་ཏེ། །གཏུམ་པས་གཉིད་ལས་སློང་མི་ནུས་ཞེས་ཞུས། །འོ་ན་གཉིད་ལས་སད་ཚེ་འོད་སྲུང་ནི། །མྱ་ངན་འདའ་ཕྱིར་སྦྲོན་ཞེས་སྨྲོས་ཤིག་གསུངས། །སྟོན་པའི་མཆོད་རྟེན་མཆེ་བར་བཅས་རྣམས་ལ། །ཐ་མའི་ཕྱག་མཛད་ལྷོ་ཡི་ཕྱོགས་ཀྱི་རི། །བྱ་གག་རྐང་གི་སྦོ་ལ་འཛེགས་བྱས་ཏེ། །རི་གསུམ་དབུས་སུ་རྩྭ་ཡི་གདིང་བ་ལ། །སྟོན་པའི་སྣམ་སྦྱར་ཕྱགས་བདར་ཁྲོད་པ་བསྒོས། །སེང་གེའི་སྟབས་བཞིན་གཡས་ངོས་ཕབ་སྟེ་གཟིམས། །བདག་ཉིད་ཆེན་པོ་བྱམས་པ་དེར་གཤེགས་ནས། །བྱེ་བ་དགུ་བཅུའི་འཁོར་ཚོགས་མ་བཏུལ་བར། །སྐུ་གདུང་ཉམས་པ་མེད་པར་བྱིན་བརླབས་ཏེ། །མྱ་ངན་འདས་ཚེ་ས་ཆེན་རིར་བཅས་གཡོས། །ལྷ་ཡི་མེ་ཏོག་ཆར་གྱིས་སྐུ་གདུང་ཡོག །གནོད་སྦྱིན་རྣམས་༼ག༢༨བ༽ཀྱིས་རི་བོ་གསུམ་གྱི་དབུས། །བཀབ་སྟེ་སྟེང་ནས་བྱིལ་པོར་བྱས་པར་གྱུར། །
མ་སྐྱེས་དགྲ་ཡིས་རྨི་ལམ་དོན་མཐོང་ནས། །སད་ནས་སྦྲོན་པར་ཐོས་ཚེ་ས་ལ་འགྱེལ། །གལ་སྟེ་སྐུ་གདུང་དངོས་སུ་མ་མཐོང་ན། །རྒྱལ་པོ་ཁྲག་དྲོན་བསྐྱུགས་ཏེ་འཆིར་རིག་ནས། །ཀུན་དགའ་བོ་ཡིས་བྱ་རྐང་རི་ལ་ཁྲིད། །གནོད་སྦྱིན་རྣམས་ཀྱིས་རི་བསལ་སྐུ་གདུང་བསྟན། །ཞབས་ལ་ཕྱག་བྱས་སྲེག་པར་བརྩམས་པ་ན། །ཀུན་དགའ་བོ་ཡིས་འདི་ནི་འདི་ལྟར་དུ། །བྱིན་གྱིས་བརླབས་ཕྱིར་བསྐལ་མེས་ཀྱང་མི་འཇིག །མ་འོངས་རྒྱལ་བ་བྱམས་པ་སངས་རྒྱས་ནས། །དགེ་སློང་བྱེ་བ་དགུ་བཅུས་ཡོངས་བསྐོར་ཏེ། །ཚེ་ལོ་བརྒྱ་པའི་དུས་སུ་བྱུང་བ་ཡི། །རྒྱལ་བ་ཤཱཀྱ་ཐུབ་པའི་ཉན་ཐོས་མཆོག །འོད་སྲུང་ཆེན་པོའི་སྐུ་གདུང་འདི་ཡིན་ཏེ། །འདི་ལྟའི་ཡོན་ཏན་ཐོབ་པ་འཁོར་འདིར་མེད། །ཅེས་གསུངས་ཕྱག་གི་མཐིལ་དུ་བཞག་ནས་སྟོན། །ལུས་འདིས་དེ་ལྟའི་ཡོན་ཏན་ཐོབ་པ་ཞེས། །འཁོར་དེ་ཀུན་ནས་སྐྱོ་ཞིང་ཡིད་འབྱུང་འགྱུར། །འདི་ནི་སྟོན་པ་དེ་ཡིས་སྣམ་སྦྱར་ཞེས། །བསྟན་པའི་མོད་ལ་འཁོར་ཚོགས་དེ་ཐམས་ཅད། །དགྲ་བཅོམ་འཐོབ་འགྱུར་སྟོན་པའི་བྱ་བ་བྱེད། །དེ་ལྟར་གདུལ་བའི་བྱ་བ་བྱས་ཟིན་ཚེ། །སྐུ་གདུང་འདི་ཉིད་མཁར་འཕགས་སྣ་ཚོགས་པའི། །ཆོ་འཕྲུལ་བསྟན་ནས་རང་བྱུང་མེ་ཡིས་འཚིག །དེ་བས་མཆོད་པ་གྱིས་ལ་ཞོག་ཅིག་གསུངས། །སྔར་བཞིན་རི་བཀབ་སྟེང་དུ་མཆོད་རྟེན་བྱས། །རྩ་བ་མེད་པའི་དད་ལྡན་རྒྱལ་པོ་དེ། །ཀུན་དགའ་བོ་ཡི་ཞབས་ལ་མགོས་གཏུགས་ནས། །སྟོན་པས་བདག་མ་སྦྲན་པར་མྱ་ངན་འདས། །འོད་སྲུང་འདའ་བའང་བདག་གིས་མ་མཐོང་གིས། །ཁྱོད་ཀྱིས་བདག་མ་སྦྲན་པར་མྱ་ངན་ལས། །མི་དར་གསོལ་ཞེས་ཞུས་ཅིང་ཞལ་གྱིས་བཞེས། །ཐོས་པ་འཛིན་པའི་མཆོག་གྱུར་ཀུན་དགའ་བོས། །སྟོན་པ་ཉིད་ལྟར་བསྟན་པའི་བྱ་བ་མཛད། །
ཁྱེ་འུ་གསེར་མདོག་མཛངས་༼ག༢༩ན༽ཤིང་བག་ལྡན་པ། །རབ་གཏུམ་བློན་པོའི་གཡོ་རྒྱུས་བསད་ཤིང་ལ། །བསྐྱོན་ཚེ་འཕགས་པའི་རྫུ་འཕྲུལ་བྱིན་རླབས་ཀྱིས། །བསད་ཤིང་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྱུང༌། །དགྲ་བཅོམ་མཐའ་ཡས་མང་པོའི་འཁོར་ལྡན་པ། །ཟླ་བ་ཁམ་པ་ལྟ་བུར་མཁའ་ལ་གཤེགས། །ཁྱེ་འུ་དེ་ནི་རབ་བྱུང་དགྲ་བཅོམ་གྱུར། །འདི་ལ་གསེར་མདོག་གི་རྟོགས་བརྗོད་ཅེས་པ་ཡོད། སྐྱེ་བོའི་ཚོགས་མང་བྱང་ཆུབ་གསུམ་ལ་བཀོད། །ཤ་ནའི་གོས་ཅན་རྒྱ་མཚོའི་དོན་གྲུབ་པས། །དགྲ་བཅོམ་ཁྲི་ཕྲག་མང་པོའི་འཁོར་བཅས་ལ། །ལོ་ལྔའི་བར་དུ་དུས་སྟོན་ཆེན་པོ་བྱས། །ཁྱོད་ཀྱིས་བསྟན་ལ་ཟང་ཟིང་གིས་བསྡུ་བྱས། །ད་ནི་ཆོས་ཀྱིས་བསྡུ་བར་གྱིས་ཤིག་གསུངས། །རབ་བྱུང་རིག་གྲོལ་ལྡན་པའི་དགྲ་བཅོམ་བཀོད། །ཁྱོད་ཀྱིས་སྤོས་ཚོང་སྦས་པ་ཞེས་བྱའི་བུ། །ཉེ་སྦས་ལ་ནི་བསྟན་པ་གཏད་པར་བྱོས། །སྟོན་པ་གཉིས་པར་རྒྱལ་བས་ལུང་བསྟན་ནོ། །ཞེས་གསུངས་བསྟན་པ་གཏད་སྟེ་རྒྱལ་པོ་སྦྲན། །མྱ་ངན་འདའ་ཕྱིར་གངྒཱའི་ཆུ་དབུས་བྱོན། །རྒྱལ་པོས་གདུགས་ཀྱིས་ཡུ་བ་ཆག་རྨིས་ནས། །སད་ཚེ་སྦྲན་པར་ཐོས་ནས་དཔུང་དང་བཅས། །གངྒཱའི་ལྷོ་ཡི་འགྲམ་དུ་ཕྱིན་ཏེ་འཁོད། །ཡངས་པ་ཅན་པ་རྣམས་ལ་ལྷས་སྦྲན་ནས། །དེ་དག་དཔུང་བཅས་གངྒཱའི་བྱང་འགྲམ་འཁོད། །གཉིས་ཀས་ལུས་ཕྱེད་འཐོབ་པར་འགྱུར་བའི་ཕྱིར། །འཕགས་པའི་མཆོག་དེ་གངྒཱའི་དབུས་ན་གནས། །དེ་ཚེ་དྲང་སྲོང་རྫུ་འཕྲུལ་ལྡན་པ་ཅིག །ལྔ་བརྒྱའི་འཁོར་ལྡན་རབ་ཏུ་བྱུང་ཕྱིར་འོངས། །ཆུ་དབུས་གླིང་སྤྲུལ་ཉིན་གུང་བསྙེན་རྫོགས་ཚེ། །གསོལ་བ་བྱས་པས་ཕྱིར་མི་འོང་བ་ཐོབ། །བརྗོད་པ་གསུམ་པའི་ཐ་མར་དགྲ་བཅོམ་གྱུར། །ཆུ་དབུས་པ་འམ་ཉི་མའི་གུང་པར་གྲགས། །མཁན་པོའི་སྔུན་དུ་འདའ་བར་ཞུས་པ་ན། །བཅོམ་ལྡན་འདས་ཀྱིས་སྔོན་ནས་ཁྱོད་ལུང་བསྟན། །ཁ་ཆེའི་ཡུལ་སོང་བསྟན་པ་ཞོག་ཅིག་གསུངས། །མྱ་ངན་འདའ་ཕྱིར་ན་མཁའི་དབྱིངས་སུ་འཕགས། །ཆོ་འཕྲུལ་སྣ་ཚོགས་སྟོན་པ་མཛད་པ་ན། །༼ག༢༩བ༽མ་ག་དྷ་པ་རྣམས་དང་ཡངས་ཅན་པ། །གཉིས་ཀ་ཕན་ཚུན་སྙིང་རྗེར་ངུ་ཞིང་འབོད། །མགོན་པོ་ཚུར་གཤེགས་སྐུ་གདུང་འདིར་འོད་ཟེར། །ཡེ་ཤེས་མཚོན་གྱིས་སྐུ་གདུང་ཕྱེད་ཏུ་བཏང༌། །གཉི་གས་སོ་སོར་ཐོབ་པར་བྱིན་བརླབས་ནས། །ཞི་བའི་དབྱིངས་སུ་མྱ་ངན་འདས་པར་གྱུར། །གཉི་གས་གདུང་གི་མཆོད་རྟེན་བྱས་ནས་མཆོད། །
ཉི་མ་གུང་པ་འཁོར་དང་བཅས་པ་ཡིས། །ཁ་ཆེའི་ཡུལ་ནི་མཚོ་རུ་གནས་པར་བྱོན། །ཉི་མའི་རྫུ་འཕྲུལ་བསྟན་པས་མཚོ་དེ་བསྐམས། །ཀླུ་རྣམས་འཁྲུགས་ནས་ཕྱགས་བདར་མཚོན་ཆ་ཡི། །ཆར་ཕབ་ལྷ་ཡི་མེ་ཏོག་ཆར་དུ་གྱུར། །མཚོན་དུག་མེ་ཡིས་གནོད་པར་མ་ནུས་ཚེ། །ངོ་མཚར་སྐྱེས་ནས་ཅི་བཞེད་དྲིས་པ་ན། །སྟོན་པས་གནས་འདི་ང་ཡི་ལུང་དུ་བསྟན། །སྐྱིལ་ཀྲུང་གང་གི་ས་ཞིག་སློང་ངོ་གསུངས། །སྐྱིལ་ཀྲུང་གཅིག་གིས་ལུང་པ་དགུ་ནོན་ཏེ། །འཁོར་ཚོགས་ཇི་སྙེད་མངའ་ཞེས་ཞུས་པ་ན། །དགྲ་བཅོམ་ལྔ་བརྒྱ་ཡོད་གསུངས་ཀླུ་ཡིས་ཀྱང༌། །དེ་ལས་དགྲ་བཅོམ་གཅིག་དུ་མ་ཚང་ཡང༌། །ཡུལ་འདི་སླར་ལ་དབྲོག་ཅེས་དམ་བཅས་ཕུལ། །གང་ན་གཏོང་པོ་ཡོད་ན་ལེན་པོ་ཡོད། །དེ་ཕྱིར་ཁྱིམ་བདག་གཞུག་པར་བྱ་འོ་གསུངས། །རང་གིས་གྲོང་ཁྱེར་བཀོད་ནས་མི་རྣམས་བཅུག །འཕེལ་ཕྱིར་སྤོས་ངད་ལྡང་བའི་རི་བོ་ནས། །གུར་གུམ་ས་བོན་བླངས་པས་རི་དེ་ཡི། །ཀླུ་རྣམས་འཁྲུགས་པ་བཏུལ་ནས་ཇི་སྲིད་ཏུ། །སྟོན་པའི་བསྟན་པ་གནས་པ་དེ་སྲིད་བར། །གུར་གུམ་ཕུལ་ཏེ་ཡུལ་དེར་བསྐྲུན་པར་བྱས། །དེ་ཕྱིར་ཀསྨི་རའམ་ཁ་ཆེར་གྲགས། །དགྲ་བཅོམ་ལྔ་བརྒྱ་རྟག་དུ་བཞུགས་པ་ཡིན། །འཛམ་གླིང་སྟོན་པའི་བསྟན་པ་ནུབ་པ་ན། །ཡུལ་དེའི་གུར་གུམ་སྐྱེ་བ་རྒྱུན་ཆད་ཅིང༌། །དགྲ་བཅོམ་ལྔ་བརྒྱ་གཅིག་གིས་མ་ཚང་ཚེ། །ཡུལ་དེ་སླར་ཡང་མཚོ་རུ་འགྱུར་བ་ཡིན། །ཤ་ནའི་གོས་ཅན་གྱིས་ཀྱང་བསྟན་པ་ཡི། །བྱ་བ་རྒྱ་ཆེར་མཛད་སྟེ་ཉེར་སྦས་ཀྱིས། །སྡེ་སྣོད་གསུམ་རིག་དགྲ་བཅོམ་ཐོབ་གྱུར་ཚེ། །བསྟན་པ་༼ག༣༠ན༽གཏད་ནས་མྱ་ངན་འདས་པར་གྱུར། །སྔོན་ཚེ་སྟོན་པའི་དྲུང་དུ་བྲམ་ཟེ་ནི། །སྨྲ་བའི་མཆོག་ཞིག་འོངས་ཏེ་འདི་སྐད་ཏུ། །གལ་སྟེ་ཤཱ་རིའི་བུ་དང་མཚུངས་པ་རུ། །ལུང་སྟོན་མཛད་ན་བདག་ནི་རབ་བྱུང་བགྱིད། །ཅེས་གསོལ་སྟོན་པས་རྫོགས་པའི་སངས་རྒྱས་རྣམས། །ཇི་ལྟར་བཀའ་བསྩལ་གཞན་དུ་འགྱུར་མི་སྲིད། །ཤེས་རབ་ལྡན་མཆོག་གཉིས་པ་མི་འབྱུངཞེས། །གསུངས་པས་རབ་ཏུ་མ་བྱུང་ལོག་པར་གྱུར། །སྟོན་པའི་ཞལ་ནས་ད་ལྟའི་བྲམ་ཟེ་དེ། །མ་འོངས་དུས་སུ་ང་འདས་ལོ་བརྒྱ་ན། །ཉེར་སྦས་ཞེས་འགྱུར་བསྟན་ལ་རབ་བྱུང་ནས། །སྟོན་པ་གཉིས་པའི་བྱ་བ་བྱེད་ཏོ་གསུངས། །འདི་ནི་ཁྱིམ་ན་གནས་པའི་དུས་སུ་ཡང༌། །གཟུགས་ཚོང་བཟང་མོས་བསླུ་བར་མ་ནུས་ཏེ། །ཕྱི་ནས་རྒྱལ་པོའི་ཆད་པས་སྨད་ཚོང་དེ། །རྐང་ལག་རྣ་བ་སྣ་བཏུབས་འཆི་ཀའི་ཚེ། །བདག་གིས་ཁྱོད་བལྟའི་དུས་ནི་འདི་ཡིན་ཞེས། །ཆོས་བསྟན་རྒྱུན་ཞུགས་གནས་ལ་བཀོད་པ་ཡིན། །དགྲ་བཅོམ་གྱུར་ནས་འཁོར་ཚོགས་རྒྱ་མཚོ་ལ། །ཆོས་སྟོན་ཚེ་ན་བདུད་ཀྱིས་དཀྲུག་པའི་ཕྱིར། །རེས་འགའ་མེ་ཏོག་རེས་འགའ་རིན་ཆེན་སོགས། །ཆར་ཕབ་པ་ཡིས་ཡིད་རབ་གཡེངས་པར་བྱས། །དེ་ཕྱིར་སློབ་མ་རྣམས་ཀྱིས་ཆོས་མ་རྟོགས། །ཕྱི་ནས་ལྷ་ཡི་བུད་མེད་མཛེས་མ་དག །སྤྲུལ་པས་གཡེངས་ཚེ་འཕགས་པས་བུད་མེད་སྟེ། །ལྷུང་བས་ཤི་ནས་ལུས་མྱགས་རུལ་བ་དང། ཁ་ཅིག་ནང་རོལ་ལ་སོགས་མི་གཙང་བ། །ཕྱི་ནས་ཤེལ་ལྟར་མཐོང་བར་བྱིན་བརླབས་པས། །འཁོར་རྣམས་སྐྱོ་ཞིང་མི་སྡུག་འདུ་ཤེས་ཐོབ། །དགྲ་བཅོམ་ཟག་པ་ཟད་པ་ཉིད་ཏུ་བཀོད། །འཕགས་པའི་ཕྱིར་འབྲང་ལྷུང་བཟེད་ལྷག་མ་ཟ། །དམ་ཆོས་ཉན་པའི་ཁྱི་ཞིག་ཡོད་པ་དེ། །ཤི་ཚེ་ཆོས་ཐོས་པ་ཡི་དགེ་བ་དེས། །སྡིག་ཅན་བདུད་ཀྱི་སྟན་ཕྱེད་དབང་བར་སྐྱེས། །ཁྱི་ཡང་༼ག༣༠བ༽བདག་དང་མཉམ་པར་བཀོད་པ་འདིས། །བླ་ན་མ་མཆིས་བདག་ལ་བརྙས་སོ་སྙམ། །འཕགས་པ་ལ་ནི་མཐོ་འཚམ་བགྱིད་བློ་སྐྱེས། །བདུད་ཀྱིས་ཁྱོད་ལ་མཆོད་པར་བྱ་འོ་ཞེས། །དབུ་ལ་མེ་ཏོག་ཕྲེང་བ་བཅིངས་པ་ལས། །བདག་གིས་ལན་དུ་མེ་ཏོག་སྦྱིན་ནོ་ཞེས། །ཁྱི་རོ་མེ་ཏོག་ཕྲེང་བར་སྤྲུལ་ནས་ནི། །བདུད་ཀྱི་མགུལ་བཏགས་སྤྲུལ་པ་བཤིག་པ་ཡིས། །ལྷ་ལུས་གཙང་ཞིང་དག་པའི་མགུལ་པ་རུ། །ཁྱི་རོ་རུལ་མྱགས་འབུས་གཞིགས་དྲི་ང་བ། །ཐོགས་པས་སྡུག་བསྔལ་མི་བཟད་ལྡན་པར་གྱུར། །རང་གི་ནུས་པ་རྫུ་འཕྲུལ་ལྟ་ཞོག་གི །ཚངས་དང་དབང་ཕྱུག་ཆེན་པོ་ལ་སོགས་པ། །ལྷ་གཞན་ཀུན་ལ་གསོལ་བ་བཏབ་གྱུར་ཀྱང༌། །སུས་ཀྱང་དེ་ནི་འདོར་བར་ཡོང་མ་ནུས། །དགྲ་བཅོམ་བྱིན་བརླབས་གཞིག་པར་མི་ནུས་ཀྱིས། །དེ་ཉིད་ལ་ནི་གསོལ་བ་ཐོབ་ཅིག་སྐད། །འཕགས་པའི་དྲུང་འོངས་འདོར་བར་གསོལ་བ་བཏབ། །བདག་གིས་སྔོན་ཚེ་རྫོགས་སངས་རྒྱས་དེ་ལ། །གནོད་མང་བགྱིས་ཀྱང་ནམ་ཡང་ལན་མ་མཛད། །ཉན་ཐོས་ཁྱེད་རྣམས་འདི་ལྟར་གདུག་པ་སྟེ། །རྩེད་མོའི་ལན་ཀྱང་འདི་ལྟར་བགྱིད་ལ་ལྟོས། །འཕགས་པས་སྨྲས་པ་བདག་དང་སྟོན་པར་ནི། །རྡུལ་དང་རི་རབ་ལྟ་བུར་བསྐྲུན་མི་ནུས། །དེ་ལྟ་མོད་ཀྱི་བདག་གིས་སྟོན་པ་དེའི། །ཆོས་ཀྱི་སྐུ་ཡི་ཕྱོགས་ནི་མཐོང་མོད་ཀྱི། །གཟུགས་ཀྱི་སྐུ་ཡང་བདག་གིས་མ་མཐོང་ངོ༌། །སྡིག་ཅན་ཁྱོད་ཀྱིས་རྒྱལ་བའི་སྐུ་གཟུགས་སུ། །སྤྲུལ་པར་ནུས་ཞེས་གྲག་གིས་བདག་ལ་སྟོན། །འཕགས་པས་ཕྱག་མི་འཚལ་བར་དམ་བཅས་ནས། །བདུད་ཀྱིས་ཐུབ་པའི་སྐུ་གཟུགས་སུ་སྤྲུལ་ཏེ། །གསེར་གྱི་རི་བོ་ལྟ་བུར་ལྷང་ངེ་འདུག །འཕགས་པས་སྟོན་པ་དངོས་སུ་འདུ་ཤེས་ཏེ། །ཕྱག་འཚལ་བརྩམས་ཚེ་སྤྲུལ་པ་མི་སྣང་གྱུར། །ཕྱིན་ཆད་དགེ་ལ་བར་ཆོད་མི་བྱེད་ན། །འདི་ནི་མེ་ཏོག་ཕྲ་བར་བྱིན་གྱིས་རློབ། །གདུག་པའི་བསམ་པ་ནམ་སྐྱེས་ཁྱི་ཡི་རོ། །༼ག༣༡ན༽རུལ་པར་གྱུར་ཅིག་ཅེས་ནི་བདེན་སྟོབས་བརྗོད། །དེ་ཕྱིན་སྐྲག་པས་སངས་རྒྱས་བསྟན་པ་ལ། །བདུད་ཀྱིས་བར་དུ་གཅོད་པར་མི་ནུས་སྐད། །ཨུ་ཤི་རི་ཡི་བྲག་གི་ཕུག་པ་ནི། །མཆུ་ཞེང་དཔངས་ཟབ་གཞུ་འདོམ་ཉི་ཤུ་པར། །སློབ་མ་དགྲ་བཅོམ་ཐོབ་པ་རེ་རེ་ཡིས། །སོ་ཤིང་སོར་བཞི་པ་རེ་འཕངས་པ་ཡིས། །སོ་ཤིང་ཚོགས་ཀྱིས་ཕུག་དེ་བྱུར་བུ་རུ། །གང་ཚེ་མྱ་ངན་འདས་ཏེ་དགྲ་བཅོམ་པའི། །སོ་ཤིང་ཚོགས་དེས་གདུང་ཞུས་ལྷ་ཡིས་མཆོད། །དེ་ཡིས་དྷི་དྷི་ཀ་ལ་བསྟན་པ་གཏད། །དེ་ཡིས་ནག་པོ་དེ་ཡིས་ལེགས་མཐོང་ཆེ། །བསྟན་པའི་གཏད་རབས་བདུན་ཞེས་ལུང་ལས་བཤད། །
བཀའ་ཡི་བསྡུ་བ་གཉིས་པ།
༄༅། །སྟོན་པ་འདས་ནས་ལོ་གྲངས་བརྒྱ་དང་བཅུ། །ལོན་ཞིང་རྒྱལ་པོ་མྱ་ངན་མེད་པ་ཡིས། །རྒྱལ་སྲིད་བྱས་ནས་ལོ་བཅུ་འདས་པའི་འོག །ལྔ་བརྒྱའི་འཁོར་ལྡན་དགྲ་བཅོམ་གྲགས་པ་ཡིས། །ཡངས་པ་ཅན་གྱི་གཙུག་ལག་ཁང་བྱོན་ཚེ། །དེ་ན་གཉུག་མར་གནས་པའི་དགེ་སློང་ཚོགས། །རབ་མང་རྙེད་པ་བགོད་པའི་སྐལ་བ་བྱུང༌། །དྲིས་པས་རུང་མིན་གཞི་བཅུ་སྤྱོད་པར་ཤེས། །ཐུབ་པའི་བསྟན་ལ་ཆུ་བུར་བྱུང་བ་འདི། །བདག་གིས་ཡལ་བར་དོར་ན་མི་རུང་སྙམ། །ཐམས་ཅད་འདོད་དང་ནོར་ལྡན་ལ་སོགས་པ། །དགྲ་བཅོམ་མཁས་པ་དུ་མ་གྲོགས་སུ་བཙལ། །ཟླ་སྦུར་འགོག་སྙོམས་ལས་ནི་ལངས་མ་ཐག །ལྷས་སྦྲན་འོངས་ཏེ་འཕགས་པ་ཀུན་དགའ་བོའི། །སློབ་མ་ཤ་སྟག་དགྲ་བཅོམ་བདུན་བརྒྱ་འདུས། །ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས། །ཨ་ལ་ལ་ཡིས་རུང་བ་རུང་ངམ་ཅི། །མི་རུང་ཙམ་པར་དྲུག་སྡེ་ལ་བཅས་སོ། །ཞེས་སོགས་དྲིས་ལན་ཚུལ་གྱིས་གཏན་ལ་ཕབ། །རུང་མིན་གཞི་བཅུ་དེ་དག་སུས་སྤྱོད་པ། །བདག་ཅག་རྣམས་ཀྱིས་དོར་ཞེས་མཐུན་པར་སྨྲས། །སྡེ་སྣོད་གསུམ་པོ་ལྷག་ཆད་མེད་པར་བཏོན། །འདི་ནི་བདུན་བརྒྱས་ཡང་དག་བརྗོད་པའམ། །བཀའ་ཡི་བསྡུ་བ་གཉིས་པ་ཞེས་པར་གྲགས། །༼ག༣༡བ༽
ཉན་ཐོས་སྡེ་པ་བཅོ་བརྒྱད་གྱེས་ཚུལ།
༄༅། །བཀའ་བསྡུ་གསུམ་པ་ལུང་ན་མེད་པའི་ཕྱིར། །འདོད་ཚུལ་མི་འདྲ་དུ་མ་སྣང་མོད་ཀྱང༌། །རྟོག་གེ་ལ་འབར་དབུ་མའི་གཞུང་ལུགས་ལས། །དེ་བཞིན་གཤེགས་པས་མདོ་ལས་ལུང་བསྟན་ལྟར། །རྒྱལ་པོ་དགའ་བོ་དང་ནི་པད་ཆེན་དུས། །སྡིག་ཅན་བདུད་ཀྱིས་བཟང་པོ་ཞེས་བྱ་བ། །དགེ་སྦྱོང་ཆ་བྱད་འཛིན་པ་ཅིག་དུ་བྱས། །རྫུ་འཕྲུལ་དུ་མས་སྐྱེ་བོའི་ཡིད་བསྒྱུར་ནས། །རྒྱལ་བའི་བཀའ་དང་དགེ་འདུན་རྣམས་དཀྲུགས་ཅིང༌། །དེ་ཡི་སློབ་མ་ཀླུ་དང་ཡིད་བརྟན་གྱིས། །དར་བར་བྱས་པས་ལྟ་སྤྱོད་མ་མཐུན་ཏེ། །ཉན་ཐོས་སྡེ་པ་བཅོ་བརྒྱད་གྱེས་པར་བཤད། །འདི་ཚུལ་ཅུང་ཟད་བདག་གིས་བརྗོད་པར་བྱ། །དེ་ཡང་དབྱིག་བཤེས་ཀྱིས་མཛད་པ། །སྡེ་པ་ཐ་དད་བཀླག་པ་ཡི། །འཁོར་ལོ་ཞེས་བྱའི་གཞུང་ཆེན་བྱུང༌། །ཕྱི་ནས་མཁས་མཆོག་དུལ་བའི་ལྷས། །དེ་དོན་བསྡུས་པའི་བསྟན་བཅོས་བརྩམས། །དེ་ལས་ཇི་སྐད་བྱུང་བ་ནི། །ཤར་དང་ནུབ་དང་གངས་རི་དང༌། །བཏགས་པར་སྨྲ་བའི་སྡེ་པ་དང༌། །འཇིག་རྟེན་འདས་པར་སྨྲ་བ་སྟེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་པ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་ནགས་འཇིགས་བྱེད་གནས། །གཙུག་ལག་ཁང་ཆེན་གནས་པ་སྟེ། །གནས་བརྟན་པ་ཡི་སྡེ་པ་གསུམ། །ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་པ་སྟེ། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་ཉིད། །ཅེས་བཤད་ཐ་མཁོབ་འདུལ་བའི་མཆོག །ཀ་ཏྱཱ་ན་ཡི་རྗེས་བཞིན་དུ། །དགེ་སློང་ཕལ་མོ་ཆེ་འདུས་པས། །ཕལ་ཆེན་པ་ཡི་སྡེ་པར་གྲགས། །རང་བཞིན་སྐད་ཀྱིས་མདོ་སྡེ་འདོན། །སྣམ་ཕྲན་ཉི་ཤུ་རྩ་ལྔ་ནས། །བདུན་གྱི་བར་འདོད་དུང་གིས་མཚན། །ཀ་ར་ལ་སོགས་མིང་མཐར་བྱེད། །༼ག༣༢ན༽འདི་ལ་སྡེ་ཚན་ལྔ་ཡོད་པའི། །འཇིག་རྟེན་འདས་པར་སྨྲ་བ་ཡི། །གྲུབ་པའི་མཐའ་ནི་འདི་སྐད་བརྗོད། །ཐུབ་པ་འཇིག་རྟེན་ལས་འདས་ཏེ། །རྫས་ཡོད་སྐུ་དང་ཚེ་མཐའ་ཡས། །མཉམ་གཞག་སྐད་ཅིག་གིས་ཀུན་མཁྱེན། །ཟད་མི་སྐྱེ་བློ་རྟག་དུ་མངའ། །ཆོས་འཁོར་བསྐོར་བ་ཚིག་ཡིན་ནོ། །བྱང་སེམས་རྣམས་ལ་ཉོན་མོངས་དང༌། །ནུར་ནུར་སོགས་ལས་སྐྱེ་བ་མེད། །བདེན་པ་རྣམས་ནི་ཅིག་ཅར་མཐོང༌། །མིག་ལ་སོགས་པའི་སེམས་ཀྱིས་ཀྱང༌། །འདོད་ཆགས་བྲལ་བར་འགྱུར་བ་ཡིན། །ཁམས་གོང་གཉིས་ནའང་དབང་ཤེས་ཡོད། །འོན་ཀྱང་དབང་པོས་ཡུལ་མི་འཛིན། །མཉམ་པར་བཞག་ཚེའང་ཚིག་སྨྲའོ། །སེམས་ནི་གཟུགས་ཅན་རང་རིག་པའོ། །དགྲ་བཅོམ་རྣམས་ལའང་མི་ཤེས་དང༌། །སོམ་ཉི་ཡོད་སྟེ་བསྟན་དགོས་སོ། །འབྲས་བུ་གཞན་གྱིས་བརྡ་སྤྲད་དགོས། །སྡུག་བསྔལ་སྒྲོས་ཙམ་གྱིས་ལམ་སྐྱེ། །དེ་བཞིན་དུ་ནི་འཇིག་པའང་ཡོད། །བརྒྱད་པ་ལ་ཡང་རིང་གནས་དང༌། །ཆོས་མཆོག་ལས་ཀྱང་ཉམས་པ་ཡོད། །རྒྱུན་ཞུགས་དགྲ་བཅོམ་ཉམས་མི་སྲིད། །རྒྱུན་ཞུགས་མཚམས་མེད་མ་གཏོགས་པའི། །མི་དགེ་བཅུ་ཀ་བྱེད་པ་སྲིད། །འཇིག་རྟེན་པ་ལ་ཡང་དག་པའི། །ལྟ་བའི་དབང་པོ་ཡོད་མ་ཡིན། །མ་སྲུངས་པ་ལ་བཅོས་སུ་མེད། །དྲང་བའི་དོན་ཞེས་བྱ་བ་མེད། །གཟུགས་མེད་པ་ཡི་སྐྱེ་མཆེད་བཞི། །འདུས་མ་བྱས་གསུམ་ལམ་རྟེན་འབྲེལ། །དེ་ལྟར་རྣམ་པ་དགུ་ཡོད་ཏོ། །སངས་རྒྱས་མང་པོ་ཅིག་ཅར་འབྱུང༌། །སེམས་གཉིས་ལམ་དང་ཉོན་མོངས་དང༌། །ས་མྱུག་ཅིག་ཅར་འབྱུང་བའང་ཡོད། །ལུས་ནི་སེམས་ཀྱིས་ཁྱབ་པ་སྟེ། །སེམས་ནི་འོད་གསལ་བ་ཡིན་ནོ། །ཕྲ་རྒྱས་མི་ལྡན་པ་ཡིན་ཏེ། །ཀུན་དཀྲིས་མཚུངས་པར་ལྡན་པ་ཡིན། །ཞིག་པ་དང་ནི་མ་སྐྱེས་དང༌། །བར་དེའི་སྲིད་པ་ཞེས་བྱ་མེད། །རྒྱུན་དུ་ཞུགས་པས་བསམ་གཏན་ཐོབ། །༼ག༣༢བ༽དྲུག་པ་ཤེས་དང་ཤེས་བྱ་མིན། །དེ་ལྟར་གཞན་དང་མི་མཐུན་པའི། །གྲུབ་མཐའ་མང་ཕྱིར་དང་པོར་བཤད། །འཇིག་རྟེན་རྣམས་དང་མི་མཐུན་ཕྱིར། །འཇིག་རྟེན་འདས་པར་སྨྲ་བ་ཟེར། །གཉིས་པ་བཏགས་པར་སྨྲ་བ་རྣམས། །སྐྱེས་བུ་བྱེད་པའི་རྩལ་དང་ནི། །དུས་མ་ཡིན་པར་འཆི་བ་མེད། །ལམ་ནི་མི་འཇིག་བསྒོམ་བྱ་མིན། །དེ་ནི་བསོད་ནམས་ཀྱིས་ཐོབ་སྨྲ། །ཤར་གྱི་རི་དང་ནུབ་ཀྱི་རིར། །གནས་པའི་སྡེ་པ་རྣམ་གཉིས་ནི། །བྱང་སེམས་ངན་འགྲོ་ལས་མ་གྲོལ། །མཆོད་རྟེན་མཆོད་པས་འབྲས་བུ་ནི། །མཆོག་དུ་འགྱུར་བ་མ་ཡིན་ཟེར། །ལྔ་པ་གངས་རིར་གནས་པ་རྣམས། །ཕྱི་རོལ་པ་ལ་མངོན་ཤེས་དང༌། །ལྷ་རྣམས་ལམ་སྒོམ་མེད་ཅེས་སྨྲ། །ཕྱི་མ་བཞི་པོ་ཐུན་མོང་དུ། །ཐུབ་པའི་དབང་པོ་ཀུན་བཏགས་པའི། །སྒོ་ནས་སློབ་པ་མིན་ཞེས་མཐུན། །འདུལ་འཛིན་མཆོག་གྱུར་ཨུ་པ་ལིའི། །རྗེས་འབྲང་ཤེས་བྱའི་གཞི་ཀུན་ནི། །རྫས་ཀྱི་གཞི་ལྔར་ཡོད་ཏོ་ཞེས། །སྨྲ་ཕྱིར་ཐམས་ཅད་ཡོད་སྨྲར་གྲགས། །མདོ་སྡེ་ལེགས་སྦྱར་སྐད་ཏུ་འདོན། །སྣམ་ཕྲན་དགུ་ནས་ཉེར་ལྔའི་བར། །རིན་ཆེན་ཨུཏྤལ་པདྨ་དང༌། །ཤིང་ལོ་ཡིས་ནི་མཚན་པར་བྱེད། །དཔལ་ལམ་བཟང་པོའམ་སྲུང་བའི་མིང༌། །འདི་ལ་སྡེ་ཚན་རྣམ་པ་བདུན། །དང་པོར་གཞི་ཡོད་སྨྲ་བ་རྣམས། །འདུས་བྱས་ཐམས་ཅད་མིང་གཟུགས་དང༌། །དུས་གསུམ་གྱིས་ནི་རྣམ་པར་བསྡུས། །འདུས་མ་བྱས་ནི་རྣམ་གསུམ་འདོད། །མི་ལྡན་པ་དང་འདུས་བྱས་རྣམས། །ཤེས་བྱ་རྣམ་པར་ཤེས་བྱའང་ཡིན། །ཉོན་མོངས་རྣམས་ནི་མཚུངས་ལྡན་ཏེ། །ཐུབ་པ་རྣམ་པ་གཉིས་སུ་འདོད། །དེ་ཡི་གཟུགས་དང་དབང་རྣམས་ནི། །གཟུགས་ཅན་ལ་ཡོད་གཞན་ལ་མིན། །མཆོད་རྟེན་མཆོད་པ་འབྲས་བུ་ཆེ། །བྱང་སེམས་ངན་འགྲོ་སྤངས་པ་ནི། །རྣམ་པ་གཉིས་སུ་འདོད་པ་ཡོད། །བསོད་ནམས་ཚོགས་སུ་འགྱུར་མི་འདོད། །༼ག༣༣ན༽གཉིས་པ་འོད་སྲུང་སྡེ་པ་རྣམས། །ཡོངས་སུ་ཤེས་པ་གང་ཡིན་དེ། །མ་སྤངས་པ་དང་མ་འོངས་པའི། །རྒྱུ་ལས་འབྱུང་བ་འགར་ཡང་མེད། །ཐོབ་པ་རྣམ་པར་འཇོག་པ་ནི། །ཆོས་ཀུན་རྣམ་སྨིན་ཡོད་ཏོ་ཞེས། །གསུངས་པའི་གཞུང་ལ་བསྟེན་ཏོ་ཟེར། །གསུམ་པ་ས་སྟོན་སྡེ་པ་རྣམས། །མ་འོངས་པ་དང་འདས་པ་མེད། །བདེན་པ་ཅིག་ཅར་ཁོ་ན་མཐོང༌། །ཕྱི་རོལ་ཉོན་མོངས་ཟད་པ་མེད། །ལྷ་ཡུལ་པ་ལ་ལམ་མེད་ཅིང༌། །བར་མ་དོ་ཡི་སྲིད་པ་མེད། །དགྲ་བཅོམ་བསོད་ནམས་སྐྱེ་བ་མེད། །ཕྲ་རྒྱས་སེམས་ལས་ཐ་དད་ཏོ། །འདུས་མ་བྱས་དངོས་དགུ་ཡིན་ཏེ། །མི་གཡོ་བ་དང་ལྡན་པ་གསུམ། །དགེ་སོགས་གསུམ་དང་གཉིས་པ་དང༌། །ལམ་དང་རྟེན་ཅིང་འབྲེལ་འབྱུང་སྟེ། །འདི་རྣམས་རྟག་དུ་གནས་པ་ཡིན། །དགེ་འདུན་ནང་དུ་སྟོན་པ་འདུས། །དེ་ཕྱིར་དགེ་འདུན་མཆོད་པ་མཆོག །སངས་རྒྱས་དང་ནི་ཉན་ཐོས་རྣམས། །ལམ་གཅིག་རྣམ་གྲོལ་གཅིག་པར་སྨྲ། །བཞི་པ་ཆོས་སྲུང་སྡེ་རྣམས་ནི། །རྒྱལ་བ་དགེ་འདུན་ནང་མི་འདུ། །དེ་ཕྱིར་རྒྱལ་བ་མཆོད་པ་མཆོག །རྒྱལ་དང་ཉན་ཐོས་ལམ་ཐ་དད། །ཕྱི་རོལ་པ་ལ་མངོན་ཤེས་མེད། །དགྲ་བཅོམ་ལུས་ནི་ཟག་མེད་ཟེར། །ལྔ་པ་མང་ཐོས་སྡེ་པ་རྣམས། །མི་རྟག་བདག་མེད་སྟོང་པ་དང༌། །ལམ་དང་མྱ་ངན་འདས་པ་རྣམས། །ཐུབ་པའི་འཇིག་རྟེན་འདས་ཆོས་ཡིན། །ལྷག་མ་རྣམས་ནི་འཇིག་རྟེན་པའོ། །དགྲ་བཅོམ་ལ་ཡང་སོམ་ཉི་ཡོད། །ཅེས་སོགས་རྒྱ་ཆེར་སྨྲ་བར་བྱེད། །དྲུག་པ་གོས་དམར་སློབ་མ་རྣམས། །ཁོ་ན་འཕོ་བར་སྨྲ་བ་སྟེ། །སེམས་ཅན་རྣམས་ནི་འཕོ་བ་འོ། །ཕུང་པོ་བཞི་ནི་རང་བཞིན་གཅིག །ལམ་གྱིས་ཕུང་པོ་བཀག་གོ་ཟེར། །བདུན་པ་རྣམ་པར་ཕྱེ་ནས་ནི། །སྨྲ་བའི་སྡེ་རྣམས་འདི་སྐད་ཏུ། །གང་ཟག་དོན་དམ་ཉིད་ཏུ་ཡོད། །འབྲས་བུར་མ་སྨིན་པ་ལས་གཞན། །འདས་པ་ཞེས་བྱ་ཡོད་མ་ཡིན། །འབྲས་བུ་ལས་༼ག༣༣བ༽གཞན་མ་འོངས་མེད། །རིགས་མི་མཐུན་པའི་ཆོས་རྣམས་ནི། །དེ་མ་ཐག་པའི་རྒྱུར་མི་འགྱུར། །གཟུགས་ནི་འདྲ་བའི་རྒྱུ་མ་ཡིན། །གཟུགས་ཀྱི་འདྲ་བའི་རྒྱུ་ཡང་མེད། །དེ་སྐད་སྨྲ་ཞིང་ལྟ་བར་བྱེད། །སྟོན་པ་གཉིས་པ་སྟོབས་བཅུ་ལྡན། །འོད་སྲུང་ཆེན་པོའི་རྗེས་ཞུགས་ཏེ། །གནས་བརྟན་རྒན་རབས་དག་འདུས་པས། །གནས་བརྟེན་པ་ཡི་སྡེ་པར་གྲགས། །མདོ་སྡེ་ཤ་ཟའི་སྐད་ཏུ་འདོན། །སྣམ་ཕྲ་ལྔ་ནས་ཉེར་གཅིག་པར། །རྟགས་ནི་མེ་ཏོག་སོ་ཙི་ཀ། སྐྱོང་བ་ལ་སོགས་མིང་གི་མཐའ། །འདི་ལ་སྡེ་ཚན་རྣམ་པ་གསུམ། །རྒྱལ་བྱེད་ཚུལ་དང་འཇིགས་བྱེད་རི། །གཙུག་ལག་ཁང་ཆེན་གནས་པ་སྟེ། །གནས་ཀྱི་དབང་གིས་ཐ་དད་ཀྱིས། །གསུམ་ག་ལྟ་བའི་རྣམ་པ་མཐུན། །ཐུབ་པ་ལེགས་སྦྱར་ཚིག་མི་གསུང༌། །བྱང་སེམས་བསྐལ་པ་གྲངས་མེད་པ། །བཅུ་ནས་སུམ་བཅུའི་བར་གྱིས་འགྲུབ། །ཐར་པ་འབའ་ཞིག་འདུས་མ་བྱས། །ཡིན་གྱིས་འདུས་མ་བྱས་གཞན་མེད། །མི་ཤེས་པ་དང་ལོག་ཤེས་མེད། །ཕྲ་རྒྱས་སེམས་ལས་ཐ་དད་ཏོ། །འགོག་སྙོམས་ན་ཡང་སེམས་ཡོད་ཅེས། །མཐུན་པར་གྲུབ་པའི་མཐའ་སྨྲ་འོ། །བསླབ་ལ་གུས་མཆོག་སྟོན་པའི་སྲས། །དགྲ་གཅན་ཟིན་གྱི་རྗེས་ཞུགས་ཏེ། །རྒྱལ་རིགས་བྲམ་ཟེའི་རིགས་ལ་སོགས། །རིགས་མཐོན་འདུས་ཕྱིར་མང་པོ་ཡིས། །བཀུར་བའི་སྡེ་པ་ཞེས་གྲགས་པ། །མདོ་སྡེ་ཟུར་ཆག་སྐད་ཏུ་འདོན། །སྣམ་ཕྲན་གནས་བརྟན་པ་དང་མཚུངས། །རྟགས་ནི་དཔལ་གྱི་བེ་འུ་སྟེ། །སྦས་པ་ལ་སོགས་མིང་གི་མཐའ། །འདི་ལ་སྡེ་ཚན་རྣམ་པ་གསུམ། །ཀུ་རུ་ཀུལླེའི་ཕུག་གནས་ཕྱིར། །ས་སྒྲོགས་རིགས་ཀྱི་སྡེ་ཞེས་གྲགས། །སློབ་དཔོན་སྲུང་བ་པ་དང་ནི། །གནས་མ་བུ་ཡི་རྗེས་འབྲང་ཕྱིར། །སོ་སོའི་སྡེ་པའི་མིང་དུ་གྲགས། །གསུམ་ག་གྲུབ་པའི་མཐའ་མཐུན་ཏེ། །གང་ཟག་ཕུང་པོ་མ་ཡིན་ལ། །ཕུང་པོ་ལས་གཞན་ཀྱང་མ་ཡིན། །ཕུང་པོ་རྣམས་ནི་བརྟེན་པར་འདུག །༼ག༣༤ན༽སྒོ་ལྔའི་རྣམ་པར་ཤེས་པ་ཡིས། །འདོད་ཆགས་སྐྱེ་བར་མི་འགྱུར་ལ། །བྲལ་བར་ཡང་ནི་མི་འགྱུར་རོ། །མཐོང་ལམ་སེམས་ཀྱི་སྐད་ཅིག་མ། །བཅུ་གཉིས་ཚུན་ནོ་དེ་ཕན་ཆད། །འབྲས་བུ་དང་ནི་བཅས་པར་གནས། །ཤེས་བྱ་བརྗོད་ཏུ་ཡོད་པ་དང༌། །མེད་པ་གཉིས་སུ་གནས་སོ་ཟེར། །ཁ་ཅིག་དོན་དང་ལ་ལ་གནས། །གཞན་དག་སློབ་དཔོན་ཐ་དད་ཕྱིར། །སྡེ་ཚན་རྣམ་པ་བཅོ་བརྒྱད་གྱུར། །
འདི་ནི་སྡེ་པ་ཐ་དད་པ། །བསྟན་པ་བསྡུས་པ་ཇི་བཞིན་བཤད། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དགེ་ཚུལ་ལོ་དྲིར་གྱེས་པའི་ཚུལ། །རྣམ་པ་གཞན་དུ་ཡང་བཤད་སྟེ། །འོད་སྲུང་ས་སྟོན་ཆོས་སྲུང་དང༌། །གཞི་ཀུན་པ་སྟེ་ཡོད་སྨྲ་བཞི། །ཤར་ནུབ་དབུས་གནས་རྣམ་པར་ཕྱེ། །བཏགས་དང་འཇིག་རྟེན་འདས་སྨྲ་སྟེ། །ཕལ་ཆེན་སྡེ་པ་རྣམ་པ་དྲུག །ས་སྒྲོགས་གོས་དམར་སྲུང་བ་ལ། །མང་ཐོས་གནས་མ་བུ་པ་སྟེ། །མང་པོས་བཀུར་བ་རྣམ་པ་ལྔ། །རྒྱལ་བྱེད་ཚལ་གནས་འཇིགས་བྱེད་རི། །གཙུག་ལག་ཁང་སྟེ་གནས་བརྟན་པའི། །སྡེ་ཚན་གསུམ་སྟེ་བཅོ་བརྒྱད་བཤད། །གྱེས་ཚུལ་རྣམ་པ་གཞན་དུ་ཡང༌། །བཤད་པ་ཡོད་སྟེ་འདིར་མ་བརྗོད། །ཁ་ཅིག་ཡོད་སྨྲ་སྡེ་པ་གཞན། །འབྱུང་བའི་གཞི་ཡིན་སྟོན་པའི་སྲས། །དགྲ་གཅན་ཟིན་གྱིས་རྗེས་སུ་འཇུག །འོད་སྲུང་རྗེས་འཇུག་ཕལ་ཆེན་པ། །མང་བཀུར་ཉེ་བ་འཁོར་རྗེས་འབྲང༌། །འཕགས་པའི་རིགས་སྨྲ་གནས་བརྟན་པ། །ཀ་ཏྱ་ཡ་ནའི་རྗེས་འབྲང་ཟེར། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱུར་ཚེ། །མྱ་ངན་འདས་པའི་འོག་དུ་ཡང༌། །གདུལ་བྱའི་དོན་ཕྱིར་བསྟན་པ་ནི། །རྣམ་པ་བཅོ་བརྒྱད་གྱེས་གྱུར་ཅེས། །སྨོན་ལམ་ཆེན་པོ་ལྔ་བརྒྱ་ཡི། །རྣམ་པ་གཅིག་ནི་འདི་ཡིན་ཕྱིར། །སྟོན་པའི་འཕྲིན་ལས་ངེས་པ་ཡིན། །འདི་ཚུལ་བདག་གིས་མདོར་བསྡུས་ནས། །བརྗོད་དགེས་ཐུབ་བསྟན་དར་རྒྱས་ཤོག །དེ་ལྟར་རྣམ་པ་བཅོ་བརྒྱད་གྱེས་པའི་ཚེ། །༼ག༣༤བ༽འདི་ནི་བསྟན་པ་ཡིན་གྱི་གཞན་མིན་ཞེས། །སོ་སྐྱེའི་མཁས་པ་རྣམས་ནི་རྩོད་པར་གྱུར། །
བཀའི་བསྡུ་བ་གསུམ་པ།
༄༅། །སྟོན་པ་མྱ་ངན་འདས་ནས་ལོ་ཡི་གྲངས། །སུམ་བརྒྱ་འདས་ཚེ་ཁ་ཆེའི་ཡུལ་ཁམས་སུ། །རྒྱལ་པོ་ཀ་ནི་ཤ་ཡིས་སྦྱིན་བདག་བྱས། །དགྲ་བཅོམ་བྱང་སེམས་ལྔ་བརྒྱ་ཕྲག་རེ་དང༌། །སོ་སྐྱེའི་པཎ་ཆེན་ཁྲི་དང་དྲུག་སྟོང་འདུས། །རྒྱལ་བའི་བཀའ་ཡི་བསྡུ་བ་གསུམ་པ་བྱས། །
ཉན་ཐོད་སྡེ་པ་བཅོ་བརྒྱད་ཀུན་ཀྱང་བསྟན་པར་བསྡུས་ཚུལ།
༄༅། །ཀྲྀ་ཀྲིའི་རྨི་ལམ་ལུང་བསྟན་མདོ་དྲངས་ནས། །གྱེས་པ་བཅོ་བརྒྱད་ཀུན་ཀྱང་བསྟན་པར་བསྡུས། །དེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །བུ་མོ་མ་ག་དྷ་ཡི་བཟང་མོ་ཡིས། །གྲོང་ཁྱེར་ཆེན་པོ་བུ་རམ་ཤིང་འཕེལ་དུ། །སྟོན་པ་སྤྱན་དྲངས་མུ་སྟེགས་ཕམ་བྱས་ཚེ། །ད་ལྟར་མ་ཟད་སྔོན་ཡང་བུ་མོ་འདིས། །མུ་སྟེགས་ཐབས་ཀྱིས་བཏུལ་བ་ཉོན་ཞིག་གསུངས། །སྐྱེ་རྒུའི་ཚེ་ལོ་ཉི་ཁྲིའི་དུས་ཀྱི་ཚེ། །རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་པ་བྱུང༌། །དེ་ཡི་སྦྱིན་བདག་རྒྱལ་པོ་ཀྲྀ་ཀི་ལ། །རྨི་ལམ་ངོ་མཚར་རྣམ་པ་བཅུ་རྨིས་པ། །བྲམ་ཟེ་མཚནམཁན་རྣམས་ལ་དྲིས་པ་དང༌། །དེ་དག་རྣམས་ཀྱིས་དེ་དོན་མ་ཤེས་ཀྱང༌། །རྒྱལ་པོའི་བུ་མོ་གསེར་ཕྲེང་ཅན་ཞེས་པ། །རྣམ་དཔྱོད་ལྡན་ཞིང་སངས་རྒྱས་བསྟན་ལ་གུས། །དེ་ལ་མུ་སྟེགས་ཅན་རྣམས་སྤ་གོང་བས། །འདི་ལན་གླན་པའི་དུས་ནི་འདི་ཡིན་སྙམ། །རྒྱལ་པོའི་གཡར་ལམ་དེ་དག་ཤིན་དུ་ངན། །རྒྱལ་པོ་ཉིད་ཀྱི་ཐུགས་ལྟར་གཅེས་པ་ཅིག །སྲོག་གི་བླུད་ཏུ་བཏང་ན་ཟློག་གོ་ཟེར། །སྙིང་ལྟར་གཅེས་པ་གསེར་ཕྲེང་ཅན་ཡིན་མོད། །འདི་ནི་བླུད་ཏུ་གཏོང་བར་མི་ཕོད་ཟེར། །འདི་ཉིད་སྲོག་གི་བླུད་མར་མ་བཏང་ན། །འགྲོངས་སམ་རྒྱལ་སྲིད་འཇིག་པར་ངེས་སོ་ཞེས། །སྨྲས་པ་བདག་ཉིད་གཅེས་ཕྱིར་ཁས་ལེན་བྱས། །བུ་མོས་ཤེས་ཏེ་ཡབ་ལ་འདི་སྐད་སྨྲས། །ཡབ་ལ་ཕན་ན་བདག་སྲོག་འདོར་སྤྲོ་ཡང༌། །འདི་དག་རྣམས་ལ་ཤེས་པ་འགའ་ཡང་མེད། །དེ་བཞིན་གཤེགས་པའི་དྲུང་དུ་ཞུས་ཤིག་ཟེར། །༼ག༣༥ན༽རྒྱལ་པོས་ཐུབ་པའི་གཙོ་ལ་ཞུས་པའི་ཚེ། །རྒྱལ་བའི་ཞལ་ནས་རྨི་ལམ་དེ་དག་ནི། །ཁྱོད་ལ་ངན་པར་འགྱུར་པ་མ་ཡིན་ཏེ། །མ་འོངས་སྐྱེ་རྒུའི་ཚེ་ལོ་བརྒྱ་པའི་ཚེ། །ཤཱཀྱ་ཐུབ་པ་ཞེས་བྱའི་སངས་རྒྱས་འབྱུང༌། །དེ་ཡི་བསྟན་པ་ཐ་མར་གྱུར་པའི་ཚེ། །ཇི་ལྟར་འབྱུང་བའི་མཚན་མ་ཡིན་གྱིས་ཉོན། །སྡོམ་ནི་གླང་གཉིས་སྤྲེའུ་གཉིས་ཙནྡན་ཕྱེ། །ལྡུམ་ར་ཁྲོན་པ་ཐབ་མོ་རས། །གླང་པོ་ཆེ་ཞིག་སྐར་ཁུང་ནས་བྱུང་སྟེ། །ལུས་ཐོན་མཇུག་མ་ཐོགས་པར་མཐོང་བ་ནི། །དེ་ཚེ་རབ་བྱུང་རྣམས་ནི་ཁྱིམ་སྤངས་ཀྱང༌། །གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་ཀྱིས། །འདོར་བར་མི་ནུས་ཆགས་པར་འགྱུར་བའི་ལྟས། །གླང་ཆེན་ཕལ་པས་སྤོས་ཀྱི་གླང་པོ་ཆེ། །གནས་ནས་སྐྲོད་པ་མཐོང་བ་དེ་ཡང་ནི། །ཁྲིམས་འཆལ་རྣམས་ཀྱིས་བསླབ་གསུམ་པ་དག་མཆོག །གནས་ནས་འབྱིན་པར་འགྱུར་བའི་སྔ་ལྟས་ཡིན། །སྤྲེ་འུས་སྤྲེ་འུའི་ཚོགས་ལ་དབང་བསྐུར་བ། །རྨི་ལམ་ནང་དུ་མཐོང་བ་དེ་ཡང་ནི། །མཁན་སློབ་ལ་སོགས་བླ་མའི་གནས་རྣམས་ཀྱི། །མཚན་ཉིད་མི་ལྡན་བཞིན་དུ་བླ་མའི་གནས། །བྱེད་ཅིང་སློབ་མ་སྡུད་པར་འགྱུར་བའི་ལྟས། །མི་གཙང་བ་ཡིས་གོས་པའི་སྤྲེ་འུ་ཞིག །སྤྲེ་འུ་ཀུན་ལ་མི་གཙང་སྐུད་བྱེད་པ། །དེ་ནི་ཚུལ་འཆལ་རྣམས་ཀྱི་ཚུལ་ལྡན་ལ། །ཉེས་པ་གླེང་ཞིང་བསྒོ་བར་འགྱུར་བའི་ལྟས། །ཙན་དན་གོརྴཱིཥ་ཡི་སྡོང་པོ་དང༌། །ཕལ་པའི་ཤིང་སྡུམ་མགོ་སྙོམ་བྱེད་པ་ནི། །སྒྲ་ཚད་རྩིས་སོགས་མུ་སྟེགས་གཞུང་རྣམས་དང༌། །རྒྱལ་བའི་བཀའ་རྣམས་མགོ་སྙོམ་བྱེད་པའི་ལྟས། །ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཞིག །བརྗེ་བར་མཐོང་བ་དེ་ནི་མ་འོངས་ཚེ། །ཟང་ཟིང་ངན་ངོན་ཕྱི་ཕྱེ་དང་འདྲ་བའི་ཆེད། །མུ་ཏིག་ལྟ་བུའི་དམ་ཆོས་འཚོང་བའི་ལྟས། །དགེ་འདུན་རྣམས་ཀྱི་ལྡུམ་ར་ཕུན་ཚོགས་རྣམས། །ཁྱིམ་པ་མང་པོས་སྤྱོད་མཐོང་བ་དེ། །མ་འོངས་དེ་ཚེ་དགེ་འདུན་འདུ་བའི་སྒོ། །༼ག༣༥བ༽ཕལ་ཆེར་གཉེན་དང་ཡུལ་ཕྱོགས་ལ་སོགས་པས། །བསྡུས་པའི་ཁྱིམ་པས་སྤྱོད་པར་འགྱུར་བའི་ལྟས། །རབ་ཏུ་སྐོམ་པའི་མི་ཞིག་ཆུ་འཚོལ་ཕྱིར། །མྱ་ངམ་ཐང་ལ་རབ་ཏུ་རྒྱུག་བྱེད་ཅིང༌། །ཡན་ལག་བརྒྱད་ལྡན་ཆུས་གང་ཁྲོན་པ་ཅིག །མི་དེའི་རྗེས་སུ་འབྲེང་ལ་མི་དེས་ཀྱང༌། །མཐོང་བཞིན་མི་འཐུང་འོན་ཀྱང་ཆུ་འཚོལ་བར། །ཁྱོད་ཀྱིས་རྨི་ལམ་ནང་དུ་མཐོང་བ་དེ། །མ་འོངས་དེ་ཚེ་ཆོས་འདོད་ཆོས་འཚོལ་ཞིང༌། །དམ་ཆོས་བསྟན་ན་དོན་དུ་མི་གཉེར་ལ། །འོན་ཀྱང་འཚོལ་བར་བྱེད་རྣམས་འབྱུང་བའི་ལྟས། །གཞན་ཡང་རྒྱལ་པོ་ཁྱོད་ཀྱི་རྨི་ལམ་ན། །མི་རྣམས་སྡེ་ཚན་སྡེ་ཚན་བཅད་ནས་ནི། །རྩོད་ཅིང་འགྱེད་ལ་འཁྲུག་པར་མཐོང་བ་དེ། །དེ་ཚེ་ལྟ་དང་གྲུབ་མཐའ་སྣ་ཚོགས་པ། །སོ་སོར་སྡེ་སྡེར་བཅད་ནས་རྩོད་པའི་ལྟས། །རྒྱལ་པོ་ཁྱོད་ཀྱི་རྨི་ལམ་ནང་རོལ་ན། །མི་ནི་བཅོ་བརྒྱད་ཀྱིས་ནི་རས་ཡུག་གཅིག །བགོས་པས་མི་རེས་རས་ཡུག་རེ་རེ་ཐོབ། །འོན་ཀྱང་རྩ་བའི་རས་ཡུག་མ་ཉམས་པར། །མཐོང་བ་དེ་ནི་ཤཱཀྱ་ཐུབ་པ་དེའི། །བསྟན་པ་རྣམ་པ་བཅོ་བརྒྱད་ཏུ་གྱེས་འགྱུར། །རེ་རེས་བསྟན་པ་ཡོངས་རྫོགས་རེ་རེ་འཐོབ། །རྣམ་པར་གྲོལ་བའི་རས་ཀྱང་ཉམས་པ་མེད། །དེ་ལྟར་ཁྱོད་ཀྱི་རྨི་ལམ་རྣམ་པ་བཅུ། །མ་འོངས་དེ་ཚེ་འབྱུང་བའི་ལྟས་ཡིན་གྱི། །ཁྱོད་ལ་གནོད་པར་འགྱུར་བ་མེད་ཅེས་གསུངས། །དེ་ལྟར་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་མདོ། །དྲངས་ཏེ་གྱེས་པ་བཅོ་བརྒྱད་བཀའ་རུ་བསྡུས། །འདི་ནི་རྒྱལ་བའི་བཀའ་བསྡུ་གསུམ་པ་ཡིན། །འདི་ལ་གནས་བརྟན་པ་ཁོ་ན་སྡེ་པའི་རྩ་བར་འདོད་པ་དང་ཐམས་ཅད་ཡོད་སྨྲ་རྩ་བར་འདོད་པ་སོགས་བཤད་ལུགས་མང་དུ་ཡོད་ཀྱང་གསང་སྔགས་སུ་དགྱེས་རྡོར་དང་སམྦྷུ་ཊར་རྩ་འཁོར་ལོ་བཞི་ལ་སྡེ་པ་བཞིའི་མིང་དུ་གསུངས་པ་དང་དུས་འཁོར་དུ་ཞལ་བཞི་ལས་སྡེ་པ་བཞི་སྤྲོས་པ་སོགས་ཡོད་པས་རྩ་བའི་སྡེ་པ་བཞི་ཁོ་ནར་འཐད་པ་ཡིན་ནོ། །
མཁས་པ་ཆེན་པོ་ས་སྐྱ་པཎྜི་ཏས། །ལྷ་ཆེན་ཞེས་བྱ་མཚམས་མེད་གསུམ་བྱས་པས། །རང་ཞུགས་རྟགས་བླངས་དགྲ་བཅོམ་དུ་གྲགས་ཏེ། །འཁོར་མང་བསྡུས་པས་བསྟན་པ་དཀྲུགས་བྱས་ཏེ། །སངས་རྒྱས་འདས་འོག་སོ་སྐྱེས་འཁོར་བསྡུས་པ། །འདི་ལས་མང་བ་མེད་ཅེས་བཤད་སྣང་བ། །འདི་ཡི་ཁུངས་ནི་གང་ཡིན་དཔྱད་པར་འོས། །རྗེ་འབྲང་༼ག༣༦ན༽འགའ་ཡིས་རྟོག་གེ་འབར་བ་ལས། །བཤད་པའི་བཟང་པོ་དང་ནི་གཅིག་པ་སྟེ། །དེ་ཡིས་བཟང་པོ་ཡིན་པར་ཁས་བླངས་སོ། །ཞེས་སོགས་ཐོབ་པའི་ཕྱིར་ཞེས་བྲིས་མོད་ཀྱང༌། །བདུད་ཀྱིས་སྤྲུལ་པ་བཟང་པོའི་མིང་ཅན་དེས། །ཆོ་འཕྲུལ་སྣ་ཚོགས་བསྟན་ནས་སོ་སྐྱེ་རྣམས། །ཡིད་བསྒྱུར་མགུ་ཚེ་ལམ་གཞན་སྟོན་པར་བཤད། །ལྷ་ཆེན་དེ་ལ་རྫུ་འཕྲུལ་མི་ལྡན་ཕྱིར། །ད་ནང་རྫུ་འཕྲུལ་ཉམས་ཞེས་རྫུན་རིབ་ཀྱིས། །འཁོར་རྣམས་བསླུས་པར་རབ་དབྱེ་ཉིད་ལས་བྱུང༌། །སྤྲུལ་པ་ལ་ནི་སེམས་མེད་པར་གསུངས་ཕྱིར། །སྤྲུལ་པ་ཡིན་ན་སོ་སྐྱེར་ཡང་མི་རིགས། །དེས་ན་རྫུ་འཕྲུལ་མེད་པའི་ལྷ་ཆེན་དེ། །རྫུ་འཕྲུལ་ལྡན་པའི་བཟང་པོ་མ་ཡིན་ནོ། །དེ་ལྟར་བཀའ་བསྡུ་རིམ་པ་གསུམ་པོ་ནི། །ཐུན་མོང་ཐེག་པའི་བཀའ་ཡི་བསྡུ་བ་སྟེ། །འདི་ལ་བཀའ་བསྡུ་གསུམ་པ་ཕན་མ་གྲགས། །
ཐེག་པ་ཆེན་པོའི་བཀའི་བསྡུ་བ།
༄༅། །ཐེག་ཆེན་ཁོ་ནའི་བཀའ་ཡི་བསྡུ་བ་ནི། །གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་རི། །བི་མ་ལ་སྭ་བྷཱ་ཝ་ཞེས་བྱ་བར། །རྒྱལ་བའི་སྲས་པོ་འབུམ་ཕྲག་བཅུ་འདུས་ཏེ། །འཇམ་དཔལ་བྱམས་པ་ཕྱག་རྡོར་རྣམ་གསུམ་གྱིས། །མདོ་སྡེ་འདུལ་བ་མ་མོ་བསྡུས་པར་གྲགས། །འདི་ཚེ་སྡེ་སྣོད་རེ་རེ་ལྟ་ཅི་སྨོས། །ཆོས་ཀྱི་རྣམ་གྲངས་རེ་རེའང་ཚད་མེད་སྟེ། །ཆོས་ཀྱི་རྣམ་གྲངས་ཀུན་ནས་མིག་གཅིག་བུའི། །ཚད་ཀྱང་གཟུང་མི་ནུས་པར་གསུངས་ཕྱིར་རོ། །འདི་ལ་བསྡུ་བ་གཉིས་པ་སོགས་མ་གྲགས། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་རྣམས། །ཞུ་བ་པོ་དང་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བསྡུས་ཏེ་ཨོ་རྒྱན་སྤྲུལ་པའི་ཞིང་ལ་སོགས། །ནུབ་པ་མེད་པའི་ཞིང་ན་རྟག་པར་གནས། །དྲང་བའི་དོན་གྱིས་གདུལ་བྱའི་སྣང་བ་བཞིན། །བཀའ་ཡི་སྡུད་པོའང་དུ་མར་སྣང་བ་སྟེ། །ཅུང་ཟད་ངེས་པའི་དོན་དུ་བཀའ་མ་ལུས། །སྡུད་པོ་གསང་བདག་ཕྱག་རྡོར་ཁོ་ན་སྟེ། །མདོ་ལས་སྨོན་ལམ་མཐུ་ཡིས་ཡིན་པར་བཤད། །དུས་ཀྱི་འཁོར་ལོར་རྒྱལ་༼ག༣༦བ༽བ་ཀུན་གྱི་སྙན། །གཅིག་བསྡུས་སེམས་དཔའ་ཕྱག་རྡོར་ཡིན་པར་གསུངས། །ཤིན་དུ་ངེས་པའི་དོན་དུ་སྟོན་པོ་དང༌། །སྡུད་པོ་བསྟན་བྱའི་ཆོས་རྣམས་ཐམས་ཅད་ཀྱང༌། །ཡེ་ཤེས་གཅིག་ལས་རྣམ་དབྱེར་མེད་པ་སྟེ། །ཐམས་ཅད་ལྷན་ཅིག་སྐྱེས་དངོས་གཅིག་དུ་བསྟན། །
ཐུན་མོང་བསྟན་པའི་གཏད་རབས།
༄༅། །དེ་ལྟར་བསྡུ་བྱའི་བསྟན་པ་རིན་ཆེན་ནི། །རྫོགས་སངས་རྒྱས་ཀྱིས་འོད་སྲུང་ཆེན་པོར་གཏད། །ཀུན་དགའ་ཤ་ནའི་གོས་ཅན་ཉེར་སྦས་དང༌། །དྷི་དྷི་ཀ་དང་དེ་ནས་བྷི་བྷི་ཀ། བུ་ཧ་ནནྟི་བུདྡྷ་མེ་ཏ་དང༌། །རྩིབས་དང་སུ་ན་ཤ་ཏ་རྟ་སྐད་དང༌། །ཤི་བ་ལ་དང་ཀླུ་སྒྲུབ་འཕགས་པ་ལྷ། །རཱ་ཧུ་ལ་དང་སངྒྷ་ནནྟི་དང༌། །དགྲ་བཅོམ་ག་ཡ་ཤ་དང་ཀུ་མ་ར། །ཤ་ཡ་ཏ་དང་བ་སུ་བནྡུ་དང༌། །མ་ནེ་ཏ་དང་ཧ་ཀ་ལི་ཀ་ནེ། །སེང་གེའི་བར་དུ་རིམ་གྱིས་གཏད་ཏོ་ཞེས། །ལངྐར་གཤེགས་པའི་མདོ་ཡི་འབྲེལ་པར་བྱུང༌། །ཐུན་མོང་ཐེག་པའི་བསྟན་པའི་གཏད་རབས་ཡིན། །
ཐེག་ཆེན་ཐུན་མོང་མིན་པའི་བསྟན་པའི་གཏད་རབས།
༄༅། །ཐེག་ཆེན་ཐུན་མོང་མིན་པའི་བསྟན་པ་ནི། །འཇམ་དཔལ་གྱིས་ནི་འཕགས་མཆོག་ཀླུ་སྒྲུབ་དང༌། །བྱམས་པས་ཐོགས་མེད་རྗེས་སུ་བཟུང་མཛད་སྟེ། །ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པའི་རྒྱུད། །དཔལ་ལྡན་ཨ་ཏི་ཤ་ཡི་བར་ཉིད་ཏུ། །འཕགས་པའི་འབྱུང་གནས་རྒྱ་གར་དེ་ཉིད་ཏུ། །བསྟན་པའི་གཏད་རབས་རྒྱུན་མ་ཆད་པ་སྟེ། །ཇོ་བོའི་རྣམ་ཐར་ལམ་ཡིག་ཆེན་མོ་ལས། །དཔལ་ལྡན་ན་རོ་པ་ཡིས་ཇོ་བོ་ལ། །བསྟན་པ་གཏད་ནས་ལྷོ་ཕྱོགས་བྱོན་ཞེས་བཤད། །ན་རོ་ཞབས་ཀྱིས་མངའ་བདག་མར་པ་ལ། །ཁ་བ་ཅན་གྱི་རྒྱལ་ཁམས་འདུལ་བའི་ཕྱིར། །ལུང་བསྟན་རྒྱལ་ཚབ་བསྐོས་ཞེས་གསལ་བར་བྱུང༌། །དེ་ཕྱིར་དཔལ་ལྡན་ན་རོའི་ཞབས་དེ་ཡིས། །ཐུབ་པའི་བསྟན་པ་རྣམ་པ་གཉིས་ཕྱེ་སྟེ། །དཔལ་ལྡན་ན་རོའི་ཞབས་དེ་ཡིས། །ཐུབ་པའི་བསྟན་པ་རྣམ་པ་གཉིས་ཕྱེ་སྟེ། །ཐུན་མོང་ཐེག་པའི་བསྟན་པ་རྒྱ་མཚོ་ནི། །ཇོ་བོ་ཨ་ཏི་ཤ་ཡི་ཕྱག་དུ་གཏད། །ཡང་སྙིང་རྡོ་རྗེ་ཐེག་པའི་སྒྲུབ་པའི་བསྟན། །མར་པ་ཆོས་ཀྱི་བློ་གྲོས་ལ་གཏད་ནས། །གཉི་གས་བྱང་ཕྱོགས་༼ང༣༧ན༽འདུལ་བར་ལུང་བསྟན་མཛད། །རྒྱལ་བས་ཤེས་ཕྱིན་མདོ་ལས་ཟབ་མོའི་དོན། །བྱང་གི་ཕྱོགས་སུ་རྒྱས་པར་ལུང་ཡང་བསྟན། །བཀའ་ཕྱག་གཉིས་ཀའི་བརྒྱུད་པའི་ཆུ་བོ་ནི། །ཏིང་འཛིན་རྒྱལ་པོའི་མདོ་ལས་ལུང་བསྟན་པའི། །དཔལ་ལྡན་སྒམ་པོ་པ་ལ་གཅིག་དུ་འདྲེས། །དེ་ལས་བྱུང་བའི་བསྟན་པ་རིན་ཆེན་ནི། །དངོས་དང་ཡན་ལག་དུ་མར་བཅས་པ་ཡིས། །དེང་སང་དུ་ཡང་ཅུང་ཟད་ཙམ་ཞིག་གནས། །བཀའི་བསྡུ་བ་ཁྱད་པར་དུ་བཤད་པའི་སྐབས་ཏེ་གཉིས་པའོ། །
ལེའུ་གསུམ་པ་དཀོན་མཆོག་གསུམ་གྱི་རྟེན་བྱུང་ཚུལ།
ཐུབ་པའི་བྲིས་སྐུ་ཆུ་ལོན་མ།
༄༅། །བསྐལ་བཟང་སངས་རྒྱས་བཞི་པ་ཤཱཀྱའི་ཏོག །འདི་ཡི་སྐུ་གསུམ་རྟེན་མཆོག་བྱུང་ཚུལ་ནི། །སྒྲ་སྒྲོགས་རྒྱལ་པོ་ཨུ་ཏྲ་ཡ་ན་དང༌། །གཟུགས་ཅན་སྙིང་པོ་ཕན་ཚུན་མ་མཐོང་བའི། །མཛའ་བོར་བྱས་ཏེ་སྐྱེས་ཀྱིས་འགྲུལ་བའི་ཚེ། །རིན་ཐང་མེད་པའི་ནོར་བུའི་ཁྲབ་བསྐུར་བས། །གཟུགས་ཅན་སྙིང་པོས་སྐྱེས་ལན་མ་རྙེད་ནས། །སྟོན་པར་གསོལ་བས་རས་ལ་རྒྱལ་བའི་སྐུ། །མདོར་བསྡུས་བཀར་བཅས་བྲིས་ལ་སྐུར་ཞིག་གསུངས། །སྟོན་པའི་གཟི་བྱིན་ཉི་འོད་ལྟར་འབར་བས། །བཟོ་བོ་རྣམས་ཀྱི་འབྲི་བར་མ་ནུས་ནས། །ཁྲུས་རྫིང་སྟེང་བཞུགས་ཆུ་ནང་ཤར་བ་ཡི། །སྐུ་གཟུགས་ཇི་བཞིན་རས་ལ་རི་མོར་བྲིས། །སྟེང་དང་འོག་དུ་རྟེན་འབྲེལ་ལུགས་འབྱུང་ལྡོག །གསུམ་ལ་སྐྱབས་འགྲོ་བསླབ་པའི་གཞི་ལྔ་དང༌། །ཕན་ཡོན་བཅས་བྲིས་གསེར་དངུལ་ཟངས་མ་ཡི། །དོང་བུར་བཅུག་སྟེ་གླང་ཆེན་སྟེང་བཞག་ནས། །འདི་ནི་འཇིག་རྟེན་གསུམ་ལས་འདས་པའི་སྐྱེས། །ཤེད་མཐུན་དགྱེས་པ་ཁྱོད་ལ་བདག་གིས་བསྐུར། །ཁྱོད་ཀྱིས་དཔུང་ཚོགས་ཡན་ལག་རྣམ་བཞིས་གསུས། །གོ་སྐབས་ཡངས་པར་སྤོས་ཆུ་མེ་ཏོག་གཏོར། །གདུགས་བཅས་སེང་གེའི་ཁྲི་ལ་བཞུགས་གསོལ་ནས། །དད་ཅིང་གུས་པས་༼ང༣༧བ༽འདུད་སྟེ་ཞལ་ཕྱེ་ཞེས། །ཕྲིན་ཡིག་བསྲིངས་ཏེ་རྒྱལ་པོས་ཞལ་ཕྱེ་ཚེ། །ཚོང་པ་ཀུན་གྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཐོས་པས་རྒྱལ་པོ་སྤུ་ལངས་མཆི་མ་གཡོས། །བཀའ་ཡི་ཚིགས་སུ་བཅད་པ་རྣམས་བཀླགས་པས། །སྐྱབས་སུ་སོང་སྟེ་དགེ་བསྙེན་ཉིད་ཏུ་གྱུར། །བདེན་པ་མཐོང་སྟེ་ཆོས་མིག་ཐོབ་པར་གྱུར། །ཐུབ་པའི་བྲིས་སྐུ་ཆུ་ལོན་མ་ཞེས་གྲགས། །
ཐུབ་པའི་བྲིས་སྐུ་འོད་ཟེར་མ།
༄༅། །ཡང་ནི་སེར་སྐྱར་དམ་ཆོས་གསུང་བའི་ཚེ། །ཤཱཀྱ་མིང་ཆེན་གྱི་ནི་མཆིས་བྲང་གིས། །བྲན་མོ་མུ་ཏིག་དོ་ཤལ་ལེན་པར་བསྐུལ། །ཀྱེ་མ་བྲན་མོའི་དངོས་པོ་སྡུག་བསྔལ་ཏེ། །དམ་ཆོས་འདི་འདྲ་ཉན་པའི་སྐལ་མེད་སྙམ། །དད་ཅིང་གདུང་ཤུགས་བཅས་པས་ལ་གོར་སོང༌། །སྟོན་པས་དེ་ཡི་དད་པ་དགོངས་ནས་ནི། །དམ་ཆོས་ཚིགས་བཅད་གཅིག་ཅིག་བྲིས་ཏེ་བསྐུར། །དགའ་མགུ་དང་བའི་སེམས་ཀྱིས་སོང་བ་དེ། །ལམ་དུ་བ་དྲུས་ཤིག་གིས་བརྡུངས་ཏེ་ཤི། །དེ་མ་ཐག་དུ་སིངྒྷ་ལ་ཡི་ཡུལ། །རྒྱལ་པོའི་བཙུན་མོ་མཆོག་གི་མངལ་དུ་ཞུགས། །བཙས་ཚེ་མཁའ་ལས་མུ་ཏིག་ཆར་པ་བབ། །མིང་ཡང་མུ་ཏིག་ཅན་ཞེས་བྱ་བར་གྱུར། །ཆེར་སྐྱེས་ཚེ་ན་ཡུལ་དབུས་ཚོང་པ་ཡིས། །རྒྱལ་བའི་བཀའ་ལ་ཁ་ཏོན་བྱས་པ་ཐོས། །བཟང་པོའི་གླུ་དེ་ད་དུང་ལོང་ཞིག་སྐད། །འདི་ནི་གླུ་མིན་སངས་རྒྱས་བཀའ་ཡིན་སྨྲས། །སངས་རྒྱས་ཞེས་བྱ་ཐོས་པ་ཙམ་གྱིས་ནི། །བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པ་ཡིས། །སླར་དྲིས་ཚོང་པས་ཡོན་ཏན་ཅི་ནུས་བརྗོད། །བདག་ནི་སྲིད་པའི་གནས་ལས་དྲང་གསོལ་ཞེས། །རང་གིས་ལག་བདར་འཕྲིན་ཡིག་བྲིས་ཏེ་བསྐུར། །སྟོན་པས་བཞེས་ནས་རས་ཀྱི་ངོས་ལ་ནི། །འོད་ཟེར་བཏང་བཞིན་རིག་བྱེད་པ་ཡིས་བྲིས། །བཀའ་ཡི་ཚིགས་སུ་བཅད་པ་དང་བཅས་བསྐུར། །མཐོང་བའི་མོད་ལ་བུ་མོས་བདེན་པ་རྟོགས། །གླིང་དེའི་མི་ཀུན་རྒྱལ་བའི་བསྟན་ལ་བཙུད། །དྲིན་ལན་དཀོན་མཆོག་གསུམ་ལ་མུ་ཏིག་མཆོག །མ་ག་དྷ་ཡི་༼ང༣༨ན༽བྲེ་ཆེན་རེ་རེ་ཕུལ། །ཐུབ་པ་འོད་ཟེར་མ་ཞེས་གྲགས་པ་ཡིན། །འདི་དག་བསྟན་འདིའི་བྲིས་སྐུའི་ཐོག་མ་ཡིན། །
ཐུབ་པའི་འབུར་སྐུའི་ཐོག་མ།
༄༅། །ཁྱིམ་བདག་དད་ལྡན་རྣམས་ཀྱིས་གདུགས་ཚོད་ལ། །དགེ་འདུན་སྤྱན་དྲངས་སྟོན་པ་མ་གཤེགས་ཚེ། །གྲལ་གྱི་ཐོག་མ་མི་བརྗིད་གྱུར་མཐོང་ནས། །ཁྱིམ་བདག་ཆེན་པོ་མགོན་མེད་ཟས་སྦྱིན་གྱིས། །སྟོན་པས་གནང་ན་བདག་གིས་རིན་ཆེན་ལས། །སྟོན་པའི་སྐུ་བགྱིས་གྲལ་གྱི་ཐོག་མ་ལ། །བཞུགས་སུ་གསོལ་ཞེས་གསོལ་བཏབ་གནང་བ་ཐོབ། །རང་ཉིད་གཏེར་ཀུན་མཐོང་བའི་མིག་ལྡན་ཡང༌། །སྙིང་རྗེས་གཞན་དོན་ཁོ་ནར་ཞུགས་པ་དེས། །གླང་ཆེན་ལ་བཞོན་གདུགས་དང་རྒྱལ་མཚན་བསྒྲེངས། །དུང་དཀར་ལ་སོགས་རོལ་མོར་ལྡན་པ་ཡིས། །དབུལ་པོའི་སྲང་སོགས་གྲོང་ཁྱེར་ཀུན་ཞུགས་ཏེ། །སྐུ་གཟུགས་ཕྱིར་དུ་ཀུན་ལས་སློང་མོ་བསླངས། །རྒྱལ་བའི་སྐུ་གཟུགས་མང་དུ་བྱས་པར་གསུངས། །དེ་རྣམས་སྐུ་གཟུགས་འབུར་དོད་ཐོག་མ་ཡིན། །དེ་དག་འདུལ་བའི་ལུང་ལས་ཡང་དག་བཤད། །
ཐུབ་པའི་གསུང་རྟེན་གྱི་ཐོག་མ།
༄༅། །གསུང་རྟེན་ཐོག་མ་འཁོར་ལོ་བར་པའི་ཚེ། །བརྒྱ་བྱིན་གྱིས་ནི་གསེར་གྱི་གླེགས་བུ་ལ། །བཻ་དཱུརྻ་སྔོན་བཞུས་པས་ཤེས་ཕྱིན་བྲིས། །ལྷ་ཡི་གནས་སུ་མཆོད་ཅིང་བཀུར་བར་གསུངས། །གཞན་ཡང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས། །གླེགས་བམ་བྱས་ཏེ་རྒྱལ་མཚན་རྩེར་བཏགས་པས། །ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བ་སོགས། །གཟུངས་སྔགས་ཆེན་པོ་དུ་མ་དག་ལས་བྱུང༌། །ཁྱིམ་བདག་མགོ་རེག་ཤི་བའི་བདོག་པ་ཀུན། །དགེ་འདུན་རྣམས་ལ་ཕུལ་ནས་བཞེས་པའི་ཚེ། །རྒྱལ་བའི་བཀའ་ཡི་གླེགས་བམ་འཚོང་མི་གནང༌། །མུ་སྟེགས་ཅན་གཞུང་འཚོང་དུ་གནང་ངོ་ཞེས། །གསུངས་ཕྱིར་བཀའ་ཡི་གླེགས་བམ་ཡོད་པར་གྲུབ། །བཀའ་བསྡུའི་ཚེ་ན་སྡུད་པ་པོ་རྣམས་ཀྱིས། །རང་རང་ཡུལ་དུ་སོ་སོའི་སྐད་རྣམས་ཀྱིས། །བྲིས་ཞེས་དུས་ཀྱི་འཁོར་ལོའི་འགྲེལ་པར་བཤད། །ཨུ་པ་ཞེས་༼ང༣༨བ༽བྱ་མ་སྐྱེས་དགྲ་ཡི་བུས། །ང་ཡི་བཀའ་ཀུན་གླེགས་བམ་འབྲི་འགྱུར་ཞེས། །སྟོན་པ་ཉིད་ཀྱིས་སྔོན་དུ་ལུང་ཡང་བསྟན། །
ཐུགས་ཀྱི་རྟེན་རྣམས་ཀྱི་ཐོག་མ།
༄༅། །སེར་སྐྱའི་གྲོང་དུ་སྐུ་བལྟམས་མཆོད་རྟེན་དང༌། །མ་ག་དྷ་རུ་བྱང་ཆུབ་ཆེན་པོ་ཉིད། །ཝ་ར་ཎ་སིར་ཆོས་འཁོར་མཆོད་རྟེན་ཏེ། །མཉན་དུ་ཡོད་པར་ཆོ་འཕྲུལ་མཆོད་རྟེན་དང༌། །ཀ་ཤིའི་གྲོང་དུ་ལྷ་ལས་བབས་པ་ཉིད། །རྒྱལ་པོའི་ཁབ་ཏུ་དགེ་འདུན་དབྱེན་བསྡུམས་དང༌། །ཇེ་ཏའི་ཚལ་དུ་སྐུ་ཚེ་བརྟན་པ་ཉིད། །རྩྭ་ཅན་གྲོང་དུ་མྱང་འདས་མཆོད་རྟེན་ཏེ། །མཛད་པ་སོ་སོའི་སྐབས་སུ་རིམ་པར་བྱུང༌། །འདི་དག་མདོ་ལས་ཞར་བྱུང་ཙམ་དུ་གསལ། །
བཀའ་ཆེམས་ཀ་བཀོལ་མ་ལས་ཐུབ་པའི་རྟེན་རྣམས་བྱུང་ཚུལ་འཆད་པ།
༄༅། །ད་ནི་བོད་ཡུལ་སྤྲུལ་པའི་ཆོས་རྒྱལ་གྱི། །བཀའ་ཆེམས་ཀ་བཀོལ་མ་ལས་བྱུང་རྣམས་འཆད། །སྟོན་པ་མྱ་ངན་འདའ་བར་ཉེ་བའི་ཚེ། །འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་གསོལ། །ད་ལྟ་ཁྱོད་ཞལ་ལྟ་ཞིང་དམ་ཆོས་ཉན། །མུ་སྟེགས་འདུལ་ཞིང་བསོད་ནམས་ཞིང་མཛད་ན། །མྱ་ངན་འདས་ནས་དེ་རྣམས་སུས་བགྱིད་འགྱུར། །སྟོན་པས་བཀའ་བསྩལ་ཉན་ཐོས་མཆོག་རྣམས་ཀྱིས། །བཀའ་རྣམས་སྡུད་བྱེད་ཐེ་ཚོམ་དེ་ཡིས་གཅོད། །བསོད་ནམས་ང་ཡི་དགེ་འདུན་རྣམས་ལ་སོགས། །དྲུག་སྡེ་རྒྱལ་བའི་སྤྲུལ་ཡིན་ངག་གིས་དུལ། །བསྟན་པ་གནས་ཅིང་མུ་སྟེགས་འདུལ་བའི་ཕྱིར། །ང་ཡི་སྐུ་ཚབ་བཞེང་བར་གྱིས་ཤིག་གསུངས། །ཞལ་གྱི་སྒོ་ནས་འོད་ཟེར་གསུམ་སྤྲོས་ཏེ། །ཚངས་དང་བརྒྱ་བྱིན་རཱ་ཧུ་ལ་ལ་ཕོག །སོ་སོར་སྤོབས་པ་སྐྱེས་ནས་ཕྱག་བཙལ་ཏེ། །སོ་སོས་སྐུ་གསུམ་རྟེན་མཆོག་བཞེང་བར་ཞུས། །བི་ཤ་ཀརྨས་གཟོ་བོར་ཁས་བླངས་ཅིང༌། །བྱམས་པས་དཀོན་གཉེར་ཕྱག་རྡོར་སྐུ་སྲུང་དང༌། །གཙང་རིས་བདུན་བཅུས་སྲུང་མར་ཁས་ལེན་བྱས། །ཚངས་པས་ལྷ་ཡི་རིན་ཆེན་སྣ་ཚོགས་སྤུངས། །བཞུ་བཏུལ་བླུག་པས་མཆོད་རྟེན་ཟླུམ་པོ་ནི། །ཚངས་པའི་འདོམ་གང་ཁ་དོག་དུ་བ་འདྲ། །ཕྱི་ནས་རྒྱལ་བའི་རིང་སྲེལ་གྱིས་༼ང༣༩ན༽བཀང་སྟེ། །ཨོ་རྒྱན་མཁའ་འགྲོའི་ཡུལ་དུ་སྤྱན་དྲངས་བཞུགས། །ལན་བདུན་བསྐོར་བས་མཆོག་དངོས་འགྲུབ་བོ་སྐད། །ཆོས་སྐུའི་རྟེན་འདིས་ལྷ་དང་མཁའ་འགྲོ་འདུལ། །རཱ་ཧུ་ལ་ཡིས་ཀླུ་ཡི་རིན་ཆེན་ཚོགས། །སྤུངས་པ་བཞུ་བཏུལ་བླུག་པས་ལོངས་སྐུའི་རྟེན། །རྣམ་སྣང་གངས་ཆེན་མཚོ་རྒྱལ་ཞེས་བྱ་བ། །དཔག་ཚད་བརྒྱད་བཅུ་མཆུ་ཞེང་གབ་པའི་སྐུ། །སྐུ་མདོག་མཐིང་ཀ་ཕྱག་གཉིས་མཉམ་བཞག་ཅན། །དབུ་གཙུག་ཟླ་བའི་ཆུ་ཤེལ་གྱིས་སྤྲས་གྲུབ། །བཞུགས་ནས་ཕྱི་ཡི་རྒྱ་མཚོའི་ནང་དུ་བཞུགས། །ལྟེ་བ་མན་ཆད་ཆུ་ཡི་ནང་དུ་ནུབ། །དེ་ཡིས་ཆུ་ནང་གནས་པའི་འགྲོ་དོན་མཛད། །ལྟེ་བ་ཡན་གྱིས་ལྷ་དང་དྲི་ཟ་སོགས། །སྐམ་དང་བར་སྣང་གནས་པའི་འགྲོ་དོན་མཛད། །བྱ་རྣམས་དབུ་ཡི་སྟེང་དང་དཔུང་ཁར་སྡོད། །བྱ་ཐལ་བདལ་ནས་གངས་རི་ལྟ་བུར་བཞུགས། །བཅོ་ལྔའི་མཚན་མོ་ཆུ་ཤེལ་ཟླ་འོད་ཀྱིས། །རེག་པའི་ཆུ་རྒྱུན་མཚན་མ་མེད་པ་ཡིས། །སྐུ་ཁྲུས་གསོལ་ཏེ་བཻ་ཌཱུརྻ་མདོག་འགྱུར། །ཁྲུས་ཆབ་དེ་འཐུངས་ཕན་ཡོན་མཐའ་ཡས་འཐོབ། །ནོར་བུ་ལེན་པའི་གཟིངས་ཆེན་བསྐྱོད་པ་ན། །རྒྱབ་མདུན་རེ་ལ་དྲོ་སྐད་རེ་རེ་དགོས། །གྲུ་མོའི་ནང་ལ་གཟིངས་བཅུག་མཆོད་པ་ཕུལ། །དེ་ཡིས་ཅི་འདོད་ནོར་བུ་ལོན་པར་འགྱུར། །གསོལ་བ་བཏབ་ན་སཱ་ལིའི་འབྲས་ཀྱི་ཆར། །ཉིན་མཚན་བར་མེད་བཅུ་གཉིས་འབེབས་སོ་སྐད། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་རྟེན་མཆོག་ཡིན། །
དེ་ནས་བརྒྱ་བྱིན་ལྷ་ཡི་དབང་པོ་ཡིས། །ཨིནྡྲ་ནཱི་ལ་མ་ར་ཏ་ཀ་དང༌། །མཐོན་ཀ་མཐོན་ཀ་ཆེ་དང་བཀོད་མཛེས་ཏེ། །སུམ་བཅུ་རྩ་གསུམ་ལྷ་ཡི་རིན་ཆེན་ལྔ། །གསེར་དངུལ་མུ་ཏིག་མུ་མེན་བྱུ་རུ་སྟེ། །འཛམ་གླིང་མི་ཡི་རིན་ཆེན་རྣམ་པ་ལྔ། །བར་མའི་མཆིང་བུ་ལྔ་བརྒྱ་རྩ་གཅིག་སོགས། །སྤུངས་པ་བཞུ་བཏུལ་བླུག་ནས་སྐུ་ཡི་ཚད། །བཞེང་བར་རྩོམ་ཚེ་སྟོན་པའི་སྐུ་ཚད་ལ། །ལྷ་དང་མི་རྣམས་༼ང༣༩བ༽མཐུན་པར་མ་གྱུར་ནས། །བི་ཤ་ཀརྨས་ཞབས་ཀྱི་ཐེའུ་ཆུང་ལ། །ཐིག་སྐུད་བཏགས་ནས་འཇལ་བར་བརྩམས་པའི་ཚེ། །ཇི་ཙམ་བསྲིངས་ཀྱང་ཚད་ལོན་མ་གྱུར་ནས། །འོད་མདངས་དགའ་བ་ཞེས་བྱའི་འཇིག་རྟེན་ན། །སངས་རྒྱས་དགའ་དཔལ་བཞུགས་པའི་དྲུང་དུ་སླེབས། །ད་དུང་དབུ་ཡི་གཙུག་དང་མ་མཉམ་ཚེ། །འདི་ནས་མི་འབྱེད་ཞིང་དུ་ཙམ་མཆི་ཞེས། །གསོལ་བས་རྒྱལ་བ་དེ་ཡིས་འདི་སྐད་ཏུ། །ལྷ་ཡི་རྫུ་འཕྲུལ་ལྟ་ཞོག་ཉན་རང་དང༌། །བྱང་སེམས་ཀུན་གྱི་རྫུ་འཕྲུལ་གཅིག་བསྡོམས་ཀྱང༌། །རྫོགས་སངས་རྒྱས་ཀྱི་སྐུ་ཡི་ཚད་མི་རྟོགས། །འདི་ནས་མི་འབྱེད་བར་དུ་འཇིག་རྟེན་ཁམས། །གངྒའི་བྱེ་སྙེད་ཏུ་མ་ཡོད་པ་སྟེ། །སྟོན་པས་བྱིན་གྱིས་བརླབས་པའི་མཐུ་ཡིས་ནི། །ཁྱོད་ཉིད་སྐད་ཅིག་ཙམ་གྱིས་འདིར་ཕྱིན་མོད། །གཞན་དུ་ཁྱེད་ཀྱི་རྫུ་འཕྲུལ་མཐུས་ཕྱིན་པས། །ཤིན་དུ་དམའ་བ་མ་གིར་ཚེ་འཛད་འགྱུར། །དེ་བས་སྐུ་ཡི་ཚད་ལ་རྟོག་པ་ཞོག །རང་གི་སྟོན་པ་ཡིད་ལ་གྱིས་ཤིག་གསུངས། །སྐད་ཅིག་དེ་ལ་སྟོན་པའི་དྲུང་དུ་སླེབ། །ངོ་མཚར་ཆེན་པོ་བསམ་གྱིས་མི་ཁྱབ་པའི། །སྐུ་ལ་ཚད་འཛིན་བརྩམས་པ་བཤགས་སོ་ཞེས། །ཡ་མཚན་གཏམ་གྱིས་འཁོར་རྣམས་མགུ་བར་བྱས། །སྟོན་པས་ཞིང་འདིའི་གདུལ་བྱའི་སྣང་བ་ལྟར། །དགུང་ལོ་བརྒྱད་དང་བཅུ་གཉིས་ཉེར་ལྔ་པའི། །ཚད་ཀྱི་སྐུ་གཟུགས་རྣམ་གསུམ་གྱིས་ཤིག་གསུངས། །སྔོན་གྱི་མ་མ་གཉིས་ཤིག་འཁོར་དུ་འཁོད། །དེ་ལ་སྤྱན་གྱིས་གཟིགས་པས་སྤོབས་བྱུང་སྟེ། །པང་དུ་འཚོ་བའི་མ་མས་འདི་སྐད་ཏུ། །རྒྱལ་བུ་ལོ་བརྒྱད་ལོན་ཚེ་ལུམྦི་ནིའི། །ཚལ་གྱི་གྲི་དང་མཐོ་དམན་མཉམ་མོ་ཟེར། །རྒྱན་འདོགས་མ་མས་རྒྱལ་བུ་བཅུ་གཉིས་ཚེ། །ང་ཡིས་རྩེ་བའི་དོན་དུ་དེད་པ་ན། །སེར་སྐྱའི་སྒོ་མོ་ཆེ་ཡི་སྒོ་སྐྱེས་དང༌། །མཐོ་དམའ་མེད་པར་གཅིག་དུ་མཉམ་མོ་ཟེར། །ཉེར་ལྔ་པ་ནི་མི་རྣམས་ཐུན་མོང་དུ། །༼ང༤༠ན༽སྣང་བའི་སྐུ་ཚད་དངོས་དང་མཚུངས་པར་བྱས། །གསུམ་གའང་རྫོགས་སངས་རྒྱས་པའི་ཚུལ་དང་བསྟུན། །ས་གནོན་མཉམ་བཞག་སྤྱན་གྱིས་འཁོར་ལ་གཟིགས། །ཕྱག་ཞབས་འཁོར་ལོ་གཙུག་ཏོར་རིན་ཆེན་སྤྲས། །ཁ་དོག་སྣ་ཚོགས་འཇའ་འོད་ལྟ་བུར་འདུག །སྙན་ཁུང་ཁྲོ་བོ་བདུད་རྩི་འཁྱིལ་པས་བརྒྱན། །ཁྲི་སྟན་སེང་གེ་བརྒྱ་རྩ་བརྒྱད་ཀྱིས་བཏེག །རྒྱབ་ཡོལ་མཛད་པ་བཅུ་གཉིས་འབུར་དུ་བྱས། །འོད་སྐོར་བདེ་གཤེགས་སུམ་བཅུ་རྩ་ལྔ་བཀོད། །ཟིན་ནས་སྟོན་པའི་དྲུང་དུ་ཕུལ་བའི་ཚེ། །འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཚོགས་པའི་དབུས། །སྟོན་པའི་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ། །འཇིག་རྟེན་ཀུན་བཀང་སངས་རྒྱས་བྱང་སེམས་ཀུན། །སྣང་བར་བྱས་ཅིང་བསྐུལ་ནས་ཐུགས་དགོངས་བཀང༌། །སླར་ལོག་སྐུ་གསུམ་འོད་ཀྱིས་ཁྱབ་པར་མཛད། །དབང་བསྐུར་བྱིན་རླབས་རབ་ཏུ་གནས་གྱུར་ཏེ། །འོད་དེ་སྟོན་པའི་ཞལ་གྱི་སྒོ་རུ་ནུབ། །སྟོན་པས་ཆེད་ཏུ་བརྗོད་སྟེ་བཀའ་བསྩལ་པ། །སྐུ་གསུམ་རྟེན་འདི་གང་དུ་བཞུགས་པ་དེར། །དགྲ་བཅོམ་དང་ནི་ས་ཐོབ་སེམས་དཔའི་ཚོགས། །ཉི་ཟེར་རྡུལ་ཙམ་རྟག་དུ་བཞུགས་ནས་ནི། །མཆོད་ཅིང་བཀུར་སྟི་རིམ་གྲོ་ཕུ་དུད་བྱེད། །འདི་རྣམས་གང་ན་བཞུགས་པའི་ས་ཕྱོགས་དེར། །ཐེག་པ་ཆེན་པོའི་བསྟན་པ་འབྱུང་བ་སྟེ། །ང་ཡི་བསྟན་པ་ཐ་མར་བབ་པའི་ཚེ། །བྱང་ཕྱོགས་གངས་ཅན་སྲིན་པོ་གདོང་དམར་ཡུལ། །སྤྱན་རས་གཟིགས་དང་སྐུ་གཟུགས་གཉིས་ཀྱིས་འདུལ། །དེ་སྐད་བཀའ་བསྩལ་ཉེར་ལྔའི་སྐུ་ཚད་ནི། །བརྒྱ་བྱིན་ཉིད་ཀྱིས་ལྷ་ཡུལ་སྤྱན་དྲངས་མཆོད། །བརྒྱད་པ་དང་ནི་བཅུ་གཉིས་པ་ཡི་སྐུ། །ལྷ་ཡི་ཡུལ་དང་ནུབ་ཕྱོགས་ཨོ་རྒྱན་དུ། །ལྔ་བརྒྱ་ཕྲག་རེ་བཞུགས་ནས་འགྲོ་དོན་མཛད། །དེ་ནས་ས་འོག་བདག་པོས་སྤྱན་དྲངས་ཏེ། །གདེངས་ཅན་ཀླུ་རྒྱལ་རྣམས་ཀྱིས་མཆོད་པར་གྱུར། །དེ་ཚེ་མ་ག་དྷ་ཡི་རྒྱལ་པོ་ནི། །ཧེ་མནྟ་ཞེས་བྱ་བའི་མཆོད་གནས་སུ། །༼ང༤༠བ༽ཕྱག་རྡོར་སྤྲུལ་པ་ཤུ་ལན་བྷ་ཏི་དང༌། །བྱམས་པ་གྲུབ་པ་དཀར་རྒྱལ་བྱ་བ་ཡོད། །གཉིས་པོས་ཕྱག་རྡོར་དང་ནི་བྱམས་པར་སྤྲུལ། །བྱམས་པས་ཀླུ་རྣམས་བདུད་རྩིའི་ཆར་གྱིས་བྲིད། །ཕྱག་ན་རྡོ་རྗེས་ཀླུ་རྣམས་གཟིར་ཞིང་བསྡིགས། །བྱམས་པས་བསྐྱབས་ཏེ་སྟོན་པའི་ཁྲུས་རྫིང་ནས། །སྐུ་གཉིས་སྤྱན་དྲངས་མ་འོངས་འཛམ་གླིང་གི །བསྟན་པ་ནུབ་ཚེ་སྐུ་གཉིས་གཙོར་བྱས་པའི། །སྐུ་གསུང་ཐུགས་ཀྱི་རྟེན་ཀུན་ཀླུ་ཡུལ་དུ། །སྤྱན་འདྲེན་བགྱིད་པའི་གཙིགས་ཆད་བཟུང་བར་གྱུར། །ལོ་གྲངས་ལྔ་བརྒྱར་རྡོ་རྗེའི་གདན་དུ་བཞུགས། །
དེ་ནས་ལོ་གྲངས་ལྔ་བརྒྱ་ལྷག་འདས་པ། །རྒྱ་གར་རྒྱལ་པོ་དེ་ཝ་པ་ལའི་དུས། །དགུང་ལོ་བཅུ་གཉིས་པ་ཡི་སྐུ་ཚད་ཀྱི། །རྒྱབ་ཡོལ་བཞག་པའི་ཁྲིར་བཅས་རྒྱ་ནག་གི །རྒྱལ་པོའི་བསོད་ནམས་སོག་པའི་རྟེན་དུ་བསྐུར། །བརྒྱད་པའི་སྐུ་ཚད་བལ་པོའི་རྒྱལ་པོ་ཡིས། །རིན་ཐང་མེད་པའི་སྐྱེས་བསྐུར་གསོལ་བཏབ་པས། །བལ་པོའི་རྒྱལ་པོའི་མཆོད་པའི་ཞིང་དུ་བྱིན། །ཡུལ་གྲུ་དེ་གཉིས་རབ་ཏུ་བཏུལ་མཛད་ནས། །སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོའི་དུས། །སྐུ་གཉིས་བོད་ཀྱི་ཡུལ་དུ་བྱོན་པ་ཡིན། །
བཀའ་ཆེམས་གཞན་ལས་བརྒྱད་པའི་སྐུ་ཚད་ནི། །སྔོན་ཚེ་མི་རྣམས་ཚེ་ལོ་ཉི་ཁྲིའི་དུས། །སངས་རྒྱས་འོད་སྲུང་བྱོན་ཚེ་སྦྱིན་བདག་མཆོག །རྒྱལ་པོ་ཀྲྀ་ཀྲིས་དད་པའི་རྟེན་དུ་བཞེངས། །སངས་རྒྱས་འོད་སྲུང་ཉིད་ཀྱིས་བྱིན་བརླབས་ནས། །ད་ལྟར་ང་ཡི་སྐུ་ཚབ་བཞེངས་པ་འདི། །མ་འོངས་ཚེ་ལོ་བརྒྱ་པའི་དུས་ཚོད་ཏུ། །སངས་རྒྱས་ཤཱཀྱ་ཐུབ་པ་འབྱུང་བ་དེའི། །དགུང་ལོ་བརྒྱད་པ་ཡི་ནི་ཚད་འགྱུར་ཞེས། །ལུང་བསྟན་མཛད་པ་དེ་ཉིད་ཡིན་ཞེས་སྣང༌། །དེང་སང་ཇོ་བོ་མི་བསྐྱོད་རྡོ་རྗེར་གྲགས། །བཅུ་གཉིས་པ་ཡི་སྐུ་ཚད་འདི་ཉིད་ཀྱང༌། །བྱམས་པས་བཞེངས་པར་འཆད་པའི་ལུགས་ཀྱང་སྣང༌། །སེར་སྐྱར་ཤཱཀྱའི་རྒྱལ་པོ་གཞུ་བརྟན་ཚེ། །རྒྱ་ནག་ཅི་འུ་རྒྱལ་པོ་ཞེས་པ་བྱུང༌། །དེ་ནས་གདུང་རབས་བཞི་འདས་༼ང༤༡ན༽ལྔ་པ་ནི། །ཅི་འུ་དབང་རྒྱལ་རྒྱལ་སྲིད་བྱེད་པའི་ཚེ། །ནུབ་ཀྱི་ཕྱོགས་ནས་སྒྲ་དང་འོད་ཟེར་སོགས། །རྫོགས་པའི་སངས་རྒྱས་བལྟམས་པའི་ལྟས་རྣམས་མཐོང༌། །རྩིས་པས་རྩིས་བྱས་ནུབ་ཕྱོགས་རྒྱ་གར་དུ། །གང་ཟག་རླ་མེད་གཅིག་ནི་སྐྱེས་པར་འདུག །ལོ་སྟོང་འདས་ནས་དེ་ཡིས་ཆོས་ལུགས་ནི། །རྒྱ་ནག་ཡུལ་དུ་འོང་ཞེས་ལུང་བསྟན་སྐད། །དེ་ལྟར་ཅི་འུའི་རྒྱལ་པོ་སོ་དྲུག་སོགས། །རིགས་རུས་ཐ་དད་ལྔ་ལས་རྒྱ་ནག་གི །རྒྱལ་པོ་དྲུག་བཅུ་རྩ་གཉིས་འདས་པའི་འོག །པྲི་ཏི་ཛ་ཡ་སི་ཆོན་རྒྱལ་པོའི་དུས། །ཇོ་བོ་ཤཱཀྱ་རྒྱ་ནག་ཡུལ་དུ་ཕེབས། །དེ་ནས་རྒྱལ་རབས་བཞི་ཡི་འོག་རོལ་དུ། །རྒྱ་ནག་ཡུལ་དུ་ཐང་གི་རྒྱལ་པོ་དང༌། །བོད་རྒྱལ་གནམ་རི་སྲོང་བཙན་དུས་མཉམ་སྟེ། །དེ་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན། །དེ་ལྟར་སྐུ་གསུམ་རྟེན་མཆོག་གྲུབ་བྱིན་བརླབས། །མཛད་པ་རྫོགས་ནས་ཐུབ་དབང་མྱ་ངན་འདས། །
བྲམ་ཟེ་སྐུ་མཆེད་གསུམ་གྱི་གཙུག་ལག་ཁང་དང་ཐུབ་པའི་སྐུ་བཞེངས་ཚུལ།
༄༅། །དེ་ནས་ལོ་གྲངས་བརྒྱད་བཅུར་ཉེ་བའི་ཚེ། །སྔོན་ཚེ་བུ་མོའི་དུས་ན་སྟོན་པའི་ཞལ། །མཐོང་ཞིང་ཆོས་ཉན་བསོད་སྙོམས་ཕུལ་བ་ཞིག །བྲམ་ཟེ་ཆེན་པོ་ཞིག་གི་མཆིས་བྲང་གྱུར། །དེ་ལས་མཚན་དང་ལྡན་པའི་བུ་གསུམ་བཙས། །ཆེ་བ་གཉིས་ནི་ཕྱི་རོལ་པ་ལ་མོས། །ཐ་ཆུང་ནང་པའི་ཆོས་ལ་རབ་ཏུ་དད། །ཆོས་ལུགས་གང་བཟང་མི་འཆམ་རྟག་དུ་རྩོད། །མ་ཡིས་ཁྱེད་གསུམ་ཟས་གོས་ཕོངས་པ་མེད། །ཅི་ཕྱིར་རྩོད་ཅེས་དྲིས་པས་ཕྱི་ནང་གི །ཆོས་ལུགས་གང་བཟང་མ་འཆམ་གང་བདེན་ཟེར། །མ་ཡིས་བྱང་ཕྱོགས་ཏི་སེའི་གངས་རི་ལ། །ལྷ་ཆེན་དབང་ཕྱུག་ཡོད་ཀྱིས་དེར་དྲིས་ཟེར། །ལྷམ་ལ་རྐང་མགྱོགས་རྫས་བྱུགས་བཏང་བ་ལས། །སྐད་གཅིག་གིས་སླེབས་མ་དྲོས་མཚོ་འགྲམ་ན། །ཁྱུ་མཆོག་བཟས་ལ་ཡན་ཅིང་བུ་མོའི་ཚོགས། །རིན་ཆེན་སྣོད་ཏུ་མེ་ཏོག་འཐུ་བ་མཐོང༌། །ཁྱོད་སུ་མེ་ཏོག་ཅི་ཕྱིར་འཐུ་དྲིས་པས། །ངེད་ཅག་ལྷ་མོ་ཨུ་མའི་བྲན་མོ་ཡིན། །༼ང༤༡བ༽མེ་ཏོག་དགྲ་བཅོམ་མཆོད་ཕྱིར་འཐུ་འོ་སྐད། ཁྱེ་འུ་གསུམ་གྱིས་འགྲོགས་ཏེ་ཕོ་བྲང་ཕྱིན། །བཅོ་ལྔའི་ཚེས་ཉིན་གདུགས་ཚོད་ལ་བབ་ཚེ། །མ་དྲོས་མཚོ་ནས་དགྲ་བཅོམ་དགེ་འདུན་རྣམས། །བྱོན་ཏེ་ཕོ་བྲང་ནང་དུ་སྟན་ལ་བཞུགས། །ལྷ་ཆེན་འཁོར་བཅས་ཀྱིས་མཆོད་མཆོད་སྟོན་གསོལ། །མེ་ཏོག་གིས་གཏོར་ཞབས་ལ་ཕྱག་བྱས་ནས། །ཆོས་ཉན་སྨོན་ལམ་མང་པོ་བཏབ་པར་གྱུར། །དེ་ནས་འཕགས་པའི་ཚོགས་རྣམས་མཁའ་ལ་གཤེགས། །ཆོས་ལུགས་ནང་པ་བཟང་བར་གསུམ་གས་གོ །འོན་ཀྱང་ཐེ་ཚོམ་བཅད་ཕྱིར་དྲིས་པ་ན། །དབང་ཕྱུག་ན་རེ་ནང་པ་བཟང་བ་ཡིན། །ཕྱི་རོལ་པ་ལ་ཐར་པའི་ལམ་མ་མཆིས། །ཕྱི་པའི་འབྲས་བུ་མཐར་ཐུག་ང་ཡིན་མོད། །གནས་སྐབས་དངོས་གྲུབ་འདོད་ན་ང་མྱུར་ཡང༌། །ང་ཡང་ཐར་པ་འདོད་ཕྱིར་ནང་པ་ལ། །བརྟེན་ནས་དགྲ་བཅོམ་མཆོད་པ་ཡིན་ནོ་ཟེར། །ཐེ་ཚོམ་སེལ་ཏེ་མ་ཡི་དྲུང་དུ་ལོག །གསུམ་ག་ནང་པའི་བསྟན་ལ་འཇུག་པར་ཞུས། །ལེགས་ཀྱིས་ལྷ་ཁང་རེ་རེ་རྩིགས་ཤིག་ཟེར། །རྩིག་པའི་གནས་དང་རྒྱུ་རྣམས་སོ་སོར་བསྟན། །ཆོས་འཁོར་བསྐོར་གནས་ཝ་ར་ཎ་སི་རུ། །ཆེ་བ་མ་ཧཱ་མ་སས་ལྷ་ཁང་བརྩིགས། །རིན་ཆེན་རིགས་ཀྱི་རྡོ་ལས་སྐུ་གཟུགས་བྱས། །བསྟོད་པའི་དམ་པ་ཁྱད་པར་འཕགས་པ་བརྩམས། །སློབ་དཔོན་མཐོ་བཙུན་གྲུབ་རྗེ་ཞེས་སུ་གྲགས། །འབྲིང་པོས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །ཀ་ལནྟ་ཀའི་གནས་སུ་ལྷ་ཁང་བརྩིགས། །གནས་ཆེན་བརྒྱད་ཀྱི་ས་ལས་སྐུ་གཟུགས་བྱས། །ཐ་ཆུང་བདེ་ཕྱེད་བདག་པོས་རྡོ་རྗེ་གདན། །བྱང་ཆུབ་ཤིང་དྲུང་ཕྱི་དབྱིབས་མཆོད་རྟེན་ལ། །ནང་དབྱིབས་ལྷ་ཁང་གནྷོ་ལ་རུ་བྱས། །གངྒཱའི་འགྲམ་གྱི་སྟོན་པའི་ཁྲུས་རྫིང་འགྲམ། །ཙན་དན་གོ་རྴཱི་ཥ་ཡི་སྡོང་པོ་ནི། །འགྱེལ་བ་ས་འོག་ནས་བླངས་རིགས་བཙུན་ཞིང༌། །འདོད་པས་མ་གོས་ཕུ་མོ་བཞི་ཡིས་བདར། །རིན་ཆེན་ཕྱེ་མ་དང་བསྲེས་ཕུང་པོར་གྲུབ། །དེ་ཚེ་དེད་དཔོན་རྒན་པོ་ཞིག་གི་བུ། །རྒྱ་མཚོར་འཇུག་ལ་ཕ་ཡིས་བུ་ཁྱོད་ཀྱིས། །མི་གཞན་མི་ཉོའི་ཟོང་ཞིག་ཉོས་ཤོག་སྐད། །རྒྱ་མཚོར་གྲུ་ཡི་ནང་དུ་མི་སྔོན་པོ། །༼ང༤༢ན༽སྔོན་མེད་ཅིག་བྱུང་ཀུན་གྱིས་གསོད་པའི་ཚེ། །དེད་དཔོན་གྱིས་ནི་ནོར་གྱིས་ཀླུས་ཏེ་བཏང༌། །མི་དེ་རྒྱ་མཚོའི་ནང་དུ་ཅབ་ཀྱིས་སོང༌། །གྲུ་ཐོན་ཚེ་ན་ང་ནི་ཀླུ་ཞིག་ཡིན། །བདག་སྲོག་བསྐྱབས་པའི་ལན་དུ་འདི་འབུལ་ཞེས། །རིན་ཆེན་མརྐ་ཏ་ཡི་སྡོང་པོ་ནི། །ལྗང་ཞིང་སྔོ་ལ་གནག་པའི་འོད་འཚེར་བ། །དབྱིབས་ནི་ཉ་ཡི་ལྟོ་འདྲ་ཞིག་བྱིན་ནོ། །དེད་དཔོན་དེ་ནི་འདི་འདྲ་གཉིས་ཡོད་ན། །སྐུ་དེའི་སྤྱན་འབྲས་བགྱིད་སྙམ་ལོངས་པའི་ཚེ། །ལག་ནས་ལྷུང་སྟེ་གཉིས་སུ་གས་ནས་བྱེ། །སྤྱན་འབྲས་བགྱིད་པའི་དོན་དུ་ཕུལ་བར་གྱུར། །ཇི་སྐད་མ་ཡིས་ལུང་བསྟན་དེ་བཞིན་དུ། །ཙན་དན་ལྡེ་གུ་རིན་ཆེན་མརྐ་ཏ། །བཟོ་བོར་བཅས་པ་ལྷ་ཁང་ནང་དུ་བཅུག །སྒོ་ལ་ལྕགས་ཀྱི་གཟེར་བཏབ་ཟླ་དྲུག་དང༌། །ཞག་དྲུག་བར་དུ་འཇོག་པར་བྱས་པ་ལས། །ཟླ་བ་དྲུག་དང་ཞག་ལྔ་ལོན་པའི་ཚེ། །མ་དེ་བྱུང་ནས་ལྟ་འོ་སྒོ་ཕྱེ་ཟེར། །ད་དུང་ཞག་གཅིག་མ་ཐེམ་ཞེས་སྨྲས་པས། །སངས་རྒྱས་བཞུགས་དུས་དངོས་སུ་མཐོང་བའི་མི། །ད་ལྟ་འཛམ་བུའི་གླིང་ན་ང་བས་མེད། །ང་ནི་སང་གི་གདུགས་ལ་འཆི་བར་འགྱུར། །ང་ཡིས་འདྲ་འམ་མི་འདྲ་བལྟ་དགོས་ཀྱི། །ད་ལྟ་ཕྱེ་ཟེར་ལྕགས་གཟེར་བཀྲོལ་བ་ན། །གཟོ་བོ་དེ་ནི་ནམ་མཁར་འཕགས་ཏེ་ཡལ། །སྟོན་པ་དགུང་ལོ་སོ་ལྔ་ལོན་པའི་ཚེ། །མངོན་པར་རྫོགས་སངས་རྒྱས་པའི་སྐུ་ཡི་ཚད། །རིན་ཆེན་མརྐ་ཏ་ཡིས་སྤྱན་འབྲས་བྱས། །ལྟ་བས་མི་ངོམས་མཚན་དཔེས་བརྒྱན་པར་གྲུབ། །མ་ཡིས་སྨྲས་པ་རྫོགས་པའི་སངས་རྒྱས་ལ། །ལྗགས་ཀྱིས་གདོང་ཁེབས་ཚངས་པའི་གསུང་དབྱངས་ལྡན། །ན་བཟའ་སྐུ་ལ་སོར་བཞིས་མི་རེག་ཅིང༌། །འོད་ཟེར་འདོམ་གང་ཁོར་ཡུག་འབར་བ་ཡོད། །དེ་དག་སྐུ་གཟུགས་འདི་ལ་མི་སྣང་ངོ༌། །སྟོན་པ་སྤྱོད་ལམ་རྣམ་བཞིས་འགྲོ་དོན་མཛད། །འདི་ལ་བཞུགས་པའི་སྤྱོད་ལམ་གཅིག་པུ་ཡོད། །སྟོན་པའི་དབུ་གཙུག་ལྟ་བར་མི་མངོན་ལ། །འདི་ཡི་དབུ་ཡི་གཙུག་འཁྱིལ་ལྟ་བར་ནུས། །སྟོན་པའི་དབུ་སྐྲ་བུང་བ་ལྟ་བུར་གནག །༼ང༤༢བ༽འདི་ནི་ཅུང་ཟད་སྔོ་བའི་མདངས་དང་ལྡན། །སྟོན་པའི་མཛོད་སྤུ་སུམ་བཅུ་རྩ་གཉིས་ནི། །དཀར་ཞིང་འོད་ལྡན་ངང་གིས་གཡས་སུ་འཁྱིལ། །འདི་ནི་དེ་བས་ཅུང་ཟད་མི་གསལ་ཙམ། །ཁྱད་པར་བརྒྱད་པོ་འདི་དག་མ་གཏོགས་པ། །སྟོན་པ་དངོས་དང་ཁྱད་པར་མི་སྣང་ངོ༌། །མ་འོངས་ཕྱི་རོལ་པ་དང་རྟེན་འགྲན་ཚེ། །ཡོན་ཏན་བརྒྱད་ཀྱང་འདི་ལ་སྣང་བར་འགྱུར། །སུས་མཐོང་དབང་མེད་ཕྱག་འཚལ་ལྟར་མི་ངོམས། །ཟས་སྐོམ་བརྗེད་ཅིང་དུས་རིང་ཐུང་ངུར་ཚོར། །རྒྱབ་ཀྱིས་ལྟ་བར་མི་ཕོད་ཕྱི་འགྲོས་བྱེད། །མཐོང་བ་ཙམ་གྱིས་ནད་སོས་སྡུག་བསྔལ་བརྗེད། །གདོན་དང་བྲལ་ཞིང་ཉོན་མོངས་ངང་གིས་ཞི། །གནས་སྐབས་མཐར་ཐུག་ཡོན་ཏན་དཔག་མེད་འབྱུང༌། །ཞེས་སྨྲས་མ་དེ་ཕྱི་ནང་ཚེ་དུས་བྱས། །རིང་སྲེལ་ཕུང་པོ་བུ་ཡིས་མཆོད་རྟེན་བཞེངས། །སྔོན་ཚེ་ཞག་གཅིག་མ་ཐིམ་ཉེས་པ་ནི། །ཞབས་གཡས་ཐེ་ཆུང་མ་ཚང་ཕྱིས་བཅོས་ཟེར། །ད་ལྟ་རྒྱ་གར་ཡུལ་ན་གྲགས་པ་ནི། །ཞག་གཅིག་མ་ཐིམ་པ་ལས་དབུ་སྐྲའི་ཚོགས། །ཚོམ་བུར་གཡས་སུ་འཁྱིལ་བ་མ་ཚང་སྐད། །དེང་སང་འཛམ་བུ་གླིང་ན་རྟེན་གྱི་མཆོག །རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ཞེས། །འགྲན་མེད་མཁའ་ལ་ཉི་མ་ལྟ་བུར་སྣང༌། །འདི་སྔོན་གྱི་གྲགས་པ་ལྟར་བྲིས་པ་ཡིན་ཀྱང་བསྟོད་འགྲེལ་གཉིས་ལ་བརྟགས་ན་བསྟོད་པ་མཛད་པོ་གཉིས་ཕུ་བོ་གཉིས་སུ་སྣང་ལ། རྡོ་རྗེ་གདན་བཞེང་བ་པོ་འདིའི་མཚན་དང་རབ་ཏུ་བྱུང་མ་བྱུང་སོགས་གསལ་བར་མི་སྣང་ངོ༌། །
ཕྱི་ནས་ཆོས་རྒྱལ་མྱ་ངན་མེད་སོགས་ཀྱིས། །སྐུ་གཟུགས་མཆོད་རྟེན་གཙུག་ཁང་མཐའ་ཡས་མཛད། །སྟོན་པའི་རྟེན་ཇི་ལྟར་བྱུང་ཚུལ་མདོ་ཙམ་བསྟན་པའི་སྐབས་ཏེ་གསུམ་པའོ། །ཡི་གེ་པ་ནི་ཚེ་དབང་བསྟན་པས་བྲིས། །རྐོས་ཀྱི་རིག་བྱེད་སྨྱལ་གྱི་སྒང་རྒྱུད་ནས། །ཚེ་དབང་དར་པོ་བཀྲ་ཤིས་ཚེ་དབང་བརྐོས། །དགེ་བས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །
ལེའུ་བཞི་པ་རྒྱ་གར་གྱི་རྒྱལ་རབས།
༼ང༤༣ན༽སྟོན་པ་མཆོག་ལ་སླར་ཡང་གུས་བཏུད་ནས། །དེ་ཡི་བསྟན་ལ་བྱ་བ་བྱེད་པ་ཡི། །འཕགས་པའི་ཡུལ་དུ་ས་སྐྱོང་མང་བྱུང་བ། །དེ་ལས་ཇི་ཙམ་ཐོས་པ་བརྗོད་པར་བྱ། །རྩ་བ་མེད་པའི་དད་པར་ལྡན་པ་ཡི། །བསྟན་པའི་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲས། །མ་ག་དྷ་དང་ཨངྒ་ཡངས་པ་ཅན། །ཀོ་ས་ལ་ཡི་རྒྱལ་ཁམས་ཆེན་པོ་དང༌། །ཝ་ར་ཎ་སི་ལ་སོགས་དབང་བྱས་ཏེ། །ཐམས་ཅད་གདུགས་དཀར་གཅིག་གིས་ཁེབས་པ་ལྟར། །སྟོན་པའི་བསྟན་ལ་གཅིག་དུ་མཆོད་པར་གྱུར། །དེ་སྲས་ཨུ་པ་ཞེས་པས་རྒྱལ་བའི་བཀའ། །མཐའ་དག་ཡི་གེར་བྲིས་ཏེ་གླེགས་བམ་བྱས། །རྒྱས་པར་བྱེད་ཅིང་ཤི་འཕོས་ལྷ་ཡུལ་འགྲོ། །ངེས་པར་བྱང་ཆུབ་ཐོབ་ཅེས་ལུང་དུ་བསྟན། ། མ་སྐྱེས་དགྲས་རྒྱལ་ས་བྱས་ནས་ལོ་ལྔ་ན་སྟོན་པ་མྱ་ངན་ལས་འདས། སྤྱིར་རྒྱལ་ས་ལོ་སོ་གཉིས་བྱས། དེ་ནས་རྒྱལ་པོ་བཅུ་འདས་པ་ན་ཆོས་རྒྱལ་མྱ་ངན་མེད་བྱོན་པར་ལི་ཡུལ་གྱི་རྒྱལ་རབས་ལས་བཤད།
སྟོན་པ་མྱ་ངན་འདས་ནས་ལོ་བརྒྱ་ན། །འཛམ་གླིང་བདག་པོ་མྱ་ངན་མེད་པ་བྱུང༌། །ཤཱཀྱ་རི་བྲགས་པ་ཡི་རྒྱུད་ཡིན་ཞེས། །བོད་རྗེའི་བཀའ་ཆེམས་འགའ་ཞིག་དག་ལས་བྱུང༌། །སྤྲིན་ཆེན་པོ་ལས། སྔོན་སངས་རྒྱས་ཀླུ་རིགས་སྒྲོན་མའི་དྲུང་དུ་བློན་པོ་དམ་ཆོས་དཀྱིལ་འཁོར་གྱི་མཛོད་ཀྱིས་ཤཱཀྱའི་བསྟན་པ་འབྱིན་པའི་རྒྱལ་པོར་སྨོན་ལམ་བཏབ་པ་དེ་ནི་ད་ལྟ་བྲམ་ཟེ་ཀཽཎྜི་ནྱ་འདི་ཡིན་ཏེ་ང་འདས་ནས་ལོ་བརྒྱ་ཉི་ཤུ་ན་མཽ་རྻའི་རིགས་སུ་རྒྱལ་པོ་མྱ་ངན་མེད་ཅེས་ཕྱེད་ཀྱི་འཁོར་སྒྱུར་དུ་འགྱུར་རོ་ཞེས་ལོ་བརྒྱ་ཉི་ཤུ་ན་འབྱུང་བར་ལུང་བསྟན་ཡང་སྙིང་རྗེ་ཆེན་པོ་པད་དཀར་དུ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་གྲོང་ཁྱེར་སྐྱ་སྣར་གྱི་བུར་རྒྱལ་པོ་མྱ་ངན་མེད་པ་ཞེས་བྱ་བ་མཽརྻའི་རིགས་སུ་སྐྱེས་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་འབྱུང་སྟེ་ཞེས་དང༌། དེས་དུས་གཅིག་དུ་ཉིན་གཅིག་ལ་ངའི་སྐུ་གདུང་གི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ་ཞེས་དང༌། མདོ་གཞན་ལས་ཀྱང་ལོ་བརྒྱ་ན་འབྱུང་བར་གསུངས་པ་དུ་མ་ཡོད་པ་དང༌། འཇམ་དཔལ་རྩ་རྒྱུད་ལས། །ང་ནི་ས་སྟེང་མྱ་ངན་འདས། །ལོ་བརྒྱ་༼ང༤༣བ༽དག་ནི་འདས་པ་ན། །སྣང་བ་མེད་ཅིང་ཉེས་པར་བཅས། །མི་ཤེས་མུན་པས་རབ་ཏུ་བསྒྲིབས། །དེ་ཚེ་ས་ནི་སྟོང་པ་སྟེ། །རྒྱལ་བ་རྣམས་ཀྱི་སྤངས་པ་ཉིད། །དེ་ཚེ་མི་བཟང་ཆེན་པོའི་དུས། །གྲོང་ཁྱེར་མེ་ཏོག་ཅན་དུ་ནི། །མྱ་ངན་མེད་ཅེས་བྱ་བ་ཡི། །རྒྱལ་པོ་ས་ནི་སྐྱོང་བྱེད་པ། །སོགས་དང༌། །དེ་ལྟར་རྫུ་འཕྲུལ་ཆེ་བདག་ཉིད། །དེ་ཚེ་སྟོབས་ཀྱི་འཁོར་སྒྱུར་འབྱུང༌། །ཞེས་དང། འཛམ་བུའི་གླིང་འདི་མ་ལུས་པ། །མཆོད་རྟེན་གྱིས་ནི་བརྒྱན་པ་དང༌། །ཞེས་མཆོད་རྟེན་གྱི་གྲངས་མ་གསུངས་ཅིང༌། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་ཚེ་ཚད་དང༌། །ལོ་ནི་བརྒྱད་བཅུ་རྩ་བདུན་དུ། །ས་སྟེང་མཆོད་རྟེན་མཆོད་པར་འགྱུར། །ཞེས་གསུངས་ཅིང༌། བཀའ་བསྡུ་བར་པའི་སྦྱིན་བདག་ཡིན་ལ་དེ་ལོ་བརྒྱ་དང་བཅུ་མ་བྱུང་བར་གསུངས་པས་རྒྱལ་པོ་མྱ་ངན་མེད་ཀྱིས་དགུང་ལོ་དྲུག་བཅུ་རྩ་གསུམ་གྱི་བར་དུ་སྡིག་པ་སྤྱོད་པ་གཏུམ་པོ་མྱ་ངན་མེད་ཀྱིས་དུས་དང༌། རེ་གསུམ་ནས་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བ་ཕྱིན་ཆོས་རྒྱལ་མྱ་ངན་མེད་ཏུ་གྲགས་པ་ཡིན་ནོ། །མཽརྻའི་རིགས་ཞེས་སྟོན་པས་ལུང་དུ་བསྟན། །སྔོན་ཚེ་སྟོན་པ་གྲོང་ཁྱེར་གཤེགས་པའི་ཚེ། །ཁྱེ་འུ་གཉིས་ཤིག་རྒྱལ་བློན་ཚུལ་དུ་རྩེ། །བྱེ་མའི་ཚོགས་ལས་ཕོ་བྲང་བང་མཛོད་བྱས། །དེ་ཡིས་སྟོན་པ་གཤེགས་མཐོང་དད་གྱུར་ཏེ། །བང་མཛོད་ཏུ་བསྔོས་བྱེ་མའི་ཕུང་པོ་ལས། །སྙིམ་པ་གང་ཞིག་ཁྱེའུ་རྒྱལ་པོས་བཅུས། །ཐུབ་པའི་ལྷུང་བཟེད་ནང་དུ་དབུལ་བར་བརྩམས། །མ་སྙོབས་གྱུར་པས་ཁྱེ་འུ་ཅིག་ཤོས་ཀྱིས། །སྒུར་པོར་བྱས་པའི་སྟེང་དུ་འཛེགས་ནས་ཕུལ། །སྟོན་པས་དེ་ཡི་དད་པའི་བསམ་པ་དགོངས། །ཕྱག་གི་ལྷུང་བཟེད་དཔངས་དམད་གྱུར་པས་བཟེད། །མ་ཡིས་རྒྱལ་ལ་འདི་འདྲ་འབུལ་བ་ཞེས། །སྤྱོས་པ་སྟོན་པས་ཟློག་པར་མཛད་ནས་ནི། །ཀུན་དགའ་བོ་ལ་བསམ་པ་བཟང་པོ་ཡིས། །ཕུལ་འདི་ཆུད་མ་ཟོས་པར་བྱ་བའི་ཕྱིར། །ས་སྦྱིན་བ་བྱུང་དྲི་དང་སྦྱར་བ་ཡིས། །སྟོན་པའི་དྲི་ཡི་གཙང་ཁང་སྐུས་ཤིག་གསུངས། །ང་འདས་ནས་ནི་ལོ་བརྒྱ་ལོན་པ་ན། །ཁྱེ་འུ་སྟེང་མ་འདི་ནི་འཛམ་གླིང་གི །༼ཅ༤༤ན༽རྒྱལ་པོ་མྱ་ངན་མེད་ཅེས་བྱ་བར་འགྱུར། །བྱེ་མ་ཕུལ་འདིའི་འབྲུ་གྲངས་དང་མཉམ་པའི། །ང་ཡི་རིང་སྲེལ་ལྡན་པའི་མཆོད་རྟེན་ནི། །འཛམ་བུའི་གླིང་ཀུན་ཁྱབ་པར་བྱེད་པར་འགྱུར། །ཁྱེ་འུ་གཅིག་ཤོས་དེ་ཡི་བློན་པོར་འགྱུར། །འཛམ་གླིང་རྣལ་དུ་འགོད་པར་བྱེད་ཏོ་གསུངས། །སྔོན་ཚེ་བྱེ་མ་ཕུལ་བའི་ས་ཡིན་ཞེས། །ནཱ་ལེནྡཱ་ན་དེ་ཡི་མཆོད་རྟེན་ཡོད། །སྟོན་པ་འདས་ནས་ལོ་ནི་སོ་བདུན་ན། །རྒྱལ་པོ་ཅིག་ལ་རྒྱལ་བུ་བཅུ་བདུན་དང༌། །བྲན་མོར་བཙས་པ་གཅིག་སྟེ་བཅོ་བརྒྱད་ཡོད། །ཡབ་ཀྱིས་རྒྱལ་བུ་ཀུན་བསྡུས་རྒྱལ་པོའི་མཚན། །སུ་ལ་ལྡན་པ་མཚན་མཁན་གྱིས་རྟོག་ཚེ། །བཅུ་བདུན་པོ་ནི་ཟས་གོས་རྒྱན་བཟང་པོས། །བསྙེམས་ཅིང་སོ་སོར་ཁྲི་སྟན་དག་ལ་འཁོད། །ནམ་ཡང་རྒྱལ་སྲིད་མི་འཐོབ་བསམ་པ་ཡིས། །བྲན་མོའི་བུ་ནི་མ་སོང་འདུག་པ་ལ། །བློན་པོས་ངེས་པ་མེད་ཀྱིས་སོང་ཞིག་སྐད། །རས་རྙིང་གྱོན་ཞིང་འབྲས་ཆན་ཁེངས་པ་ཅིག །ཟོས་ཏེ་ས་གཞི་ཉིད་ལ་འཁོད་པར་གྱུར། །བྲམ་ཟེས་འདི་དག་རྣམས་ལས་ཟས་མཆོག་ཟོས། །གོས་མཆོག་གྱོན་ཏེ་སྟན་མཆོག་ལ་འདུག་པ། །དེ་ནི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན། །སོ་སོར་བདག་གི་འདི་མཆོག་ཟེར་ཞིང་སོང༌། །བློན་པོས་མཆོག་དེ་གང་ཡིན་དྲིས་པ་ན། །ཟས་མཆོག་འབྲས་ཆན་གོས་མཆོག་རས་གོས་ཏེ། །སྟན་གྱི་མཆོག་ནི་ས་གཞི་ཡིན་ནོ་ཟེར། །ཐ་ཆུང་བྲན་མོའི་བུ་དེ་ལུང་བསྟན་ནོ། །རྒྱལ་པོ་ནད་ཀྱིས་འཆི་བར་ཉེ་བའི་ཚེ། །རྒྱལ་བུ་གཞན་ཀུན་དམག་གིས་གཡུལ་དུ་སོང༌། །བློན་པོས་བསྐུལ་བས་ཐ་ཆུང་ཨ་ཤོ་ཀར། །ཅོད་པན་བཅིངས་ཏེ་རེ་ཞིག་འདི་བྱོས་ལ། །དེ་ནས་ཕུ་བོ་ཞིག་ནི་སྐོས་ཤིག་སྐད། །ཕུ་བོ་བཅུ་བདུན་གཡུལ་ངོར་ཤི་ནས་ནི། །ཨ་ཤོ་ཀ་ཉིད་གཏན་གྱི་རྒྱལ་པོར་གྱུར། །དམྱལ་བའི་གཅོད་བཏུབ་ཡི་དྭགས་བཀྲེས་སྐོམ་དང༌། །དུད་འགྲོའི་བཀོལ་སྤྱོད་མི་ཡི་བྲེལ་ཕོངས་དང༌། །༼ཅ༤༤བ༽ལྷ་མིན་འཐབ་རྩོད་ལྷ་ཡི་ལོངས་སྤྱོད་སྟེ། །ཀུན་ལ་རེ་མོས་ཚུལ་གྱིས་འབངས་རྣམས་སྦྱར། །མིང་ཡང་གཏུམ་པོ་མྱ་ངན་མེད་ཅེས་གྲགས། །
དེ་ཚེ་ཤར་ཕྱོགས་བྱ་གག་ཀུན་ར་ན། །འཕགས་པ་ཀུན་དགའ་བོ་ཡི་སློབ་མ་ནི། །དགེ་སློང་དབང་པོའི་སྡེའམ་གྲགས་པ་ཞེས། །དགྲ་བཅོམ་རྣམ་ཐར་བརྒྱད་དང་ལྡན་པ་བཞུགས། །དེ་ཡི་སློབ་མ་དགེ་ཚུལ་གཞོན་ནུ་ཞིག །བསོད་སྙོམས་སྤྱོད་མཐོང་རྒྱལ་པོས་བཟུང་ནས་ནི། །འདི་འདྲའི་ཆ་ལུགས་སྔོན་ཆད་གསོད་མ་མྱོང༌། །གཤེད་མ་རྣམས་ཀྱིས་ཟངས་སུ་ཚོས་ཤིག་ཟེར། །བདག་གིས་རབ་ཏུ་བྱུང་བའི་དོན་མ་གྲུབ། །ཞག་བདུན་སྒོམ་དུ་ཆུག་ཅེས་ཞུས་པས་གནང༌། །ཞག་ལྔའི་བར་དུ་ཅི་ཡང་མ་རྟོགས་ཚེ། །རྒྱལ་པོའི་བཙུན་མོ་ཞིག་ལ་ཆད་པ་ཕོག །དགེ་ཚུལ་དེ་ཡི་མདུན་དུ་བསད་ཅིང་བཏུབས། །ལུས་མཛེས་སྐྱེ་བོ་དགའ་བར་བྱེད་དེ་ཉིད། །རྒྱུ་ལྟོ་འཇན་འཇིན་རབ་ཏུ་མི་གཙང་བ། །འདི་ལྟར་གྱུར་སྙམ་མི་སྡུག་འདྲ་ཤེས་ཐོབ། །སྐྱོ་བས་སྐད་ཅིག་དེ་ལ་དགྲ་བཅོམ་གྱུར། །ཞག་བདུན་ལོན་ཚེ་ཁ་སྦྱར་ཟངས་ཀྱིས་ནང༌། །ཡུངས་མར་བླུག་པར་ཉིན་གཅིག་བཙོས་ནས་ཕྱེ། །ཅི་ཡང་མ་ཉེས་ཟིལ་པ་ཕྲོམ་མེ་འདུག །ངོ་མཚར་སྐྱེས་ཏེ་དེ་ཡི་རྒྱུ་དྲིས་པས། །ཞག་བདུན་བསྒོམས་པས་དགྲ་བཅོམ་ཐོབ་ཅེས་ཟེར། །དུས་རིང་སྡིག་པ་མང་པོ་བསགས་སྙམ་ནས། །རྒྱལ་པོ་འགྱོད་སྟེ་སྡིག་སྦྱོང་གསོལ་བ་བཏབ། །ང་ནི་དགེ་ཚུལ་ཅང་མི་ཤེས་པ་སྟེ། །མཁན་པོའི་དྲུང་དུ་གསོལ་བ་ཐོབ་ཅིག་ཟེར། །ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་མྱ་ངན་འདས། །ས་དེར་དེ་ཡི་གདུང་གི་མཆོད་རྟེན་བཞེངས། །རྒྱལ་པོ་ཉིད་ཀྱི་གྲོང་ཁྱེར་དངོས་དེ་ནི། །རྡོ་རྗེའི་གདན་ནས་ཤར་དུ་དཔག་ཚད་བཅུ། །འདས་པ་གངྒཱའི་ཆུ་དང་ཉེ་བར་ཡོད། །དགྲ་བཅོམ་གྲགས་པའི་དྲུང་དུ་ཕོ་ཉ་བཏང༌། །བདག་གི་སྡིག་པ་སྦྱང་བའི་ཐབས་འཚོལ་ཕྱིར། །བདག་དེར་མཆི་འམ་འཕགས་པ་འདིར་གཤེགས་ཞེས། །གསོལ་བས་༼ཅ༤༥ན༽གཞན་ལ་གནོད་པར་གྱུར་དོགས་ནས། །འཕགས་པས་རྒྱལ་པོའི་དྲུང་དུ་མྱུར་བར་བྱོན། །སྡིག་པ་སྦྱོང་ཕྱིར་རིང་སྲེལ་ལྡན་པ་ཡི། །མཆོད་རྟེན་བྱེ་བ་ཕྲག་གཅིག་གྱིས་ཤིག་གསུང༌། །རྒྱལ་པོས་དེ་ཙམ་མི་འགྲུབ་ཅེས་སྨྲས་པས། །ཁྱོད་ནི་རྒྱལ་བས་སྔོན་དུ་ལུང་བསྟན་གྱི། །མི་དང་མི་མིན་ཀུན་ལ་བཀའ་སྒོས་དང༌། །རིང་པོར་མ་ཐོགས་འགྲུབ་པར་ངེས་སོ་གསུངས། །རྒྱལ་པོ་མ་སྐྱེས་དགྲ་ཡི་གདུང་སྐལ་གྱི། །རིང་སྲེལ་བྲེ་བོ་ཆེ་ཡི་ཁལ་གཅིག་ནི། །འོད་མའི་ཚལ་ན་གཏེར་དུ་སྦས་སོ་ཞེས། །གསུངས་ནས་དེ་ཡི་ས་གཞི་བྲུས་པ་ན། །མཚོན་ཆའི་འཁོར་ལོ་བྱུང་སྟེ་བཙལ་མ་ནུས། །བུད་མེད་ཅིག་གིས་གངྒཱའི་ཆུ་ཕྲན་ཞིག །དྲངས་ནས་ཡོད་ཅེས་ཐོས་ཀྱིས་ཆོད་ཅིག་ཟེར། །རྙེད་སྟེ་ཆུ་རྒྱུན་བཀག་པས་འཁོར་འཕྲོ་ཆད། །སྐུ་གདུང་བྲུས་པས་མ་འོངས་རྒྱལ་པོ་ནི། །དབུལ་པོ་ཞིག་གིས་གཏེར་འདི་རྙེད་འགྱུར་ཞེས། །རིན་ཆེན་ཡི་གེ་བྱུང་བས་མ་རངས་ཏེ། །ང་ལྟ་བུ་ལ་དབུལ་པོ་ཞེས་ཟེར་བ། །མི་རིགས་ཟེར་ཏེ་སྐུ་གདུང་འཚོལ་འཕྲོ་བཅད། །རྒྱལ་བའི་གདུང་ཕྱིར་ང་རྒྱལ་མ་བྱེད་ཅེས། །བསྐུལ་ནས་སླར་བཙལ་རིན་ཆེན་སྒྲོམ་བུར་བཞུགས། །ཕྱོགས་བཞིར་ནོར་བུ་རིན་ཆེན་རེ་རེ་བཞག །དེ་ཡིས་རྟག་དུ་མར་མེའི་བྱ་བ་བྱེད། །རྒྱལ་པོ་ཨ་ཤོ་ཀ་ཡི་རྒྱལ་སྲིད་ཀྱིས། །ནོར་བུ་རེ་རེའི་རིན་དུའང་མ་ཆོག་ནས། །རྒྱལ་པོའི་ང་རྒྱལ་ཆག་ཅིང་དུལ་བར་གྱུར། །དེ་ནས་རིང་སྲེལ་བྲེ་ཆེན་བཞི་སྤྱན་དྲངས། །བྲེ་འུ་ཆུང་གི་ཁལ་གཅིག་ཚད་ཏུ་བྱུང༌། །ལྷག་མ་སྔར་བཞིན་རྒྱས་བཏབ་སྦས་ཏེ་བཞག །སྟེང་དུ་མཆོད་རྟེན་ངོ་མཚར་ལྡན་པ་བྱས། །ཛམྦྷ་ལ་དང་གནོད་སྦྱིན་ཤིང་རྟ་གྲུབ། །རྫུ་འཕྲུལ་སྟོབས་ཆེན་ལྡན་པའི་གནོད་སྦྱིན་ཞིག །བྱ་བ་ཐོགས་མེད་སྒྲུབ་པའི་བློན་པོར་གྱུར། །དེ་ཡིས་གྲོགས་བྱས་འཛམ་གླིང་རྣལ་དུ་ཕབ། །མི་དང་མི་མ་ཡིན་པ་ཀུན་བསྐུལ་ནས། །ས་སྟེང་ཀུན་དུ་རྡོ་ཡི་སྲོག་ཤིང་བསྒྲེངས། །འཛམ་གླིང་ཁྱབ་པར་རྒྱལ་བའི་མཆོད་རྟེན་བྱས། །མཆོད་རྟེན་༼ཅ༤༥བ༽གྲངས་ནི་བྱེ་བ་སྙེད་ཡོད་ཕྱིར། །དེང་སང་བྱེ་བ་མཆོད་རྟེན་ཞེས་སུ་གྲགས། །གསུམ་དང་བརྒྱད་དང་བྱེ་བ་ལ་སོགས་པ། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ཞེས། །ཀླུ་སྒྲུབ་ཞབས་ཀྱིས་བཤད་པའང་འདི་ཉིད་ཡིན། །ཀུན་ན་རྒྱལ་བའི་རིང་སྲེལ་རེ་རེ་བཞུགས། །མདོ་ལས་མཆོད་རྟེན་ཁྲི་བཞི་སྟོང་ཞིག །བྱེད་པར་འགྱུར་ཞེས་ལུང་བསྟན་ཁོ་ན་སྣང༌། །སངས་རྒྱས་བསྟན་ལ་བྱ་བ་རྒྱ་ཆེན་བྱས། །མཚན་ཡང་ཆོས་རྒྱལ་ཨ་ཤོ་ཀ་ཞེས་བརྗོད། །གཞན་ཡང་གནས་ཆེན་བརྒྱད་ལ་སོགས་པ་རུ། །གཙུག་ཁང་མང་བྱས་དགེ་འདུན་མཐའ་ཡས་མཆོད། །བཀའ་ཡི་བསྡུ་བ་བར་པའི་སྦྱིན་བདག་བྱས། །
རྒྱལ་པོ་དེ་སྲས་ཀུ་ན་ལ་ཡི་མིག །ཡབ་ཀྱི་བཙུན་མོ་སྐར་རྒྱལ་སྲུང་བ་ཡིས། །འདོད་ཅིང་ཆགས་པས་བསླུ་བར་མ་ནུས་ཚེ། །གྱ་གྱུས་མིག་ཕྲོགས་སློང་མོས་འཚོ་བའི་ཚེ། །ཁྲོ་བ་མེད་པའི་བདེན་པས་མིག་རབ་སོས། །བསྟན་ལ་རབ་བྱུང་དགྲ་བཅོམ་དམ་པར་གྱུར། །འདི་ལ་ཀུ་ན་ལའི་མིག་གི་རྟོགས་བརྗོད་ཅེས་པ་ཡོད། འཛམ་བུའི་གླིང་ནས་རྒྱ་མཚོར་འདོང་བ་ཡི། །ཚོང་པའི་ཚོགས་ཤིག་ལན་ལྔར་གྲུ་ཆེན་ཞིག །ནོར་རྫས་ཆུར་ཤོར་རང་རང་རྐྱལ་ཏེ་ཐར། །མི་དེ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་འདུས། །ཁྱོད་ཀྱི་བཀའ་ལུང་ཀུན་གྱིས་ནོད་ན་ཡང༌། །རྒྱ་མཚོའི་ཀླུ་ཡིས་ཁྱོད་ཀྱི་བཀའ་མ་ཉན། །བདག་ཅག་ལན་ལྔར་ནོར་རྫས་ཀུན་དང་ཕྲལ། །དེ་བས་ཁྱོད་ཀྱིས་རྫས་རྣམས་དགུག་དུ་གསོལ། །དེ་སྐད་མགྲིན་གཅིག་བརྗོད་སྟེ་ངུད་མོ་འབྱིན། །རྒྱལ་པོ་གདོང་དམར་ངོ་ཚ་ལྡན་གྱུར་ཏེ། །འདི་ལ་ཇི་ལྟར་བྱ་སྙམ་ཐེ་ཚོམ་གྱུར། །དགྲ་བཅོམ་གྲགས་པ་ལ་ནི་ཞུས་པ་ན། །ཟངས་མའི་གླེགས་བུར་རྒྱལ་པོའི་བཀའ་ཡིག་བཀོད། །རྒྱ་མཚོ་ཆེན་པོའི་ནང་དུ་དོར་ཞིག་གསུངས། །དེ་ལྟར་བྱས་པས་ཀླུ་ཡིས་མ་བླངས་ཏེ། །རླབས་ཀྱིས་ཚུ་རོལ་རྒྱང་རིང་ཞིག་དུ་འཕངས། །དེ་ཚེ་དགྲ་བཅོམ་གྲགས་པའི་༼ཅ༤༦ན༽ཞལ་ན་རེ། །འཛམ་བུ་ཆུ་བོའི་གསེར་ལས་རྒྱལ་པོ་ཡི། །གཟུགས་དང་ཀླུ་ཡི་གཟུགས་ཤིག་ཚར་མཉམ་གྱིས། །ལྷན་ཅིག་ཁྲུས་ཀྱི་རྫིང་བུར་དོར་ཅིག་གསུངས། །དེ་ཚེ་ཀླུ་ཡི་གཟུགས་ནི་གཟི་འོད་འབར། །ཆུ་ལ་མ་བྱིངས་སྟེང་དུ་འཕགས་ཅིང་གསལ། །རྒྱལ་པོའི་སྐུ་གཟུགས་མོག་ཞིང་ཆུར་བྱིངས་ནས། །དེ་ཡི་མདུན་དུ་ཕྱག་བྱེད་ཚུལ་གྱིས་བུབ། །དགྲ་བཅོམ་ཞལ་ནས་ད་ལྟ་རྒྱལ་པོ་བས། །ཀླུ་རྒྱལ་བསོད་ནམས་ལྷག་པར་ལྡན་གྱུར་གྱིས། །རྒྱལ་པོ་ཆེན་པོ་བསོད་ནམས་གྱིས་ཤིག་གསུངས། །དགྲ་བཅོམ་འབུམ་ཕྲག་མང་པོ་སྤྱན་དྲངས་ཏེ། །རྒྱ་ཆེན་བསྙེན་ཞིང་བཀུར་བས་རབ་ཏུ་མཆོད། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བྱས། །ཁ་ན་མ་ཐོ་མེད་པའི་མཆོད་སྦྱིན་ཚེ། །སྤོ་གཏན་མ་བཅུག་རྒྱུན་མི་འཆད་པར་བྱེད། །ཞག་བདུན་ལོན་ཚེ་རྒྱལ་པོའི་སྐུ་གཟུགས་དེ། །མི་ནུབ་ཕྱེད་ཙམ་ཆུ་བོའི་སྟེང་དུ་བྱུང༌། །བདུན་གཉིས་ལོན་ཚེ་གཟུགས་གཉིས་མཐོ་དམན་དང༌། །བཟང་ངན་མེད་པར་ཆུ་སྟེང་མཉམ་པར་འདུག །ཞག་གྲངས་ཉེར་གཅིག་ལོན་ཚེ་རྒྱལ་པོའི་གཟུགས། །གསལ་ཞིང་འོད་འབར་ཆུ་བོའི་སྟེང་དུ་འཕགས། །ཀླུ་གཟུགས་ལྕགས་ལས་བྱས་ལྟར་འོད་མི་གསལ། །ཕྱག་བྱེད་ཚུལ་གྱིས་བུབ་སྟེ་ཆུ་བོར་ནུབ། །འཕགས་པའི་ཞལ་ནས་འཕྲིན་ཡིག་སྲིངས་ཤིག་གསུངས། །ཟངས་མའི་གླེགས་བུར་བཀོད་པའི་བཀའ་ཡིག་ནི། །རྒྱ་མཚོར་འཕངས་པས་དབུ་བའི་ཕུང་པོས་བཏེག །སྒྲ་ཆེན་སྒྲོག་ཅིང་རྒྱ་མཚོའི་དབུས་སུ་ནུབ། །ཀླུ་དང་གནོད་སྦྱིན་སྲུལ་པོ་ལུས་སྲུལ་སོགས། །མི་མ་ཡིན་པའི་འགྲོ་བ་མང་པོ་ཡིས། །ཚོང་པ་རྣམས་ཀྱི་ཟོང་རྣམས་མ་ལུས་དང༌། །ཀླུ་ཡི་རིན་ཆེན་དཔག་མེད་ཁྱེར་ནས་ནི། །ཀུན་གྱིས་མཐོང་བར་རྒྱལ་པོའི་མདུན་དུ་ཕུལ། །སྲི་ཞུ་ཕུ་དུད་མཆོད་བསྟོད་རྒྱ་ཆེར་བྱས། །མི་སྐྱེའི་བཟོད་ཐོབ་བྱང་ཆུབ་ལུང་བསྟན་པའི། །ཀླུ་རྒྱལ་རྒྱ་མཚོའི་བསོད་ནམས་ཟིལ་༼ཅ༤༦བ༽ནོན་པའི། །མི་ཡི་རྒྱལ་པོ་མྱ་ངན་མེད་པ་དེ། །ལྷག་པར་བསོད་ནམས་མཐུ་ལ་ཡིད་འཆེས་ཏེ། །དགེ་འདུན་ལ་ནི་གསེར་སྲང་བྱེ་བ་བརྒྱ། །འབུལ་བའི་ཡི་དམ་བརྟེན་པོ་བཟུང་བར་གྱུར། །འདི་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་ལེའུ་ཞེས་བྱ་བའི་རྟོགས་བརྗོད་ཡོད་ཅིང་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དོན་གསུམ་པ་ཡང་འདི་ཡིན། རྒྱལ་པོ་དེ་ཡི་ཀུན་དུ་སྤྱོད་པ་ནི། །དགེ་སློང་དགེ་འདུན་མཐའ་ཡས་ཉིན་རེ་ཞིང༌། །ཕོ་བྲང་སྤྱན་འདྲེན་མཆོད་པ་རྒྱ་ཆེན་བྱེད། །གདུགས་ཚོད་རྙེད་པ་བསྟབས་ནས་དམ་ཆོས་ཉན། །དེ་ལྟར་རྟག་དུ་རྒྱལ་བའི་བསྟན་ལ་མཆོད། །གསེར་སྲང་བྱེ་བ་གོ་དྲུག་ཕུལ་ཟིན་ནས། །བྱེ་བ་བཞི་ཡིས་མ་ལོངས་གྱུར་པའི་ཚེ། །རྒྱལ་པོ་དུས་ཀྱི་བསྙུན་ནད་དྲག་པོས་ཟིན། །རྒྱལ་པོའི་ཚ་བོ་རྒྱལ་ཚབ་བྱེད་པ་ལ། །བཀའ་ཡིས་བསྒོས་ཀྱང་འགྲོངས་པར་ཤེས་པ་ཡིས། །མཛོད་ལ་སེར་སྣ་བྱས་ཏེ་གསེར་མ་ཕུལ། །དགེ་འདུན་རྣམས་ཀྱང་རྒྱལ་པོར་ཐུགས་རྗེ་བས། །སྤྱན་མ་དྲངས་ཀྱང་ཉིན་རེ་བཞིན་དུ་བྱོན། །རྒྱལ་ཚབ་དེ་ཡིས་གདུགས་ཚོད་མ་སྦྱར་ནས། །དམ་ཆོས་བསྟན་ནས་ལྷུང་བཟེད་སྟོང་པ་ཡིས། །ཕོ་བྲང་ཕྱིར་བྱོན་བསོད་སྙོམས་སྤྱོད་པར་བྱེད། །རྒྱལ་པོས་རང་གི་སྨན་དང་གསོལ་ཟས་དང༌། །གོས་དང་རྒྱན་ལས་ཕྲི་སྟེ་ཅི་ནུས་འབུལ། །དེ་དག་རྣམས་ཀྱང་རྒྱལ་བུས་སྲུང་བཅུག་པས། །ཐ་མའི་ཉིན་པར་དབུལ་བྱ་གཞན་མ་འབྱོར། །ཁྲུས་རྩིའི་སྐྱུ་རུ་ར་ཡི་ཕྱེ་མ་ནི། །ཕུལ་གང་བདོག་པ་དེ་ཉིད་ཁོ་ན་བུལ། །དེ་ཚེ་རྒྱལ་པོའི་ཆོས་བློན་ཆེན་པོ་ཅིག །སྐྱོ་བར་གྱུར་ཏེ་རྒྱལ་པོ་ཆེན་པོ་ལགས། །ཁྱོད་ལ་ཡོ་བྱད་གཞན་དག་མི་བདོག་ཀྱང༌། །ས་གཞི་བདོག་གིས་འདི་ཉིད་འབུལ་བར་གྱིས། །གསེར་སྲང་བྱེ་བ་བཞི་ཡིས་བླུ་རུ་ཆུག །ཁྱོད་ཀྱི་ཐུགས་དགོངས་རྫོགས་པར་འགྱུར་རོ་ཞེས། །གསོལ་བས་རྒྱལ་པོ་ཆེན་པོ་རབ་ཏུ་མཉེས། །ས་གཞི་མ་ལུས་དགེ་འདུན་རྣམས་ལ་ཕུལ། །རྒྱལ་ཚབ་དེ་ཡིས་བྱེ་བ་བཞི་ཡིས་བླུས། །དེ་ནས་རྒྱལ་པོ་དུས་༼ཅ༤༧ན༽ཀྱི་ཆོས་ལྡན་པས། །དགའ་ལྡན་ལྷ་ཡི་རིགས་སུ་གཤེགས་པར་གྱུར། །མཐར་ནི་རྫོགས་འཚང་རྒྱ་བར་ལུང་དུ་བསྟན། །
གཞན་ཡང་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །རྒྱལ་པོ་ལུང་བསྟན་མདོར་བསྡུས་བརྗོད་བྱས་ན། །མྱ་ངན་མེད་འོག་མྱ་ངན་བྲལ་ཞེས་འབྱུང༌། །གོས་དཀར་མོ་གྲུབ་ཆོས་ཀྱི་ངང་ཚུལ་ཅན། །ལོ་ནི་བདུན་བཅུ་རྩ་དྲུག་མཆོད་རྟེན་མཆོད། །དེ་ཡི་འོག་དུ་དཔའ་བོའི་སྡེ་ཞེས་འབྱུང༌། །དཔལ་ཆེན་མོ་གྲུབ་གཙུག་ལག་ཁང་ཆེན་བྱེད། །རྒྱ་མཚོའི་མཐར་ཐུག་མཆོད་རྟེན་དུ་མས་བརྒྱན། །ལོ་ནི་བདུན་བཅུར་ཆོས་ཀྱིས་རྒྱལ་ཐབས་བྱེད། །གཉི་གའང་ལྷར་སྐྱེ་བྱང་ཆུབ་ཆེ་འཐོབ་འགྱུར། །དེ་འོག་རྒྱལ་པོ་དགའ་བོ་ཞེས་བྱ་འབྱུང༌། །ཤ་ཟ་པི་ལུའི་སྔགས་གྲུབ་ལོངས་སྤྱོད་ལྡན། །དེ་ཡི་གྲོགས་པོ་བྲམ་ཟེ་པཱ་ཎི་ཞེས། །སྤྱན་རས་གཟིགས་ཀྱི་སྔགས་གྲུབ་བརྡ་སྤྲོད་བྱེད། །བྲམ་ཟེ་མཆོག་སྲིད་ཅེས་བྱའང་དེ་ཚེ་འབྱུང༌། །རྒྱལ་པོའི་ཚེ་ཚད་ལྔ་བཅུ་རྩ་དྲུག་སྟེ། །གྲོགས་བཅས་ཉན་ཐོས་བྱང་ཆུབ་འཐོབ་པར་འགྱུར། །དེ་ནས་རྒྱལ་པོ་ཟླ་བ་སྦས་པ་ཞེས། །ཛམྦྷ་ལ་གྲུབ་རྒྱལ་སྲིད་ལོངས་སྤྱོད་རྒྱས། །ཤི་འཕོས་ལས་ཀྱིས་ཡི་དྭགས་འཇིག་རྟེན་སོང༌། །དེ་ནས་ལྷར་སྐྱེ་ཉན་ཐོས་བྱང་ཆུབ་འཐོབ། །དེ་ཡི་བུ་ནི་སྙིང་པོ་ཐིག་ལེ་ཞེས། །སྔོན་དུས་བྱིས་པར་གྱུར་ཚེ་རྩེད་མོའི་ཕྱིར། རྒྱལ་བའི་མཆོད་རྟེན་བྱེ་མ་ལས་བྱས་མཐུས། །སྐྱེ་བ་ལྔ་བརྒྱར་ལྷ་ཡི་བདེ་མྱོང་ནས། །དེ་ནས་ཤི་འཕོས་མི་ཡི་རྒྱལ་པོར་གྱུར། །བྱིས་པའི་དུས་ནས་རྒྱལ་པོར་ཅོད་པན་བཅིངས། །འཇམ་དཔལ་དང་ནི་སྒྲ་ཡི་རིག་པ་གྲུབ། །ཆོས་བཞིན་རྒྱལ་སྲིད་ལོ་ནི་བདུན་བཅུར་བྱེད། །དེ་ཡི་བློན་པོ་བྲམ་ཟེ་ཙ་ན་ཀས། །གཤིན་རྗེའི་གཤེད་གྲུབ་ཁྲོ་བས་ཟིལ་མནན་ཏེ། །རྒྱལ་པོ་གསུམ་གྱི་རིང་ལ་མངོན་སྤྱོད་ཀྱིས། །ཤིན་དུ་མི་བཟད་སྡིག་ཆེན་བྱས་པར་འགྱུར། །སྔགས་ཀྱི་མཐུ་ཡིས་ལྷ་མ་ཡིན་བཀུག་ནས། །༼ཅ༤༧བ༽ལུས་དེས་ལྷ་མིན་བསྟེན་སྟེ་ཡུན་རིང་འཚོ། །ཤི་འཕོས་མནར་མེད་དམྱལ་པའི་གནས་སུ་སྐྱེ། །སྡུག་བསྔལ་མི་བཟད་མཐའ་ཡས་མྱོང་བར་འགྱུར། །དེ་ནས་ཤི་འཕོས་ཀླུ་ཡི་རྒྱལ་པོར་སྐྱེ། །འཇིགས་པའི་གཟུགས་ཅན་མ་རུངས་དུག་འཛིན་པ། །མི་བཟད་སྡིག་པའི་ལས་ལམ་བྱེད་པར་འགྱུར། །དེ་ནས་ཤི་འཕོས་རྫུ་འཕྲུལ་ཆེན་པོ་ཡི། །ཡི་དྭགས་གཤིན་རྗེའི་རྒྱལ་པོར་རབ་ཏུ་འགྲོ། དེ་ལྟར་སྡུག་བསྔལ་སྟོང་ཕྲག་ཡང་ཡང་མྱོང༌། །མཐར་གྱིས་མིར་སྐྱེས་ཡོན་གནས་མཆོག་གྱུར་པའི། །རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་ནི། །སྨོན་ལམ་བཏབ་ནས་ཤི་འཕོས་མཐོ་རིས་སོང༌། །མཐར་གྱིས་དམན་པའི་བྱང་ཆུབ་ཐོབ་པར་འགྱུར། །དེ་བས་སྔགས་སྒྲུབ་མངོན་སྤྱོད་ཡོང་མི་བྱ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་མངོན་སྤྱོད་བཀག །སྙིང་རྗེ་མཆོག་དང་རྫུ་འཕྲུལ་ཆེ་ལྡན་པའི། །སྲས་བཅས་རྒྱལ་བས་སྔགས་ཀྱི་ལས་རྣམས་ནི། །མཐུ་བསྟན་ཆེད་ཏུ་གསུངས་ཀྱི་གསང་ཕྱིར་མིན། །དེ་བས་མངོན་སྤྱོད་མི་བྱ་ཞེས་ལུང་བསྟན། །འདི་དུས་དགེ་སློང་མ་ཁོལ་འབྱུང་བར་གསུངས། །དགེ་སློང་དགའ་བོའི་འོག་དུ་ས་ཡི་བདག །ཙནྡན་སྐྱོང་འབྱུང་ལོ་ནི་སུམ་བརྒྱར་འཚོ། །གེགས་མེད་བྱང་ཆུབ་ཆེན་པོ་བདེ་བླག་འཐོབ། །དེ་ནས་མི་དགེའི་བཤེས་གཉེན་གོ་མི་ཤན། །བདག་ཉིད་ངན་པས་ཡོངས་སུ་བསླུས་པ་ཡི། །སྡིག་པའི་རྒྱལ་པོ་བཙུན་པ་ཞེས་བྱ་བ། །ནག་པོའི་རྩ་ལག་ཞིག་གིས་ཤར་ཕྱོགས་ནས། །ཁ་ཆེའི་བར་དུ་ལྷ་ཁང་མཆོད་རྟེན་འཇིག །རབ་བྱུང་རྣམས་གསོད་དེ་ཚེ་དཀར་ཕྱོགས་ཀྱི། །ལྷ་ཀུན་འཁྲུགས་ནས་བྱང་ཕྱོགས་ལ་བརྟེན་པར། །རྒྱལ་པོ་དེ་ནི་རི་ཡིས་བཅོམ་སྟེ་འཆི། །འོག་ནས་འོག་འགྲོ་མནར་མེད་དམྱལ་བར་འཚེད། །ནམ་ཞིག་སངས་རྒྱས་བསྟན་ལ་འཇུག་བར་འགྱུར། །དེ་འོག་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་པ། །གྲགས་ཆེན་གཏོང་བ་ཆེ་ཞིང་བསྟན་ལ་གུས། །དེ་ནས་རྒྱལ་པོ་ཐམས་ཅད་མངོན་དགའ་ཞེས། །པདྨ་འཆང་༼ཅ༤༨ན༽གྲུབ་སྟོན་པའི་བསྟན་གཙོར་བྱེད། །ཀུན་དགའ་ར་བ་མཆོད་རྟེན་གནས་དང་ནི། །མཚེ་འུ་རྫིང་ཁྲོན་མཚོ་དང་ལུ་མ་སོགས། །ཀུན་དུ་སྟོན་པའི་གཟུགས་བརྙན་རྒྱ་ཆེར་བྱེད། །སྔགས་ཀྱི་མཐུ་ཡི་ལོ་ནི་སུམ་བརྒྱར་མཚོ། །ལྷ་ཡི་གནས་སྐྱེ་མྱུར་དུ་བྱང་ཆུབ་འཐོབ། །གྲོང་ཁྱེར་ལྔ་ལེན་དུ་ནི་དེ་ཡི་བུ། །ཟབ་མོའི་ཕྱོགས་ཅེས་བྱ་བའི་རྒྱལ་པོ་འབྱུང༌། འཇམ་དཔལ་དབྱངས་ཀྱི་ཡི་གེ་དྲུག་པ་གྲུབ། །མཆོད་རྟེན་གཙུག་ཁང་གནས་ཁང་རྒྱ་ཆེར་བྱེད། །སྔགས་ཀྱི་མཐུ་ཡིས་ལོངས་སྤྱོད་རྒྱ་ཆེན་ལྡན། །རྒྱལ་བའི་བསྟན་ལ་རྣམ་པ་སྣ་ཚོགས་ཀྱིས། །བྱ་བ་ཆེར་བྱས་མྱུར་དུ་བྱང་ཆུབ་འཐོབ། །སྐབས་འདིར་བོད་དང་རྒྱ་ཡི་རྒྱལ་པོ་སོགས། །ལུང་དུ་བསྟན་མོད་སོ་སོའི་སྐབས་སུ་འཆད། །
བྱང་ཕྱོགས་རྒྱལ་པོ་ཏུ་རུཥྐ་ཞེས་འབྱུང༌། །སྐྲ་ཅན་མ་གྲུབ་སྡེ་ཆེན་བརྩོན་འགྲུས་ལྡན། །ཤིང་ཤུན་གྱོན་ཡུལ་མ་གཏོགས་ཁ་ཆེ་དང༌། །ཀ་ཤིའི་མཐར་ཐུག་དཔག་ཚད་བདུན་བརྒྱ་དང༌། །འབུམ་ཕྲག་གཉིས་ཀྱི་ས་སྐྱོང་བསྟན་ལ་མཆོད། །རྒྱལ་བའི་མཆོད་རྟེན་སྟོང་དང་བརྒྱད་ཁྲི་བྱེད། །དེ་ཡི་ཡུལ་དུ་ཐེག་ཆེན་ཤེས་ཕྱིན་རྒྱས། །ལོ་ནི་སུམ་བརྒྱར་སྔགས་ཀྱི་མཐུ་ཡིས་འཚོ། །ལུས་ཞིག་མཐོ་རིས་འགྲོ་ཞིང་སངས་རྒྱས་འགྱུར། །དེ་འོག་མང་བསྐུར་ཏུ་རུཥྐ་ཞེས་འབྱུང༌། །སྒྲོལ་མའི་སྔགས་གྲུབ་ཕྱོགས་ཆེན་དཔུང་ཆེན་པོ། །གྲགས་ཆེན་གཉེན་དང་རྒྱལ་པོ་ཀུན་གྱིས་བསྐུར། །རྩ་བརྒྱད་སྟོང་གི་གཙུག་ལག་ཁང་བྱེད་ཅིང༌། །ཆོས་ཀྱི་བདག་ཉིད་དེ་མཐར་རྫོགས་འཚང་རྒྱ། །དེ་ཡི་ཡུལ་དུ་གསུང་རབ་མང་གནས་པར། །སྔོན་གྱི་རྒྱལ་བ་དག་གིས་ཀྱང་ལུང་བསྟན། །དགྲ་བཅོམ་དང་ནི་ཀླུ་དང་འཇིག་རྟེན་སྐྱོང༌། །བསྟན་སྲུང་གནོད་སྦྱིན་མང་པོ་དེ་ཚེ་འབྱུང༌། །
ནུབ་ཕྱོགས་འཕགས་རྒྱལ་ཕ་རོལ་ལ་ཊའི་ཡུལ། །པུ་ཊིའི་རྒྱལ་རིགས་ངང་ཚུལ་ཞེས་བྱ་བ། །དགེ་སློང་ཞིག་ལས་ཤི་འཕོས་༼ཅ༤༨བ༽རྒྱལ་པོ་འབྱུང༌། །མཆོད་རྟེན་སྐུ་གཟུགས་མཆོད་ཅིང་གཙུག་ཁང་བྱེད། །ཆོས་རྒྱལ་ཆོས་ལ་གཉེན་གཤིན་སྔགས་ཀྱང་གྲུབ། །ལོ་ནི་སུམ་བཅུར་སྲིད་བསྐྱངས་དགའ་ལྡན་དུ། །བྱམས་པའི་མདུན་འགྲོ་མཐར་གྱིས་བྱང་ཆུབ་འཐོབ། །དེ་ནས་གཡོ་བ་ཞེས་བྱའི་རྒྱལ་པོ་ནི། །ལོ་གྲངས་ང་ལྔ་ཟླ་བ་ལྔ་རུ་འཚོ། །དེ་ཡི་ནུ་བོ་བསྟན་ཞེས་སྐྱེ་རྒུ་སྐྱོང༌། །ངང་ཚུལ་འོག་དུ་ཟླ་མཛེས་གཞུ་དང་ཏོག །མེ་ཏོག་གཞུ་དང་འོད་ཆེན་སྟོབས་རྣམས་ལྡན། །ཁྱབ་འཇུག་བར་དུ་བ་ལའི་གྲོང་དང་ནི། །རེས་ལྡན་གྲོང་དུ་རྒྱལ་པོ་མཐའ་ཡས་འབྱུང༌། །དེ་ནས་དྲང་སྲོང་དམོད་པས་བཅོམ་གྱུར་ཏེ། །ལ་ཊའི་ཡུལ་ཀུན་ཆུ་ཡིས་གང་བར་འགྱུར། །བྱང་ཕྱོགས་རི་དང་རི་ཞོལ་སྣ་ཚོགས་པར། །ཉི་ཤུ་གཅིག་དང་སུམ་བཅུ་ལ་སོགས་པ། །སྔགས་གྲུབ་རྒྱལ་པོ་མང་དུ་འབྱུང་བར་གསུངས། །
ལྷོ་ཕྱོགས་མཚོའི་འགྲམ་ཀཉྩི་པུ་རའི་གནས། །དཀར་དང་ས་བདག་སཱ་ལའི་ལྗོན་པ་སོགས། །རྒྱལ་པོ་སྟོང་ཕྲག་བགྲངས་པ་འབྱུང་བར་བསྟན། །དཔལ་གྱི་རི་བོའི་ཕྱོགས་དང་འབིགས་བྱེད་ཞོལ། །ཀ་ལིངྒ་དང་ཡོན་ཏན་གསུམ་པ་དང༌། །ཀླ་ཀློ་རྒྱ་མཚོའི་ནང་དང་འགྲམ་དག་དང༌། །ཀཱ་མ་རཱུ་དང་ཨོ་ཊའི་ཡུལ་སོགས་སུ། །རྒྱལ་པོ་བསྟན་ལ་དད་པ་མཐའ་ཡས་འབྱུང༌། །དེ་བཞིན་ཤར་གྱི་ཕྱོགས་སུ་རྒྱ་མཚོ་དང༌། །རྣམ་གནོན་དབང་ཆེན་ལ་སོགས་བསྟན་པ་ལ། །དད་པའི་རྒྱལ་པོ་དུ་མ་ལུང་དུ་བསྟན། །གཽ་ཊའི་ཡུལ་དུ་གཞོན་ནུ་ཞེས་བྱ་སོགས། །མཆོག་དམན་རྒྱལ་པོ་སྣ་ཚོགས་འབྱུང་བར་བསྟན། །ཁྱད་པར་ཤར་ཕྱོགས་མཚོར་བརྟེན་འབྲོག་གི་བར། །བྱང་དུ་ལོ་ཧི་ཏ་ཀླུང་ཁ་བ་ཅན། །ནུབ་ཏུ་ཀ་ཤིའི་གྲོང་ལ་ཐུག་པའི་བར། །དབང་བྱེད་རྒྱལ་པོ་སེང་གེ་ལྔ་པར་གསུངས། །འདི་རྔོག་ལོ་ཆེན་པོའི་ལུང་བསྟན་དུ་གྲགས་ཀྱང་དེ་མིན། གཞན་ཡང་ཡུལ་དུས་མ་ངེས་རྒྱལ་པོའི་ཚོགས། །མང་དུ་གསུངས་མོད་མདོར་བསྡུས་བརྗོད་པ་སྟེ། །རྒྱས་པར་འཇམ་དཔལ་རྩ་བའི་རྒྱུད་ཉིད་ལྟོས། །༼ཅ༤༩ན༽
སྔོན་བྱུང་གཏམ་གྱི་གྲགས་པ་ལྟར་བཤད་ན། །ཆོས་རྒྱལ་མྱ་ངན་མེད་འདས་རིང་ཞིག་ན། །རྒྱལ་པོ་ཙནྡྲ་བདུན་རྒྱུད་ཅེས་པ་བྱུང༌། །ཧ་རི་ཙནྡྲ། དེ་ཝ་ཙནྡྲ། ཤྲི་ཙནྡྲ། ཨ་ཁེ་ཙནྡྲ། །དྷརྨ་ཙནྡྲ། བི་ཀྲ་མ་ཙནྡྲ། བདུན་པ་གོ་མི་ཙནྡྲ་ཞེས་བྱ་བ། །ཛཱ་ལནྡྷ་ར་པ་ཡི་སློབ་མ་སྟེ། །ཐུན་མོང་དངོས་གྲུབ་བརྙེས་པར་གྱུར་པ་ཡིན། །
དེ་འདས་འོག་དུ་བཙུན་མོ་མཛེས་མ་ཞིག །ཀླུ་བདུད་གདུག་པ་ཅིག་གིས་བདག་གིར་བྱས། །རྒྱལ་པོར་གང་བསྐོས་དང་པོ་ལོ་གཅིག་དང༌། །དེ་འོག་ཟླ་གཅིག་དེ་ཕྱིན་ཞག་རེ་ལ། །རེ་རེ་ཟོས་ཏེ་གྲོང་གི་སྐྱེས་པ་ཀུན། །རེ་མོས་ཀྱིས་བསྐོ་ཐམས་ཅད་སྡུག་བསྔལ་ལྡན། །དེ་ཚེ་འོད་ཟེར་ཅན་མ་གྲུབ་པ་ཡི། །རྒྱལ་རིགས་རྣལ་འབྱོར་པ་ཅིག་དེར་འོངས་ནས། །བ་ལང་རྫི་བོ་ཞིག་ལ་གནས་བཅས་འདུག །དེ་དག་ངུ་ཞིང་དོ་ནུབ་རྒྱལ་པོ་ཡི། །རེ་མོས་བབ་པས་སང་ནི་མི་ལྡོག་ཟེར། །སྙིང་རྗེས་ང་ཡིས་ཚབ་མ་བྱའོ་སྨྲས། །རྒྱལ་པོར་བསྐོས་ཏེ་རིན་ཆེན་ཁྲི་ལ་བསྡད། །སྲོད་ལ་དུག་སྦྲུལ་ནམ་གུང་སྟག་དང་ནི། །ཐོ་རངས་དུས་སུ་སེང་གེར་བྱས་ནས་ནི། །སྐྱེས་བུ་དམན་འབྲིང་མཆོག་ལ་གནོད་བྱེད་པ། །དེ་དག་ལྷ་ཡི་ང་རྒྱལ་གྱིས་ཚར་བཅད། །མཛེ་མོ་མི་བཟད་འཇིགས་པ་ཅིག་སྣང་བ། །ནད་བྲལ་ལྷ་ཡི་ལུས་ལྟར་གྱུར་ནས་ནི། །ཁྱོད་ནི་ཀུན་ལ་བཀའ་དྲིན་མཚུངས་པ་མེད། །བདག་གི་ལུས་ཀྱང་རྟག་དུ་ཁྱོད་ལ་འབུལ། །སྙིང་རྗེས་རྒྱལ་སྲིད་མཛོད་ཅེས་ཞབས་ལ་གཏུགས། །ནང་པར་གྲོང་ཁྱེར་པ་རྣམས་ཁྱོགས་ལ་སོགས། །ཁྱེར་སྟེ་རྒྱལ་པོའི་སྐུ་གདུང་དུར་ཁྲོད་ཏུ། །སྤྱན་འདྲེན་འོངས་ཚེ་རྒྱལ་པོ་མ་ཉམས་མཐོང༌། །ཀླུ་བདུད་གདུག་པ་དེ་ནི་ངས་བཏུལ་གྱིས། །ད་ནི་རྒྱལ་པོ་སུས་བྱས་ཉམ་ང་མེད། །སུ་འདོད་སྐོས་ཤིག་ཟེར་སྟེ་ཁྲི་ལས་ལངས། །ཀུན་གྱིས་དེ་ཉིད་གཏན་གྱི་རྒྱལ་པོར་ཞུས། །སྙིང་རྗེས་ཁས་བླངས་རྒྱལ་སྲིད་ཆོས་བཞིན་མཛད། །བ་ལང་རྫི་བོའི་ཚབ་མ་ཡིན་པའི་ཕྱིར། །བ་ལང་སྐྱོང་དང་གོ་པཱ་ལ་ཞེས་གྲགས། །
ཁ་ཅིག་༼ཅ༤༩བ༽ཕྱུགས་རྫི་མོ་ལ་ཤིང་གི་ལྷས། །སྤྱད་པས་བ་ལང་སྐྱོང་བྱུང་བ་དེ་ཡིས། །ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་ཏེ། །ནཱ་ལེནྡ་ཡི་གཙུག་ཁང་བཞེངས་ཞེས་ཟེར། །སྔོན་ཚེ་འཕགས་པ་ཤཱ་རིའི་བུ་ཡི་ཡུལ། །ནཱ་ལནྡ་ཡི་གྲོང་ཞེས་གྲགས་པ་སྟེ། །འདམ་བུ་ཅན་ཞེས་ནཱ་ལནྡ་རུ་བརྗོད། །ཁ་ཅིག་མི་ཡི་དབང་པོའི་གཙུག་ཁང་ཞེས། །ནཱ་རེནྡ་ཞེས་བྱ་བར་འདོད་པ་དང༌། །རིན་ཆེན་ནལ་གྱིས་ཁེབས་པའི་ས་ཡིན་ཕྱིར། །ན་ལེནྡྲ་ཞེས་བྱ་བར་སྒྲོག་པའང་ཡོད། །རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པའི་ས། །སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན། །
རྒྱལ་པོ་ཆེན་པོ་གོ་པཱ་ལ་དེ་ནི། །ཤར་ཕྱོགས་བྷཾ་ག་ལ་ཙམ་མངའ་རིས་འདུས། །བཙུན་མོ་ལྔ་བརྒྱ་རེ་རེ་ལ་ཡང་ནི། །དགེ་སློང་མ་ཚོགས་ལྔ་བརྒྱའི་མཆོད་གནས་ཡོད། །བཙུན་མོ་ཐ་ཆུང་རྒྱལ་པོར་མ་ཕྲད་ནས། །དགེ་སློང་མ་ཞིག་གིས་ནི་དབང་བྱེད་ཀྱི། །སྨན་སྦྱར་རྒྱལ་པོའི་ཞལ་དུ་མ་ཐོངས་ནས། །རིགས་ལད་དོགས་པས་མཚོ་ཡི་ནང་དུ་ཕོ། །མཚོ་དེའི་ཀླུ་རྒྱལ་དབང་དུ་གྱུར་ནས་ནི། །རྒྱལ་པོར་སྤྲུལ་ཏེ་བཙུན་མོའི་གམ་དུ་འོངས། །རྒྱལ་པོས་ཐོས་ནས་ཀླུ་དེ་འཛིན་བཅུག་པས། །བདག་ལ་དབང་མེད་སྨན་དེའི་ནུས་པ་ཡིན། །བུ་དེ་བསོད་ནམས་ལྡན་པར་རྟོགས་ནས་ནི། །རྒྱལ་པོས་མངའ་མཛད་དྷརྨ་པཱ་ལར་བཏགས། །རྒྱལ་པོ་འདས་ནས་རྒྱལ་སྲིད་མངའ་དབང་བསྐུར། །ས་བདག་ཆེན་པོ་དཔལ་ལྡན་ཆོས་སྐྱོང་དེས། །གཙུག་ཁང་བཞེང་ཕྱིར་ལྟས་མཁན་ལ་དྲིས་པས། །དཀའ་ཐུབ་ལྷ་གནས་ནས་བླངས་ཀོང་བུ་རུ། །བྲམ་ཟེའི་རས་ལ་སྡོང་བུས་བྱས་ནས་ནི། །ཚོང་དཔོན་ལས་བླངས་མར་ལ་མེ་སྤར་ནས། །མཆོད་རྟེན་གང་དུ་ཕུལ་ན་ཆོས་སྐྱོང་གི །སྤྲུལ་པས་ཀོང་བུ་གང་དུ་བསྐྱུར་པ་དེར། །བརྩིགས་ཞེས་རྨི་ལམ་ནང་དུ་བསྟན་མཐོང་ནས། །དཀོན་མཆོག་མཆོད་དང་༼ཅ༥༠ན༽སྦྱིན་པ་རྒྱ་ཆེར་བྱས། །མར་མེ་ཕུལ་ཚེ་ཀོང་བུ་བྱ་རོག་གིས། །ཁྱེར་ཏེ་མཚོ་ཆེན་ཞིག་དུ་དོར་བར་གྱུར། །རྒྱལ་པོ་ཡི་ཆད་སྡུག་བསྔལ་ལྡན་པ་ན། །ཀླུ་རྒྱལ་སྦྲུལ་མགོ་ལྔ་པ་ཅིག་འོངས་ཏེ། །ང་ནི་ཁྱོད་ཀྱི་ཕ་ཡིན་མཚོ་བསྐམས་ལ། །རྩིག་དུ་གཞུག་གིས་ཞག་ནི་བདུན་རེ་ཞིང༌། །དཀོན་མཆོག་མཆོད་སྦྱིན་རྒྱ་ཆེར་གྱིས་ཤིག་ཟེར། །བདུན་གསུམ་འདས་ཚེ་མཚོ་དེ་བསྐམས་གྱུར་ནས། །གཙུག་ལག་ཁང་བྱས་མཚོ་ཡི་ཤུལ་ཡིན་ཕྱིར། །རྒྱ་མཚོ་སྦས་པའི་གཙུག་ལག་ཁང་ཞེས་བྱ། །གཉུག་མར་གནས་པའི་དགེ་སློང་རྣམས་ལ་ནི། །གྲང་བའི་ནད་ཀྱིས་བཏབ་པ་ཞི་བྱའི་ཕྱིར། །ཤིང་རྟས་ཚ་བ་གསུམ་གྱི་སྨན་བསྐྱས་ནས། །ཁྲོན་པར་བླུག་པས་ཏྲཱི་ཀསྟུ་ཀ་འམ། །ཚ་བ་གསུམ་པའི་གཙུག་ལག་ཁང་དུ་གྲགས། །སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་ཡང༌། །སྦྱིན་བདག་དཔལ་ལྡན་ཆོས་སྐྱོང་གིས་བྱས་ནས། །ཏྲཱི་ཀསྟུ་ཀའི་གནས་སུ་སྦྱར་བར་གསུངས། །ཁ་ཅིག་འདི་ཨོ་ཏྱནྟ་པུ་རི་ཡིན་ཟེར་ཡང༌། ཨོ་ཏྱནྟ་པུ་རི་ནི་མུ་སྟེགས་ཀྱི་རིག་འཛིན་གྱིས་རོ་ལངས་གསེར་དུ་གྲུབ་པ་ལས་བྱས་པ་དེ་ཡིན་ནོ། །
དེ་ཚེ་ཤར་ཕྱོགས་བ་རེནྡྲ་ཡི་ཡུལ། །མུ་སྟེགས་ལྷ་རྟེན་མང་དུ་ཡོད་པ་ལ། །ཉིན་བཞིན་སྲོག་ཆགས་མང་བསད་མཆོད་པ་བྱེད། །སྒྲོོལ་མའི་རྣལ་འབྱོར་པ་ཅིག་མཆིས་པ་དེས། །སྙིང་རྗེས་ཕྱི་པའི་རྟེན་རྣམས་འཇིག་པར་བསམས། །རྒྱལ་པོ་དེ་ལ་ཞུས་ཞེས་ཡི་དམ་གྱིས། །ལུང་བསྟན་ཐོབ་ནས་ས་ཏེ་བཙུགས་ཏེ་ཞུས། །རྒྱལ་པོས་གནང་ནས་དཔུང་ཚོགས་རྣམ་བཞིས་ཆས། །དེ་ཚེ་མི་ནག་འཇིགས་ཅིང་ཆེ་བ་ཞིག །ཧ་ཅང་མི་རིང་སྔུན་དུ་འགྲོ་མཐོང་ནས། །དྲིས་པས་མགོན་པོ་མ་ཧཱ་ཀཱ་ལ་ཡིན། །མུ་སྟེགས་རྟེན་རྣམས་ཁྱེད་ཀྱིས་མི་ཤིགས་སྐད། །དེ་ལ་གྲོགས་སུ་གསོལ་བ་བཏབ་པ་ན། །འོ་ན་བྱེ་མའི་ཕུང་པོ་འདི་སོལ་ལ། །འོག་ན་སྔོན་གྱི་སངས་རྒྱས་འོད་སྲུང་གི །གཙུག་ལག་ཁང་ཡོད་དེ་ལ་མཆོད་པ་གྱིས། །ང་ནི་གཙུག་ལག་ཁང་འདིའི་བསྟན་སྲུང་ཡིན། །ལྷ་རྟེན་འཇིག་༼ཅ༥༠བ༽ཚེ་རོལ་མོའི་སྒྲ་ཆེན་སྒྲོགས། །དེ་ནས་ང་ཡིས་གདོང་གྲོགས་བྱའོ་སྐད། །བྱེ་མ་བསལ་བས་འོད་སྲུང་གཙུག་ལག་ཁང༌། །མ་ཉམས་པ་ཅིག་བྱུང་སྟེ་མཆོད་པ་བྱས། །སྔོན་ཚེ་དུས་ཀྱི་འཕེན་པ་མ་བཏང་བར། །འགོག་པར་ཞུགས་པའི་དགྲ་བཅོམ་ཞིག་ཀྱང་ལངས། །སྟོན་པ་འོད་སྲུང་གང་ན་བཞུགས་ཞེས་ཟེར། །དེ་འདས་འདི་ནི་དེ་ཡི་བསྟན་ཡང་མིན། །ཤཱཀྱའི་རྒྱལ་པོའང་འདས་ཞེས་བརྗོད་པ་ན། །མཁར་འཕགས་ཆོ་འཕྲུལ་བསྟན་ཏེ་མྱ་ངན་འདས། །རྒྱལ་པོས་གཙུག་ལག་ཁང་དེ་རྒྱ་ཆེར་བརྒྱན། །སོ་མ་པུ་རིའི་གཙུག་ལག་ཁང་ཞེས་གྲགས། །བསྟན་པའི་འབྱུང་ཁུངས་ཆེན་པོ་ཞིག་དུ་གྱུར། །མཆོག་གི་དངོས་གྲུབ་ཐོབ་པའི་པཎ་ཆེན་བཞིའང༌། །སྒོ་སྲུང་ཚུལ་དུ་རྟག་པར་གནས་སོ་སྐད། །དེ་ནས་དབང་ཕྱུག་ཆེན་པོའི་ལྷ་རྟེན་རྣམས། །དམག་གིས་བསྐོར་ཏེ་རོལ་མོ་སྣ་ཚོགས་པའི། །སྒྲ་ཆེན་བསྒྲགས་པའི་མོད་ལ་རང་ཞིག་གྱུར། །བ་རེནྡྲ་ཀུན་རྒྱལ་པོའི་ཆབ་འོག་གྱུར། །
རྒྱ་གར་རྒྱལ་པོ་དྷརྨ་པཱ་ལའི་དུས། །བོད་རྒྱལ་མཇིང་ཡོན་སད་ན་ལེགས་བཞུགས་པར། །ཡར་ལུང་བང་སོའི་རྡོ་རིང་ཡི་གེ་ལ། །ཡོད་ཅེས་ཨོ་རྒྱན་པ་ཡིས་གསུངས་པར་སྣང༌། །དེ་ཚེ་ནཱ་ལེནྡ་ཡི་གཙུག་ཁང་ན། །སློབ་དཔོན་ཆེན་པོ་ཀམ་པ་ལ་ཞེས་པ། །མཆོག་དངོས་གྲུབ་ངེས་གངྒཱའི་ཆུ་འགྲམ་ན། །བྲག་རི་དེ་འུ་ཞིག་ཡོད་དེ་སྟེང་དུ། །གཙུག་ལག་ཁང་བྱས་ན་བསྟན་ལ་ཕན་པར་དགོངས། །དེ་ཡང་རྒྱལ་པོའི་ལུས་ཀྱིས་འགྲུབ་པར་མཁྱེན། །དྷརྨ་པཱ་ལའི་སྲས་སུ་འཁྲུངས་པར་བཞེད། །རྒྱལ་པོའི་བཙུན་མོ་དམ་པའི་རྨི་ལམ་དུ། །རྣམ་སྦྱར་ལྟུང་བཟེད་མཁར་སིལ་ལྡན་པ་ཡི། །དགེ་སློབ་ཞིག་འོངས་ང་ལ་གནས་གཡར་ཞེས། །མཚན་མོ་དྲུག་རྨིས་རྒྱལ་པོ་ལ་བཟླས་པས། །དོ་ནུབ་བྱུང་ན་གཏོང་བར་ཁས་ལོང་ཟེར། །ལྷུམས་ཞུགས་བཙས་ནས་དེ་ཝ་པཱ་ལར་བཏགས། །རྒྱལ་སྲིད་ཆེ་ལ་མངའ་དབང་༼ཅ༥༡ན༽བྱས་པར་གྱུར། །སྔོན་གྱི་གངྒཱའི་འགྲམ་གྱི་བྲག་གྱི་བྲག་སྟེང་དེར། །གཙུག་ཁང་ཆེན་པོ་ངོ་མཚར་ལྡན་པ་བྱས། །རྩ་བའི་སྡེ་བཞིའི་སྡེ་པ་རེ་རེ་ལ། །རབ་བྱུང་ཉི་ཤུ་བདུན་རེའི་ས་ཏྲ་བཙུགས། །བློ་བུར་ལྷགས་པ་བཅུ་ཕྲག་གཉིས་རེ་ཡི། །ས་ཏྲ་ལ་སོགས་འཚོ་བའི་ཡོ་བྱད་སྦྱར། །དེ་ལ་ཕྱོགས་བཞིར་མིང་བཞི་གྲགས་སོ་སྐད། །བྱང་ཕྱོགས་པ་རྣམས་བི་ཀྲ་མ་ཤཱི་ལ། །ཞེས་གྲགས་རྣམ་པར་གནོན་པའི་ཚུལ་ཁྲིམས་ཡིན། །ལ་ལ་གནོད་སྦྱིན་མནན་པའི་གཙུག་ཁང་ཟེར། །ཁ་ཅིག་རྣམ་པར་གནོན་པའི་རྡོ་ཅན་ཞེས། །སྔོན་གྱི་བྲག་རིའི་མིང་དུ་འདོད་པ་ཡོད། །ཁ་ཅིག་རྒྱུན་སྟེར་གྱི་གཙུག་ལག་ཁང་ཟེར། མཁས་པའི་པཎ་ཆེན་ཤ་སྟག་གིས་གང་བ། །སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོར་གྱུར། །
རྒྱལ་པོ་དེ་སྲས་ཏ་མ་པཱ་ལ་སྟེ། །དེ་དུས་པ་ཚབ་ལོ་ཙཱ་ཚུལ་རྒྱལ་གྱིས། །མདོ་སྡེ་དྲན་ཉེའི་འགྱུར་ཆད་བསབས་ཏེ་བསྒྱུར། །དེ་འོག་ཧི་མ་པཱ་ལ་ཞེས་བྱ་བྱུང༌། །དེ་སྲས་རྒྱལ་པོ་མ་ཧཱ་པ་ལ་ཡིས། །རྡོ་རྗེ་གདན་ནས་ཇོ་བོ་ཨ་ཏི་ཤ། །བི་ཀྲ་མ་ནི་པུ་རིར་སྤྱན་དྲངས་ཏེ། །བསྟན་པའི་བྱ་བ་རྒྱ་ཆེན་མཛད་པར་གྱུར། །དེ་སྲས་ནཱིརྻ་པཱ་ལའི་རྒྱལ་སྲིད་ཚེ། །ཇོ་བོ་བོད་ཡུལ་འགྲོ་བ་འདུལ་ཕྱིར་བྱོན། །ཇོ་བོས་ཞལ་གདམས་འཕྲིན་ཡིག་མཛད་པ་ཡོད། །ཙནྡྲ་བདུན་དང་པཱ་ལ་བདུན་གྱི་རིང༌། །རྒྱ་གར་མཁས་པ་ཕལ་ཆེར་བྱུང་བ་སྟེ། །རྒྱལ་པོ་དེ་ཀུན་ཙནྡྲའི་གྲུབ་ཐོབ་ཡིན། །
དེ་ནས་བློན་པོ་རྒྱལ་པོར་གྱུར་པ་ན། །སེ་ན་བཞི་རྒྱུད་ཅེས་པ་བྱུང་བར་གྲགས། །བཱ་ལ་སེ་ན། ཀ་ས་ར་སེ་ན། མ་ཎི་སེ་ན། མ་ཧེནྡྲ་སེ་ནའོ། །གཞན་ཡང་ཀམ་པོ་ཙེ་གླིང་མགོན་པོའི་རྒྱུད། །བཞུགས་ལས་ལོ་ནི་སྟོང་དང་བརྒྱད་བརྒྱ་ན། །རྒྱལ་པོ་མ་ཎི་དེ་ཝ་ཞེས་བྱ་བ། །ཏི་ར་ཧུ་ཏིའི་གྲོང་དུ་འབྱུང་བར་གསུངས། །དེ་ནས་རྒྱལ་རབས་དྲུག་ན་རམ་ཤིང་སྟེ། །བརྒྱད་པ་གྷ་ཁར་ཁ་ཏིའི་དུས་སུ་ནི། །ཀམ་པོ་ཙེ་ཡི་གླིང་དུ་འཁྲུངས་པ་ཡི། །ནག་པོ་༼ཅ༥༡བ༽སྤྱོད་པས་རལ་གྲི་གྲུབ་གྱུར་ཏེ། །ཝ་ར་ཎ་སིར་ཕོ་བྲང་བཅས་ནས་ནི། །འཛམ་གླིང་དབང་བྱེད་རྡོ་རྗེ་ཐེགས་པ་དར། །གྲུབ་ཐོབ་ན་མཁའི་སྐར་ཚོགས་ཙམ་འབྱུང་བར། །རྒྱ་གར་འཕགས་པའི་ཡུལ་ན་སྒྲོག་གོ་ཞེས། །ཨོ་རྒྱན་གྲུབ་ཐོབ་རིན་ཆེན་དཔལ་གྱིས་གསུངས། །མགོན་པོའི་རྒྱུད་ཀྱི་ལུང་བསྟན་གྱི་རྒྱལ་པོ་དེ་སྔར་བྱུང་ཟིན་པའམ་ད་ཙམ་ཡོད་དགོས་པར་སྣང༌། དེ་དང་རམ་ཤིང་རྒྱལ་པོ་མཇལ་བར་སྣང༌། །དེ་དག་ལ་སོགས་དབུས་འགྱུར་འཆང་དང་ནི། །ཧ་རི་པུཉྫ་ཧཾ་ས་བ་ཏི་དང༌། །པུཀྐཾ་ལ་སོགས་ཤར་དང་དེ་བཞིན་ལྷོ། །ཀསྨི་ར་དང་ཀཱ་མ་རཱུ་པ་སོགས། །ནུབ་དང་བྱང་སྟེ་རྒྱ་གར་ཡུལ་ཁམས་སུ། །བསོད་ནམས་ལྡན་པའི་ས་སྐྱོང་མང་བྱུང་སྟེ། །སངས་རྒྱས་བསྟན་པའི་ཉིན་བྱེད་རབ་བརྡལ་བས། །རྒྱ་མཚོའི་མཐར་ཐུག་ས་ཆེན་ཁྱབ་པར་བྱས། །དེབ་སྔོན་ན་རྒྱ་གར་གྱི་རྒྱལ་རབས་གཅིག་ནས་གཅིག་དུ་བརྒྱུད་པ་ནི་སུ་ལའང་ཡོད་པར་མ་ཐོས་ལ་ཞེས་སྣང་བ་ནི་མཛེས་པ་མ་ཡིན་ནོ། །ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ལས་རྒྱ་གར་གྱི་རྒྱལ་རབས་ཀྱི་སྐབས་ཏེ་བཞི་པའོ། །པར་འདིའི་སྦྱིན་བདག་ལྷོ་རྒྱུད་བྱ་ཡུལ་ནས། །ནོར་འཛིན་དབང་མོ་ཚོགས་གཉིས་གྲུབ་མ་ཡིས། །བསྲུངས་བའི་དགེ་ཚོགས་བྱང་ཆུབ་མཆོག་དུ་བསྔོ། །མངྒལཾ། །
༼ཆ༡ན༽༄༅། །ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་དང་པོ་ཐུགས་རྗེ་ཆེན་པོས་བོད་བདག་གིར་མཛད་ཚུལ་བཞུགས།
༼ཆ༡བ༽
ལེའུ་དང་པོ་ཐུགས་རྗེ་ཆེན་པོས་བོད་བདག་གིར་མཛད་ཚུལ།
རྒྱལ་དང་རྒྱལ་སྲས་ཀུན་གྱི་བརྩེ་ཆེན་ནི། །མངོན་སུམ་གཟུགས་ཀྱིས་ཞིང་ཀུན་ན་གསལ་བས། །འགྲོ་ཀུན་ཕན་བདེར་བྱེད་པོ་སྤྱན་རས་ཀྱིས། །རྟག་པར་ཀུན་ནས་གཟིགས་ལ་གུས་ཕྱག་འཚལ། །འཛམ་གླིང་བྱང་ཕྱོགས་ཐ་མཁོབ་གངས་རིའི་ཁྲོད། །ཐེག་ཆེན་དར་བ་གདོང་དམར་བོད་ཀྱི་ཡུལ། །ཆུ་བོ་ལོ་ཧི་ཏ་ཡི་རྒྱུད་འདི་རུ། །རྒྱལ་བསྟན་བྱུང་ཚུལ་ད་ནི་བརྗོད་པར་བྱ། །སྟོན་པས་བྱང་ཆུབ་བརྙེས་ནས་སྟོང་གསུམ་དང༌། །ཤར་ནུབ་རྒྱ་མཚོའི་བར་དུ་ཞབས་ཀྱིས་བཅགས། །ཏི་སེའི་ཕྱོགས་བཞིར་སྟོན་པའི་ཞབས་རྗེས་ཡོད། །དེ་ཕྱིར་ལྷ་སོགས་མཆོག་གི་སྣང་བ་རུ། །བོད་ཡུལ་འདི་ཡང་སྟོན་པའི་ཞབས་ཀྱིས་བཅགས། །ཚུ་རོལ་མཐོང་བ་མི་ཡི་མཐུན་སྣང་དུ། །དངོས་སུ་གཤེགས་པའི་མཛད་པ་མ་བསྟན་ཕྱིར། །སྟོན་པའི་ཞབས་ཀྱིས་མ་བཅགས་འོད་ཀྱིས་ཁྱབ། །བྱིན་གྱིས་བརླབས་པའི་ཡུལ་ཞེས་གྲགས་པ་ཡིན། །རི་མཐོ་ས་གཙང་ཆུ་བསིལ་ཚད་པ་མེད། །སྦྲུལ་གདུག་སྟག་གཟིག་ཅེ་སྤྱང་དུག་སྦྲང་མེད། །འཛམ་གླིང་༼ཆ༢ན༽ཆུ་བཞིའི་མགོ་བོ་གངས་ཅན་གནས། །ས་ལས་ལྕགས་རིས་རིན་ཆེན་སྣ་ལྔ་འབྱུང༌། །སྤང་ལྗོངས་མཚོ་དང་ཆུ་རྒྱུན་རབ་ཏུ་མང༌། །མུ་སྟེགས་མི་རྒྱུ་མི་ཀུན་ཐེག་ཆེན་མོས། །སྤྲུལ་པའི་ཆོས་རྒྱལ་ལྷ་ཡིས་མི་རྗེ་མཛད། །ལོངས་སྤྱོད་དམན་ཡང་འཛམ་གླིང་ཡུལ་གཞན་ལས། །དེ་ལྟའི་ཁྱད་ཆོས་དུ་མས་ཁྱད་པར་འཕགས། །འདས་པའི་སངས་རྒྱས་གསུམ་གྱིས་མ་ཐུལ་ཞིང༌། །ད་ལྟ་རྒྱལ་བས་ཆོས་འཁོར་མ་བསྐོར་བའི། །ཡུལ་འདི་སྤྱན་རས་གཟིགས་ཀྱི་གདུལ་བར་བསྟན། །
སྔོན་ཚེ་སྟོན་པ་འོད་མའི་ཚལ་བཞུགས་ཚེ། །འཛུམ་པ་མཛད་པའི་འོད་ཀྱིས་བོད་ཡུལ་བཀང༌། །སྒྲིབ་སེལ་གྱིས་ནི་འཛུམ་པའི་རྒྱུ་ཞུས་ཚེ། །དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ། །འདྲེ་སྲིན་གདུག་པ་དུ་མས་གང་བའི་ཡུལ། །ཐ་མཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། །མ་འོངས་དམ་ཆོས་ཉི་མ་ཤར་ལྟར་རྒྱས། །སེམས་ཅན་དེ་རྣམས་ཐར་པ་འཐོབ་པར་འགྱུར། །ཐ་མཁོབ་དེ་ཡི་འདུལ་བའི་གཉེན་པོ་ནི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཁོ་ན་ཡིན། །སྔོན་ཚེ་སངས་རྒྱས་སྟོང་གི་སྤྱན་སྔ་རུ། །ཐ་མཁོབ་གདུལ་དཀའི་སེམས་ཅན་དེ་དག་ཀུན། །བདག་གིས་ཐར་པའི་ལམ་དུ་འདུལ་གྱུར་ཅིག །འདྲེ་སྲིན་གདུག་པའི་སེམས་ཅན་དེ་རྣམས་ཀྱི། །སྐྱོབ་པའི་ཕ་མ་སྒྲོལ་བའི་དེད་དཔོན་དང༌། །མུན་པ་སེལ་བའི་སྒྲོན་མེར་བདག་གྱུར་ཅིག །དུས་གསུམ་རྒྱལ་བའི་དམ་ཆོས་གསུང་རབ་ཀུན། །ཐ་མཁོབ་ཡུལ་དེར་དར་རྒྱས་གནས་གྱུར་ཅིག །སེམས་ཅན་དེ་རྣམས་རྒྱལ་བའི་མཚན་ཐོས་པས། །ལྷ་མིའི་ལུས་ཐོབ་དད་ཅིང་སྐྱབས་སུ་སོང༌། །དམ་པའི་ཆོས་ལ་ལོངས་སྤྱོད་༼ཆ༢བ༽ཉིད་གྱུར་ཅིག །བདག་གིས་གང་ལ་གང་འདུལ་ཐབས་རྒྱ་མཚོས། །སེམས་ཅན་དེ་ཀུན་སྨིན་ཞིང་གྲོལ་བྱས་ནས། །ཐ་མཁོབ་དེ་ནི་རིན་ཆེན་གླིང་ལྟ་བུར། །དམ་པའི་ཆོས་ཀྱིས་ཀུན་ནས་འབྱོར་བར་ཤོག །དེ་ཁོ་ན་ལྟར་ཤོག་ཅེས་སྨོན་ལས་བཏབ། །དེ་ཕྱིར་རྒྱལ་བ་གཞན་གྱིས་མ་ཐུལ་བ། །སྤྱན་རས་གཟིགས་ཀྱིས་ཐུལ་བའི་རྒྱུ་དེ་ཡིན། །དེ་ཚེ་རྒྱལ་བའི་ཐུགས་ཀ་ནས། །པད་དཀར་ལྟ་བུའི་འོད་ཟེར་བྱུང༌། །བདེ་བ་ཅན་གྱི་ཞིང་སོང་སྟེ། །འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། །དེ་ནས་བྱུང་སྟེ་བདུད་རྩིའི་མཚོ། །པད་མ་ཅན་དུ་ཞུགས་པར་གྱུར། །བདེ་བ་ཅན་གྱི་ཞིང་དེ་ནི། །མཉམ་ཞིང་ཤིན་དུ་རྣམ་པར་དག །བཻ་ཌུརྻ་ཡི་ས་གཞི་ལ། །གསེར་གྱིས་མིག་མང་རིས་སུ་བྲིས། །བདུད་རྩིའི་ཆུ་རྒྱུན་འཁྱིལ་ཞིང་འབབ། །ཡེ་ཤེས་གསལ་བའི་མེ་འོད་འབར། །རིན་ཆེན་བྱང་ཆུབ་ཤིང་གིས་གཏམས། །པདྨའི་སྦུབས་ལས་བརྫུས་ཏེ་སྐྱེ། །བསམ་གཏན་ཟས་ཀྱིས་རྟག་དུ་འཚོ། །ཚུལ་ཁྲིམས་དག་པའི་གོས་ཀྱིས་བཀླུབས། །རང་ལུས་འོད་ཀྱིས་འཇིག་རྟེན་སྣང༌། །ཐམས་ཅད་བཟོད་པའི་སྟོབས་དང་ལྡན། །ཀུན་ཀྱང་མྱང་འདས་བདེ་བ་ཆེ། །རྡོ་རྗེའི་ཚེ་ལ་མངའ་དབང་ཐོབ། །དེ་ཕྱིར་ཕལ་པའི་འབྱུང་བཞི་དང༌། །རྩི་ཤིང་གཞན་གྱི་མིང་ཡང་མེད། །མ་དག་སྐྱེ་བ་རྣམ་བཞིས་དབེན། །བཀྲེས་སྐོམ་འཐབ་རྩོད་ག་ལ་ཡོད། །ཉི་ཟླ་སྒྲོན་མེས་ཅི་ཞིག་བྱ། །ན་ཚ་སྡུག་བསྔལ་རྒ་ཤི་མེད། །ཁམས་གསུམ་འཁོར་བའི་ཉོན་མོངས་བྲལ། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད། །དེ་ཚེ་པད་ཅན་མཚོ་དབུས་ནས། །པདྨ་གཞན་ཀུན་ཟིལ་གནོན་པའི། །པདྨའི་རྒྱལ་པོ་གཟི་འོད་ནི། །ཉི་ཟླ་འབུམ་ཕྲག་བསྡོམས་འདྲ་བྱུང༌། །ཀུན་ནས་བྱེ་ཞིང་རྒྱས་པའི་ཁོངས། །མཆོག་གི་སྤྲུལ་པའི་སེམས་དཔའ་ནི། །གངས་རིའི་ཕུང་པོ་བྱེ་བ་ལྟར། །དཀར་ཞིང་འོད་འཕྲོ་འཛུམ་བག་ཅན། །༼ཆ༣ན༽ཞལ་གཅིག་ཕྱག་བཞི་རྒྱན་ཀུན་ལྡན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། །རྩ་བའི་ཕྱག་གཉིས་ཐུགས་ཀའི་དབུས། །ཐལ་མོ་སྦྱར་ཞིང་ཞི་བར་གཟིགས། །གཡས་ཀྱི་འོག་མས་ཤེལ་དཀར་གྱི། །ཕྲེང་བ་འདྲེན་ཞིང་སྐྱེ་འགྲོ་འདུལ། །མཚན་དང་དཔེ་བྱད་མ་ལུས་བཀྲ། །ཨེ་ནྱའི་ལྤགས་པས་ཕྲག་གཡོན་བཀབ། །རལ་པའི་ཟུར་ཕུད་ལྔ་དང་ལྡན། །འགྲོ་ཀུན་སྙིང་རྗེའི་གསུང་དབྱངས་འབྱིན། །རྒྱལ་བའི་འོད་ཟེར་མ་གཏོགས་པ། །འོད་གཞན་མ་ལུས་ཟིལ་གནོན་པའི། །འོད་དང་འོད་ཟེར་འཕྲོ་བ་ཞིག །སྤྲིན་རུམ་ཕྱེ་བའི་ཉི་བཞིན་བྱུང༌། །རྒྱལ་པོ་བཟང་པོའི་མཆོག་གིས་བླངས། །དེ་ཚེ་འོད་དཔག་མེད་མགོན་གྱིས། །འདི་ནི་མི་འབྱེད་འཛམ་གླིང་གི །ཐ་མཁོབ་ཁ་བ་ཅན་གྱི་ཡུལ། །འདུལ་བའི་སྤྲུལ་པའི་སྐུ་མཆོག་ཅེས། །སྤྱི་བོར་ཕྱག་གིས་བྱུགས་མཛད་སྟེ། །དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ། །ཐ་མཁོབ་ཁ་བ་ཅན་གྱི་སེམས་ཅན་རྣམས། །སྨོན་ལམ་མཐུ་ཡིས་ཁྱོད་ཀྱིས་འདུལ་འགྱུར་བ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ལེགས། །ཁ་བ་ཅན་གནས་འགྲོ་ཀུན་གྱིས། ཁྱོད་མཐོང་ཡིག་དྲུག་སྒྲ་ཐོས་ནས། །མོད་ལ་ངན་སོང་ལས་ཐར་ཏེ། །མཐོ་རིས་ལུས་མཆོག་ཐོབ་གྱུར་ཅིག །འདྲེ་སྲིན་གདོན་བགེགས་ཤ་ཟའི་ཚོགས། །གཞན་གྱི་མདངས་འཕྲོག་སྲོག་གཅོད་པ། །ཀུན་གྱིས་ཁྱོད་མཐོང་ཡིག་དྲུག་ཐོས། །མོད་ལ་ཁྲོ་སྤངས་བྱམས་ལྡན་གྱུར། །གཅན་གཟན་མ་རུངས་གདུག་ཅིང་གཏུམ། །གཞན་གྱི་ཤ་ཁྲག་གིས་འཚོ་རྣམས། །ཁྱོད་མཐོང་ཡིག་དྲུག་ཐོས་པའི་མོད། །བུ་ལ་མ་ལྟར་བྱམས་ལྡན་འགྱུར། །བཀྲེས་སྐོམ་གྱིས་གཟིར་ཉམ་ཐག་རྣམས། །ཁྱོད་མཐོང་ཡིག་དྲུག་ཐོས་ཙམ་གྱིས། །བདུད་རྩིའི་ཆར་གྱིས་ལུས་༼ཆ༣བ༽སེམས་ཚིམ། །ཏིང་འཛིན་ཟས་མཆོག་ཐོབ་པར་འགྱུར། །དབང་པོ་མ་ཚང་ནད་ཀྱིས་མནར། །མགོན་མེད་རྣམས་ཀྱིས་ཁྱོད་དྲན་པས། །ནད་བྲལ་དབང་ལུས་ཕུན་ཚོགས་པ། །མཐུ་སྟོབས་ལྡན་པའི་ལུས་གྱུར་ཅིག །ཁྱོད་ལུས་མཐོང་བ་ཙམ་གྱིས་ཀྱང༌། །འཆི་བ་རྣམས་ཀྱི་ཚེ་སྲིང་ཞིང༌། །ནད་ལྡན་ནད་ལས་ཐར་གྱུར་ཅིག །མགོན་མེད་རྣམས་ལ་སྐྱབས་མཆོག་གྱུར། །ཐ་མཁོབ་ཁ་བ་ཅན་གྱི་ཡུལ་ཁམས་དེར། །ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ། །ཡི་དམ་ཁྱོད་ལ་བརྟེན་ནས་མ་འོངས་དུས། །ཡུལ་དེར་སངས་རྒྱས་བྱང་སེམས་དཔག་མེད་འབྱུང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། །ཆོས་སྐལ་སྙིང་པོ་ཡིག་དྲུག་འདི་ཡིན་ཏེ། །སྙིང་པོ་འདི་ལ་བརྟེན་ནས་མ་འོངས་དུས། །ཤཱཀྱའི་རྒྱལ་པོའི་གསུང་རབ་དམ་ཆོས་ཀུན། །ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར། །
ཨོཾ་མ་ཎི་པད་མེ་ཧཱུྃ། །གཟུང་སྔགས་རྒྱལ་པོ་ཡིག་དྲུག་འདི། །སངས་རྒྱས་ཀུན་གྱི་དགོངས་པའི་མཆོག །གཅིག་དུ་བསྡུས་པའི་བདག་ཉིད་ཡིན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །གཅིག་དུ་བསྡུས་པའི་སྙིང་པོ་ཡིན། །བདེ་གཤེགས་རྒྱལ་བ་རིགས་ལྔ་དང༌། །གསང་བདག་རྡོ་རྗེ་འཛིན་རྣམས་ཀྱི། །ཡང་རྙིང་བསྡུས་པའི་གཟུངས་སྔགས་ཡིན། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །མཐོ་རིས་ཐར་པའི་ལམ་ཆེན་ཡིན། །ཨོཾ་མ་ནི་མདྨེ་ཧཱུྃ། །ཆོས་ཀུན་སྙིང་པོ་ཡིག་དྲུག་འདི། །ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༌། །ཕྱིར་མི་ལྡོག་པའི་ས་འཐོབ་སྟེ། །འགྲོ་ཀུན་སྒྲོལ་བའི་དེད་དཔོན་འགྱུར། །ངན་སོང་གསུམ་དུ་ལྷུང་བས་ཀྱང༌། །ཐོས་ན་ལུས་དེ་བོར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་འགྱུར། །ལན་གཅིག་ཙམ་ཞིག་དྲན་པས་ཀྱང༌། །གངས་ལ་ཉི་འོད་ཕོག་པ་ལྟར། །ལས་ངན་སྡིག་སྒྲིབ་སྲབ་མོར་བྱེད། །རེག་ན་རྒྱལ་བ་སྲས་བཅས་ཀུན། །༼ཆ༤ན༽གཅིག་བསྡུས་དབང་བསྐུར་འཐོབ་པ་ཡིན། །ལན་གཅིག་རྣལ་འབྱོར་བྱས་པས་ཀྱང༌། །ཆོས་ཀུན་རྣམ་སངས་རྒྱས་རྟོགས་ཏེ། །འགྲོ་བ་སྒྲོལ་པའི་འཕྲིན་ལས་བྱེད། །བྲིས་ཏེ་ལུས་ལ་བཅངས་པ་ན། །དེ་ལུས་རྒྱལ་བའི་རིང་སྲེལ་ཡིན། །ནད་གདོན་ཀུན་ལས་རྣམ་པར་རྒྱལ། །གཟུངས་སྔགས་རྒྱལ་པོ་ཡིག་དྲུག་འདི། །རིན་པོ་ཆེ་དང་དར་ཟབ་ནས། །ཐ་ན་རྡོ་བའི་བར་བྲིས་ཀྱང༌། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་མ་ལུས་བྲིས་པ་སྟེ། །ཚེ་གཅིག་གིས་ཀྱང་བྱང་ཆུབ་འཐོབ། །རི་རབ་སྲང་ལ་གཞལ་བས་གྲངས་ཀྱང་ཆོད། །རྒྱ་མཚོའི་བྱེ་མ་འབྲུ་ནས་བགྲང་བར་ནུས། །རྒྱ་མཚོ་སྐྲ་རྩེས་གཏོར་བས་ཟད་ནུས་མོད། །འདི་ལན་གཅིག་བཟླས་བསོད་ནམས་བགྲང་མི་ནུས། །མཆུ་ཞེང་དཔག་ཚད་ལྔ་བརྒྱ་ཏིལ་གྱིས་བཀང༌། །ལོ་བརྒྱར་ཏིལ་རེ་ཕྱུང་ཡང་ཟད་པར་འགྱུར། །ཁོར་ཡུག་ནང་ཁོངས་ཞིང་གཅིག་དུ་གྱུར་པའི། །འབྲུ་ཀུན་རེ་རེ་ནས་ཀྱང་བགྲང་བར་ནུས། །འཛམ་གླིང་ཆུ་བོ་ལྔ་བརྒྱ་ཆུ་བྲན་བཅས། །རྒྱ་མཚོར་འབབ་བཞིན་འདི་ཡི་དགེ་བ་འཕེལ། །ཆུ་བོ་དེ་ཀུན་ཐིགས་པས་བགྲང་ནུས་མོད། །ལན་གཅིག་བརྗོད་པའི་བསོད་ནམས་ཚད་མི་ཟིན། །དུད་འགྲོ་ཀུན་གྱི་སྤུ་ཚོགས་རེ་རེར་འགྲོངས། །ཀ་ཤིའི་རས་ཀྱིས་རྡོ་རྗེའི་རི་རབ་ལ། །བསྐལ་རེར་ལན་རེ་ཕྱིས་ཀྱང་འཛད་འགྱུར་མོད། །འདི་ལན་གཅིག་བརྗོད་མཐུ་ཡང་དེ་ལྟ་མིན། །སྐྲ་རྩེའི་བརྒྱ་ཆས་རྒྱ་མཚོ་འཆིང་གནམ་ཆེ། །ཐིགས་པར་བྱས་པའི་ཚད་ཀྱང་གྲངས་ཀྱིས་ཟིན། །ལོ་གཅིག་ཆར་བབ་ཆར་ཐིགས་གྲངས་ཀྱིས་ཆོད། །ཡིག་དྲུག་ལན་གཅིག་བཟླས་པའི་མཐུ་མི་རྟོགས། །གླིང་བཞིའི་མི་རྣམས་རིང་སོང་ས་ཐོབ་པ། །དེ་ཀུན་བསོད་ནམས་ཕུང་པོ་གཅིག་བྱས་པ། །དེ་ལས་གང་གིས་ཡིག་དྲུག་ལན་གཅིག་ཙམ། །བརྗོད་པའི་བསོད་༼ཆ༤བ༽ནམས་ཆེས་ཆེར་ཁྱད་པར་འཕགས། །སངས་རྒྱས་བྱེ་བ་འདུས་པས་བསྐལ་པའི་བར། །བསྟན་ཡང་ཕན་ཡོན་ཕྱོགས་རེའང་མི་རྫོགས་ན། །བདེ་བར་གཤེགས་པ་རེ་རེས་ལྟ་ཅི་སྨོས། །སྙིང་པོའི་དམ་པ་ཡི་གེ་དྲུག་འདི་ཡིས། །འགྲོ་རིག་དྲུག་གི་སྡུག་བསྔལ་སོ་སོར་སེལ། །དྲི་མ་དྲུག་བསལ་ཕ་རོལ་ཕྱིན་དྲུག་རྫོགས། །སངས་རྒྱས་ཀུན་གྱི་སྙིང་པོ་གཅིག་གྱུར་པའོ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀུན། །འདུས་སྟེ་དབང་སྐུར་དམ་པ་ཡིས། །སྤྱན་རས་གཟིགས་མཆོག་དེ་དབང་བསྐུར། །འགྲོ་ཀུན་འདུལ་བའི་འཕྲིན་ལས་ལ། །དབང་ཕྱིར་སྣང་མཐའ་འོད་དཔག་མེད། །གཙུག་གི་ནོར་བུ་ལྟ་བུར་མཛེས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །མགྲིན་གཅིག་བསྔགས་ཅིང་ཤིས་པ་བརྗོད། །རྒྱལ་སྲས་ཀུན་གྱིས་འདུད་ཅིང་མཆོད། །སླར་ཡང་འོད་དཔག་མེད་མགོན་གྱིས། །ཕན་ཡོན་དཔག་དུ་མ་མཆིས་ཅིང༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་གཅིག་དུ་གནས་པ་ཡི། །སྙིང་པོ་ཡི་གེ་དྲུག་པ་འདིས། །ཁ་བ་ཅན་གྱི་ཐ་མཁོབ་དེར། །འགྲོ་ཀུན་སྨིན་ཞིང་གྲོལ་བར་གྱིས། །དམ་ཆོས་དར་ཞིང་རྒྱས་པར་འགྱུར། །
དེ་ལྟར་དབུགས་དབྱུང་ལུང་བསྟན་ཚེ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེ། །པུས་བཙུགས་ཐལ་སྦྱར་འདི་སྐད་ཏུ། །གསོལ་ཞིང་རང་དམ་རང་གིས་བཅས། །བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པར། །བླ་མེད་བྱང་ཆུབ་མཆོག་དུ་གཟུང་བར་བགྱི། །འགྲོ་ཀུན་བྱང་ཆུབ་ཆེ་ལ་མ་འཁོད་པར། །རང་ཉིད་ཞི་བདེའི་བསམ་པ་སྐྱེས་པ་ན། །སངས་རྒྱས་མ་ལུས་བདག་གིས་བསླུས་པའི་ཕྱིར། །མགོ་བོ་ཨར་ཛྷ་ཀ་ཡི་དོག་པ་ལྟར། །ཚལ་པ་བཅུར་གས་པད་མའི་འདབ་མ་ལྟར། །ལུས་ཀྱང་རྣམ་པ་སྟོང་དུ་བྱེ་གྱུར་ཞེས། །སྙིང་རྗེས་བདེན་ཚིག་སྨོན་ལམ་མཛད་པར་གྱུར། །དེ་ཡི་འཕྲིན་ལས་ན་མཁའི་མཐའ། །དཔོག་ནུས་འཇིག་༼ཆ༥ན༽རྟེན་ཀུན་ན་མེད། །འོན་ཀྱང་རང་གི་དད་པའི་རྒྱུས། །མདོ་སྡེའི་རྒྱལ་པོ་ཟ་མ་ཏོག །བཀོད་པ་ལས་བྱུང་ཕྱོགས་འགའ་ཞིག །མདོར་བསྡུས་ཅུང་ཟད་བརྗོད་པར་བྱ། །མནར་མེད་དམྱལ་བའི་ལྕགས་ཀྱི་ཁང༌། །འབར་བའི་མེ་སྤུང་གཅིག་གྱུར་ཀྱང༌། །མུན་པའི་རང་བཞིན་སྣང་བ་མེད། །འགྲོ་ཚོགས་གྲངས་མེད་སྲེག་ཅིང་འཚེད། །ལྷུན་པོའང་ཐལ་བར་བྱེད་པ་དེར། །ལྷ་རྣམས་དགའ་བའི་ཚལ་འཇུག་ལྟར། །སྤྱན་རས་གཟིགས་ཀྱི་དབང་པོ་ནི། །སྙིང་རྗེས་ཚམ་ཚོམ་མེད་པར་ཞུགས། །ཡི་གེ་དྲུག་པའི་སྒྲ་ཆེན་བསྒྲགས། །དེ་ནི་ཉེ་བར་སོང་ཙམ་གྱིས། །དམྱལ་བའི་མེ་རྣམས་རང་སར་ཞི། །ཙནྡན་ལྟ་བུར་བསིལ་བར་གྱུར། །ཆུ་གཙང་ཡན་ལག་བརྒྱད་ལྡན་རྫིང༌། །པདྨ་ཨུཏྤ་ལ་ཡིས་ཁེབས། །དམྱལ་བའི་སྣོད་རྣམས་གས་ཅིང་ཞིག །དམྱལ་བ་པ་རྣམས་སྡུག་བསྔལ་ཞི། །དེ་ནས་ལུས་སེམས་ཚིམ་བཞིན་དུ། །ལྟོས་ཤིག་སྐྱེས་བུ་འདོད་པའི་གཟུགས། །ལྟ་བས་མི་ངོམས་འདི་མཐོང་བས། །བདག་ཅག་དབུགས་ཕྱིན་གྱུར་ཏོ་ཞེས། །ཕན་ཚུན་སྨྲ་ཞིང་སྐད་ཅིག་གིས། །རྩ་གསུམ་ལྷ་ཡི་ནང་དུ་སྐྱེས། །ཕྱིར་མི་ལྡོག་པ་ཐོབ་པར་གྱུར། །དམྱལ་སྲུང་གཤིན་རྗེའི་སྐྱེས་བུ་ཀུན། །སྐྲག་ཅིང་འཇིགས་པས་མཚོན་བོར་ནས། །གཤིན་རྗེའི་རྒྱལ་པོའི་དྲུང་སོང་སྟེ། །ལྷ་གཅིག་དམྱལ་བའི་གནས་འདིར་ནི། །སྔོན་མེད་མི་དགེའི་ལྟས་བྱུང་བ། །སྐྱེས་བུ་ལྟ་ན་འདོད་པའི་གཟུགས། །རྒྱན་ཀུན་གྱིས་བརྒྱན་ཅོད་པན་འཕྱང༌། །དེ་འདྲ་ཞིག་ནི་འོངས་མ་ཐག །དམྱལ་བའི་ཟ་མ་ཏོག་རྣམས་གས། །མེ་ཞི་བསིལ་བའི་རྫིང་བུར་གྱུར། །སྲོག་ཆགས་དེ་རྣམས་མི་སྣང་སྟེ། །བདག་ཅག་རྣམས་ཀྱི་ལས་ཀྱི་ས། །འདི་པ་མཁྱེན་བར་མཛོད་ཅེས་སོ། །གཤིན་རྗེའི་རྒྱལ་པོས་འདི་ལྟ་བུ། །སུ་ཡི་མཐུ་སྙམ་བརྟགས་པ་ན། །ཚངས་སོགས་ལྷ་རྣམས་ཀུན་གྱི་ནང༌། །དེ་འདྲའི་མཐུ་ཡོད་༼ཆ༥བ༽མ་མཐོང་ནས། །དམྱལ་བའི་ནང་དུ་བལྟས་པ་ན། །སྤྱན་རས་གཟིགས་དབང་བཞུགས་པར་མཐོང༌། །གཤིན་རྗེའི་རྒྱལ་པོས་ལུས་བཏུད་སྟེ། །དེ་ཞབས་ཡང་ཡང་གཙུག་བླངས་ནས། །ཡོན་ཏན་མཆོག་གིས་རྒྱ་ཆེར་བསྟོད། །སྤྱན་རས་གཟིགས་ཀྱི་དབང་པོ། དབང་ཕྱུག་ཆེན་པོ། དམ་པ་ལ་དགྱེས་པ། དམ་པ་སྩོལ་བ་དབང་དུ་མཛད་པ། སའི་སྤྱན་དམ་པ་མཛད་པ། དབུགས་འབྱིན་པར་མཛད་པ། ཕྱག་བརྒྱ་ཕྲག་སྟོང་བ། སྤྱན་བྱེ་བ་ཕྲག་བརྒྱ་སྟོང་པ། སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་མཛད་པ། རུས་སྦལ་དང་ཆུ་སྲིན་དང་ཉ་རྣམས་དབུགས་འབྱིན་པར་མཛད་པ། ཡེ་ཤེས་ཀྱི་ཕུང་པོ་དམ་པ་ལ་མངའ་མཛད་པ། དགའ་བ་སྩོལ་བ་རིན་པོ་ཆེའི་དཔལ་དམ་པ། མནར་མེད་པ་ཀུན་སྐེམ་པར་མཛད་པ། ཡེ་ཤེས་ཀྱི་དཔལ་གྱིས་བརྒྱན་པ་ཡེ་ཤེས་ལ་དགྱེས་པ། ལྷ་ཐམས་ཅད་ཀྱི་མཆོད་པ་ཕྱག་འཚལ་བ་བཀུར་སྟི་བགྱིད་པ། མི་འཇིགས་པ་སྩོལ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པར་མཛད་པ། ཉི་མ་ལྟ་བུའི་སྤྱན་མཆོག་མཛད་པ། ཆོས་ཀྱི་སྒྲོན་མེ་མཛད་པ། ཇི་ལྟར་དགྱེས་པའི་གཟུགས་ཀྱི་གཟུགས་མཆོག་དྲི་ཟའི་གཟུགས་དང་ལྡན་པ། གསེར་གྱི་རིའི་གཟུགས་དང་མཚུངས་པ། རྒྱ་མཚོ་འཆིང་གནམ་གྱི་ཁོངས་བཞིན་དུ་ཟབ་པ། དོན་དམ་པའི་རྣལ་འབྱོར་རྗེས་སུ་ཐོབ་པ་བདག་གི་ཞལ་སྟོན་པར་མཛད་པ། ཏིང་ངེ་འཛིན་བརྒྱ་སྟོང་དུ་མ་དང་ལྡན་པ་མངོན་པར་དགྱེས་པར་མཛད་པ། སྐུ་བརྒྱན་པ་སྐྱེས་བུ་ཁྱུ་མཆོག །ཁུང་སྒོ་དང་ཁོང་སྒྲིལ་དང་འཕྲུལ་འཁོར་གྱི་ལམ་ལས་ཡོངས་སུ་ཐར་བར་མཛད་པ། སྲིད་པ་ཐམས་ཅད་དང་མ་འབྲེལ་བ། འཁོར་མང་པོ་འབྱུང་བར་འགྱུར་བའི་ཕྲིན་ལས་བསགས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཛད་པ། མྱ་ངན་ལས་འདས་པའི་ལམ་སྟོན་པར་མཛད་པ། ༼ཆ༦ན༽ཡི་དྭགས་ཀྱི་གྲོང་ཁྱེར་སྐེམ་པར་མཛད་པ། སྐྱེ་བོ་ལ་གདུགས་སུ་གྱུར་པ། ནད་ལས་ཡོངས་སུ་ཐར་བར་མཛད་པ། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོས་མཆོད་ཕྱིར་ཐོགས་བྱས་པ། དོན་ཡོད་པར་འགྱུར་བའི་ཞགས་པ་སྟོན་པར་མཛད་པ། སྔགས་བརྒྱ་ཕྲག་དུ་མ་དང་ལྡན་པ། ལག་ན་རྡོ་རྗེ་སྐྲག་པར་མཛད་པ། འཇིག་རྟེན་གསུམ་པོ་སྐྲག་པར་མཛད་པ། གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་དང་ཕྲ་མེན་ཕོ་དང་ཕྲ་མེན་མོ་དང་རོ་ལངས་དང་གྲུལ་བུམ་དང་རྗེད་བྱེད་རྣམས་སྐྲག་པར་མཛད་པ། སྤྱན་ཨུཏྤལ་སྔོན་པོ་ལྟ་བུ། རིག་པའི་རྒྱལ་པོ་ཉོན་མོངས་པ་ཐམས་ཅད་ལས་གྲོལ་བར་མཛད་པ། ལམ་སྣ་ཚོགས་ལས་ཟློག་པ་ཐར་པ་དམ་པ་ལ་གཞུག་པ་སྐུ་ལ་བྱང་ཆུབ་ཀྱི་ལམ་བསགས་པ་ཡི་དྭགས་ཡོངས་སུ་ཐར་བར་མཛད་པ། ཏིང་ངེ་འཛིན་རྡུལ་ཕྲ་རབ་ལྟ་བུ་བརྒྱ་སྟོང་དང་ལྡན་པ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་མཆོག་དེ་ཡང༌། །ཡི་དྭགས་གྲོང་ཁྱེར་ཆེན་པོར་སོང༌། །ཀེང་རུས་བསྒྲེངས་འདྲ་མགལ་དུམ་ལུས། །ལྟོ་ཆེན་མགྲིན་པ་ཕྲ་བ་ཡི། །ཡི་དྭགས་དཔག་མེད་མདུན་ན་རྒྱུག །འབར་བའི་གྲོང་ཁྱེར་གསིལ་གྱུར་ཞིང༌། །རྡོ་རྗེའི་སེར་བ་རབ་ཏུ་ཞི། །སྲུང་མ་རྣམས་ཀྱང་བྱམས་པ་ཐོབ། །ཕྱག་སོར་ཞབས་སོར་ཉི་ཤུ་ལས། །བདུད་རྩིའི་ཆུ་བོ་རེ་རེ་ཕབ། །བ་སྤུའི་ཁུང་བུ་ཀུན་ནས་ཀྱང༌། །ཡན་ལག་བརྒྱད་ལྡན་ཆུ་བྱུང་སྟེ། །ཡི་དྭགས་ཀུན་གྱིས་འཐུངས་ཙམ་གྱིས། །ཁ་དང་མགྲིན་པ་ཡངས་པར་གྱུར། །ལུས་ཡོངས་རྫོགས་ཅིང་བཀྲེས་སྐོམ་ཞི། །ཡི་གེ་དྲུག་པའི་ཆོས་ཐོས་པས། །འཇིག་ལྟའི་རི་བོ་བཅོམ་ནས་ནི། །བདེ་བ་ཅན་དུ་སོང་བར་གྱུར། །དེ་ལྟར་སྐད་ཅིག་རེ་རེས་ཀྱང༌། །ངན་འགྲོའི་གནས་ཀུན་སྟོངས་པར་མཛད། །དེ་ཚེ་ཤཱཀྱའི་དབང་པོས་བསྔགས་མཛད་སྟེ། །སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་གང༌། །དེ་འདྲ་དེ་༼ཆ༦བ༽བཞིན་གཤེགས་པ་རྣམས་ལའང་མེད། །སྔོན་ཚེ་རྫོགས་པའི་སངས་རྒྱས་ལྷག་མཐོང་ལས། །ང་ནི་ཁྱེ་འུ་སྤོས་ཀྱི་བཞིན་གྱུར་པས། །སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པ་ཐོས། །མིག་གཉིས་ལས་ནི་ཉི་མ་ཟླ་བ་བྱུང༌། །དཔྲལ་བའི་དབྱེས་ནས་ལྷ་ཆེན་དབང་ཕྱུག་སྟེ། །ཕྲག་པའི་ལྷུན་ལས་ཚངས་པ་ཆེན་པོ་བྱུང༌། །སྙིང་ལས་ཁྱབ་འཇུག་མཆེ་བ་ལས་ལྷ་མོ། །ཁ་ལས་རླུང་ལྷ་རྐང་ལས་ས་ཡི་ལྷ། །ལྟོ་བ་ལས་ནི་ཆུ་ཡི་ལྷ་བྱུང་ཚེ། །རྒྱལ་བ་དེ་ཡིས་དབང་ཕྱུག་ཆེ་བོས་ནས། །མ་འོངས་པ་ན་ངན་པའི་དུས་བྱུང་ཚེ། །ཁྱོད་ནི་འཇིག་རྟེན་བྱེད་པོར་གྲགས་པར་འགྱུར། །སེམས་ཅན་དེ་དག་བྱང་ཆུབ་ལམ་སྤངས་ཏེ། །ན་མཁའི་འདི་ནི་དབང་ཕྱུག་ཆེན་པོའི་རྟགས། །ས་ནི་ཁྲི་ཡིན་སེམས་ཅན་ཀུན་གྱི་གནས། །དེ་ནི་ཞི་ཞིང་རྟག་ཅེས་ལྟ་ངན་འཛིན། །བྱིས་པ་བླུན་པོ་དུ་མ་བསླུ་འགྱུར་གསུངས། །གཞན་ཡང་རྒྱལ་བ་གཙུག་ཏོར་ཅན་གྱི་ཚེ། །ང་ནི་བྱང་སེམས་སྦྱིན་པའི་དཔལ་དུ་འགྱུར། །ཞིང་དེ་གཞན་འཕྲུལ་དབང་བྱེད་ལྟ་བུར་འགྱུར། །ས་ཆེན་གཡོ་ཞིང་པདྨའི་ཆར་མང་འབབ། །བདེ་བ་ཅན་གྱི་འོད་དཔག་མེད་དྲུང་ནས། །སྤྱན་རས་གཟིགས་དབང་ཞིང་འདིར་འོང་བའི་ལྟས། །སེམས་དཔའ་ཆེ་དེ་གང་དུ་འོང་བར་ཡང༌། །ཆོས་ཉིད་ཀྱིས་ནི་འདི་ལྟར་སྣང་ངོ་གསུངས། །དེ་ནས་དཀར་ཞིང་ཞི་བའི་གཟུགས་ཅན་ཞིག །གསེར་གྱི་པདྨ་རྒྱས་པ་འཛིན་པས་ལྷགས། །རྒྱལ་ལ་ཕུལ་ནས་བསྙུན་གསོལ་སྨེད་པར་བྱེད། །མནར་མེད་ལ་སོགས་ཚ་བའི་དམྱལ་བ་བརྒྱད། །ཤལ་མ་ལི་སོགས་ཉེ་འཁོར་གནས་པ་དང༌། །གྲང་དམྱལ་བརྒྱད་དང་ཡི་དྭགས་འགྲོ་བ་ཀུན། །བདག་གི་ལས་ཀྱི་ས་སྟེ་དེར་སྐྱེས་རྣམས། །སྒྲོལ་ཞིང་སྨིན་བྱེད་བྱང་ཆུབ་ཆེར་འགོད་ཅེས། །མཆིད་ལན་གསོལ་ཏེ་གློག་བཞིན་མི་སྣང་གྱུར། །སྤྱན་རས་གཟིགས་དེའི་བསོད་ནམས་ཕ་མཐའ་ཡས། །༼ཆ༧ན༽དེ་འདྲ་དེ་བཞིན་གཤེགས་པ་རྣམས་ལའང་མེད། །རྒྱལ་བ་ཀུན་གྱིས་བགྲང་བར་ཡོང་མི་ནུས། །དེ་ཡི་མཚན་ཙམ་རྗེས་སུ་དྲན་བྱེད་ནའང༌། །དེ་དག་བདེ་བ་ཀུན་དང་ལྡན་པ་ཡིན། །རྒ་ནད་འཆི་བའི་སྡུག་བསྔལ་ཀུན་ལས་ཐར། །དེ་དག་ལུས་དེ་འཁོར་བའི་མཐའ་མ་ཡིན། །གོས་གཙང་དཀར་ལྟར་ཡོན་ཏན་ཚོན་གྱིས་འཇེན། །ངང་པའི་རྒྱལ་པོ་རབ་ཏུ་མགྱོགས་པ་དང༌། །རླུང་གི་ཤུགས་ལྟར་བདེ་བ་ཅན་དུ་འགྲོ། །དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་མཐོང༌། །དངོས་སུ་ཆོས་ཐོས་འཁོར་བའི་སྡུག་བསྔལ་སྤོང༌། །དུག་གསུམ་མི་འགྱུར་རྒ་ཤིར་མི་འགྱུར་རོ། །བཀྲེས་སྐོམ་མི་འབྱུང་ཕྱིན་ཆད་མངལ་མི་གནས། །ཆོས་ཀྱི་རོས་བསྐྱོད་ཞིང་མཆོག་དེ་ཉིད་ཏུ། །སྤྱན་རས་གཟིགས་ཀྱི་ཡི་དམ་བརྟན་པོ་ནི། །ཡོངས་སུ་རྫོགས་དང་འགྲོ་ཀུན་མ་ཐར་བར། །དག་པའི་འཇིག་རྟེན་དེ་ན་འཛིན་ཞིང་གནས། །སྤྱན་རས་གཟིགས་ཀྱི་དབང་པོ་དམ་པ་དེ། །འཁོར་བའི་སེམས་ཅན་རྒྱ་མཚོ་མ་ལུས་པ། །ཡོངས་སུ་སྨིན་བྱེད་བྱང་ཆུབ་ལམ་རབ་སྟོན། །གང་གང་གཟུགས་ཀྱིས་དེ་དེ་འདུལ་འགྱུར་བ། །དེ་དང་དེ་ལ་གཟུགས་དེས་ཆོས་སྟོན་ཏེ། །རྫོགས་སངས་རྒྱས་ཀྱིས་འདུལ་ལ་སངས་རྒྱས་གཟུགས། །དེ་བཞིན་རང་རྒྱལ་དགྲ་བཅོམ་བྱང་སེམས་དང༌། །དབང་ཕྱུག་ཆེན་པོ་མཐུ་ཆེན་ཚངས་བརྒྱ་བྱིན། །ཉི་མ་ཟླ་བ་མེ་དང་རླུང་གི་ལྷ། །ཆུ་ལྷ་ཀླུ་དང་བགེགས་རྒྱལ་གནོད་སྦྱིན་དང༌། ངལ་སོས་པོ་དང་རྒྱལ་པོ་ཕ་མ་སོགས། །ཇི་ལྟར་འདུལ་བའི་གཟུགས་དེས་ཆོས་སྟོན་ཏོ། །དེར་ཡང་སེམས་ཅན་ཡོངས་སུ་སྨིན་བྱས་ནས། །མྱ་ངན་འདས་པའི་ས་རབ་སྟོན་པར་བྱེད། །རེ་ཞིག་འཛམ་བུའི་གླིང་འདི་ཉིད་ན་ཡང༌། །རྡོ་རྗེའི་མངལ་ཞེས་བྱ་བའི་ཕུག་པ་ཡོད། །ལྷ་མིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གནས། །དེ་ན་སྤྱན་རས་གཟིགས་ཀྱི་དབང་པོ་ནི། །ལྷ་མིན་གཟུགས་ཀྱིས་ཐེག་པ་ཆེན་པོའི་མདོ། །དཀོན་མཆོག་རྒྱལ་པོ་ཟ་མ་ཏོག་འདི་འཆད། །དེ་དག་༼ཆ༧བ༽བྱམས་དང་ཞི་བས་དམ་ཆོས་ཉན། །མདོ་སྡེའི་དམ་པ་འདི་ཐོས་བདེ་དང་ལྡན། །ཐོས་པས་མཚམས་མེད་ལྔ་དག་ཟད་པར་བྱེད། །འཆི་བའི་ཚེ་ཡང་སངས་རྒྱས་བཅུ་གཅིག་འབྱོན། །རིགས་ཀྱི་བུ་ཁྱོད་ཚུར་ཤོག་མ་འཇིགས་ཤིག །ཁྱོད་ཀྱིས་ཟ་མ་ཏོག་གི་མདོ་སྡེ་ཐོས། །བདེ་བ་ཅན་གྱི་ལམ་ཡང་ལྟ་གོན་བྱས། །གདུགས་དང་རྒྱལ་མཚན་རྣ་ཆ་སེ་མོ་དོའི། །རྣམ་གྲངས་དག་ཀྱང་འདིར་ནི་ལྟ་གོན་བྱས། །ཚུར་ཤོག་ཅེས་གསུངས་དབུགས་འབྱིན་མཛད་པར་འགྱུར། །དེ་ལྟའི་ལྟས་འབྱུང་འཆི་བའི་དུས་ཀྱི་ཚེ། །བར་ཆད་མེད་པར་བདེ་བ་ཅན་དུ་འགྲོ། །དེ་ལྟར་ལྷ་མིན་ཆོས་ཀྱིས་འདུལ་བ་ཡོད། །གཙུག་ཏོར་ཅན་གྱི་རྒྱལ་བ་དེ་འདས་ནས། །ཐམས་ཅད་སྐྱོབ་ཅེས་བྱ་བའི་སངས་རྒྱས་བྱུང༌། །དེ་ཚེ་ང་ནི་བཟོད་པ་སྨྲ་བར་གྱུར། །རྒྱལ་བ་ཐམས་ཅད་སྐྱོབ་དེས་སྤྱན་རས་གཟིགས། །དབང་པོའི་ཡོན་ཏན་རྒྱ་ཆེར་བརྗོད་པ་ཐོས། །དེ་ནི་གསེར་གྱི་ས་གཞིར་སོང༌། །སེམས་ཅན་སྤྱིའུ་ཚུགས་རྣམས་ལ། །འཕགས་ལམ་ཡན་ལག་བརྒྱད་པ་བསྟན། །དངུལ་གྱི་ས་གཞིར་སོང་ནས་ཀྱང༌། །སྐྱེས་བུ་རྐང་བཞི་པ་རྣམས་ལ། །མདོ་སྡེ་ཟ་མ་ཏོག་བསྟན་པས། །ཕྱིར་མི་ལྡོག་པའི་ས་ལ་བཀོད། །གང་ན་ལྕགས་ཀྱི་ས་གཞི་ནི། །ལྷ་མིན་སྟོབས་ལྡན་གནས་པར་སོང༌། །རྒྱལ་ལ་བསོད་སྙོམས་ཕུལ་བ་ཡི། །བསོད་ནམས་ཕུང་པོའི་ཆོས་སྒོ་བཤད། །དེ་ཚེ་ལྷ་མིན་དབང་པོ་དེ། །ངུད་མོ་འབྱིན་བཞིན་གསོལ་བར་བྱེད། །སྟོབས་ལྡན་བདག་ནི་སླས་བཅས་པས། །དུས་མིན་སྦྱིན་པ་བྱས་པ་ཡིས། །ཚེ་འདི་ཉིད་ཏུ་བཅིངས་པ་ཐོབ། །ཐམས་ཅད་མཁྱེན་པ་ལ་དམིགས་ནས། །སྙིམ་པ་གང་གི་ས་གཏོར་ཡང༌། །འབྲས་བུ་འདུད་རྩིར་འགྲུབ་གྱུར་ན། །བདག་གིས་ཞིང་ངན་ལ་བྱིན་པའི། །འབྲས་བུ་མྱོང་འདི་ལགས་པ་ལྟ། །བདག་གིས་མཆོད་སྦྱིན་བཀང་ས་བཤམས། །ཤིང་རྟ་བ་ལང་རྟ་ཡི་ཐེག །༼ཆ༨ན༽རིན་ཆེན་དཔག་མེད་ཀྱིས་གཡོགས་པ། །རེ་རེའང་སྟོང་ཕྲག་དུ་མ་བཤམས། །བུ་མོ་གཞོན་ནུ་རེ་རེ་ཡང༌། །རིན་ཐང་མེད་པའི་རྒྱན་འཆང་བ། །ལྟ་ན་མཛེས་པ་སྟོང་ཕྲག་བཀོད། །རིན་ཆེན་ཁྲི་དང་ཁྲི་འུ་དང༌། །སྣ་ཚོགས་རིན་ཆེན་གོས་དང་རྒྱན། །རེ་རེའང་རི་ལྟར་སྤུངས་པ་བཀོད། །ལྷ་ཡི་ཟས་སྐོམ་རྒྱ་ཆེར་སྦྱར། །བྲམ་ཟེ་འབུམ་ཕྲག་དུ་མ་དང༌། །རྒྱལ་རིགས་འབུམ་ཕྲག་འདུས་གྱུར་ཏེ། །ས་ཆེན་འདི་ནི་གདུགས་གཅིག་བཞིན། །བདག་གིས་རྒྱལ་པོ་བགྱིས་པར་གྱུར། །བདག་གིས་སྡིག་པར་མ་འཚལ་ནས། །རྒྱལ་པོ་ཡི་ནི་ཆུང་མ་རྣམས། །སྙིང་གར་དྲལ་ཏེ་ཁྱེ་འུ་དང༌། །བུ་མོ་གཞོན་ནུ་མང་སྲོག་བཅད། །ཁ་ཤ་བན་དྷ་པ་ལ་སོགས། །རྒྱལ་རིགས་ཆེ་རྣམས་ཁུང་སྒོ་དང༌། །ལྕགས་སྒྲོག་གིས་ནི་ཡན་ལག་བཅིངས། །རྒྱལ་རིགས་འབུམ་ཕྲག་དུ་མ་རྣམས། །ཟངས་ཀྱི་བྲག་ཕུག་ནང་དུ་བསྩལ། །དེ་ལ་ཆབ་སྒོ་བདུན་མཆིས་ཏེ། །དང་པོ་ཤིང་ལས་བགྱིས་པ་ལགས། །དེ་བཞིན་སེང་ལྡེང་འཁར་བ་དང༌། །ཟངས་ལྕགས་དངུལ་དང་གསེར་ལས་བགྱིས། །སྒོ་འཕར་དེ་དག་ཀུན་བཅད་སྟེ། །གསེར་གྱི་སྒོ་དེར་རི་བོ་བདུན། །བརྩེགས་སྟེ་བཞག་པས་རྣམ་པར་བཀག །ཐོག་མའི་སྒྲིབ་པ་དེ་ཀུན་ནི། །ཁྱེད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས། །ད་དུང་བདག་གིས་མཐུ་བོ་ཆེ། །ཤིང་རྟ་བཅུ་པའི་བུ་འཚོལ་ཕྱིར། །གདུགས་རེ་ཞིང་དུ་སྦྲང་བུ་དང༌། །བོང་བུ་ཕག་དང་མི་སོགས་སུ། །གཟུགས་བསྒྱུར་འཇིག་རྟེན་ཀུན་བཙལ་ཡང༌། །དེ་ནི་མཐོང་བར་མ་གྱུར་ནས། །མཆོད་སྦྱིན་བགྱིད་པར་བརྩམས་པའི་ཚེ། །ཤིང་རྟ་བཅུ་པའི་བུ་འོངས་ནས། །སྒོ་རྣམས་དྲལ་ཏེ་རི་བདུན་བོར། །རྒྱལ་རིགས་བཙོན་དུ་བཅིངས་རྣམས་བཀྲོལ། །བདག་ནི་ཕོ་བྲང་ཁྲིར་འཁོད་ཚེ། །ཟླ་བའི་གླིང་ནས་སློང་བའི་ཕྱིར། །འོངས་ཞེས་བྲམ་ཟེ་མི་འུ་ཐུང༌། སྨྱིག་མའི་འཁར་བ་ཅན་ཞིག་འོངས། །དེ་ཚེ་དྲང་སྲོང་པ་བ་སངས། །༼ཆ༨བ༽བདག་གི་མཁན་པོར་གྲགས་པས་གནས། །པ་བ་སངས་ཀྱིས་བདག་བོས་ནས། །འདིར་ནི་དུས་ཀྱི་སྐྱེས་བུ་འོངས། །ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཟེར། །བྲམ་ཟེ་དེས་ཀྱང་དེ་མ་ཐག །བདག་ཁར་སྭ་ར་སྭ་སྟི་བཅུག །ཅི་འདོད་སློངས་ཞེས་བརྗོད་པའི་ཚེ། །ས་ནི་གོམ་པ་གཉིས་གསོལ་ཟེར། །ཁྱོད་ཀྱིས་གོམ་པ་གཉིས་བསླངས་ན། །བདག་གིས་གོམ་པ་གསུམ་སྦྱིན་སྨྲས། །དེས་ཀྱང་བདག་གིས་བསླང་བ་བསླངས། །བཀྲ་ཤིས་སོ་ཞེས་བརྗོད་བྱས་ནས། །ཆུ་རྒྱུན་ཏིལ་དང་གསེར་བཅས་བསླངས། །པ་སངས་བདག་ལ་འདི་སྐད་དུ། །རྒྱལ་པོ་དྲང་སྲོང་ཁྱོད་ཀྱིས་ནི། །བདག་གི་ཚིག་ལ་མ་ཉན་པས། །ལས་དེའི་འབྲས་བུ་མྱོང་གྱིས་ཟེར། །དེ་མ་ཐག་དུ་ཁྱབ་འཇུག་དེས། །མི་འུ་ཐུང་གཟུགས་མི་སྣང་བྱས། །ལུས་ནི་ཆེན་པོར་བསྒྱུར་བ་དང༌། །ཉི་ཟླ་དེ་ཡི་ཕྲག་པར་གནས། །ལག་ན་མཚོན་མང་ཐོགས་པར་མཐོང༌། །དེ་ཡིས་གོམ་པ་གཉིས་བོར་བས། །ས་ཆེན་འདི་ནི་རབ་ཏུ་མནན། །གོམ་པ་གཉིས་ནི་འདི་ཡིས་ཚང༌། །ད་ནི་གསུམ་པ་བྱིན་ཅིག་ཟེར། །གསུམ་པ་མ་མཆིས་ཞེས་སྨྲས་པས། །ཁོ་བོས་བསླང་བ་བསླངས་ཟིན་གྱིས། །ང་ཡིས་གང་དུ་བཞག་པ་དེར། ལྷ་མིན་ཁྱོད་ནི་འདུག་ཅིག་ལོ། །བདག་ནི་སྡུག་བསྔལ་དྲན་ཉམས་ཏེ། །བཀའ་བསྩལ་དེ་བཞིན་བགྱིད་ཅེས་སྨྲས། །ཁྱབ་འཇུག་མཐུ་བོ་ཆེ་དེ་ཡིས། །བདེན་པའི་ཞགས་པས་བདག་བཅིངས་ཏེ། །འཇིག་རྟེན་གྱི་ནི་བྱེད་པོ་བཞིན། །བདག་ནི་ས་ཡི་འོག་དུ་བཞག །མཆོད་སྦྱིན་གནས་བཤིག་ཡོ་བྱད་རྣམས། །རྒྱལ་རིགས་དེ་དག་རྣམས་ཀྱིས་སྤྱད། །དེ་བས་ལྷ་མིན་སྟོབས་ལྡན་བདག །ཐབས་མ་འཚལ་བས་གནས་མིན་གྱི། །སྦྱིན་པས་བཅིངས་པ་ཐོབ་པར་གྱུར། །ཀྱེ་མ་ལས་ལ་ཕྱག་འཚལ་སྙམ། །རང་གི་ལས་ལ་སེམས་ཅིང་འདུག །དེ་བས་བདག་གིས་ངན་པ་ཡི། །ཞིང་ལ་བྱིན་ཞེས་གསོལ་ལགས་ཏེ། །ཕྱག་ན་པདྨ་བཟང་པོ་ཐོགས་པས་སྐྱབས་མཛོད་ཅིག །༼ཆ༩ན༽པདྨའི་དཔལ་གྱིས་བརྒྱན་པ་རལ་པའི་ཅོད་པན་ཅན། །ཐམས་ཅད་མཁྱེན་པས་དབུ་བརྒྱན་འགྲོ་ཀུན་དབུགས་འབྱིན་མཛད། །དམན་དང་ཕོངས་ལ་ཐུགས་བརྩེ་པད་མའི་སྤྱན་བཟང་པོ། །ས་ཡི་སྤྱན་མཆོག་སྨན་པའི་རྒྱལ་པོའི་མཆོག་གྱུར་པ། །སེམས་ཅན་ཤིན་དུ་དག་པ་རྣལ་འབྱོར་རབ་ཐོབ་ཅིང༌། །ཐར་མཆོག་ཐར་པ་ལ་དགྱེས་ཡིད་བཞིན་ནོར་བུ་འདྲ། །ཆོས་མཛད་ཡོངས་སུ་སྐྱོང་མཛད་ཕ་རོལ་ཕྱིན་དྲུག་སྟོན། །བསམ་པ་ལེགས་པར་བྱེད་པ་ཁྱོད་ལ་བདག་ཕྱག་འཚལ། །སྤྱན་རས་གཟིགས་དབང་ཁྱོད་མཚན་གང་གིས་དྲན་བྱེད་པའི། །སེམས་ཅན་དེ་དག་བདེ་བ་དམ་པར་ལྡན་པ་ལགས། །དམྱལ་བ་ཀུན་དང་ཡི་དྭགས་གྲོང་ཁྱེར་དུ་སྐྱེས་པ། །གང་དག་ཁྱོད་མཚན་རྗེས་སུ་དྲན་བྱེད་དེ་དག་ནི། །ངན་སོང་སྡུག་བསྔལ་ཆེ་ལས་ཡོངས་སུ་ཐར་བ་ལགས། །ཁྱོད་མཚན་རྗེས་སུ་དྲན་བྱེད་སེམས་ཅན་དེ་དག་ནི། །བསམས་པ་ལེགས་ལྡན་བདེ་བ་ཅན་གྱི་འཇིག་རྟེན་འགྲོ། །དེ་བཞིན་གཤེགས་པ་འོད་མཐའ་ཡས་ལས་ཆོས་ཉན་འགྱུར། །དེ་ལྟར་བསྟོད་ཅིང་འདུད་པ་ཡི། །ལྷ་མིན་དབང་པོ་དབུགས་འབྱིན་ཕྱིར། །སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ། །ཁྱོད་ནི་བདེ་གཤེགས་རྫོགས་སངས་རྒྱས། །ལྷ་མིན་དབང་པོའི་དཔལ་ཞེས་འགྱུར། །ལྷ་མིན་ཐམས་ཅད་བྱང་ཆུབ་འདུལ། །ཁྱོད་འཚང་རྒྱ་བའི་ཞིང་དེ་ན། །དུག་གསུམ་སྒྲ་མེད་ཡིག་དྲུག་གི །རིག་པའི་རྒྱལ་པོ་འཐོབ་པར་འགྱུར། །དེ་ལྟར་ལུང་བསྟན་ལྷ་མིན་དབང་པོ་ཡིས། །ཆོས་ཀྱི་དགབ་པར་མུ་ཏིག་སེ་མོ་དོ། །སྟོང་ཕྲག་འདོམ་ལྡན་རིན་ཐང་མེད་པ་དང༌། །ཅོད་པན་རིན་ཆེན་ཀུན་གྱིས་བརྒྱན་པ་ཕུལ། །སླར་ཡང་སྤྱན་རས་གཟིགས་ཀྱིས་ཆོས་བསྟན་པ། །ལྷ་མིན་རྒྱལ་པོ་ཆེན་པོ་ཁྱོད་ཉོན་ཞིག །མི་རྟག་པ་ཡི་རང་བཞིན་དངོས་རྣམས་ལ། །རྟག་དུ་ལེན་སེམས་ལོངས་སྤྱོད་ཡིད་ལ་བྱེད། །བྲན་དང་བྲན་མོ་ལས་མི་ནོར་དང་འབྲུ། །མཛོད་དང་བང་བ་༼ཆ༩བ༽བུ་དང་བུ་མོ་དང༌། །ཆུང་མ་དང་ནི་ཕ་མར་ཞེན་པ་ཡི། །སེམས་ཅན་དེ་དག་མི་ཤེས་གཏི་མུག་སྟེ། །དེ་དག་རྨི་ལམ་མི་ཤེས་འཁྲུལ་བ་འདྲ། །འཆི་བའི་ཚེ་ཡང་སྐྱབས་བྱེད་སུ་ཡང་མེད། །སྲོག་བྲལ་ཚེ་ཡང་འཛམ་གླིང་ལོག་པར་མཐོང༌། །ཆུ་ཆེན་པོ་ཡང་རྣག་ཁྲག་གིས་གང་མཐོང༌། །ལྗོན་ཤིང་ལ་ཡང་འབར་བའི་ཕུང་པོར་སྣང༌། །མཐོང་ནས་སྐྲག་འགྱུར་གཤིན་རྗེའི་སྐྱེས་བུ་ཡིས། །ཞགས་པས་བཅིངས་ནས་ངན་འགྲོར་འཁྲིད་པར་འགྱུར། །སྤུ་གྲིའི་སོ་ཡི་ལམ་གྱིས་རྐང་པ་ཆད། །བཏེག་ཚེ་རྐང་པ་སར་པ་གཞན་འབྱུང་འགྱུར། །བྱ་རོག་བྱ་རྒོད་ཀུ་ར་ར་དང་ཁྱི། །དུ་མས་ཟ་ཞིང་དམྱལ་བའི་སྡུག་བསྔལ་མྱོང༌། །སྤུ་གྲིའི་སོ་ཡི་ལམ་ཆེན་དེ་འདས་ནས། །རྐང་པ་རེ་རེ་ལ་ཡང་བཅུ་དྲུག་གི །སོར་ཚད་ལྕགས་ཀྱི་ཚེར་མ་ལྔ་བརྒྱ་འཛུག །བདག་གིས་སྡིག་པ་ཅི་ཞིག་བྱས་ཞེས་འཁང༌། །དེ་ཚེ་གཤིན་རྗེ་རྣམས་ཀྱིས་འདི་སྐད་སྒྲོག །སྔོན་ཚེ་རྒྱལ་ལ་མཆོད་པ་མ་བྱས་ཅིང༌། །ཡོན་གནས་རྣམས་ལ་བསོད་སྙོམས་མ་ཕུལ་ལོ། །གཎྜི་བརྡུང་བའི་སྒྲ་ཡང་མ་ཐོས་སོ། །སྐུ་གཟུགས་མཆོད་རྟེན་སྐོར་བ་མ་བྱས་ཞེས། །སྤྱོས་ཅིང་བརྒྱད་བཀག་སླར་ཞིང་སྡུག་བསྔལ་བས། །ཀྱེ་མ་བདག་ཅག་མ་དད་སྡིག་པ་ཅན། །དཀོན་མཆོག་གསུམ་གྱིས་སྤངས་པར་གྱུར་ཏོ་ཅེས། །སྨྲེ་སྔགས་འདོན་ཚེ་གཤིན་རྗེའི་སྐྱེས་བུ་ཡིས། །ལས་དེའི་འབྲས་བུ་འདི་ཡིན་མྱོང་གྱིས་ཞེས། །གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་པའི་ཚེ། །དེང་ལ་ལས་ཀྱི་ས་རྣམས་འདི་ལ་སྟོན། །རྣམ་པར་སྨིན་པ་ཡོད་མེད་ལྟོས་ཤིག་བསྒོ། །དེ་ནས་ཐིག་ནག་དམྱལ་བ་ཆེན་པོར་བཅུག །ཤག་ཏི་བརྒྱ་དང་སུམ་བརྒྱ་བཏབ་པས་ཀྱང༌། །ཤི་བར་མ་གྱུར་དེ་ཚེ་མེ་འོབས་འཛུད། །དེ་ནས་ལྕགས་ཐོ་བསྲེགས་པ་ཁར་བཅུག་པས། །མཆུ་ཚིག་སོ་ཆག་རྐན་གས་ནང་རོལ་ཀུན། །འུར་འུར་གཅིག་དུ་འབར་ཞིང་ལུས་ཀུན་འཚིག །དེ་བས་རྒྱལ་པོ་འཇིག་རྟེན་འདི་ན་ནི། །སྐྱབས་སུ་གྱུར་པ་གཞན་ཡོད་མ་ཡིན་ཏེ། །ནན་༼ཆ༡༠ན༽ཏན་དུ་ནི་བསོད་ནམས་གསག་པར་གྱིས། །དེ་ལྟར་བསྟན་ནས་སྤྱན་རས་གཟིགས་དབང་དེ། །གང་ན་ས་ཕྱོགས་མུན་པ་མུན་ནག་གནས། །ལྷ་དང་མི་རྣམས་མི་རྒྱུའི་ཕྱོགས་སུ་སོང༌། །གླིང་དེར་ཉི་མ་ཟླ་བ་མི་སྣང་སྟེ། །ནོར་བུ་མཆོག་སྦྱིན་ཞེས་བྱས་སྣང་བ་བྱེད། །དེ་ན་གནོད་སྦྱིན་སྲིན་པོ་བརྒྱ་སྟོང་གནས། །དེ་དག་ཟ་མ་ཏོག་གི་མདོ་སྡེས་བཏུལ། །མདོ་འདིའི་ཚིགས་སུ་བཅད་པ་གཅིག་ཁོ་ན། །ཉན་འཛིན་སེམས་པའི་བསོད་ནམས་གཞལ་དུ་མེད། །རྒྱ་མཚོའི་ཆུ་ཐིགས་ས་གཞིའི་ཕྲ་རབ་རྡུལ། །གྲངས་ཀྱིས་ཟིན་མོད་མདོ་སྡེ་འདི་འཛིན་པའི། །བསོད་ནམས་དམ་པ་གཞལ་དུ་ཡོད་མ་ཡིན། །གླིང་བཞིའི་ཁྱིམ་གྱི་རྣམ་པ་ཇི་སྙེད་པ། །དེ་སྙེད་ལྷ་རྫས་གཙུག་ལག་ཁང་བྱས་ཏེ། །རེ་རེར་རིན་ཆེན་མཆོད་རྟེན་རིང་སྲེལ་ཅན། །སྟོང་སྟོང་ཉིན་རེར་བགྱིས་པའི་དགེ་བ་ནི། །མདོ་སྡེ་འཛིན་པའི་བསོད་ནམས་ཆ་གཅིག་འགྱུར། །གངྒཱ་བཅུ་གཉིས་བྱེ་སྙེད་རྒྱལ་བ་ཡིས། །བཅུ་གཉིས་བསྐལ་པར་མདོ་སྡེ་འདི་འཛིན་པའི། །བསོད་ནམས་ཕུང་པོ་རྗོད་ཀྱིས་མི་ལང་ན། །ང་གཅིག་འདི་ན་གནས་པས་སྨོས་ཅི་དགོས། །མདོ་འདི་ཡི་གེར་བྲིས་སམ་འབྲིར་བཅུག་པ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བྲིས་པ་སྟེ། །འཁོར་ལོས་སྒྱུར་བའི་བདེ་བ་དུ་མར་མྱོང༌། །མདོ་འདིའི་མིང་ཙམ་འཛིན་ཡང་སྲིད་ལས་ཐར། །ག་ལ་ག་ལར་སྐྱེ་བ་དེ་ཀུན་དུ། །ཚེ་རབས་དྲན་འགྱུར་དེ་ཡི་ལུས་ལ་ནི། །ཙནྡན་རྒྱལ་པོ་ས་མཆོག་དྲི་ངད་ལྡང༌། །ཁ་ནས་ཨུཏྤལ་སྔོན་པོའི་དྲི་བསུང་སྤྲོ། །ལུས་ཡོངས་རྫོགས་ཅིང་སྟོབས་ཆེན་ཤུགས་ལྡན་འགྱུར། །དེ་ལྟར་བསྟན་པས་མུན་ཁམས་འགྲོ་དེ་ཀུན། །ཕྱིར་འོང་དང་ནི་ཕྱིར་མི་འོང་ལ་བཀོད། །སྤྱན་རས་གཟིགས་དེ་སྐད་ཅིག་ཡུད་ཙམ་གྱིས། །གནས་གཙང་ལྷ་ཡི་གནས་སུ་སོང་བར་གྱུར། །༼ཆ༡༠བ༽དེ་ན་རྣ་ཆའི་མཆོག་ཅེས་ལྷ་ཡི་བུ། །ཤིན་དུ་དབུལ་བ་ཞིག་གནས་དེ་དྲུང་དུ། །བྲམ་ཟེའི་གཟུགས་ཀྱིས་བསོད་སྙོམས་སློང་མོ་སྤྱད། །དེ་ཡིས་བདག་ལ་ཅང་མ་མཆིས་ཞེས་སྨྲས། །བདག་ལ་ཅུང་ཟད་སྩོལ་ཞེས་སྨྲས་པ་ན། །ལྷ་དེས་བདག་གི་གཞལ་མེད་ཁང་སོང་སྟེ། །ཅི་བདོག་ལྟ་བར་བརྩམས་ཚེ་སྣོད་ཐམས་ཅད། །ལྷ་ཡི་ནོར་བུ་རིན་ཐང་མེད་པས་གང༌། །སྣོད་གཞན་རོ་མཆོག་ལྡན་པའི་བདུད་རྩིས་གཏམས། །གཡོན་ཕྱོགས་ཁང་པ་གོས་རྒྱན་གྱིས་གང་མཐོང༌། །བདག་གིས་དེང་དུས་འདི་ལྟའི་དཔལ་ཐོབ་པས། །བདག་གི་སྒོ་ན་སྣོད་བཟང་བདོག་གོ་སྙམ། །བྲམ་ཟེ་བོས་ཏེ་བདུད་རྩིའི་ཟས་མཆོག་བྱིན། །ལྷ་ཡི་རིན་ཆེན་དུ་མ་བསྟབས་པ་ལས། །དེ་ཡིས་བདེ་ལེགས་བཀྲ་ཤིས་བྱས་པར་གྱུར། །ལྷ་དེས་བྲམ་ཟེ་ཁྱོད་ནི་ག་ལས་འོངས། །ས་དེ་ཅི་འདྲ་ཁྱོད་ནི་སུ་ཞིག་དྲིས། །ང་ནི་ཛེ་ཏའི་ཚལ་ནས་འོངས་པ་སྟེ། །ས་དེ་དགའ་བྱེད་ཡོན་ཏན་དཔག་དུ་མེད། །རྒྱལ་བ་ཐམས་ཅད་སྐྱོབ་པ་ཞེས་བྱ་བཞུགས། །ང་ནི་ལྷ་མིན་མི་དང་ལྷ་མིན་མིན། །ཕོངས་དང་དབུལ་ལ་ལྷག་པར་བརྩེ་ལྡན་པ། །བྱང་ཆུབ་ལམ་སྟོན་བྱང་ཆུབ་སེམས་དཔའ་ཡིན། །ལྷ་དེས་ནོར་བུའི་ཅོད་པན་དང༌། །རྣ་ཆ་ཕུལ་ཏེ་ཆེད་བརྗོད་པ། །ཨེ་མ་ཧོ་ཡོན་ཏན་དག་གི་ཞིང༌། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་རིང་ཉིད་ཏུ་ས་བོན་བཏབ། །དེ་རིང་ཉིད་ཏུ་འབྲས་བུ་གྲུབ། །སྤྱན་རས་གཟིགས་དབང་དེ་ཡང་ནི། །སྲིན་མོ་གནས་པའི་གླིང་ཞིག་སོང༌། །སྐྱེས་བུ་ལྟ་ན་མི་ངོམས་པ། །འདོད་པའི་གཟུགས་སུ་བསྟན་བྱས་པས། །སྲིན་མོ་དེ་རྣམས་རབ་ཆགས་ཏེ། །བདག་ཅག་ལུས་དང་ལོངས་སྤྱོད་ཀུན། ཁྱོད་ལ་དབུལ་གྱིས་བཞེས་སུ་གསོལ། །བདག་ཅག་མགོན་སྐྱབས་དཔུང་གཉེན་གླིང༌། །རྟེན་གནས་མཛོད་ཅེས་གསོལ་བ་འདེབས། །༼ཆ༡༡ན༽དེས་ཀྱང་བདག་གིས་བསྒོ་བ་བཞིན། །བྱེད་ན་དང་དུ་བླང་ངོ་བརྗོད། །དེ་དག་བཀའ་བཞིན་སྒྲུབ་པར་བྱས། །ཡན་ལག་བརྒྱད་ལྡན་ལམ་བསྟན་ཞིང༌། །ཞལ་ནས་གསུངས་པའི་གཞི་དག་ཀྱང༌། །ཁ་ཐོན་བྱེད་ཏུ་བཅུག་པ་ཡིས། །དེ་དག་འབྲས་བུའི་གནས་ལ་བཀོད། །ཕྱིན་ཆད་སྲིན་མོའི་ཚུལ་སྤངས་ཏེ། །དམ་པའི་སྡོམ་པས་བསྡམས་ཏེ་གནས། །དེ་ནས་ཝ་ར་ན་སིའི་འགྲམ། །བཤང་གཅིའི་གནས་ན་སྲིན་བུའི་རིགས། །བརྒྱ་སྟོང་དུ་མ་གནས་པར་སོང༌། །བུང་བའི་གཟུགས་སུ་སྤྲུལ་ནས་ནི། །སྒྲ་ནི་བུང་བུང་ཕྱུང་བ་ལས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་བརྗོད། །དེ་དག་རྣ་བར་ཐོས་ཙམ་གྱིས། །སངས་རྒྱས་རྗེས་སུ་དྲན་གྱུར་ཏེ། །འཇིག་ལྟའི་རི་བོ་བཅོམ་ནས་ནི། །བདེ་བ་ཅན་གྱི་འཇིག་རྟེན་སོང༌། །སྤོས་དྲི་ཞིམ་པ་ཞེས་བྱ་བའི། །བྱང་ཆུབ་སེམས་དཔར་མིང་མཐུན་གྱུར། །དེ་ནས་མ་ག་ངྷ་འདས་པ། །དགོན་པ་ཆེན་པོའི་གནས་སུ་སོང༌། །དེ་ན་ལོ་གྲངས་ཉི་ཤུའི་བར། །དགོན་པར་གནས་པའི་སེམས་ཅན་ཚོགས། །གཅིག་གིས་གཅིག་ཟ་མང་གཟིགས་ཏེ། །ཐོག་མར་ལྷ་ཡི་ཆུ་ཡི་ཆར། །ཕབ་པས་རབ་ཏུ་ངོམས་པར་བྱས། །ལྷ་ཡི་ཟས་ཀྱི་ཆར་ཕབ་པས། །ཚིམ་ཚེ་འབྲུ་དང་འདོད་རྒུའི་ཆར། །ཕབ་པས་རབ་ཏུ་ཚིམ་པའི་ཚེ། །དེ་དག་འདུས་ནས་གཅིག་ལ་གཅིག །འདི་འདྲ་ལྷ་གང་ཞིག་གི་མཐུ། །དེ་ཚེ་དེ་ན་ཆེས་རྒན་པ། །རྒུར་པོ་བ་ལང་སྣ་ལྟར་གྱུར། །བརྒྱ་སྟོང་ལོ་ལོན་ཞིག་གནས་པས། །བཅོམ་ལྡན་སྤྱན་རས་གཟིགས་ཀྱི་དབང༌། །མ་གཏོགས་ལྷ་གཞན་གང་གི་ཡང༌། །མཐུ་འདི་འདྲ་བར་མི་འགྱུར་རོ། །མུན་པར་གྱུར་ལ་སྒྲོན་མེ་ཉི་མས་འཚིག་ལ་གདུགས། །སྐོམ་གྱིས་གདུངས་ལ་ཆུ་སྟེ་སྐྲག་པའི་དབུགས་འབྱིན་མཛད། །ནད་ཀྱིས་གདུངས་ལ་སྨན་པ་ཉམ་ངའི་ཕ་མར་གྱུར། །མནར་མེད་སྐྱེས་པ་རྣམས་ལ་མྱ་༼ཆ༡༡བ༽ངན་འདས་ལམ་སྟོན། །སྤྱན་རས་གཟིགས་དེའི་ཡོན་ཏན་རྒྱ་ཆེན་དེ་ལྟ་ཡིན། །དེ་ཡི་མཚན་ཙམ་སུས་དྲན་པ། །དེ་ནི་འཇིག་རྟེན་འདི་ན་དཀོན། །དེ་ནི་འཁོར་བའི་མཐའ་མ་ཡིན། །བཅོམ་ལྡན་འདས་དེ་ལ་དམིགས་ནས། །རྟག་དུ་མེ་ཏོག་སྤོས་འབུལ་བ། །དེ་ནི་བྱང་ཆུབ་སེམས་དཔར་འགྱུར། །མནྜལ་ཕུལ་ན་འཁོར་སྒྱུར་འཐོབ། །མེ་ཏོག་ཕུལ་བས་དྲི་ཞིམ་ཞིང༌། །མདངས་བཟང་ལུས་ཡོངས་རྫོགས་པར་འགྱུར། །དེ་ལྟར་བསྟན་ཏེ་རང་གནས་སོང༌། །སྤྱན་རས་གཟིགས་དབང་དམ་པ་ཡང༌། །འོང་བའི་ལྟས་ཆེན་ངོ་མཚར་བ། །རྒྱལ་སྲས་གཞན་ལ་མེད་པའི་ཆོས། །དཔག་ཡས་ཕུལ་བྱུང་ངོ་མཚར་གྱིས། །ཛེ་ཏའི་ཚལ་ཀུན་བཀང་བྱས་ནས། །རྒྱལ་བ་ཐམས་ཅད་སྐྱོབ་དྲུང་སོང༌། །རྒྱལ་བས་བསྔགས་ཅིང་རླབས་ཆེན་གྱི། །སྤྱོད་པ་རྒྱ་མཚོ་དེ་ཐོས་པས། །རྒྱལ་སྲས་མ་ལུས་ངོ་མཚར་གྱུར། །འདི་ནི་རྣམ་པར་སྣང་བྱེད་འདོད་བྱེད་ལ་སོགས་པ། །ཏིང་འཛིན་མཐའ་ཡས་གཞལ་དུ་མེད་པ་ལྡན་པ་སྟེ། །སྤུ་ཁུང་རེ་ནའང་ཏིང་འཛིན་བརྒྱ་སྟོང་དུ་མ་གནས། །འདི་ཡི་བསོད་ནམས་ཡེ་ཤེས་དེ་ལྟར་དཔག་དུ་མེད། །ཚོགས་ཆེན་དེ་ལྟ་དེ་བཞིན་གཤེགས་ལའང་མ་མཆིས་ན། །བྱང་ཆུབ་སེམས་དཔར་གྱུར་པ་དག་ལ་ལྟ་ཅི་སྨོས། །ལེགས་པར་ཉོན་ཞིག་སྔོན་བྱུང་ཚེ། །ང་ནི་ཚོང་དཔོན་ཞིག་དུ་གྱུར། །དེ་ཚེ་ཚོང་པ་ལྔ་བརྒྱར་བཅས། །སིངྒྷའི་གླིང་དུ་ཚོང་ལ་སོང༌། །ཟོང་མང་བཞོན་པས་བསྐྱས་བྱས་ཏེ། །གྲོང་དང་གྲོང་ཁྱེར་གྲོང་བརྡལ་ལྗོངས། །ཚོང་འདུས་མང་པོ་རྣམས་བརྒྱུད་ནས། །རྒྱ་མཚོའི་གྲུ་བོ་ཆེ་ལ་ཞུགས། །གྲུ་ཡི་གདོས་པ་འཛིན་པ་ལ། །ཅི་ཀོ་རིན་ཆེན་གླིང་ལོགས་སམ། །ནས་ཀྱི་གླིང་ངམ་སིངྒྷའི་གླིང༌། །འོན་ཏེ་སྲིན་མོའི་གླིང་དུའམ། །གང་གི་ཕྱོགས་སུ་རླུང་ལངས་དྲིས། །དེས་ཀྱང་སིངྒྷའི་གླིང་ལོགས་སུ། །༼ཆ༡༢ན༽གསེར་མ་ལངས་ཀྱིས་ལྷ་ཁྱོད་ཀྱིས། །མཁྱེན་པར་མཛོད་ཅེས་བདག་ལ་སྨྲས། །དེ་ནས་གྲུ་ཆེན་དུ་ཞུགས་ཏེ། །དར་ཆེན་རབ་ཏུ་འཕྱར་ནས་སོང༌། །འདིར་གཞན་དག་གིས་སྨྲས་པ། །གནམ་སྔོན་ཞུ་བ་འཁྱིལ་འདྲ་བཻ་ཌཱུརྻ། །སྔོན་པོའི་གུར་གྱིས་ཕྱོགས་ཀུན་གཏམས་པ་བཞིན། །དབུ་བའི་དོ་ཤལ་ཆིལ་ཆིལ་སྒྲ་ལྡན་པ། །མུ་ཏིག་དོ་ཤལ་ཀུན་ནས་བཀྲམ་པ་བཞིན། །ཉ་ཆེན་སྣ་ཚོགས་འཕྱོང་ཞིང་འཁྱུག་པ་ནི། །སྒྱུ་མའི་མཁན་པོས་སྤྲུལ་པ་བྱས་པ་བཞིན། །མི་བརྟན་པ་རྣམས་འདི་ཀོ་རྨི་ལམ་མམ། །མངོན་སུམ་ཉིད་ཅེས་སོམ་ཉིའི་ཁྱོགས་ལ་འཕྱང༌། །རབ་ཡངས་ཕ་མཐའ་མི་མངོན་མཚོ་ཆེན་དེ། །ཡངས་པའི་མཁའ་དང་དབྱེར་མེད་གྱུར་པའི་ནང༌། །ཉི་ཟླ་གཟའ་སྐར་འཁོར་བ་སྙམ་དུ་བྱེད། །དེ་སྟེང་གྲུ་ཆེན་ནང་ན་གཞལ་མེད་ཁང༌། །རྒྱན་མང་གིས་སྤྲས་རྒྱལ་མཚན་བ་དན་འཕྱར། །རྟ་མཆོག་མཚོ་ཆེན་བརྒལ་བའི་དབྱིབས་ཀྱིས་འགྲོ། །རེས་འགའ་རླབས་ཀྱི་རི་བོའི་རྩེར། །ན་མཁའི་དབྱིངས་སུ་ཕྱིན་པ་སྙམ། །རེས་འགའ་རླབས་ཀྱི་གཤོང་བུ་རུ། །གཏིང་དུ་ནུབ་པ་སྙམ་དུ་བྱེད། །རེས་འགའ་ཉ་ཆེན་རུས་སྦལ་ཆེ། །རི་བོ་འདྲ་བས་འདེགས་པ་སྙམ། །འདིས་ནི་འཁོར་བའི་རྒྱ་མཚོའི་ནང༌། །མི་ཡི་གྲུ་བཟང་རྙེད་དཀའ་བ། །རྙེད་པའང་སྣ་ཚོགས་རྐྱེན་མང་པོས། །མི་བརྟན་གཡོ་འདི་མཚོན་ནམ་སྙམ། །བར་སྐབས་ཀྱི་ཚིགས་བཅད་ཏོ། །
དེ་ཚེ་སིངྒྷའི་གླིང་གནས་པའི། །སྲིན་མོ་གདུག་སེམས་ལྡན་རྣམས་ཀྱི། །རེ་བའི་རྒྱལ་མཚན་གཡོས་པ་ལས། །འཛམ་གླིང་ཚོང་པ་འོང་ངོ་ཞེས། །དུས་མིན་རླུང་ཆེན་བཏང་བ་ཡིས། །གྲུ་དེ་དུམ་བུ་དུམ་བུར་ལྷགས། །ཚོང་པ་དེ་རྣམས་བརྐྱལ་བ་ཡིས། །ཆུ་ཡི་འགྲམ་སུ་ཕྱིན་པར་གྱུར། །དེ་ཚེ་སྲིན་མོ་ལྔ་བརྒྱ་ཞིག །བུད་མེད་གཞོན་ནུར་གཟུགས་བསྒྱུར་ནས། །དེར་འོངས་ཅ་ཅོའི་སྒྲ་འབྱིན་ཞིང༌། །༼ཆ༡༢བ༽རས་ཀྱི་བླ་གོས་བྱིན་ཏེ་བླངས། །ཚོང་པ་དེ་དག་རང་རང་གི །གོས་བཙིར་སྐམ་པར་གྱུར་པའི་ཚེ། །ཙམ་པ་ཀ་ཡི་ཤིང་དྲུང་གནས། །
འདིར་སྨྲས་པ། །
དུས་མིན་རླུང་ཆེན་མུན་པ་འཁྱིལ་འདྲ་དྲག་དུ་འཚུབ་པ་ཀུན་ནས་ལངས། །རྒྱ་མཚོའི་ཆུ་ཀུན་སྲོག་ཆགས་བཅས་པ་ནམ་མཁར་སྐས་ལ་འཛེག་པ་སྙམ། །ཆིལ་ཆིལ་འུར་འུར་ཆེམ་ཆེམ་སྒྲ་ལྡན་དབུ་བར་བཅས་པའི་ཆུའི་ཕུང་པོ། །ཀེ་ལ་ཤ་ཡི་རི་བོར་འགྲན་པས་གྲུ་ཆེན་མཁར་འདེགས་གཏིང་དུ་འདོར། །ཆོང་པའི་ཚོགས་རྣམས་ཅི་བྱ་གཏོལ་བྲལ་ཕ་མ་ཕུ་ནུ་གཉེན་བཤེས་འབོད། །བརྟན་པོར་འདོད་རྣམས་ཚངས་དང་བརྒྱ་བྱིན་ཕྱུགས་བདག་སོགས་ལ་འབོད་ཅིང་གསོལ། །དེ་ཚེ་སྐྱོབ་པ་སུ་ཡང་མེད་སྟེ་གྲུ་ཆེན་ཚལ་པ་ཚལ་པར་ལྷགས། །འདི་ནི་མི་ལུས་གྲུ་བཟང་འདི། །མཐོ་རིས་ཡོན་ཏན་རྒྱན་དུ་མས། །མཛེས་ཅིང་སྲ་བར་བྱས་ན་ཡང༌། །འཆི་བདག་སྲིན་མོས་བཏང་བ་ཡི། །རྒ་ནད་རླུང་དམར་དྲག་གཡོ་བས། །ལུས་ཀྱི་གྲུ་དང་སེམས་ཀྱི་མི། །སོ་སོར་འབྱེད་པ་མཚོན་ནམ་སྙམ། །སྐྱབས་མིན་སྐྱབས་སུ་འཁྲུལ་བ་རྣམས། །རི་ཤིང་མཚོ་དང་གཉེན་དང་ནི། །རྒྱལ་པོ་ལྷ་དང་ལྷ་མིན་སོགས། །སྐྱབས་སུ་གསོལ་མོད་རང་ཉིད་ཀྱང༌། །མཚོར་ལྷུང་དེ་ཡིས་སུ་ཞིག་སྐྱོབ། །རྒ་ནད་ཤི་བའི་འཇིགས་ཆེན་ལ། །སྐྱབས་གྱུར་དམ་ཆོས་ལས་གཞན་མེད། །གཏིང་མཐའ་མི་མངོན་ཆུ་གཏེར་དུ་ནུབ་མི་དེ་རྣམས། །བརྐྱལ་བའི་ཤུགས་ཀྱིས་ཕ་རོལ་འགྲམ་ངོགས་ཕྱིན་པར་གྱུར། །དེ་ཚེའང་སྲིན་མོའི་ཚོགས་ལ་སྡུག་པའི་འདུ་ཤེས་འཛིན། །ལྕགས་ཀྱུས་ཉ་བཞིན་གཡོ་ཡིས་བསླུས་ལ་ཕན་པར་འཁྲུལ། །འདིས་ནི་ལྔ་པར་གྱུར་རྣམས་ཀྱང༌། །ཕ་མཐའ་མི་མངོན་བར་མ་དོའི། །སྲིད་པར་འཁྱམས་ཅིང་ལས་ཀྱིས་བརྐྱལ། །དེ་ཚེའང་སྲིད་པའི་བཙོན་ར་ལ། །ཆགས་དང་སྲིད་པས་བཅིངས་པ་ཡིས། །སྐྱེ་བའི་༼ཆ༡༣ན༽འདམ་དུ་འཚུད་གྱུར་པ། །འདི་ཉིད་མཚོན་པར་བྱེད་ཏམ་སྙམ། །བར་སྐབས་ཀྱི་ཚིགས་བཅད་ཏོ། །
དེ་ནས་ཚོང་པ་དེ་རྣམས་ཀྱིས། །བདག་ཅག་འཛམ་བུའི་གླིང་ཕྱིན་པའི། །ཐབས་ཅི་ཡོད་ཅེས་དྲིས་པ་ན། །བུད་མེད་དེ་དག་བདག་ཅག་ལ། །ཐབས་མ་མཆིས་ཞེས་ཁ་རོག་འཁོར། །སླར་ཡང་བཞིན་གྱི་མདངས་ཕྱུང་སྟེ། །ཟུར་མིག་གཡོ་བས་བསླུ་བཞིན་པར། །བདག་ཅག་བུད་མེད་གཞོན་ནུ་སྟེ། ཁྱིམ་ཐབ་དང་ནི་གནས་རྟེན་མཛོད། །འདི་རྣམས་ཁྱེད་ཅག་རྣམས་ཀྱི་ནི། །ཁབ་དང་སྐྱེད་མོས་ཚལ་ལོ་ཞེས། །ཟེར་ཞིང་ཚོང་པ་རེ་རེ་ཁྲིད། །དེ་དག་རྣམས་ཀྱི་གཙོ་མོ་དེས། །བདག་ཁྲིད་ལྷ་ཡི་ཁ་ཟས་ཀྱི། །རོ་ཡི་མཆོག་གིས་ཚིམ་པར་བྱས། །དེ་ནས་རྩེ་བར་རྩོམ་པ་ལ། །མི་ཡི་རེག་པས་ཚིམ་བྱས་ཏེ། །དེ་ལྟར་ཞག་བདུན་འདས་པར་གྱུར། །དེ་ནས་རེ་ཞིག་བུད་མེད་སྟེ། །གཉིད་ཀྱིས་ལོག་བཞིན་གད་མོའི་སྒྲ། །རབ་ཏུ་སྙན་པ་རྒོད་པ་ཐོས། །ངོ་མཚར་སྐྱེས་ནས་དྲིས་པ་དང༌། །དེ་ཡིས་འདི་ནི་སིངྒྷ་ལའི། །གླིང་གི་སྲིན་མོའི་གནས་ལགས་ཏེ། ཁྱོད་སྲོག་བཅད་པར་གྱུར་ཏ་རེ། །ཞེས་ཟེར་རྒྱུ་མཚན་ཅི་ཞེས་དྲིས། །དེས་ཀྱང་ཁྱོད་ཐུགས་མི་འཆེས་ན། །གཡས་ཀྱི་ལམ་སྲང་ཟུང་ལ་བཞུད། །དེ་ན་ལྕགས་ཀྱི་གྲོང་ཁྱེར་ནི། །མཐོ་ཞིང་ར་བས་བསྐོར་བ་ལ། སྐར་ཁུང་རྟ་བབས་མེད་པ་ཅིག །མཆིས་པར་ཚོང་པ་བརྒྱ་སྟོང་ནི། །བསྩལ་ཞིང་བོར་ནས་ལ་ལ་གསོན། །ལ་ལ་གུམ་སྟེ་གནས་ཀྱིས་གཟིགས། །ཞེས་ཟེར་ངས་ཀྱང་གླེན་པ་ཡི། །དྲ་བ་ཞེས་བྱའི་གཉིད་སྟུག་གིས། །བུད་མེད་དེ་ནི་ནོན་བྱས་ནས། །བདག་ཉིད་འཚོ་བར་བྱེད་པ་ཡི། །རལ་གྲི་ཟླ་བ་ལྟར་སྣང་ཐོགས། །གཡས་ཕྱོགས་ལམ་སྲང་བཟུང་སྟེ་ཕྱིན། །ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་དེ། །ཁོ་ར་ཁོར་ཡུག་དུ་བསྐོར་ཡང༌། །༼ཆ༡༣བ༽དེ་ལ་བུ་ག་ཡོད་མ་མཐོང༌། །དེ་དྲུང་མེ་ཏོག་ཙམ་པ་ཀའི། །སྡོང་པོ་ཅིག་ནི་འདུག་པ་ལ། །འཛེགས་ཏེ་ལུ་བའི་སྒྲ་བྱས་པས། །ཚོང་པ་མང་པོ་དེ་ཀུན་གྱིས། །ཚོང་དཔོན་ཆེན་པོ་མཁྱེན་པར་མཛོད། །འདི་ནི་སྲིན་མོའི་གླིང་ཡིན་ཏེ། །བདག་ཅག་ལྕགས་ཀྱི་ཁང་པར་བསྩལ། །འཛམ་གླིང་ཚོང་པ་འོངས་པ་རྣམས། །ཕྱི་མ་རྩེ་དགས་བྲིད་བྱེད་ཅིང༌། །སྔ་མ་ལྕགས་ཁང་འདི་རུ་འཛུད། །ཉིན་རེ་བཞིན་ཡང་མི་བརྒྱ་བརྒྱ། །ཁྲིད་སྟེ་ཟོས་ནས་རུས་པ་རྣམས། །ལྕགས་ཀྱི་གྲོང་ཁྱེར་འདི་རུ་འདོར། །ཞེས་ཏེ་སྔོན་བཞིན་སྨྲས་པར་གྱུར། །ངས་ཀྱང་མྱུར་བར་སླར་ལོག་ཚེ། །སྙན་པར་རྒོད་ཅིང་དེ་ན་རེ། །གཟིགས་སམ་རྟགས་ལ་བབ་བམ་ཟེར། །ཐབས་ནི་གང་གིས་ཐར་ཞེས་དྲིས། །རྟ་མཆོག་རྒྱལ་པོ་བཱ་ལ་ཧ། །ཞེས་བྱ་སྙིང་རྗེར་ལྡན་པ་ཅིག །བཅོ་ལྔའི་ཟླ་བ་ཉ་ཚེ་འབྱུང༌། །རྟ་མཆོག་ཅང་ཤེས་དམ་པ་དེས། །བེ་ཏ་ཐམས་ཅད་ཅེས་བྱ་བའི། །སྨན་གྱི་རྒྱལ་པོ་ཟོས་ནས་ནི། །བཻཌཱུརྻ་ཡི་བྱེ་མའི་དབུས། །ཆུ་རྒྱུན་ཡན་ལག་བརྒྱད་པ་འཐུངས། །གསེར་གྱི་བྱེ་མའི་ངོས་ལ་ནི། །ཕན་ཚུན་འགྲེ་ཞིང་སྤྲུག་པར་བྱེད། །འདི་ནས་ཕ་རོལ་སུ་འགྲོ་ཞེས། །མི་ཡི་སྐད་ཏུ་སྨྲ་ཞིང་འཚེར། །དེ་ཚེ་ཁྱོད་ཀྱིས་རྟ་རྒྱལ་མཆོག །བདག་ནི་ཕ་རོལ་འགྲོ་ཞེས་སྨྲོས། །དེ་སྐད་བསྒོ་བ་མཉན་བྱས་ནས། །མལ་དུ་ལྷན་ཅིག་ཉལ་བ་དང༌། །བུད་མེད་དེ་ཡང་སད་གྱུར་ཏེ། །འཕགས་པའི་སྲས་ཁྱོད་ལུས་རེ་གྲང༌། །ཞེས་ཟེར་གྲོང་གི་ཕྱི་རོལ་དུ། །བཤང་གཅིའི་ཆེད་ཏུ་ཕྱིན་ཞེས་བརྗོད། །དེ་ནས་གདུགས་ཤར་གྱུར་པའི་ཚེ། །ཚོང་པའི་ཚོགས་རྣམས་གྲོང་ཁྱེར་གྱི། །ཕྱིར་ཁྲིད་དབེན་པར་སོང་ནས་ནི། །མཆིས་བྲང་ཇི་ལྟར་མཛའ་ཞེས་དྲིས། །ཁ་ཅིག་བདག་ལ་མཛའ་ཞིང་གུས། །རྩེ་དགས་ཡོངས་སུ་འཛིན་ཏོ་ཟེར། །དེ་བཞིན་ལྷ་ཡི་ཟས་སྐོམ་དང༌། །གོས་དང་རྒྱན་དང་དྲི་སོགས་ཀྱིས། །ཡིད་རབ་འཛིན་ཞེས་སོ་སོར་སྨྲས། །ཁ་ཅིག་བདག་ལ་ཅི་༼ཆ༡༤ན༽ཡིས་ཀྱང༌། །བྲེལ་བ་མེད་པས་སྐྱིད་ཏོ་ཟེར། །ང་ཡིས་བདག་ཅག་སྲིན་མོ་ལ། །ཆགས་པར་བྱ་བ་མི་རིགས་སྨྲས། །དེ་དག་མྱོས་ནས་ཅི་ལགས་ཀོ། །སྲིན་མོ་ལགས་པ་མང་ཏམ་ཟེར། །ངས་ཀྱང་དཀོན་མཆོག་གསུམ་བདེན་ན། །ངེས་པར་སྲིན་མོ་འོ་ཞེས་སྨྲས། །དེ་ཀུན་ད་ནི་སྐྱབས་སུ་ཡོད། །ཅི་ཡིས་ཐར་པར་འགྱུར་ཞེས་འདྲི། །རྟ་མཆོག་རྒྱལ་པོའི་ཚུལ་བརྗོད་སྟེ། །ད་ནི་བཅོ་ལྔའི་མཚན་མོའི་ཚེ། །བུད་མེད་དེ་རྣམས་མྱོས་བྱེད་ཀྱི། །སྨན་གྱིས་སོ་སོར་མྱོས་པར་གྱིས། །མྱོས་ཚེ་གསེར་གྱི་བྱེ་མའི་སྟེང༌། །རྟ་མཆོག་དྲུང་དུ་འདུས་ཞེས་སྨྲས། །དེ་ནས་བཅོ་ལྔའི་ཟླ་བ་ནི། །རབ་གསལ་དཀར་བའི་འོད་བཀྱེ་ཚེ། །རྟ་མཆོག་དེ་ནི་ཟླ་བ་ཡི། །ཟེར་དང་འགྲོགས་ཏེ་གླིང་དེར་འོངས། །སྨན་ཟོས་ཆུ་འཐུངས་འགྲེ་ཞིང་སྤྲུགས། །དེ་ཚེ་སིངྒྷའི་གླིང་ཀུན་འགུལ། །འཛམ་བུའི་གླིང་དུ་སུ་འགྲོ་ཞེས། །ལན་གསུམ་སྨྲས་ཚེ་བདག་ཅག་ནི། །སྒྲོལ་བར་མཛོད་ཅེས་ཀུན་གྱིས་སྨྲས། །ཁྱེད་ཅག་སུས་ཀྱང་གླིང་འདི་ལ། །ཕྱི་མིག་ལྟ་བར་མི་བྱའོ། །གང་ལའང་ཆགས་པར་མ་བྱེད་ཅིག །ཅེས་སྨྲས་ཐོག་མར་ང་ཡིས་བཞོན། །དེ་ནས་གཞན་ཀུན་བཞོན་བྱས་ཏེ། །ཉི་ཟླ་བཞིན་དུ་མཁའ་ལ་ཆས། །དེ་ཚེ་སྲིན་མོ་དེ་དག་རྣམས། །སད་སྟེ་ཕྱི་བཞིན་བསྙེགས་བྱས་ནས། །སྙིང་རྗེའི་སྐད་ཏུ་སྨྲེ་སྔགས་བཏོན། །དེ་ཚེ་ང་ཡི་ཚོང་ཕྲུག་རྣམས། །ཆགས་ཏེ་སླར་ལོག་བལྟས་པ་དང༌། །ཁ་བུབ་ལྷུང་སྟེ་ཆུ་ནང་ནུབ། །བུད་མེད་དེ་རྣམས་སྤྲུལ་པ་བཤིག །རལ་པ་གཟིངས་ཅིང་མིག་དམར་ལ། །མཆེ་བའི་དཔལ་ཅན་སྲིན་མོ་ཡི། །རང་གཟུགས་བསྟན་སྟེ་མི་དེ་རྣམས། །ཆུ་ནས་དྲངས་ཏེ་ཡུད་ཀྱིས་ཟོས། །ཁྲག་ཐིགས་པོ་བའི་ས་རྣམས་ཀྱང༌། །མཛུབ་མོས་དྲུད་ཅིང་ཟ་བར་བྱེད། །རྟ་མཆོག་འཛམ་བུའི་གླིང་ཕྱིན་ཚེ། །ལྷུང་བའི་ཚོང་ཕྲུག་རྣམས་ལ་ནི། །མྱ་ངན་བྱེད་ཅིང་མཆི་མ་ཕྱུང༌། །ང་ལ་ལན་གསུམ་བསྐོར་བྱས་ནས། །རྟ་༼ཆ༡༤བ༽མཆོག་དེ་ནི་མི་སྣང་གྱུར། །ངས་ཀྱང་རིམ་གྱིས་ཁྱིམ་དུ་ཕྱིན། །ཕ་མ་གཉིས་ནི་མྱ་ངན་གྱིས། །མིག་ལྡོངས་གྱུར་པས་བདག་འོངས་པར། །ཤེས་ཏེ་མགུལ་ནས་འཇུས་ཏེ་ངུས། །བསླངས་པས་མིག་ཀྱང་དག་པར་གྱུར། །བདག་ཅག་ནོར་ནི་མི་དགོས་ཀྱི། །བུ་ཁྱོད་གསོན་པར་རྙེད་ཏོ་ཟེར། །ཉེ་དུར་བཅས་པ་ཀུན་དགའ་གྱུར། །
འདིར་སྨྲས་པ།
སྲིན་མོས་མཛེས་པར་བསྒྱུར་བ་ཡི། །གཟུགས་དང་ལང་ཚོ་བཟའ་བཏུང་དང༌། །རྒྱན་དང་རྩེ་དགས་བྲིད་པ་ལྟར། །ཚེ་འདིར་འདོད་པའི་ཡོན་ཏན་གྱི། །སྣང་བ་ཡུད་ཙམ་འདི་ཡིས་འབྲིད། །མཐའ་མར་སྲིན་མོས་རང་གཟུགས་ཉིད། །བསྟན་ནས་ཟ་བར་བྱེད་པ་ལྟར། །འདུས་བྱས་རང་སོར་མཛེས་ན་ཡང༌། །མཐའ་མར་མི་རྟག་འཇིག་པ་དང༌། །སྡུག་བསྔལ་ལས་ཀྱང་སྡུག་བསྔལ་བའི། །རང་གཟུགས་མངོན་སུམ་གསལ་བར་འགྱུར། །ཇི་ལྟར་སྲིན་མོའི་གཙོ་སོ་དེས། །གྱ་གྱུས་བསླུ་བར་བརྩོན་ན་ཡང༌། །གཉིད་ནི་འཐིབས་པོས་ནོན་པའི་ཚེ། །རང་མཚང་རང་གིས་བསྒྲགས་པ་ལྟར། །འདུས་བྱས་སྣང་བ་འདི་ཀུན་ཡང༌། །བརྟགས་ན་རང་མཚང་རང་གིས་སྟོན། །ལྕགས་ཁང་བོར་བའི་ཚོང་པ་ཡིས། །སྲིན་མོའི་ངང་ཚུལ་མངོན་སུམ་དུ། །རིག་ལྟར་གཤིན་རྗེའི་རྒྱལ་པོའི་དྲུང༌། །བགྲོད་ཚེ་ཀུན་གྱིས་ལས་འབྲས་མཐོང༌། །ལྕགས་ཁང་སྲ་བ་དེར་འཚུད་ནས། །ཤེས་ཀྱང་བྱ་བའི་ཐབས་ཟད་ལྟར། །དམྱལ་བའི་ས་གཞིར་བཟོས་པའི་ཚེ། །ལས་འབྲས་གོ་ཡང་འཕྱིས་པ་ཡིན། །སྲིན་མོས་ཟིན་རྣམས་འདོན་པའི་ཕྱིར། །རྟ་མཆོག་རྒྱལ་པོས་བརྩོན་པ་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །འགྲོ་ཀུན་གནས་ན་གཞན་དོན་བརྩོན། །འོན་ཀྱང་ཟླ་བ་ཉ་ཚེ་ལས། །གཞན་དུ་རྟ་རྒྱལ་མི་སྣང་ལྟར། །དགེ་བའི་ཆ་ཤས་མ་རྫོགས་པར། །བཤེས་གཉེན་དམ་པ་འཕྲད་མི་འགྱུར། །གཏིང་ཟབ་རྒྱ་མཚོའི་ནང་གནས་པའི། །ཉམ་ང་སྲིན་མོའི་གླིང་དེ་ནས། །གཞན་གྱིས་༼ཆ༡༥ན༽ཐར་བར་མི་ནུས་ཀྱང༌། །རྟ་རྒྱལ་སྟོབས་ཆེན་ལ་བརྟེན་ནས། །ཡུད་ཀྱིས་འཛམ་གླིང་བགྲོད་པ་ལྟར། །འཇིགས་རུང་སྲིད་པའི་རྒྱ་མཚོ་ནི། །གཏིང་མཐའ་མི་མངོན་ཕྱོགས་འཁྲུལ་བ། །འདི་ལས་ཐར་ཐབས་གཞན་མེད་ཀྱང༌། །དགེ་བའི་གཤེས་གཉེན་དམ་པ་ལ། །བསྟེན་ན་ཐར་པར་ཡུད་ཀྱིས་བགྲོད། །རྟ་རྒྱལ་ཕན་པར་དགའ་བ་དེའི། །ཚིག་བཞིན་མ་བྱས་སྲིན་མོ་ཡི། །ལུས་དང་ལོངས་སྤྱོད་ལ་ཆགས་པས། །ཕྱི་མིག་ལྟ་བའི་ཚོང་པ་རྣམས། །བཞོན་ཡང་ལྷུང་ནས་སྲིན་མོ་ཡིས། །ཟོས་ལྟར་ཡོངས་འཛིན་བསྟེན་གྱུར་ཀྱང༌། །དེ་ཡིས་བསྟན་པའི་གདམས་ངག་བཞིན། །བླང་དོར་ལེགས་པར་མ་བྱས་ཏེ། །སྲིད་པའི་འབྱོར་པ་ལ་ཞེན་ན། །ལྷུང་སྟེ་ངན་འགྲོར་ཐུག་མེད་འགྲོ། །བློ་གྲོས་བརྟན་ཞིང་རབ་ཏུ་ཟབ། །རྟ་རྒྱལ་ཚིག་ལ་ཡིད་འཆེས་པ། །སྲིན་མོའི་གླིང་གི་ཚུལ་རིག་པས། །ངེས་པར་འཛམ་གླིང་འགྲོ་འདོད་པའི། །དེད་དཔོན་བདེ་བླག་ཐར་བ་ལྟར། །སྲིད་པའི་ངང་ཚུལ་ཡོངས་རིག་པས། །ཐར་པའི་གྲོང་དུ་འགྲོ་འདོད་པ། །ཡོངས་འཛིན་སྲོག་ལྟར་བསྟེན་པ་རྣམས། །བྱང་ཆུབ་མཆོག་དུ་བདེ་བླག་འགྲོ། །དེད་དཔོན་དེས་ཀྱང་ཕ་མ་ཡི། །མྱ་ངན་བསལ་ཞིང་མིག་ཕྱེ་ནས། །ཉེ་དུ་དགའ་བར་བྱས་པ་ལྟར། །བྱང་ཆུབ་ཐོབ་ནས་མར་གྱུར་པའི། །འགྲོ་ཀུན་བདེ་བའི་གནས་ལ་འགོད། །དེ་ལྟར་སྔོན་བྱུང་གཏམ་འདི་ཡིས། །ཆོས་ཚུལ་རྒྱ་ཆེར་བསྟན་པ་སྙམ། །བར་སྐབས་ཀྱི་ཚགས་སུ་བཅད་པའོ། །
སྒྲིབ་པ་རྣམས་སེལ་ཉོན་ཞིག་ང་ནི་དེད་དཔོན་ཚེ། །དེ་ལྟའི་སྡུག་བསྔལ་འཇིགས་རུང་མི་བཟད་མྱོང་བ་ལས། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ནི། །རྟ་མཆོག་སྟོབས་ཆེན་གྱུར་པས་འཆི་བའི་འཇིགས་ལས་བསྒྲལ། །སྤྱན་རས་གཟིགས་དེའི་བསོད་ནམས་ཀྱི། །ཚོགས་ནི་ང་ཡིས་བགྲང་མི་ནུས། །བ་སྤུའི་ཁུང་བུ་རེ་རེའི་གཏམ། །༼ཆ༡༥བ༽ཅུང་ཟད་བཤད་ཀྱིས་ཉན་པར་གྱིས། །གསེར་ཞེས་བྱ་བའི་སྤུ་ཁུང་ན། །དྲི་ཟ་ཁྲག་ཁྲིག་བརྒྱ་སྟོང་གནས། །ཀུན་ཀྱང་འཕགས་པའི་ཆོས་ལ་གནས། །སྣང་བའི་ཡིད་བཞིན་ནོར་བུ་ལས། །དགོས་འདོད་ཇི་ལྟར་བསམས་པ་འགྲུབ། །ནག་པོ་ཞེས་བྱའི་སྤུ་ཁུང་ན། །མངོན་པར་ཤེས་ལྡན་དྲང་སྲོང་ཚོགས། །གསེར་གྱི་རི་དང་རིན་ཆེན་གྱི། །ལྗོན་པ་ལ་བརྟེན་མཐའ་ཡས་གནས། །སྤུ་ཁུང་རིན་ཆེན་རྣ་ཆ་ན། །ཆགས་བྲལ་དྲི་ཟའི་བུ་མོའི་ཚོགས། །གཟུགས་མཆོག་ལྡན་པ་མཐའ་ཡས་གནས། །སྤུ་ཁུང་དེ་ཀུན་ན་མཁའ་བཞིན། །བཟུང་དང་རེག་པར་མི་ནུས་སོ། །ཀུན་དུ་བཟང་པོས་ལོ་བཅུ་གཉིས། །སོང་ཡང་སྤུ་ཁུང་དེ་མ་མཐོང༌། །བ་སྤུའི་ཁུང་བུ་རེ་རེ་ན། །གནས་པ་དེས་ཀྱང་མ་མཐོང་ན། །རྒྱལ་སྲས་གཞན་གྱིས་ལྟ་ཅི་སྨོས། །ང་ནི་གཡོ་མེད་སྒྱུ་སྤངས་ཕྲ་བར་སྣང་ཞིང་བལྟ་རུ་མེད། །གཟུགས་མེད་གཟུགས་ཆེ་ལག་པ་བརྒྱ་སྟོང་དབུ་ནི་བཅུ་གཅིག་ལྡན། །བྱེ་བ་བརྒྱ་སྟོང་སྤྱན་མངའ་རྣལ་འབྱོར་ཆེན་པོ་རྣལ་འབྱོར་མཆོག །མྱ་ངན་འདས་པའི་ལམ་གནས་དཔེ་མེད་ཐུགས་མངའ་ཤེས་རབ་ཆེ། །སྲིད་ལས་གྲོལ་བྱེད་དབང་པོ་ལྟར་མི་སྣང་ཞིང་ཆོས་སྟོན་མཁས། །ཆོས་རྣམས་ཐམས་ཅད་ཀུན་དུ་སྒྲིབ་པ་མེད་པར་གྱུར་པའོ། །དེ་བཞིན་སྤྱན་རས་གཟིགས་ཀྱི་དབང་པོ་སུས་ཀྱང་མི་མཐོང་སྟེ། །དེ་ཡི་རང་བཞིན་ཉིད་ཀྱི་ལུས་ནི་རྒྱལ་བས་མི་གཟིགས་ན། །ཀུན་དུ་བཟང་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་ཅི་སྨོས། །སྤྱན་རས་གཟིགས་དབང་དེ་ནི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་སྟོན། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་སེམས་ཅན་ཡོངས་སྨིན་བྱེད། །དེ་ཀུན་བྱང་ཆུབ་ལམ་འཇོག་བདེ་བ་ཅན་གྱི་འཇིག་རྟེན་འགྲོ། །དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་དམ་ཆོས་ཉན་པ་འཐོབ། །གཞན་ཡང་བ་སྤུའི་ཁུང་བུ་ནི། །བདུད་རྩིའི་ཐིགས་པ་ཅེས་བྱ་༼ཆ༡༦ན༽ཡོད། །སར་གནས་ལྷ་སྲས་ཚོགས་ཀྱིས་གང༌། །དྲི་ཟའི་གླུ་དབྱངས་ཀྱིས་གང་བའི། །རིན་ཆེན་རི་བོར་ངལ་གསོ་ལ། །ཐེག་ཆེན་ཆོས་ཀྱི་གཏམ་བགྲོ་ཞིང༌། །བྱམས་ལྡན་འཆག་པར་བརྩོན་པས་གང༌། །དེ་ནས་སྤུ་ཁུང་རྡོ་རྗེའི་སྒོར། །རིན་ཆེན་རི་དང་ལྗོན་པ་དང༌། །རྫིང་བུ་ཁང་བཟང་བསམ་ལས་འདས། །ཕར་ཕྱིན་དྲུག་གི་གཏམ་བྱེད་ཅིང༌། །རིན་ཆེན་འཆགས་ས་རྣམས་ན་འཆག །རྟག་པར་སྤྱན་རས་གཟིགས་ཀྱི་མཚན། །རྗེས་སུ་དྲན་པར་བྱེད་པ་སྟེ། །དེ་ཚེ་ཡོ་བྱད་མ་ལུས་འབྱུང༌། །དེ་འདས་ནས་ནི་བ་སྤུའི་ཁུང༌། །ཉི་མའི་འོད་ཅེས་བྱ་བ་ཡོད། །རེ་རེའང་རྩེ་མོ་ཁྲི་ཉིས་སྟོང༌། །ལྡན་པའི་གསེར་གྱི་རི་བོ་ཁྲི། །རེ་རེའི་ངོས་ཀྱང་ལྷ་རྫས་ཀྱི། །སྐྱེད་ཚལ་ཁང་བཟང་རྫིང་ལྗོན་ཤིང༌། །བརྒྱ་སྟོང་བྱེ་བ་དུ་མས་བརྒྱན། །རིན་ཆེན་ཤ་རི་ཏི་ག་ལས། །ཡོ་བྱད་མ་ལུས་ཐམས་ཅད་འབྱུང༌། །རྒྱལ་སྲས་བྱེ་བ་བརྒྱ་སྟོང་ནི། །ཡིག་དྲུག་རྗེས་སུ་དྲན་པའི་མོད། །མྱ་ངན་འདས་པའི་ས་རྟོགས་ཅིང༌། །རྒྱལ་བ་བདུན་དང་སྤྱན་རས་གཟིགས། །ཀུན་ནས་གཤེགས་ཏེ་དབུགས་འབྱིན་མཛད། །གཞན་ཡང་བ་སྤུའི་ཁུང་བུ་ནི། །དབང་པོའི་རྒྱལ་པོ་ཞེས་བྱ་ཡོད། །རྒྱལ་སྲས་ཕྱིར་མི་ལྡོག་ཤ་སྟག །བྱེ་བ་བརྒྱ་སྟོང་མང་པོ་གནས། །འཁོར་བའི་དུ་ཁའི་མིང་ཡང་མེད། །ལྷ་ཡི་གསེར་ཁྲི་བརྒྱད་ཁྲིར་འཁོད། །པདྨ་ལྟར་སྣང་ནོར་བུ་ལས། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ། །དེ་ནས་བ་སྤུའི་ཁུང་བུ་ནི། །རྩི་སྨན་ཆེན་པོ་ཞེས་བྱ་ཡོད། །ཐོག་མའི་སེམས་བསྐྱེད་ལྡན་པ་ཡི། །རྒྱལ་སྲས་ཁྲག་ཁྲིག་མཐའ་ཡས་གནས། །སྲིད་པའི་དུ་ཁས་ཡིད་སྐྱོ་ཞིང༌། །རྣམ་པར་ཐར་པའི་སྒོ་གསུམ་ལ། །མཉམ་པར་འཇོག་པས་འདའ་བར་བྱེད། །དེ་ནས་སྣ་ཚོགས་རྒྱལ་ཞེས་པའི། །སྤུ་ཁུང་ན་ནི་རང་སངས་རྒྱས། །བྱེ་བ་ཁྲག་༼ཆ༡༦བ༽ཁྲིག་བརྒྱ་སྟོང་གནས། །ཆོ་འཕྲུལ་སྣ་ཚོགས་སྟོན་པར་བྱེད། །རིན་ཆེན་རི་རྒྱལ་སྣ་ཚོགས་ལ། །གནས་ཅིང་རྟེན་ཅིང་འབྲེལ་འབྱུང་གི །ཆོས་ཀྱི་གཏམ་ཆེན་བགྲོ་བར་བྱེད། །དེ་སོགས་བརྗོད་ཏུ་མེད་པ་ཡི། །བ་སྤུའི་ཁུང་བུ་འདས་ནས་ནི། །ཀུན་གྱི་མཐའ་མར་སྤུ་ཁུང་ནི། །རྒྱལ་མཚན་རྒྱལ་པོ་ཞེས་བྱ་ཡོད། །འདི་ནི་རྡོ་རྗེའི་རང་བཞིན་ཏེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ལྡན། །རིན་ཆེན་རི་དང་ནོར་བུ་ཡི། །ལྗོན་ཤིང་ཁང་བརྩེགས་ཚོགས་ཀྱིས་གཏམས། །ཟླ་ལྟར་བཟང་བའི་རིན་ཆེན་གྱིས། །རྟག་དུ་སྣང་བའི་བྱ་བ་བྱེད། །ཁང་བརྩེགས་རྣམས་ན་རྒྱལ་བའི་སྐུ། །འཛམ་གླིང་འདི་ལ་ཞལ་ཕྱོགས་ནས། །ཕར་ཕྱིན་དྲུག་གི་ཆོས་སྟོན་པ། །རེ་རེ་བཞུགས་ཅིང་འགྲོ་བ་འདུལ། །དེ་ནས་སྤྱན་རས་གཟིགས་དབང་གི །རྐང་པ་གཡས་པའི་མཐེ་བོང་ལས། །རྒྱ་མཚོ་ཆེན་པོ་བཞི་བྱུང་སྟེ། །རེ་རེའང་གཏིང་དཔག་མི་ནུས་སོ། །རྒོད་མའི་ཁ་ཡི་གདོང་འདྲར་འབབ། །དེ་ཚེ་ཐལ་བའི་ལྷག་མ་ལྟར། །སྐད་ཅིག་གིས་ནི་མི་སྣང་འགྱུར། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི །ཡོན་ཏན་རྣམ་འཕྲུལ་དེ་འདྲ་འོ། །སྤྱན་རས་གཟིགས་དེའི་མཚན་ཙམ་ཞིག །གང་གིས་འཛིན་པར་བྱེད་པ་དང༌། །ཡི་གེ་དྲུག་པའི་རིག་སྔགས་ཀྱི། །རྒྱལ་མོ་རྗེས་སུ་དྲན་བྱེད་པ། །དེ་དག་བ་སྤུའི་ཁུབ་བུ་ཡི། །ཞིང་མཆོག་དེ་དག་རྣམས་སུ་སྐྱེ། །སླན་ཆད་སྲིད་པར་མི་འཁོར་ཏེ། །བ་སྤུའི་ཁུང་ནས་བ་སྤུ་ཡི། །ཁུང་བུ་གཞན་དུ་འགྲོ་བར་འགྱུར། །མྱ་ངན་འདས་པའི་མཐའ་ཡི་བར། །ཞིང་མཆོག་དེ་དག་རྣམས་སུ་གནས། །དེ་ལྟར་སྟོན་པས་བཀའ་བསྩལ་ཏོ། །རྒྱལ་སྲས་སྒྲིབ་པ་རྣམ་སེལ་གྱིས། །ཡི་གེ་དྲུག་པའི་རིག་སྔགས་ཀྱི། །རྒྱལ་མོ་ཇི་ལྟར་བཙལ་གསོལ་པས། །སླར་ཡང་རྒྱལ་བས་བཀའ་བསྩལ་པ། །འདི་ནི་སངས་རྒྱས་ཀྱི་ཀྱང་མི་མཁྱེན་ན། །བྱང་ཆུབ་སེམས་དཔར་གྱུར་པས་ལྟ་ཅི་སྨོས། །སྤྱན་རས་གཟིགས་དབང་སྙིང་པོ་རབ་མཆོག་སྟེ། །གང་གིས་སྙིང་པོ་འདི་ཤེས་ཐར་༼ཆ༡༧ན༽པ་ཤེས། །རྣལ་འབྱོར་དཔག་དུ་མེད་ཕྱིར་སྒྲུབ་པར་དཀའ། །ཡི་གེ་དྲུག་པའི་རིག་སྔགས་འདི་ཡི་ཕྱིར། །དེ་བཞིན་གཤེགས་རྣམས་བསྐལ་པ་བཅུ་དྲུག་དུ། །འཇིག་རྟེན་ཁམས་རྣམས་ཀུན་དུ་གཤེགས་མཛད་ན། །བྱང་ཆུབ་སེམས་དཔར་གྱུར་པས་སྨོས་ཅི་དགོས། །སུ་ཞིག་ཡིག་དྲུག་རིག་སྔགས་ཆེན་མོ་འདི། །རྟག་དུ་འཛིན་ཞིང་ཟློས་པར་བརྩོན་པ་ཡི། །སེམས་ཅན་དེ་དག་བསོད་ནམས་ཕ་མཐའ་ཡས། །ཡིག་དྲུག་རིག་སྔགས་གང་དུ་ཟླ་བ་དེར། །སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད། །དགུ་བཅུ་རྩ་དགུ་དེ་རུ་འདུ་བར་འགྱུར། །ཕྲ་རབ་རྡུལ་གྲངས་སྙེད་ཀྱི་རྒྱལ་སྲས་འདུ། །ཕར་ཕྱིན་དྲུག་གི་སྒོ་ན་གནས་པར་འགྱུར། །ལྷ་ཡི་སྡེ་རིས་སུམ་བཅུ་རྩ་གཉིས་ཀྱི། །ལྷ་ཡི་བུ་རྣམས་འདུ་ཞིང་མཆོད་པར་བྱེད། །རྒྱལ་པོ་ཆེན་པོ་བཞི་ཡིས་ཕྱོགས་བཞི་སྲུང༌། །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་མཆིང་ནམ་དང༌། །མ་དྲོས་འཇོག་པོ་ལ་སོགས་བྱེ་བ་ནི། །ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་སྲུང༌། །དེ་ནི་བླ་གབ་མེད་པར་གནས་ཚེ་ཡང༌། །ས་བླའི་གནོད་སྦྱིན་དག་གིས་སྲུང་བར་བྱེད། །དེ་ཡི་བ་སྤུའི་ཁུང་བུ་རེ་རེ་ལའང༌། །དེབཞིན་གཤེགས་པ་བྱེ་བ་ཕྲག་རེ་བཞུགས། །དེ་དག་ཀུན་གྱིས་ཁྱོད་ཀྱིས་འདི་འདྲ་བའི། །ཡིད་བཞིན་ནོར་མཆོག་ཐོབ་པ་ཐོབ་གྱུར་ཏེ། །ཁྱོད་ཀྱིས་རུས་ཀྱི་རིགས་ཀྱང་བདུན་བརྒྱུད་ཚུན། །ཐར་པར་བྱས་ཀྱིས་ལེགས་སོ་ལེགས་པར་བྱས། །ཁྱོད་ཀྱི་ལྟོར་གནས་སྲོག་ཆགས་ཐམས་ཅན་ཀྱང༌། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འཐོབ། །ལེགས་སོ་ལེགས་ཞེས་མགྲིན་གཅིག་གསུང་བར་འགྱུར། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི། །ལ་ལ་ཞིག་གི་ལུས་ལ་འཆང་བྱེད་ན། །དེ་ལུས་རྡོ་རྗེའི་ལུས་སུ་རིགས་པར་འགྱུར། །དེ་ནི་རྒྱལ་བའི་རིང་སྲེལ་མཆོད་རྟེན་ཉིད། །རྒྱལ་བའི་ཡེ་ཤེས་གནས་པར་རིག་པར་བྱ། །སུ་ཞིག་རིག་སྔགས་ཆེན་མོ་འདི་ཟློས་པ། །དེ་ཡི་སྤོབས་པ་ཟད་པ་མེད་པར་འགྱུར། །༼ཆ༡༧བ༽ཡེ་ཤེས་ཕུང་པོ་རྣམ་པར་དག་པ་འཐོབ། །བྱམས་པ་དང་ནི་སྙིང་རྗེ་ཆེན་པོར་འགྱུར། །དེ་ནི་ཉི་མ་རེ་རེ་བཞིན་དུ་ཡང༌། །ཕ་རོལ་ཕྱིན་པ་དྲུག་པོ་ཡོངས་རྫོགས་འགྱུར། །རིག་འཛིན་འཁོར་ལོས་སྒྱུར་བའི་དབང་ཕྱུག་འཐོབ། །ཡི་གེ་དྲུག་པའི་རིག་སྔགས་འདི་འཛིན་པ། །སུ་ཞིག་བྱམས་སམ་ཞེ་སྡང་གིས་ཀྱང་རུང༌། །དབུགས་ཕྱིར་འབྱུང་དང་ནང་དུ་རྔུབ་པས་ཀྱང༌། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག་པར་འགྱུར། །བླ་མེད་བྱང་ཆུབ་མངོན་རྫོགས་མྱུར་འཚང་རྒྱ། །རིག་པའི་རྒྱལ་པོ་འདི་ལ་སུ་ཞིག་གིས། །ལག་གིས་རེག་ཀྱང་སྲིད་མཐའི་སེམས་དཔར་འགྱུར། །སྐྱེས་པ་བུད་མེད་ཁྱེའུ་བུ་མོ་དང༌། །བྱ་དང་རི་དགས་ལ་སོགས་སུས་ཀྱང་རུང༌། །ཡི་གེ་དྲུག་པའི་རིག་སྔགས་འདི་མཐོང་ན། །དེ་ཀུན་ཐམས་ཅད་རྒྱལ་སྲས་སྲིད་མཐའ་འཛིན། །མི་ཡི་སྡུག་བསྔལ་བརྒྱད་པོ་མེད་པར་འགྱུར། །དེ་ཡིས་རྣལ་འབྱོར་བསམ་གྱིས་མི་ཁྱབ་འཐོབ། །དེ་ལྟར་ཡི་གེ་དྲུག་པའི་རིག་སྔགས་འདི། །ཟློས་པར་བྱེད་ན་བསྐུལ་བར་འགྱུར་རོ་གསུངས། །སྒྲིབ་སེལ་གྱིས་ནི་འདི་སྐད་གསོལ། །དེ་ལྟར་ཕན་ཡོན་ཚད་མེད་པའི། །རིག་སྔགས་དམ་པའི་རྒྱལ་པོ་དེ། །བདག་གིས་གང་ལས་འཐོབ་པར་འགྱུར། །ཡི་གེ་དྲུག་པའི་རིག་སྔགས་གང༌། །བདག་ལ་སུ་ཞིག་སྩོལ་བྱེད་པ། །དེ་ལ་རིན་ཆེན་སྣ་བདུན་གྱིས། །འཛམ་གླིང་བཀང་སྟེ་དབུལ་བར་བགྱི། །འབྲི་བའི་ཡོ་བྱད་ཀྱིས་འཕོངས་ན། །བདག་གིས་ལྤགས་པ་ཤོག་བུར་བྱས། །རྐང་གི་རུས་པས་སྨྱུ་གུ་དང༌། །ཁྲག་གིས་གནག་ཚར་བྱས་ནས་ནི། །རིག་སྔགས་དེ་ནི་འབྲི་བར་བགྱིད། །བཅོམ་ལྡན་འདས་ཀྱིས་སླར་ཡང་བཀའ་བསྩལ་པ། །ཡི་གེ་དྲུག་པའི་རིགས་སྔགས་འདི་ཡི་ཕྱིར། །འཇིག་རྟེན་ཁམས་ཀྱི་ཕྲ་རབ་རྡུལ་སྙེད་ཀྱི། །འཇིག་རྟེན་ཁམས་སུ་སོང་བར་ངས་དྲན་ཏེ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་ཚོགས། །བརྒྱ་སྟོང་དུ་མ་བསྙེན་ཅིང་བཀུར་བྱས་ཀྱང༌། །རིག་སྔགས་མཆོག་འདི་མ་ཐོས་མ་ཐོབ་ནས། །སངས་རྒྱས་དམར་པོའི་༼ཆ༡༨ན༽མཆོག་གི་སྤྱན་སྔ་རུ། །ང་ཡིས་མཆི་མ་ཕྱུང་སྟེ་དུས་པ་དང༌། །རྒྱལ་བ་དེ་ཡིས་བདག་གི་དབུགས་ཕྱུང་སྟེ། །དེ་ལྟར་སྙིང་རྗེར་མཆི་མ་མ་འབྱིན་པར། །བདེ་གཤེགས་པདྨའི་དམ་པ་ཞེས་བྱ་བ། །དེ་ཡིས་རིག་སྔགས་ཆེན་མོ་འདི་མཁྱེན་གྱིས། །རྒྱལ་བ་དེ་ཡི་སྤྱན་སྔར་སོང་ཞིག་གསུངས། །ངས་ཀྱང་ཕྱིན་ཏེ་གུས་པར་གསོལ་བ་བཏབ། །མིང་ཙམ་དྲན་ཀྱང་སྡིག་པ་ཀུན་འབྱང་ཞིང༌། །བྱང་ཆུབ་དམ་པ་རྙེད་དཀའ་འཐོབ་འགྱུར་བ། །ཡི་གེ་དྲུག་པའི་རིག་སྔགས་འཚོལ་བའི་ཆེད། །འཇིག་རྟེན་དུ་མར་བདག་ཕྱིན་ཉོན་མོངས་ཀྱང༌། །དོན་མ་མཆིས་ཀྱིས་ཁྱོད་ཀྱིས་བདག་ལ་སྩོལ། །དེ་བཞིན་གཤེགས་པ་པདྨའི་མཆོག་དེ་ཡིས། །རྡུལ་ཀུན་རེ་རེས་བགྲང་བར་ནུས་པ་སོགས། །བཅུ་གཉིས་དཔེ་ཡིས་ཡོན་ཏན་རྒྱ་ཆེར་བཤད། །ཡི་གེ་དྲུག་པའི་ཕན་ཡོན་བགྲང་མི་ལང༌། །བསམ་གཏན་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་སྟེ། །ང་ནི་སྒོམ་པར་ནན་ཏན་བརྩོན་མ་ཡིན། །སྤྱན་རས་གཟིགས་ཀྱི་དབང་པོའི་ཆོས་དེ་ཡང༌། །ཕྲ་ཞིང་མི་གསལ་ཤིན་དུ་སྙིང་པོའི་ཆོས། །དེ་ནི་དགེ་བ་ལ་གནས་དེ་བཞིན་དུ། །རིག་སྔགས་ཆེན་མོ་འདི་ནི་ཐབས་མཁས་པའོ། །ངས་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཆེད། །ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །དུ་མར་འཁྱམས་ཅིང་སོང་ཡང་མ་རྙེད་ནས། །དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི། །སྤྱན་སྔར་ཐལ་སྦྱར་ཆོས་ལ་གུས་པ་ཡི། །ཤུགས་ཀྱིས་མཆི་མ་ཕྱུང་སྟེ་སངས་རྒྱས་དེས། །ཡིག་དྲུག་རིག་སྔགས་ཆེན་མོའི་རིག་པའི་རྒྱལ། །སྒོམ་པའི་བརྩོན་འགྲུས་བྱ་བར་བཞེད་ཏམ་གསུངས། །བཅོམ་ལྡན་འདས་འཚལ་བདེ་གཤེགས་བདག་འཚལ་ཏེ། །སྐོམ་པ་ཆུ་འཚོལ་ཇི་བཞིན་ཞིང་མང་མཆིས། །སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་བསྙེན་བཀུར་ཀྱང༌། །རིག་སྔགས་རྒྱལ་མོ་འདི་ནི་མ་ཐོབ་ཀྱིས། །བཅོམ་ལྡན་འདས་ཁྱོད་མགོན་སྐྱབས་རྟེན་དང་གནས། །དབང་༼ཆ༡༨བ༽པོ་ཉམས་ལ་མིག་དང་ལམ་སྟོར་ལམ། །ཉི་མས་གདུངས་པ་རྣམས་ལ་སྐྱོབ་པའི་གདུགས། །ལམ་གྱི་བཞི་མདོར་གནས་ཀྱི་སཱ་ལ་སྟེ། །ཆོས་ཀྱིས་ཕོངས་པ་རྣམས་ལ་མཐའ་ཡས་སྟོན། །སེམས་རབ་བརྟན་པའི་གོ་ཆ་ཉིད་གྱུར་ཅིག །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་དེས། །ཀ་ལ་པིངྐའི་དབྱངས་སྙན་གསུང་ཕྱུང་བས། །སྤྱན་རས་གཟིགས་དབང་བོས་ཏེ་བཀའ་བསྩལ་པ། །རིགས་ཀྱི་བུ་ཁྱོད་ལྟོས་ཤིག་ལེགས་པར་ལྟོས། །དེ་བཞིན་གཤེགས་པ་པདྨའི་མཆོག་འདི་ནི། །དེ་བཞིན་གཤེགས་པ་ཉིད་ཏུ་གྱུར་བཞིན་དུ། །ཡི་གེ་དྲུག་པའི་སྔགས་ཆེན་འཚོལ་བའི་སླད། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡི། །ཞིང་ཁམས་དུ་མར་ཀུན་ནས་གཤེགས་མཛད་ཀྱིས། །ཡི་གེ་དྲུག་པའི་རིག་སྔགས་དབུལ་བར་གྱིས། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོ་དེས། །རས་བྲིས་ཆོ་ག་དཀྱིལ་འཁོར་འཇུག་ཚུལ་དང༌། །གསང་བར་གདམས་པ་ལ་སོགས་རྒྱ་ཆེར་བསྟན། །ཨོཾ་མ་ཎི་པདྨེ་ཧཱུྃ། རིག་པའི་མཆོག་འདི་སྤྱན་རས་གཟིགས་དབང་གིས། །དེ་བཞིན་གཤེགས་པ་ང་ལ་བྱིན་མ་ཐག །ས་ཆེན་གཡོས་ཅིང་རྒྱ་མཚོ་རྣམ་པར་འཁྲུགས། །བགེགས་རྣམས་སྐྲག་ཅིང་འགྲོ་ལ་འཚེ་བྱེད་པའི། །གནོད་སྦྱིན་ཆེན་པོ་ཤ་ཟ་དུ་མ་དང༌། །ནག་པོ་ཆེན་པོ་བུད་མེད་བཅས་པར་བྲོས། །ངས་ཀྱང་མུ་ཏིག་མཆོག་གི་སེ་མོ་དོ། །བརྒྱ་སྟོང་རི་བ་སྤྱན་རས་གཟིགས་ལ་ཕུལ། །དེས་ཀྱང་སྤྱི་བོར་བླངས་ཏེ་བདེ་བར་གཤེགས། །སྣང་བ་མཐའ་ཡས་དེ་ལ་གུས་པས་ཕུལ། །དེ་ཡིས་བླངས་ནས་སླར་ཡང་ང་ལ་བྱིན། །ང་ཡིས་རིག་སྔགས་རྒྱལ་པོ་འདི་རྙེད་ནས། །པདྨའི་ཞིང་ཁམས་ཉིད་ཏུ་གཤེགས་སོ་ཞེས། །བདེ་གཤེགས་པདྨའི་མཆོག་ལས་ང་ཡིས་ཐོས། །གང་གིས་རིག་སྔགས་མཆོག་འདི་འབྲི་འམ་འབྲིར་བཅུག་ན། །དེ་ཡིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བྲིས་པར་འགྱུར། །རྒྱལ་སྐུ་ཕྲ་རབ་རྡུལ་མཉམ་ལྷ་ཡི་གསེར་ལས་བྱེད། །བྱས་ནས་རིང་སྲེལ་བཅུག་པ་ཉིན་རེ་བཞིན་༼ཆ༡༩ན༽བྱེད་ན། །དེ་ཡི་རྣམ་སྨིན་ཡི་གེ་དྲུག་པའི་རིག་སྔགས་འདིའི། །ཡིག་འབྲུ་གཅིག་གི་འབྲས་བུའི་རྣམ་པར་སྨིན་པ་ཙམ། །ཡོན་ཏན་བསམ་གྱིས་མི་ཁྱབ་ཐར་པར་ཤིན་དུ་གནས། །རིགས་ཀྱི་བུ་འམ་བུ་མོ་གང་ཞིག་འདི་ཟློས་ན། །དེས་ནི་ཏིང་འཛིན་དམ་པ་འདི་དག་ཐོབ་པར་འགྱུར། །ནོར་བུ་རིན་ཆེན་འཛིན་དང་དམྱལ་དང་བྱོལ་སོང་སྐེམ། །རྡོ་རྗེའི་གོ་ཆ་རྐང་པ་རབ་གནས་ཀུན་ཐབས་མཁས། །འཐོར་དང་ཆོས་རྣམས་ཀུན་ལ་འཇུག་པ་བསམ་གཏན་རྒྱུན། །ཆོས་ཀྱི་ཤིང་རྟ་ལ་འདུག་མཐའ་ཡས་པེ་འུ་དང༌། །འདོད་ཆགས་ཞེ་སྡང་ཀུན་ལས་ཡོངས་སུ་ཐར་བར་བྱེད། །ཕ་རོལ་ཕྱིན་དྲུག་འཆང་དང་རི་རབ་ཆེན་པོ་འཛིན། །སེམས་ཅན་སྲིད་པ་ལས་འགྲོལ་སངས་རྒྱས་ཞིང་ཀུན་སྟོན། །དེ་བཞིན་གཤེགས་ཀུན་གཟིགས་དང་ཤིན་དུ་གནས་པའི་གནས། །དེ་དག་ལ་སོགས་ཏིང་འཛིན་དམ་པ་བརྒྱ་རྩ་བརྒྱད། །ཡི་གེ་དྲུག་པའི་རིག་སྔགས་འཛིན་དེས་ཐོབ་པར་འགྱུར། །དེ་བས་སྒྲིབ་པ་རྣམ་སེལ་ཁྱོད། །འཁོར་མོ་འཇིག་གི་གྲོང་ཁྱེར་ན། །རིག་སྔགས་ཆེན་མོ་འདི་འཛིན་པའི། །ཆོས་སྨྲ་ཡོད་ཀྱིས་དེའི་གན་སོང༌། །རིག་སྔགས་མཆོག་འདི་འཛིན་པའི་ཆོས་སྨྲ་དེ་དག་དཀོན། །དེ་དག་དེ་བཞིན་གཤེགས་དང་མཉམ་པར་བལྟ་བར་བྱ། །འགྲོ་བའི་བསོད་ནམས་ཆེན་པོའི་གྲོང་དང་ཕུང་པོ་དང༌། །ཕྱིན་ཅི་མ་ལོག་གསུང་དང་རིན་ཆེན་ཕུང་པོ་བཞིན། །འདོད་རྒུ་སྦྱིན་བྱེད་ཡིད་བཞིན་ནོར་བུ་ལྟ་བུ་དང༌། །ཆོས་ཀྱི་མཛོད་དང་འགྲོ་བ་སྒྲོལ་བའི་མཉན་པ་བཞིན། །ལྟ་བར་བྱ་ཡི་དམ་ཆོས་སྨྲ་བ་དེ་དག་གི །སྤྱོད་པ་མཐོང་ནས་ཐེ་ཚོམ་སྐྱེ་བར་མི་བྱའོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའི་ས་བོར་ནས། །ངན་སོང་སྡུག་བསྔལ་མི་བཟད་ནང་དུ་སྐྱེ་ས་རེ། །ཆོས་སྨྲ་དེ་ནི་ཚུལ་ཁྲིམས་ཞིག་ཅིང་སྤྱོད་པ་ཉམས། །ཆུང་མ་དང་ནི་བུ་དང་བུ་མོས་ཡོངས་སུ་བསྐོར། །ངུར་སྨྲིག་གོས་ཀྱང་བཤང་དང་གཅི་བས་༼ཆ༡༩བ༽གོས་གྱུར་པ། །སྤྱོད་ལམ་མ་བསྡམས་པ་ཡིན་ཁྱོད་ཀྱིས་ཤེས་པར་གྱིས། །དེ་ལྟར་འཚལ་ལོ་ཞེས་གསོལ་ནས། །རྒྱལ་སྲས་སྒྲིབ་པ་རྣམ་སེལ་དེ། །རབ་ཏུ་བྱུང་དང་ཁྱིམ་པ་དང༌། །ཁྱེ་འུ་དང་ནི་བུ་མོ་ཡི། །གཟུགས་ཅན་བྱང་ཆུབ་སེམས་དཔའི་ཚོགས། །བརྒྱ་ཕྲག་དུ་མས་བསྐོར་ཏེ་སོང༌། །ལྷ་ཡི་གདུགས་དང་ཅོད་པན་དང༌། །རྒྱན་ཆ་གོས་བཟང་མེ་ཏོག་སོགས། །མཐའ་ཡས་མཆོད་པའི་ཚོགས་ཁྱེར་ཏེ། །ཝ་ར་ཎ་སིའི་གྲོང་དུ་སོང༌། །སྤྱོད་ལམ་མ་བསྡམས་པ་དེ་ལ། །ཐེ་ཚོམ་མེད་པའི་དད་པ་ཡིས། །རྐང་པར་མགོ་བོས་ཕྱག་འཚལ་ནས། །མཆོད་པ་དེ་དག་ཀུན་གྱིས་མཆོད། །མདུན་དུ་ཐལ་མོ་སྦྱར་ནས་བསྟོད། །ཨེ་མ་ཧོ། ཆོས་གཏེར་མྱོང་བྱེད་བདུད་རྩིའི་གཏེར་བསགས་པ། །རྒྱ་མཚོ་ཆེ་དང་མཉམ་པ་ཁྱོད་ལ་དཔག་མི་ནུས། །མིར་གྱུར་ཀུན་དང་ལྷ་ལ་སོགས་པའི་འགྲོ་བ་ཀུན། །ཁྱོད་ལས་ཆོས་ཉན་དེ་ཀུན་ཐམས་ཅད་འཁོར་དུ་འདུ། །ཁྱོད་ནི་རྡོ་རྗེ་ཆེ་མཚུངས་ཆོས་ཀྱི་རྣམ་གྲངས་འཆང༌། །སེམས་ཅན་འཁོར་བས་བཅིངས་པ་མང་པོ་ཡོངས་ཐར་མཛད། །གྲོང་ཁྱེར་འདིར་གནས་ཁྱོད་ཀྱིས་རྟག་དུ་ཡོངས་སྡུད་ཅིང༌། །ཁྱོད་མཐོང་དེ་དག་བསོད་ནམས་དམ་པ་ལྡན་པ་ལགས། །མཐོང་མ་ཐག་དུ་སྡིག་པ་ཀུན་འཕྲོག་མཛད། །ཞུགས་ཀྱིས་ནགས་ཚལ་མྱུར་བར་སྲེག་པ་བཞིན། །ཁྱོད་ནི་བདེ་གཤེགས་ཀུན་གྱིས་རབ་ཏུ་མཁྱེན། །བྱང་སེམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང༌། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཉི་ཟླ་རླུང༌། །ཆུ་བདག་མེ་ལྷ་ཆོས་རྒྱལ་གཤིན་རྗེ་དང༌། །རྒྱལ་ཆེན་བཞི་མདོ་ཁྱོད་ལ་མཆོད་ཕྱིར་བརྩོན། །ཆོས་སྨྲ་དེ་ཡིས་སླར་སྨྲས་པ། །གྲོགས་པོ་ཉོན་མོངས་པ་རྣམས་ནི། །འཕགས་པ་མིན་པར་སྤྱོད་པའོ། །དེ་ནི་འཁོར་བའི་མཚན་མ་སྟེ། །སྐྱེ་རྒུའི་འཁོར་ལོ་སྐྱེད་པར་བྱེད། །ཡིག་དྲུག་རིག་སྔགས་སུས་ཤེས་པ། །དུག་གསུམ་དག་གིས་མི་གོས་ཏེ། །འཛམ་བུ་༼ཆ༢༠ན༽ཆུ་བོའི་གསེར་བཟང་པོ། །ནམ་ཡང་དྲི་མས་མི་གོས་བཞིན། །རིག་སྔགས་རྒྱལ་མོ་འདི་ནི་དཀོན་པའི་ཚིག་ཡིན་ཏེ། །རྡོ་རྗེའི་ཚིག་དང་མི་ཕྱེད་བླ་མེད་ཡེ་ཤེས་ཚིག །མི་ཟད་པ་ཡི་ཡེ་ཤེས་ལྟག་ན་མེད་པའི་ཚིག །ཐར་པར་འཇུག་བྱེད་བདེ་གཤེགས་ཡེ་ཤེས་རྣམ་དག་ཚིག །དུག་གསུམ་དང་ནི་འཁོར་བའི་སྡུག་བསྔལ་ཡོངས་སྤོང་ཚིག །ཐབས་མཁས་ཀུན་ལྡན་ཆོས་རྣམས་ཀུན་ལ་འཇུག་བྱེད་ཚིག །བསམ་གཏན་རྣམ་ཐར་ཏིང་འཛིན་ཀུན་ལ་འཇུག་པའི་ཚིག །རྟག་དུ་ལྷ་རྣམས་འདོད་པར་བྱེད་པའི་ཚིག་ཡིན་ནོ། །འདི་ན་གང་ཞིག་ཐར་འདོད་ཀྱང༌། །ཐར་པའི་ཐབས་ལ་རྨོངས་པ་རྣམས། །དབང་པོའི་སྒོ་དང་དཀར་པོའི་སྒོ། །དེ་བཞིན་སྙན་པའི་བསྒོ་བ་སོགས། །གོས་ཀྱི་བསྒོ་བ་སྣ་ཚོགས་དང༌། །ཉི་མ་རྒྱུ་སྐར་བརྟགས་བྱས་ནས། །དབང་ཕྱུག་འཇུག་སྲེད་ན་མཁའ་ལྡིང༌། །གཅེར་བུ་པ་དང་རི་མི་སོགས། །སྣ་ཚོགས་གནས་ལས་རབ་འབྱུང་ཡང༌། །དེ་དག་ལ་ཡང་ཐར་པ་མེད། །མགོན་མིན་བརྟུལ་ཞུགས་ཅན་ཡང་མིན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་དང༌། །ལྷ་དབང་ཉི་ཟླ་རླུང་ལྷ་ཆུ། །མེ་དང་གཤིན་རྗེ་རྒྱལ་ཆེན་བཞི། །དེ་སོགས་ལྷ་རྣམས་མང་པོ་ཡང༌། །རྟག་དུ་ཡི་གེ་དྲུག་པ་ཡི། །རིག་སྔགས་རྒྱལ་མོ་འདི་ཉིད་སློང༌། །ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་མ་ནི། །རྒྱལ་བ་ཀུན་སྐྱེད་ཡུམ་དུ་གྲགས་མོད་ཀྱི། །དེ་ཡང་རིག་སྔགས་རྒྱལ་མོ་འདི་ཉིད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་འདུད་བྱེད་ན། །སངས་རྒྱས་བྱང་སེམས་བཅས་པ་སྨོས་ཅི་དགོས། །འདི་ནི་འབྲས་ལྟར་སྙིང་པོར་གྱུར་པ་སྟེ། །འདི་ལ་ཅུང་ཟད་ཙམ་ཞིག་བཟླས་པས་ཀྱང༌། །ཐེག་མཆོག་གསུང་རབ་ཡན་ལག་བཅུ་གཉིས་དང༌། །ཞི་དང་ཐར་པ་དམ་པ་ཐོབ་པར་འགྱུར། །རྣལ་འབྱོར་གཞན་ཀུན་ཕུབ་མ་ལྟ་བུ་སྟེ། །འདི་ནི་འབྲས་ཀྱི་རྨེ་འུ་༼ཆ༢༠བ༽ལྟ་བུ་ཡིན། །རྒྱལ་བའི་སྲས་རྣམས་ཕར་ཕྱིན་དྲུག་པོ་ལས། །རེ་རེའི་ཕྱིར་ཡང་དཀའ་ཚེགས་ཆེར་འབྱིན་མོད། །འདི་ཉིད་གཅིག་པོ་བཟླས་པས་ཕར་ཕྱིན་དྲུག །ལྷན་ཅིག་དཀའ་བ་མེད་པར་ཡོངས་སུ་རྫོགས། །ལ་ལ་འདི་ལ་ལག་གིས་རེག་བྱེད་ཀྱང༌། །དེ་ཡང་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར། །དེ་ཡི་མིང་ཙམ་འཛིན་པའང་དཀོན་པ་སྟེ། །འདི་མིང་ལན་གཅིག་བཟུང་ཡང་རྒྱལ་ཀུན་ལ། །ཡོ་བྱད་ཀུན་གྱིས་རྟག་པར་བསྟབས་པར་འགྱུར། །དེ་ནས་ཆོས་ཀྱི་མཁན་པོ་དེ། །ཅུང་ཟད་སེམས་ཅིང་འདུག་པ་ལས། །སྟེང་གི་མཁའ་ལས་ཡིག་དྲུག་གི །རིག་སྔགས་བྱིན་ཞེས་སྒྲ་བྱུང་ངོ༌། །སྒྲ་འདི་གང་ལས་བྱུང་སེམས་ཚེ། །སླར་ཡང་མཁའ་ལས་རྒྱལ་སྲས་འདིས། །དཀའ་བ་དུ་མས་བརྩོན་བྱས་ཀྱི། །ཡིག་དྲུག་བྱིན་ཞིག་ཞེས་ཐོས་ནས། །སྟེང་གི་མཁའ་ལ་བལྟས་པ་དང༌། །འདམ་བུའི་མདོག་ལྟར་ཀུན་ནས་དཀར། །རལ་པའི་ཅོད་པན་མཛེས་པ་འཆང༌། །ཐམས་ཅད་མཁྱེན་པ་དབུར་བཞག་པ། །ཕྱག་ན་པདྨ་བཟང་པོ་ཐོགས། །པདྨའི་དཔལ་གྱིས་བརྒྱན་བྱས་པ། །དེ་འདྲའི་གཟུགས་བཟང་མཐོང་གྱུར་ནས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིས། །ཡི་གེ་དྲུག་པ་བྱིན་པར་གནང༌། །ཚུར་ཤོག་གུས་པར་བླང་བར་གྱིས། །ཨོཾ་མ་ཎི་པད་མེ་ཧཱུྃ། འདི་ནི་བྱིན་པར་གྱུར་མ་ཐག །ས་ཆེན་གཡོས་ཅིང་རྒྱ་མཚོ་འཁྲུགས། །མོད་དེར་སྒྲིབ་པ་རྣམ་སེལ་གྱིས། །མི་ཟད་པ་ཡི་ཆོས་ཉིད་དང༌། །བྱམས་དང་སྙིང་རྗེ་དགའ་བ་དང༌། །རྣལ་འབྱོར་སྤྱོད་དང་ཐར་པར་འཇོག །ཐམས་ཅད་སྣང་བྱེད་བཀོད་པའི་རྒྱལ། །ཆོས་འཛིན་པ་སོགས་ཏིང་འཛིན་ནི། །མཐའ་ཡས་དུ་མ་ཐོབ་པར་གྱུར། །རིན་ཆེན་བདུན་གྱིས་གླིང་བཞི་ནི། །བཀང་ནས་ཡོན་དུ་དབུལ་རྩོམ་ཚེ། །ཆོས་ཀྱི་མཁན་པོ་དེས་སྨྲས་པ། །འདིས་ནི་ཡི་གེ་གཅིག་ཉིད་ཀྱི། །ཡོན་གྱི་ཆར་ཡང་༼ཆ༢༡ན༽ཡོང་མེད་ན། །དྲུག་གི་ཡོན་ཏུ་ལྟ་ཅི་སྨོས། །འོན་ཀྱང་ང་ནི་ཁྱོད་ཅག་ལས། །ཅི་ཡང་ལེན་པར་འདོད་པ་མེད། །ཁྱོད་ཀྱང་བྱང་ཆུབ་སེམས་དཔའ་སྟེ། །ཁྱོད་ནི་འཕགས་ཀྱིས་མི་འཕགས་མིན། །ཁྱོད་ནི་ང་ཡིས་འདུལ་བྱ་ཉིད། །དེ་ནས་རྒྱལ་སྲས་སྒྲིབ་སེལ་གྱིས། །བརྒྱ་སྟོང་རི་བའི་མུ་ཏིག་གི །ཕྲེང་བ་དེ་ལ་ཕུལ་བ་དང༌། །མཁན་པོ་འདི་ནི་ངའི་ཚིག་གིས། །དེ་བཞིན་གཤེགས་པ་རྫོགས་སངས་རྒྱས། །ཤཱཀྱ་ཐུབ་ལ་ཕུལ་ཞིག་གསུངས། །རྒྱལ་སྲས་སྒྲིབ་པ་རྣམ་སེལ་གྱིས། །ཆོས་སྨྲའི་རྐང་པར་ཕྱག་བྱས་ནས། །དེ་ནི་རྙེད་པའི་དམ་པ་རྙེད། །བསམ་པ་ཡོངས་སུ་རྫོགས་པ་ཡིས། །སྟོན་པའི་སྤྱན་སྔར་གུས་པས་སོང༌། །མཁན་པོའི་ཚིག་གིས་སྐྱེས་ཀྱང་ཕུལ། །སྟོན་པའི་ཀུན་ནས་དགའ་བར་མཛད། །དེ་ནས་སྒྲིབ་པ་རྣམས་སེལ་གྱིས། །སྤྱན་རས་གཟིགས་དབང་ལྟར་འཚལ་ཞེས། །གསོལ་ཚེ་ཛེ་ཏའི་ཚལ་འདི་རུ། །ང་ལ་ལྟ་དང་མཆོད་པ་དང༌། །དབང་ཕྱུག་ཆེན་པོ་ལུང་སྟོན་ཕྱིར། །མྱུར་དུ་འོང་བར་འགྱུར་རོ་གསུངས། །དེ་ནས་བདེ་བ་ཅན་གྱིས་ཞིང༌། །སྤྱན་རས་གཟིགས་དབང་བཞུགས་པ་དེས། །འོད་ཟེར་སྣ་ཚོགས་བཀྱེ་བ་ཡིས། །ཛེ་ཏའི་ཚལ་ཀུན་སྣང་བྱས་ཏེ། །ལན་གསུམ་བསྐོར་ནས་འོད་དེ་ནི། །དམྱལ་བའི་གནས་སོང་གསལ་བར་བྱས། །ཛེ་ཏའི་ཚལ་ཀུན་ལྷ་ཡི་གསེར། །ལས་བྱས་བཀོད་པ་མཐའ་ཡས་སྣང༌། །སྐར་ཚོགས་དབུས་ན་ཟླ་བ་ལྟར། །རྒྱལ་སྲས་ཀུན་ལས་ཕུལ་བྱུང་བ། །སྤྱན་རས་གཟིགས་ཀྱི་དབང་པོ་དེ། །སྤྲིན་ཕུང་ནང་ནས་གློག་ཕྲེང་ལྟར། །སྐད་ཅིག་ཙམ་གྱིས་དེར་འོངས་ཏེ། །སྟོན་པའི་འོད་ཟེར་མ་གཏོགས་པ། །འོད་གཞན་ཐམས་ཅད་ཟིལ་གྱིས་མནན། །བསྟོད་ཅིང་ཕྱག་འཚལ་གཡས་སུ་བསྐོར། །སྟོན་པས་བཀའ་བསྩལ་རིགས་གྱིས་བུ། །ངལ་ལམ་ཆད་ཏམ་ཉོན་མོངས་སམ། །འགྲོ་མང་ཡོངས་སུ་སྨིན་བྱས་སམ། །དེས་ཀྱང་བདག་གིས་སེམས་ཅན་རྣམས། །སྨིན་པར་བྱེད་པའི་ལས་བསྒྲུབས་སོ། །ཞེས་གསོལ་སླར་ཡང་ལེགས་སོ་ཞེས། །རྒྱལ་བས་དབུགས་འབྱིན་དམ་པ་མཛད། །དེས་ཀྱང་གསེར་༼ཆ༢༡བ༽གྱི་པདྨ་མཆོག །དེ་བཞིན་གཤེགས་ལ་ཕུལ་ནས་ནི། །སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །མེ་ཏོག་འདི་དག་སྐྱེས་སུ་བསྐུར། །སྐུར་གསོལ་གསུང་བར་མཛད་ཅེས་གསོལ། །སྟོན་པས་ཕྱག་གིས་བཞེས་ནས་ནི། །སྐུ་ཡི་གཡོན་ལོགས་སུ་བཞག་གོ །དེ་ནས་དབང་ཕྱུག་ཆེན་པོ་ཡིས། །སྟོན་པའི་ཞབས་ལ་ཕྱག་འཚལ་ནས། །བྱང་ཆུབ་ལུང་བསྟན་སྩོལ་ཞེས་གསོལ། །སྟོན་པའི་ཞལ་ནས་སྤྱན་རས་གཟིགས། །འདི་ཡིས་ཁྱོད་ལ་ལུང་སྟོན་འགྱུར། །ཞེས་གསུང་དབང་ཕྱུག་ཆེན་པོ་ཡིས། །འཕགས་པའི་ཞབས་ལ་མགོས་བཏུད་ནས། །སྤྱན་རས་གཟིགས་ཀྱི་དབང་པོ་དམ་པ་དབང་ཕྱུག་ཆེན་པོ་ཆོས་འཛིན་ལ། །པདྨའི་ཞབས་མངའ་པདྨ་ལ་དགྱེས་ཕྱག་ན་པདྨ་བཟང་པོ་མངའ། །པདྨའི་དཔལ་དང་ལྡན་པ་ཡོངས་སུ་བསྐོར་བ་འགྲོ་བའི་དབུགས་འབྱིན་མཛད། །ས་ཡི་སྤྱན་མཆོག་མཛད་པ་ཚིམ་པར་མཛད་ལ་གུས་པས་ཕྱག་འཚལ་ལོ། །སྤྱན་རས་གཟིགས་ཀྱི་དབང་པོས་བཀའ་བསྩལ་པ། །ཁྱོད་ནི་འཇིག་རྟེན་ཆེ་བ་ཞེས་བྱ་བར། །རྫོགས་པའི་སངས་རྒྱས་ལྷ་མིའི་སྟོན་པ་ནི། །དབང་ཕྱུག་ཞེས་བྱར་རྫོགས་འཚང་རྒྱ་བར་འགྱུར། །དེ་ནས་ལྷ་མོ་ཨུ་མ་ཡོང་ནས་ནི། །ཞབས་ལ་ཕྱག་འཚལ་བསྟོད་པས་བསྟོད་པར་བརྩོན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་མཆོག །སྲོག་སྦྱིན་མཛད་པ་ས་ཡི་སྤྱན་མཆོག་ལྡན་པ་པདྨ་བཟང་པོ་མངའ། །པདྨའི་དཔལ་དང་ལྡན་པས་ཡོངས་སུ་བསྐོར་བ་མྱང་འདས་ས་སྟོན་པ། །ལེགས་པར་དགང་བར་མཛད་པ་ཆོས་སྦྱིན་པ་ལ་གུས་པས་ཕྱག་འཚལ་ལོ། །བུད་མེད་དམད་པའི་ལུས་ལས་ཡོངས་སུ་ཐར་བར་མཛོད། །མངལ་ན་གནས་ཅིང་ཤ་མས་གང་བའི་སྡུག་བསྔལ་དང༌། །རྟག་དུ་འཛིན་པ་ལས་ནི་བདག་ཡོངས་ཐར་བར་མཛོད། །བླ་མེད་བྱང་ཆུབ་མཆོག་དུ་༼ཆ༢༢ན༽དབུགས་འབྱིན་མཛད་ཏུ་གསོལ། །སྤྱན་རས་གཟིགས་ཀྱི་དབང་པོས་བཀའ་བསྩལ་པ། །སྲིང་མོ་ཁྱོད་ནི་འཇིག་རྟེན་གངས་རི་ཡི། །གཡས་ལོགས་ཕྱོགས་སུ་ཨུ་མའི་དབང་ཕྱུག་ཅེས། །མངོན་པར་རྫོགས་འཚང་རྒྱ་ཞེས་ལུང་བསྟན་ཏོ། །སྟོན་པའི་ཞལ་ནས་སྒྲིབ་པ་རྣམ་སེལ་ལྟོས། །སྤྱན་རས་གཟིགས་འདིས་འདི་རྣམས་ལུང་བསྟན་ཏེ། །དབང་ཕྱུག་ཆེན་པོའི་ལེའུ་འདི་བཤད་ཏོ། །སྒྲིབ་སེལ་དགའ་ཞིང་རངས་པ་ཡིས། །སྟོན་པའི་གཙོ་ལ་འདི་སྐད་གསོལ། །སྤྱན་རས་གཟིགས་དབང་མཐོང་བ་ཡིས། །ལོང་བ་ཡིས་ནི་མིག་ཐོབ་ལྟར། །དེ་རིང་བདག་གསོན་འབྲས་བུ་མཆིས། །བསམ་གྲུབ་བསམ་རྫོགས་བྱང་ཆུབ་ཀྱི། །ལམ་ལ་བར་ཆད་མེད་པར་གྱུར། །ལེགས་པར་དགོངས་པ་ཆོས་ཀྱི་སྐུ། །མྱ་ངན་འདས་པ་ད་སྟོན་ཏོ། །སྤྱན་རས་གཟིགས་ཀྱི་ཡོན་ཏན་ཚོགས། །སླར་ཡང་ཉན་པར་འཚལ་ལོ་ཞེས། །སྟོན་པའི་སྤྱན་སྔར་གསོལ་བར་གྱུར། །རྒྱལ་བས་བཀའ་བསྩལ་དཔེར་ན་རི་རྒྱལ་ཁོར་ཡུག་དང༌། །ཁོར་ཡུག་ཆེ་དང་མུཉྩི་ལི་ང་ནག་པོ་ཆེ། །གསུས་གཞོལ་མི་སྟོན་ཀུན་དུ་གཏོགས་དང་འབར་བའི་ཁ། །རྩེ་མོ་བརྒྱ་པ་ཁང་པའི་རི་དང་ནོར་བུ་ཆེ། །སྟོན་པའི་རི་དང་དུས་མ་ཡིན་པར་སྟོན་པ་སོགས། །རི་རྒྱལ་དེ་ཀུན་སྲང་གཅིག་ལ་ནི་ཚད་གཞལ་ན། །སྲང་གི་གྲངས་དེ་མ་ལུས་ང་ཡིས་གཞལ་ནུས་ཀྱིས། །སྤྱན་རས་གཟིགས་དབང་བསོད་ནམས་ཕུང་པོ་བགྲང་མི་ནུས། །ཕྲ་རབ་རྡུལ་ཚད་བཟུང་ནུས་རྒྱ་མཚོ་ཐིགས་པས་དྲོངས། །ཤྲི་ཤའི་ཚལ་གྱི་འདབ་མ་རེ་རེ་ནས་བགྲང་ནུས། །སྤྱན་རས་གཟིགས་དབང་བསོད་ནམས་ཚོགས་ནི་བགྲང་མི་ནུས། །གླིང་བཞིའི་མི་ཀུན་ཡིག་མཁན་གྱུར་པས་རི་རབ་ནི། །གྲོ་གའི་ཕུང་པོར་གྱུར་ལ་རྒྱ་མཚོ་མཆིང་ནམ་ཆེ། །གནག་ཚར་བྱས་པས་ཟད་པའི་བར་དུ་བྲིས་བྱས་པའི། །༼ཆ༢༢བ༽ཡིག་འབྲུ་རེ་རེ་ནས་ནི་ང་ཡིས་བགྲང་ནུས་མོད། །རྒྱལ་སྲས་འདི་ཡི་བསོད་ནམས་ཚད་ནི་ཟིན་མ་ཡིན། །དེ་བཞིན་གཤེགས་པ་གངྒའི་བྱེ་སྙེད་བཅུ་གཉིས་ལ། །ཡོ་བྱད་ཀུན་གྱིས་བསྐལ་མང་མཆོད་པའི་བསོད་ནམས་དེ། །སྤྱན་རས་གཟིགས་ཀྱི་དབང་པོའི་སྐྲ་རྩེ་གཅིག་ལ་གནས། །རྒྱལ་སྲས་འདི་ནི་ཏིང་འཛིན་བརྒྱ་ཕྲག་མང་ལྡན་ཏེ། །རབ་འཇོམས་རྒྱན་བྱེད་རྒྱན་མི་བྱེད་དང་གློག་གི་སྦྱིན། །བཟོད་བྱེད་གཟི་ཆེན་རྣམ་བྱེད་རྡོ་རྗེའི་ཕྲེང་མཆོག་སྦྱིན། །མཐུ་བརྒྱ་བཀོད་པ་མཐའ་ཡས་སྤོབས་པའི་ཕུང་པོ་དང༌། །རྒྱལ་དབང་རྣམ་མང་རྡོ་རྗེའི་སྒོ་དང་རྟག་མཆོག་སྦྱིན། །དབང་ཡོངས་ཐར་བྱེད་ཞེ་སྡང་ཡོངས་ཐར་དབང་མཆོག་མིག །ཉིན་བྱེད་མཆོག་སྤྱན་ཆོས་མངོན་དང་ནི་རྡོ་རྗེའི་མངལ། །ཤིན་དུ་སྟོན་པ་མྱ་ངན་འདའ་བྱེད་འོད་མཐའ་ཡས། །རྣལ་འབྱོར་བྱེད་དང་འཐོར་བ་འཛམ་གླིང་དག་པའི་མིག །རྒྱལ་ཞིང་མཆོག་སྤྱན་བྱམས་དང་འགྲོ་གནས་མི་ཟད་བྱེད། །མནར་མེད་སྐེམ་དང་རྒྱ་མཚོ་ལྟར་ཟབ་འཁོར་བརྒྱ་པ། །དེ་སོགས་ཏིང་འཛིན་གཞན་ཡང་བརྒྱ་སྟོང་མང་ལྡན་ཉིད། །སྔོན་ཚེ་རྒྱལ་བ་ལོག་པར་དད་སེལ་བྱུང་བའི་དུས། །ང་ནི་བྱང་ཆུབ་སེམས་དཔར་གྱུར་པས་རྒྱལ་དེ་ལས། །སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པ་དེ་ལྟ་ཐོས། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་དང༌། །འདི་འདྲའི་ཚུལ་དུ་ཏིང་ངེ་འཛིན་གྱིས་འགྱེད་པའང་མཐོང༌། །གང་ཚེ་ཀུན་བཟང་རྡོ་རྗེ་གྱེན་འཕགས་ཏིང་འཛིན་ཞུགས། །དེ་ཚེ་སྤྱན་རས་གཟིགས་དབང་མཐོང་བའི་ཏིང་འཛིན་འཇུག །ཀུན་བཟང་ཟླ་བ་མཆོག་ཅན་ཏིང་འཛིན་ལ་ཞུགས་ཚེ། །སྤྱན་རས་གཟིགས་དབང་ཉི་མ་དམ་པའི་སྤྱན་ལ་འཇུག །གང་ཚེ་ཀུན་བཟང་བྱུག་པའི་ཏིང་ངེ་འཛིན་ཞུགས་ཚེ། །སྤྱན་རས་གཟིགས་དབང་ན་མཁའི་འཛོད་ལ་སྙོམས་པར་འཇུག །ཀུན་དུ་བཟང་པོ་རྣམ་པར་བྱེད་ལ་སྙོམས་འཇུག་ཚེ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་༼ཆ༢༣ན༽རྡོ་རྗེའི་ལྕགས་ཀྱུར་གནས། །གང་ཚེ་ཀུན་བཟང་བཟང་པོའི་འགྲོས་ལ་སྙོམས་ཞུགས་ཚེ། །སྤྱན་རས་གཟིགས་དབང་རྒྱ་མཚོ་ལྟར་ཟབ་ཏིང་འཛིན་གནས། །ཀུན་དུ་བཟང་པོ་སེང་གེའི་གླལ་གྱིས་རྩེ་བའི་ཚེ། །སྤྱན་རས་གཟིགས་དབང་སེང་གེ་རྣམས་རོལ་གྱིས་ཟིལ་གནོན། །ཀུན་བཟང་མཆོག་སྦྱིན་ཏིང་ངེ་འཛིན་ལ་མཉམ་བཞག་ཚེ། །སྤྱན་རས་གཟིགས་དབང་མནར་མེད་སྐེམ་པའི་ཏིང་འཛིན་བྱེད། །ཀུན་དུ་བཟང་པོ་བ་སྤུའི་ཁུང་བུ་ཀུན་འབྱེད་ཚེ། །སྤྱན་རས་གཟིགས་དབང་སྤུ་ཁུང་མ་ལུས་འབྱེད་པར་བྱེད། །དེ་ནས་ཀུན་དུ་བཟང་པོ་ངོ་མཚར་ཐོབ་གྱུར་ཏེ། །སྤྱན་རས་གཟིགས་དབང་ཁྱོད་ཀྱི་སྤོབས་པ་ཕུལ་བྱུང་བ། །དེ་ལྟ་ལེགས་སོ་ལེགས་སོ་ཞེས་སྨྲས་སངས་རྒྱས་དེས། །ཀུན་བཟང་ཁྱོད་ཀྱིས་སྤྱན་རས་གཟིགས་དབང་སྤོབས་པ་ནི། །ཅུང་ཟད་ཙམ་ཞིག་མཐོང་དུ་ཟད་སྟེ་རྒྱལ་སྲས་འདིའི། །སྤོབས་པ་ཅི་འདྲ་དེ་འདྲ་དེ་བཞིན་གཤེགས་ལའང་མེད། །དེ་སྐད་སངས་རྒྱས་དེ་ལས་ང་ཡིས་ཡོངས་སུ་ཐོས། །དེ་ལྟར་ཡོན་ཏན་རྒྱ་ཆེན་བཀའ་བསྩལ་ནས། །མདོ་འདི་ཡོངས་སུ་གཏད་པར་བྱ་བའི་ཕྱིར། །སུ་ཞིག་ཐེག་ཆེན་མདོ་སྡེ་ཟ་མ་ཏོག །བཀོད་པའི་རྒྱལ་པོ་འདི་ཡི་མིང་ཐོས་ཀྱང༌། །དེ་དག་སྔོན་གྱི་ལས་ཀྱི་སྒྲིབ་པ་འབྱང༌། །མཚམས་མེད་ལྔ་སོགས་དམད་པའི་ལས་བྱེད་པའི། །སྡིག་ཅན་རྣམས་ཀྱང་མདོ་སྡེ་འདི་འཛིན་ན། །མི་ཟད་སྡིག་པ་ཀུན་ལས་ཡོངས་སུ་ཐར། །འདི་ན་རི་རབ་རི་ཡི་རྒྱལ་པོའི་གཡས་ངོས་ན། །སྔོན་གྱིས་བདེ་གཤེགས་དྲུག་གིས་དྲི་མ་མེད་པ་ཡི། །མཐར་རུ་༼ཆ༢༣བ༽བརྟགས་པ་ཡོད་སྟེ་ད་ལྟར་ངས་ཀྱང་བརྟགས། །གང་ཞིག་གོས་དཀར་ཁ་དོག་སྔོན་པོར་འགྱུར་བ་དང༌། །སྔོན་པོའི་གོས་ནི་ཁ་དོག་དཀར་པོར་འགྱུར་བའོ། །དེ་ལས་སྔ་མ་ཤོས་ནི་སྡིག་པའི་ཕུང་པོ་སྟེ། །ཕྱི་མ་ཤོས་ནི་ཆོས་ཀྱི་ཕུང་པོར་བལྟ་བར་བྱ། །དེ་བཞིན་མདོ་སྡེ་རྒྱལ་པོ་ཟ་མ་ཏོག་བཀོད་འདིས། །སྡིག་པའི་ཕུང་པོ་ཐམས་ཅད་སྲེག་ཞིང་དཀར་པོར་བྱེད། །དབྱར་དུས་ཙ་དང་ནགས་ཚལ་ཤིན་དུ་སྔོ་གྱུར་པ། །དེ་ཚེ་ཁ་བརྒྱ་པ་ཞེས་ཀླུ་ཡི་རྒྱལ་པོ་ཅིག །གནས་ནས་ལངས་ཏེ་དེ་དག་ཐམས་ཅད་སྲེག་པར་བྱེད། །དེ་བཞིན་མདོ་འདི་སྡིག་པའི་ནགས་ཚལ་སྲེག་བྱེད་ཡིན། །མདོ་སྡེ་འདི་ཐོས་སེམས་ཅན་དེ་དག་བདེ་དང་ལྡན། །དེ་ཀུན་སོ་སོའི་སྐྱེ་བོ་མིན་པར་རིག་པར་བྱ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་དང་འདྲ་བར་ལྟོས། །འཆི་བའི་ཚེ་ན་སངས་རྒྱས་བཅུ་གཅིག་མངོན་གཤེགས་ཏེ། །མ་འཇིགས་མ་འཇིགས་ཁྱོད་ཀྱིས་མདོ་སྡེའི་རྒྱལ་པོ་ཐོས། །སླན་ཆད་མི་འཁོར་སྐྱེ་རྒ་ན་འཆི་མཐོང་མི་འགྱུར། །མི་སྡུག་མི་འཕྲད་སྡུག་ཅིང་འདོད་པ་མཐོང་བར་འགྱུར། །རིགས་ཀྱི་བུ་ཁྱོད་བདེ་བ་ཅན་གྱིས་ཞིང་དུ་སོང༌། །བདེ་གཤེགས་སྣང་མཐའ་ཡས་ལས་དམ་ཆོས་ཐོས་འགྱུར་ཞེས། །དབུགས་འབྱིན་མཛད་མཐོང་དེ་དག་བདེ་ནས་བདེ་བར་འགྲོ། །བཀའ་ཆེམས་ཁ་ཅིག་ལས་སྤྱན་རས་གཟིགས་ཛེ་ཏའི་ཚལ་ཏུ་འོངས་ནས་སྟོན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ཚེ་ངའི་གདུལ་བྱ་རྫོགས་སོ་ཞེས་གསུང་བ་ན་ད་དུང་ཁ་བ་ཅན་གྱི་སེམས་༼ཆ༢༤ན༽ཅན་མ་ཐུལ་ལོ། །ཞེས་ཞུས་པས་དེ་ནི་ཁྱོད་ཀྱིས་གདུལ་བར་བྱ་བ་ཡིན་ནོ་ཞེས་ཁ་བ་ཅན་དུས་དེར་གཏད་པར་ཡང་གསུངས་སོ། །དེ་ལྟར་རྒྱལ་དང་རྒྱལ་སྲས་ཀུན་གྱི་བླ། །སྤྱན་རས་གཟིགས་ཀྱི་དབང་པོའི་རྒྱལ་པོ་དེས། །བོད་ཡུལ་འདི་ནི་ཐུགས་རྗེས་བདག་གིར་མཛད། །ཡུལ་འདིའི་འགྲོ་རྣམས་ལོངས་སྤྱོད་དམན་ན་ཡང༌། །ལྷ་སྐལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཆོས་སྐལ་སྙིང་པོ་ཡི་གེ་དྲུག་མ་སྟེ། །དེ་ཕྱིར་ཡུལ་གྲུ་གཞན་ལས་ཁྱད་པར་འཕགས། །བོད་ཡུལ་དུ་ཆོས་བྱུང་ཚུལ་གྱི་སྐབས་ལས་ཟ་མ་ཏོག་བཀོད་པའི་མདོ་ལས་བྱུང་བའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་ཐར་པ་ཕྱོགས་ཙམ་དང་དེས་བོད་ཡུལ་ཇི་ལྟར་བདག་གིར་མཛད་པའི་ཚུལ་བཀའ་ཆེམས་ལྟར་བསྟན་པའི་སྐབས་སྟེ་དང་པོའོ།། །།
སྭ་སྟི། །ལྗིན་ཤིང་ངོས་ལ་སྤྲུལ་པའི་གཟུགས་འཆར་འདི། །རིག་པའི་འབྱུང་གནས་གཉལ་གྱི་སྒང་རྒྱུད་ནས། །རིག་བྱེད་པ་ནི་ཚེ་དབང་དར་པོས་གཙོས། །དཔོན་སློབ་དགུ་ཡིས་ལེགས་པར་གཟབ་སྟེ་བརྐོས། །མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྦྱིན་བདག་ནི། །བྱ་ཡུལ་དཔོན་ས་ཚོགས་གཉིས་གྲུབ་མས་མཛད། །དགེ་ཚོགས་མ་ལུས་བྱང་ཆུབ་འཐོབ་ཕྱིར་བསྔོ། །
༼ཇ༡ན༽ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་སྐབས་གཉིས་པ་བོད་ཀྱི་རྒྱལ་རབས་བཞུགས། །༼ཇ༡བ༽
ན་མོ་ལོ་ཀེ་ཤྭ་ར་ཡ། །དེ་ལྟར་རྒྱལ་དང་རྒྱལ་སྲས་མ་ལུས་ལས། །ཐུགས་རྗེ་རྨད་བྱུང་སྤྱན་རས་གཟིགས་དབང་དེས། །ཐ་མཁོབ་བོད་ཁམས་འདུལ་བའི་ཁུར་བསྣམས་ཏེ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར་བྱོན་ཚེ། །སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ། །བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་ཏུ་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་བའི་ནང༌། །མཐའ་ཡས་སྲོག་ཆགས་སྡུག་སྔལ་སྤྱོད་པར་གཟིགས། །ཀུན་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས། །མ་འོངས་གདུལ་བྱར་འགྱུར་བར་བྱིན་གྱིས་བརླབས། །དེ་ནས་ཁ་བ་ཅན་གྱི་ཡུལ་གྱི་དབུས། །དབུ་རུ་ཤོད་ཆེན་དམར་པོའི་རི་རྩེར་བྱོན། །མཐིལ་ཀུན་ཆུས་གང་ངན་སོང་འགྲོ་མང་གནས། །ལོགས་ཀུན་མུན་པ་སྲོས་འདྲའི་ནགས་ཚལ་སྟུག །ཁྲོ་གཏུམ་གཅན་གཟན་སྣ་ཚོགས་གསོད་གཅོད་བྱེད། །ཁྱད་པར་འོ་ཐང་མཚོ་ནི་མནར་མེད་ཀྱི། །དམྱལ་བའི་སྒོར་གཟིགས་སྡུག་བསྔལ་བཟོད་ཐབས་མེད། །རང་བྱས་ལས་ཀྱི་འབྲས་བུ་སྤྱོད་གཟིགས་པས། །ཐུགས་རྗེའི་ཤུགས་དྲག་མི་བཟོད་རབ་ཏུ་གཡོས། །པད་མ་ལྟ་བུའི་སྤྱན་རས་གཡས་གཡོན་ལས། །སྤྱན་ཆབ་བདུད་རྩིའི་ཐིགས་པ་རེ་རེ་ལྷགས། །ཇོ་མོ་ཁྲོ་གཉེར་ཅན་དང་སྒྲོལ་མར་གྱུར། །བུ་ཁྱོད་ཐ་མཁོབ་འགྲོ་རྣམས་འདུལ་བ་ལ། །སྒྱིད་ལུག་སྡུག་བསྔལ་ལྡན་པར་མ་བྱེད་ཅིག །ཁོ་མོ་གཉིས་ཀྱིས་འགྲོ་དོན་གྲོགས་བྱེད་ཅེས། །༼ཇ༢ན༽གསུང་སྟེ་སྤྱན་འབྲས་སོ་སོ་ཉིད་ལ་ཐིམ། །དེ་ནས་དམྱལ་མཚོའི་དབུས་སུ་བྱོན་ནས་ནི། །ཡི་གེ་དྲུག་པའི་ཆོས་བཤད་ཚད་མེད་པའི། །སྙིང་རྗེས་བདེན་ཚིག་སྨོན་ལམ་འདི་སྐད་བཏབ། །
ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏིང་མཐའ་མེད་པའི་དམྱལ་བ་ཆེན་པོ་འདིར། །བཟོད་དཀའི་སྡུག་བསྔལ་བྱེ་བས་གཙེས་པ་རྣམས། །རྣམ་གྲོལ་ཐར་པའི་གླིང་ལ་འཁོད་པར་ཤོག །དུག་མཚོ་འཁོལ་མའི་ནང་དུ་འཚེད་བྱེད་ཅིང༌། །དམྱལ་བའི་མེ་ཡིས་རྟག་དུ་བསྲེགས་པ་ཡིས། །སྐྱབས་མེད་ཉམ་ཐག་སྨྲེ་སྔགས་འདོན་པ་རྣམས། །ཕན་བདེའི་ཆར་གྱིས་རྟག་དུ་བསིལ་བར་ཤོག །ཚ་གྲང་བཀྲེས་སྐོམ་དུ་ཁས་གཟིར་བ་ཡི། །ཁྲི་ཕྲག་དཔག་མེད་མཚོ་འདིར་གནས་པ་རྣམས། །ལུས་འདི་བོར་ནས་བདག་གི་ཞིང་ཁམས་སུ། །རིགས་བཟང་ཆོས་ལྡན་རྣམས་སུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་མཐའ་ཡས་འོད་ཟེར་བཀྱེ་བ་ཡིས། །དམྱལ་བའི་སེམས་ཅན་དེ་རྣམས་སྡུག་བསྔལ་ཞི། །བདེ་བས་རྒྱུད་བརླན་ཐར་པའི་ལམ་འཁོད་གྱུར། །མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། །ཀོང་གི་ཆུ་བརླག་ཞེས་བྱའི་ཟོམས་བྱེ་བས། །རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །ཀུན་ལ་ཆོས་བསྟན་དཔག་མེད་སྨིན་གྲོལ་མཛད། །དེ་ལྟར་དུས་རིང་མཐའ་ཡས་རྒྱུན་མི་འཆད། །སྣ་ཚོགས་ཐབས་ཚུལ་བགྲང་བར་མི་ནུས་པས། མཐའ་ཡས་འགྲོ་རྣམས་སྨིན་གྲོལ་མཛད་པ་ཡིས། །དུབ་པ་བསལ་ཕྱིར་འཛམ་གླིང་ལྷོ་ཡི་ཕྱོགས། །པོ་ཊ་ལ་ཞེས་གྲུ་འཛིན་རི་བོའི་སྤོར། །སེམས་ཉིད་ངལ་གསོའི་ཏིང་འཛིན་མཛད་པར་གྱུར། །དེ་ལས་བཞེངས་ནས་༼ཇ༢བ༽ཁམས་གསུམ་སེམས་ཅན་དང༌། །ཁྱད་པར་ཁ་བ་ཅན་པ་ལ་གཟིགས་པས། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི །ཆ་ཤས་ཙམ་ཡང་གྲོལ་བར་མ་གྱུར་ཞིང༌། །ཁྱད་པར་མ་རུངས་རྒྱུད་རྩུབ་གདུལ་དཀའ་བ། །རྙིགས་ལས་རབ་ཏུ་རྙིགས་མར་གྱུར་གཟིགས་ནས། །ཞི་བདེའི་བསམ་པ་སྐད་ཅིག་སྐྱེས་པའི་མོད། །སྔོན་གྱི་དམ་བཅས་དམོད་པ་བོར་བ་ཡིས། །དབུ་ནི་ཚལ་པ་བཅུ་རུ་གས་ཅིང་གྱེས། །སྐུ་ལུས་དུམ་བུ་སྟོང་དུ་བྱེ་བར་གྱུར། །འོད་དཔག་མེད་མགོན་སྐད་ཅིག་གིས་བྱོན་ནས། །དབུ་དང་སྐུ་ལུས་ཞིག་ཞིང་བྱེ་བ་རྣམས། །ཆུན་པོར་ཕྱག་གིས་བཅིངས་ནས་འདི་སྐད་གསུང༌། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་སྟེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་ལྟ་ཉིད་ཏུ་འགྱུར། །གང་གི་སྨོན་ལམ་མཐུ་བཙན་པས། །སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས། །བདེན་པ་དེ་ཡིས་སྐད་ཅིག་ལ། །ངེས་པ་ཉིད་ཏུ་འབྱུང་བར་འགྱུར། །རིགས་ཀྱི་བུ་ཁྱོད་སྡུག་བསྔལ་མ་བྱེད་ཅིག །ཁྱོད་ཀྱི་དབུ་ནི་ཚལ་པ་བཅུར་གས་པ། །འདི་ནི་ཞལ་རས་བཅུ་རུ་བྱིན་གྱིས་བརླབ། །ཁྱོད་ལུས་རྣམ་པ་སྟོང་དུ་བྱེ་བ་ནི། །ཕྱག་སྟོང་སྤྱན་སྟོང་ལྡན་པར་བྱིན་གྱིས་བརླབ། །སླར་ཡང་འགྲོ་དོན་སྙིང་སྟོབས་སྐྱེད་ཅིག་གསུང༌། །དེ་ཚེ་ཕྱོགས་བཅུའི་རྒྱལ་སྲས་ཀུན་འདུས་ནས། །ཞལ་རས་བཅུ་པོ་ཕ་རོལ་ཕྱིན་པ་བཅུ། །བཅུ་གཅིག་དབུ་ལ་འོད་དཔག་མེད་པ་བཞུགས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སང་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཅིགས་ལ་ཕྱགས་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཐ་མཁོབ་འདུལ་བར་རྒྱལ་བས་ལུང་༼ཇ༣ན༽བསྟན་ནས། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་མཆོད་ཅིང་ཤིས་པ་མཛད་པར་གྱུར། །བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌། །དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། །ལོ་རྒྱུས་ཆེན་མོ་སོགས་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་རྒྱོགས་གཉིས་ལག་ཆར་བྱུང༌། །བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་སྟེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། །ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང༌། །ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་སྟེ། །ལང་ཏང་ལིང་ཏང་བེར་ཁ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་སྟེ། །གཉའ་གཡའ་སྤང་སྐྱེ། ༡གར་ཏིང་ནམ་ཚ༌། ༢གླེ་ངན་ལམ་ཙང་སྐྱེས། ༣རུ་ཐོ་གར་སྐྱེས། ༤ཤེ་དོ་ཀེར་ཏིང་ནས། ༥མེ་པདྨ་སྐྱེས། ༦གསང་གེ་འཕྲུལ་པོ་ཆེ། ༧དྲང་བ་དྲངས་མ་མགུར། ༨བཀོད་སྟོར་ནམ་ཚ། ༩ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། །བཅུ་པོ་འགོང་པོ་དཔུན་དགུས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་གྲག་གོ །
དེ་ནས་མི་ཡི་འགྲོ་བ་བྱུང་ཚུལ་ནི། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་དེས། །བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་ཀུན། །མི་ལུས་ཐོབ་ཏུ་རུང་བའི་དུས་གཟིགས་ནས། །པོ་ཊ་ལ་ཡི་རི་ལ་གནས་པ་ཡི། །སྤྲེའུ་ཞིག་སྤྲུལ་ཡོངས་རྫོགས་དགེ་བསྙེན་བྱིན། །ཏིང་འཛིན་རྫུ་འཕྲུལ་ལྡན་པར་བྱིན་བརླབས་ནས། །ཁ་བ་ཅན་གྱི་ཡུལ་འདིར་སྒོམ་དུ་བཏང༌། །དེ་ཡིས་བྲག་རི་རོག་པོ་ཅིག་དུ་བསྒོམས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་སྐྱེད་སྦྱངས། །སྟོང་པ་ཉིད་ལ་མོས་པས་སྤྱོད་པའི་ཚེ། །ལྷ་མོ་༼ཇ༣བ༽སྒྲོལ་མས་སྤྲུལ་པ་བྱས་པ་ཡི། །བྲག་སྲིན་མོ་ཞིག་དེར་འོངས་ཆགས་པའི་བརྡ། །ཉིན་ཞག་འགའ་བྱས་སྤྲེའུའི་སེམས་མ་གཡོས། །ཕྱི་ནས་མི་མོ་མཛེས་མར་ལུས་བསྒྱུར་ནས། །བདག་གི་ཁྱིམ་ཐབ་མཛོད་ཅེས་གསོལ་བ་བཏབ། །སྤྲེའུས་ང་ནི་འཕགས་པའི་དགེ་བསྙེན་ཡིན། །དེ་ལྟར་མི་རུང་སོང་ཞིག་ཞེས་སྨྲས་པས། །ཐ་མར་སྙིང་རྗེར་ངུ་ཞིང་སྨྲེ་སྔགས་འདོན། །བདག་ནི་ལས་ཀྱིས་སྲིན་མོའི་རིགས་སུ་སྐྱེས། །ཁྱོད་ལ་ཆགས་ཅིང་ཞེན་པས་གསོལ་བ་འདེབས། །ཁྱོད་ཀྱིས་བདག་གི་ཁྱིམ་ཐབ་མི་བྱེད་ན། །ཐ་མར་སྲིན་པོ་ཅིག་དང་འགྲོགས་ནས་ནི། །ཉིན་ཞག་རེ་ལའང་སྲོག་ཆགས་ཁྲི་ཕྲག་གསོད། །སྲིན་པོའི་ཕྲུ་གུ་འཕེལ་བས་གང་གྱུར་ཏེ། །ཁ་བ་ཅན་འདི་སྲིན་པོའི་གླིང་དུ་འགྱུར། །འཛམ་གླིང་སྐྱེ་བོ་མ་ལུས་ཟ་བར་བྱེད། །དེ་བས་བདག་ལ་དགོངས་མཛོད་ཟེར་ཞིང་ངུས། །སྤྲེའུ་སྙིང་རྗེས་བརླན་གྱུར་ཅི་བྱ་སྙམ། །སྐད་ཅིག་ཙམ་གྱིས་པོ་ཊ་ལ་རུ་སོང༌། །བདག་གིས་དགེ་བསྙེན་སྡོམ་པ་སྲོག་བཞིན་བསྲུངས། །བདུད་རིས་སྲིན་མོས་བདག་ལ་འདི་ལྟར་གཙེས། །དེ་ལས་ཐབས་གང་གིས་ནི་སྲུང་བར་དགྱིད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གཟིགས་སུ་གསོལ། །འཕགས་པའི་ཞལ་ནས་དེ་ཡི་ཁྱིམ་ཐབ་གྱིས། །ཁྱོད་ཀྱི་གཞན་དོན་རླབས་ཆེན་འགྱུར་རོ་གསུང༌། །འཕགས་མ་ཁྲོ་གཉེར་ཅན་དང་སྒྲོལ་མ་ཡིས། །དེ་ནི་ཤིན་དུ་ལེགས་ཅེས་མཐུན་གྱུར་མཛད། །བོད་ཁམས་ཁ་བ་ཅན་གྱི་ཡུལ་འདི་རུ། །ཐུབ་བསྟན་དར་རྒྱས་ཡུན་རིང་གནས་པ་དང༌། །དགེ་བའི་བཤེས་གཉེན་རྒྱུན་མི་འཆད་པ་དང༌། །རིན་ཆེན་གཏེར་ཁ་དུ་མ་བྱེ་བ་སྟེ། །ཡོན་ཏན་གསུམ་དང་ལྡན་པར་བྱིན་གྱིས་བརླབས། །སྤྲུལ་པའི་སྤྲེའུ་བྲག་སྲིན་འདུས་པ་ལས། །རིས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཞིག་བྱུང༌། །གཅིག་ནི་དམྱལ་བའི་གནས་ནས་ཚེ་འཕོས་པས། །ངོ་ནག་མི་སྡུག་སྡུག་༼ཇ༤ན༽སྲན་ཆེ་བར་སྣང༌། །ཡི་དྭགས་ནས་འཕོས་ཟས་སྲེད་སེར་སྣ་ཆེ། །དུད་འགྲོའི་སྐྱེ་བ་གླེན་ལ་གཟུགས་བྱད་ངན། །ལྷ་མིན་ནས་འཕོས་ཐུ་ལ་ཕྲག་དོག་ཆེ། །མི་ནས་འཕོས་དེ་སེམས་ཆུང་ཤེས་རིག་རྒྱས། །ལྷ་ལས་འཕོས་དེ་རྒྱུད་དགེ་བྱད་བཞིན་བཟང༌། །དེ་ཀུན་ཕ་ཡིས་ཤིང་ཏོག་གིས་གང་བ། །ནགས་མ་བྱ་ཚོགས་ཅན་ཞེས་བྱ་བར་བསྐྱལ། །ལོ་འགའ་ལོན་ནས་བལྟ་རུ་ཕྱིན་པའི་ཚེ། །དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱར་འཕེལ། །ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད། །ཡི་དྭགས་ལྟ་བུ་སྙིང་རྗེའི་གནས་སུ་མཐོང༌། །རང་གིས་གསོས་པས་མ་སོས་རབ་ཏུ་ངལ། །ཀ་བཀོལ་མ་ལས་དང་པོ་ཕྲུ་གུ་གཅིག་དུ་བཤད་ལ་བཀའ་ཆེམས་སྤྱི་ལས་དྲུག་དུ་སྣང་ཞིང་གང་ནའང་ཕྱིས་མང་དུ་འཕེལ་བ་དུམ་བུ་བཞིར་ཆད་སྟེ་རྩོད་པས་བོད་ཀྱི་མི་བུ་རིགས་བཞི་ཞེས་སེ་དང་རྨུ་ལྡོང་དང་སྟོང་གི་རུས་ཚན་བཞི་བྱུང་བར་གྲགས་ཅིང་ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་དུའང་གྲག་གོ །
རྫུ་འཕྲུལ་མཐུ་ཡིས་པོ་ཊ་ལ་རུ་སོང༌། །འཕགས་པའི་དྲུང་དུ་ཐལ་སྦྱར་གསོལ་བཏབ་པ། །ཀྱེ་མ་ཁྱིམ་ཐབ་འཁོར་བའི་བཙོན་ར་དང༌། །བུད་མེད་བདུད་ཀྱི་ཕོ་ཉར་མ་ཤེས་ལ། །འདོད་པ་དུག་གི་ལོ་མར་མ་རྟོགས་པས། །བུ་ཚ་འཁོར་བའི་འདམ་དུ་བདག་ཚུད་ཏོ། །སྙིང་རྗེས་ཆགས་པར་གྱུར་པས་བདག་བསླུས་ཏེ། །འདོད་པས་བསྡམས་ཅིང་སྡུག་བསྔལ་རི་ཡིས་ནོན། །ཉོན་མོངས་དུག་ཟོས་ལས་ངན་རིམས་ཀྱིས་བཏབ། །སྡུག་བསྔལ་ཕུང་པོས་བདག་ཉིད་བསླུས་པར་གྱུར། །ཀྱེ་ཧུད་ད་ནི་བུ་ཚ་ཇི་ལྟར་གསོ། །འཕགས་པའི་བཀའ་བསྒྲུབས་བདག་ནི་འདི་ལྟར་གྱུར། །ད་ལྟ་ཡི་དྭགས་གྲོང་ཁྱེར་དངོས་སུ་འདུག །ཕྱི་མ་དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །བྱམས་མགོན་བདག་ལ་སྐྱོབ་པར་མཛོད་ཅེས་གསོལ། །སྤྱན་རས་གཟིགས་དབང་ཞལ་ནས་རིགས་ཀྱི་བུ། །སྡུག་བསྔལ་མི་དགོས་ཁྱོད་ཀྱི་སྤྱོད་པ་ལེགས། །༼ཇ༤བ༽ཁྱོད་ཀྱི་རིགས་བརྒྱུད་སྟེ་རྣམས་མིར་གྱུར་ནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། །དེ་ཀུན་ང་ཡིས་ཆོས་དང་ཟང་ཟིང་གིས། །ཀུན་ནས་སྐྱོང་ཞེས་བཞེངས་ཏེ་བོད་ཡུལ་གཟིགས། །རི་རབ་ཟོམ་ནས་འབྲུ་སྣ་ལྔ་ནས་གྲོ་སྲན་བྲ་སོ་བླངས་སྟེ། །བོད་ཏུ་གཏོར་བས་མ་རྨོས་ལོ་ཏོག་བྱས། །རིན་ཆེན་སྣ་ལྔ་གསེར་དངུལ་ཟངས་ལྕགས་བཤའ་ཕྱག་གིས་བཅུས་ནས་གཏོར། །སྨོན་ལམ་མཛད་པས་མ་འོངས་སྐབས་སྐབས་སུ། །རིན་ཆེན་གཏེར་ཀུན་ས་ལས་རིམ་གྱིས་འབྱུང༌། །བྱང་ཆུབ་སེམས་དཔའས་རང་གི་རིགས་བརྒྱུད་རྣམས། །ཁྲིད་སྟེ་མ་རྨོས་པ་ཡི་ལོ་ཏོག་བསྟན། །འདི་ཟོ་དང་ཞེས་སྨྲས་པས་ཟོ་དང་གོང་པོ་རི་དང༌། འདིར་རྩེ་མོ་རྩེས་དང་བྱས་པས་རྩེད་དང་དུ་མིང་ཆགས་ཅེས་གྲག་གོ །ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང༌། །ཀུན་ཀྱང་ཕ་རིགས་མ་རིགས་གཉིས་སུ་གནས། །སྤྲེ་འུ་བྱང་སེམས་ཕ་ཡི་རིགས་བྱུང་རྣམས། །དད་བརྩོན་བརྩེ་ལྡན་གཏོང་ཕོད་དག་ལ་དགའ། །རྒྱུད་འཇམ་ཚིག་བཙུན་སྨྲ་མཁས་ངང་ཚུལ་བཟང༌། །འོན་ཀྱང་སེམས་ཆུང་ལུས་སེམས་ཡང་བ་ཡིན། །བྲག་སྲིན་མ་ཡི་རིགས་གྱུར་གཙོ་ཆེ་རྣམས། །ཉོན་མོངས་ཆེ་ཞིང་འགྲན་སེམས་ཕྲག་དོག་རྒྱས། །ཟས་ནོར་ལ་སྲེད་ཁྲོ་གཏུམ་གཞན་སྐྱོན་སྒྲོག །འོན་ཀྱང་ལུས་ཤེས་སྙིང་སྟོབས་ཆེ་བ་ཡིན། །གཉིས་ག་སྤྲུལ་པ་ཡིན་པས་མི་ཀུན་ཀྱང༌། །ཆོས་ཀྱི་སྣོད་ཏུ་རུང་བ་མང་བ་ཡིན། །དེ་ལྟར་བོད་ཡུལ་མི་ཡི་འགྲོ་བ་དར། །དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། །མཐའ་མར་རྒྱལ་ཕྲན་བཞི་བཅུས་མངའ་དབང་བྱས། །མཆིམས་ཡུལ་གྲུ་ཤུལ་ན། །མཆིམས་རྗེ་ནི་གུ་ཡོད། །བློན་པོ་སྣང་དང་དེང༌། ༡ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། ༢དེ་བཞིན་དུ་མྱང་རོ་ཕྱོང་དཀར་ན་གཙང་རྗེ་ཐོད་དཀར་བློན་པོ་གནང༌། ༣གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ༤ཉང་རོ་ཤམ་བོར་ལོ་རྔམ་རྗེ་འབྲོམ་བློན་པོ་ཤེ་སུག་གཉིས། ༥ཀྱི་རི་ལྗོན་སྔོན་ན་ཀྱི་རྗེ་རྨད་པོ་བློན་པོ་ངམ་དང་འབྲོ། ༦ངམ་ཤོད་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་གསུམ་བློན་པོ་༼ཇ༥ན༽མགར་དང་གཉན། ༧འོལ་ཕུ་སྤང་མཁར་དུ་ཟིང་རྗེ་ཐོན་ཕྲེང་བློན་པོ་རྔོག་དང་སྦས། ༨ཀྲྀཥྞ་རོལ་མོ་གོང་དུ་བྲང་རྗེ་གོང་ནམ་བློན་པོ་སྤྲད་དང་ཞུགས། ༩ཀོང་ཡུལ་བྲེ་སྣ་ཀོང་རྗེ་ཀར་པོ་ཏུག་དང་མཁར་བ་བློན། ༡༠ཉང་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ་བློན་པོ་བུག་དང་ངོ་རྗེ། ༡༡དྭགས་ཡུལ་གྲུ་བཞི་ན་དགས་རྗེ་མང་པོ་རྒྱལ་བློན་པོ་རླངས་སྐམ་གཉིས། ༡༢སིལ་མ་བཞི་བཅུ་ནི། ཡུལ་ནི་འབྲོག་མོ་རྣམ་གསུམ་ན། །རྒྱལ་པོ་སེ་མི་ར་ཁྲིད་བཞུགས། །དེ་ཡི་བློན་པོ་ཀ་རེ་ན། ཞེས་སོགས་ཏེ། གཡེ་མོ་ཡུལ་དྲུག་ན་གཡེ་རྗེ་མཁར་བ་བློན་པོ་རྦ་དང་སྟུག །སེ་མོ་གྲུ་བཞི་ན་གཉགས་རྗེ་གྲུ་འཕྲང་སེ་དང་ཉང་གཉིས་བློན། །ཞེས་སོགས་གྲག་གོ །རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད། །མཐའ་བཞིའི་རྒྱལ་པོས་རྟག་དུ་མནར་ཞིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །གེ་སར་རྒྱལ་པོ་ཤིང་ལ་རྟ་ལྟར་འཚབ། །ཅེས་སྐད་ཏོ། །
རྒྱལ་པོ་གཉའ་ཁྲི་བཙན་པོ།
༄༅། །འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུངས། །ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར། །ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །བོད་ཡུལ་མི་རྣམས་རབ་ཏུ་སྡུག་བསྔལ་ཆེ། །འཕགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ཡིས། །གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། །བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །འདི་ཉིད་མི་ཡི་ཡུལ་དུ་བྱོན་ཚུལ་ནི། །གནམ་གྱི་རིམ་པ་བཅུ་གསུམ་སྟེང་ཞེས་པ། །གཟུགས་ཁམས་འོད་གསལ་གྱི་ནི་ལྷ་རིས་ནས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་མཐུས། །ཐུགས་རྗེས་ས་སྟེང་གཤེགས་སྟེ་མི་རྗེ་མཛད། །འདི་ལ་བསྒྲགས་པ་བོན་ལུགས་ཅེས་གྲགས་ཀྱང༌། །ཕྱ་དང་གནམ་ལ་དགའ་ཞིང་བླུན་པ་ཡི། །བོད་ཡུལ་གནའ་མི་སྤྱི་མཐུན་གཟུང་ཕྱིར་བསྟན། །སྤྱིར་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་ལ་རྩིབས་ཀྱི་ལྷ་ཀརྨ་ཡོལ་སྡེས་སྤྱན་དྲངས་པ་དང༌། ལྷ་གླང་རུ་དཀར་སོགས་དཀོན་ནོར་བརྫངས་ཚུལ་སོགས་དང༌། སྲིད་པའི་ལྷ་ཕལ་༼ཇ༥བ༽ཆེར་གྱི་བྱུང་ཚུལ་དང་བཅས་པ་སྣང་ངོ༌། །
མི་རྗེ་ལྷས་མཛད་འཛམ་གླིང་ཡུལ་གཞན་ལས། །ཁྱད་ཏུ་འཕགས་པར་འཆད་ཕྱིར་དམད་མི་བྱ། །ཡང་གསང་མི་མིན་ལུགས་ཞེས་ཟེར་བ་ནི། །མཐོང་སྣང་ཐ་དད་ཙམ་ལ་འགལ་བ་མེད། །གཞན་དུ་རིགས་མཐོན་རྣམས་ཀྱི་རིགས་མི་དམད། །གསང་བ་ཆོས་ལུགས་འཇམ་དཔལ་རྩ་རྒྱུད་ལས། །ལི་ཙྭ་ཝི་ཡི་རིགས་བྱུང་ཞེས་གསུངས་ཕྱིར། །རིགས་མཆོག་གཽ་ཏམ་ཤཱ་ཀྱའི་བརྒྱུད་པར་གསལ། །འདི་དག་དུ་ལི་ཙཱ་ཝིའི་བརྒྱུད་པ་གཟུགས་ཅན་སྙིང་པོ་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡིན་བྱ་བ་དང༌། གཏུམ་པོ་རབ་སྣང་གི་བུ་ཤར་པ་ཞེས་བྲིས་པ་དང༌། སྟོན་པ་ཤཱ་ཀྱའི་རྒྱལ་པོ་བྱོན་པའི་འོག་དུ་སྐྱ་སེང་བུ་ལྔ་སོགས་བྱུང་བར་བྱས་ནས་རུ་པ་ཏི་ལུང་བསྟན་གྱིས་མདོ་ཡོད་བྱ་བ་དང༌། ཀུན་མཁྱེན་བུས་སྟོད་འགྲེལ་གྱི་ལུང་གིས་བོད་སྤྱི་མི་རྣམས་རུ་པ་ཏི་ལས་མཆེད་པ་དང༌། བོད་ས་ལའི་རྒྱལ་པོ་འཆར་བྱེད་དམ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལམ། གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཅིག་སོར་མོ་དྲ་བས་འབྲེལ་པ་སོགས་མཚན་ལྡན་ཞིག་བྱུང་བ་ལྟས་ངན་དུ་དོགས་པས་ཟངས་སུ་བཅུག་ཆུར་བསྐྱུར་བ་ཞིང་པར་བརྙེད་ནས་གསོས་པ་ཕྱིས་སྐྱོ་བས་བྲོས་པ་བོད་ཀྱི་རྗེར་བཅོལ་ཞེས་སོགས་མང་དུ་སྣང་ཡང་དག་པར་མ་མཐོང་སྟེ་སྐྱ་སེང་བུ་ལྔ་ནི་སྟོན་པ་ལས་ཆེས་སྔ་སྟེ་སྟོན་པ་དགའ་ལྡན་ནས་གཤེགས་ཚེ་འཛམ་གླིང་གི་གང་དུ་སྐྱེ་བར་རིགས་ཞེས་ལྷ་རྣམས་འགྲོ་བ་ན་ལྷའི་བུ་ཁ་ཅིག་གིས་སྐྱ་སེང་གི་རྒྱུད་གླང་པོའི་གྲོང་གི་རྒྱལ་པོ་འདི་འོས་སོ་ཞེས་ཟེར་བ་ལ་གཞན་རྣམས་ཀྱིས་འདི་ནི་རྒྱུད་རྣམ་པར་འཁྲུགས་པ་ཡིན་ཏེ་འདི་ལྟར་གཡུལ་ངོར་བརྟན་པ་ཆོས་ཀྱི་བུ། འཇིག་སྡེ་ལ་རླུང་གི་བུ། སྲིད་སྒྲུབ་ལ་དབང་པོའི་བུ། རིས་མེད་དང་ལྷར་བཅས་ལ་ཐ་སྐར་གྱི་བུ་ཞེས་ཟེར་ཏེ་རྒྱུད་རྣམ་པར་འཁྲུགས་པས་ན་མི་རིགས་སོ་ཞེས་བསྒྲགས་པར་རྒྱ་རོལ་ལས་བཤད་ཏོ། །གཟུགས་ཅན་སྙིང་པོ་སོགས་ཀྱང་ཤཱཀྱའི་རིགས་སུ་མདོ་ལས་བཤད་པ་མ་མཐོང་ལ། སྤྱིར་གཟུགས་ཅན་སྙིང་པོ། གསལ་རྒྱལ། རབ་སྣང༌། ཤར་པ་བཞི་པོ་སྟོན་པའི་དགུང་མཉམ་བཞིའི་རེ་རེ་ཡིན་ཞིང་ཕལ་ཆེར་སྟོན་པའི་གོང་དུ་འདས་པར་འདུལ་བ་ལུང་ལས་གསུངས་པས་སྟོན་པ་འདས་ནས་བྱུང་བ་འདྲ་བའི་ལོ་རྒྱུས་དེ་རྣམས་མི་འགྲིག་ཅིང༌། སྤྱིར་རྒྱལ་པོ་དེ་རྣམས་ཀྱི་ཚེ་བྲམ་ཟེ་རིག་བྱེད་ཀྱི་སྨྲེང་དང་མཚན་བརྟག་པ་ལ་མཁས་པའི་མདུན་ན་འདོན་སོགས་མང་ཞིང་སྐྱེ་བོ་གྲམ་རྣམས་ཀྱང་སྒྱུ་རྩལ་དྲུག་བཅུ་རྩ་བཞི་པོ་སློབ་པའི་ཕྱིར་བུ་མཚན་དཔེ་༼ཇ༦ན༽དང་ལྡན་པ་བཙས་ན་ལྟས་ངན་དུ་དོགས་པ་ག་ལ་སྐྱེ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཤེས་རབ་གོ་ཆས་མཛད་པར་སྔོན་སྐྱ་སེང་གི་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཅེས་པ་འཁོར་བརྒྱ་དང་བཅས་ལ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་ཏུ་བྲོས་པ་འཕེལ་བ་ལ་དེང་སང་ཡང་བོད་ཅེས་གྲགས་སོ། །ཞེས་བྱུང་བ་ཡང་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ་རུ་པ་ཏི་གཉའ་ཁྲི་བཙན་པོར་བྱེད་ན་དེའི་གོང་དུ་མི་མང་དུ་ཡོད་པར་གྲགས་པ་དང་འགལ་བའི་ཕྱིར་དང༌། མིན་ན་ཡང་བོད་ཡུལ་ན་ཤཱཀྱའི་རྒྱལ་བརྒྱུད་གཞན་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་དུ་ཟད་ཏོ། །ཡང་སྔོན་རབས་པ་མང་པོ་ཞིག་རྒྱལ་པོ་སྐྱབས་སེང་དང་དམག་བརྒྱ་པ་གཉིས་དུས་གཅིག་ལ་སྐྱེས་ཕྱིས་རྒྱལ་སྲིད་རྩོད་པ་ན་དམག་བརྒྱ་པ་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པར་གྲགས་ཅིང་སྐྱ་སེང་གིས་ལྷ་མཆོད་པས་དྲང་སྲོང་ཞིག་གིས་མི་མ་ཡིན་གྱི་བུ་ལྔ་བྱིན། དེ་རྣམས་ལ་ཡོན་ཏན་ཅི་ཡོད་དྲིས་པས་སོ་སོར་སྨྲས་ཅིང་སྲིད་སྒྲུབ་ཀྱིས་དམག་བརྒྱ་ཐམ་པ་ཐུབ་བྱས་པས། ཉམ་སད་པའི་ཕྱིར་འོ་ན་དམག་བརྒྱ་པ་ཐུལ་ཞིག་བྱས་པས་དེས་ཕ་དང་གོ་དགུ་པོ་བསད། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བརྩོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར་ཡང་ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང༌། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་གྱི་བཞི་ལ་བརྒྱ་དང་བཅུ་གཅིག་སོང་བར་བཤད་པས་སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ། །དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ན་ཤཱ་ཀྱ་ལི་ཙྭ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་ཅིག་བོད་ཏུ་བྱོན་ནས་རྗེ་མཛད་པར་གསལ་ལ་དེ་མཚན་རུ་པ་ཏིར་གཅིག་པ་ཙམ་བྱུང་བ་ནི་མི་འགལ་ལོ། །འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་ཏུ་སྔོན་གྲགས་པ་མི་སྣང་ངོ༌། །ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཅེས་སྣང་ཡང༌། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང༌། ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ། །
གནམ་ལ་ཁྲི་བདུན།
༄༅། །སྤྱན་རས་གཟིགས་ཀྱིས་བྱིན་བརླབས་རྣམ་པར་༼ཇ༦བ༽སྤྲུལ། །ཤཱ་ཀྱ་ལི་ཙཱ་ཝི་ལས་འཕེལ་བ་ནི། །མཚན་དཔེ་རྫོགས་པ་སྐྱེས་བུ་ཆེན་པོ་ཅིག །ལྷ་ཡིས་སྤྱན་དྲངས་བོད་རྗེའི་ཐོག་མ་མཛད། །འོད་གསལ་ལྷ་ལས་བབ་དང་ཤཱཀྱ་ཡི། །རྒྱལ་རྒྱུད་ཡིན་པའང་འགལ་བ་མ་ཡིན་ཏེ། །ཟས་གཙང་སྲས་དང་དགའ་ལྡན་ལྷ་གནས་ནས། །བབས་པ་འགལ་བ་མེད་པ་ཇི་བཞིན་ནོ། །དང་པོར་ལྷ་རི་གྱང་ཐོའི་རྩེ་ལ་བབ། །ལྷ་རི་རོལ་པོ་བཙན་ཐང་སྒོ་བཞིར་བྱོན། །དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང༌། །བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྲོ་སྟེ་ཡབ་འབངས་རུས་དྲུག་དང་ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས་མཇལ། ལྟ་བས་མི་ངོམས་གཟུགས་ལ་ངོ་མཚར་སྐྱེས། །དྲིས་པས་ཕན་ཚུན་མ་གོ་བརྡ་མ་འཇལ། །མཛུབ་མོ་ནམ་མཁར་ཀེར་བ་མཐོང་བ་ཡིས། །ལྷ་ཡུལ་གནམ་ནས་འོངས་པའི་བཙན་པོར་འདུག །འདི་ལ་བདག་ཅག་རྗེ་བོ་ཞུ་དགོས་ཟེར། །གཉའ་བར་ཁྲི་ལ་བཏེག་ནས་སྤྱན་དྲངས་པས། །མཐོང་ཐོས་ཐམས་ཅད་འདུད་ཅིང་ངོ་མཚར་སྐྱེས། །མཚན་དུ་གཉའ་ཁྲི་བཙན་པོ་ཞེས་བྱུང་གྲགས། །སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། །སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ། །སྣུབས་ཇི་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །རྒྱལ་པོ་དེ་སྲས་མུ་ཁྲི་བཙན་པོ་སྟེ། །དེ་ནས་དིང་ཁྲི་སོ་ཁྲི་མེར་ཁྲི་དང༌། །གདགས་ཁྲི་སྲིབས་ཁྲི་བཙན་པོ་ཅེས་བྱ་བ། །འདི་རྣམས་གནམ་ལ་ཁྲི་བདུན་ཞེས་སུ་གྲགས། །ཡུམ་གྱི་མཚན་གནམ་མུག་མུག་ཟེར། དེ་ལས་སྐྱེས་པས་མུག་ཁྲི་བཙན་པོ། དེ་བཞིན་དུ་ས་དིང་དིང༌། སོ་ཐམ་ཐམ། དོག་མེར་མེར། གདགས་ལྷ་དཀར་མོ། སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས་ཅེས་ཀྱང་གྲག་གོ །རི་བྲག་མི་ཐོགས་མཁའ་ལ་གཤེགས་བཞུད་བྱེད། །ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། །སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་པ་ན། །རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད། །ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། །༼ཇ༧ན༽གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲགས། །དེ་ཡི་བཙུན་མོ་ས་བཙུན་ཀླུ་རྗེའི་སྲས། །འདི་འཁྲུངས་ཚེ་ཨ་ཕྱི་བདགས་ལྷ་དཀར་མོ་ལ་མཚན་ཅིར་གསོལ་དྲིས་པས་བླ་སྤང་དང་མ་དིང་མེས་མ་ཚིག་གམ་བླ་མཚོ་སྔོན་མོ་མ་སྐམས་སམ་བླ་བྲག་དཀར་པོ་མ་ཉིལ་ལམ། ཟེར་བ་ལ་དེ་རྣམས་མ་ཉམས་སྨྲས་ཀྱང་རྒན་མོ་རྒན་ཆེས་དབང་པོ་ཉམས་པས་ལོག་པར་གོ་སྟེ་འོ་ན་རྒྱལ་ས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས་ཅེས་གྲག །ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ། །དེ་ཡི་བཙུན་མོ་གླུ་སྲིང་མེར་ལྕམ་ལ། །ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡང་བལྟམས། །
དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་རུ་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །ཤིང་ལ་འབྲེང་འདྲ་རྡོ་ལ་ལྷུ་གཟུག་འདྲལ། །རྟག་དུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །གཡུ་ཡི་གཡུང་དྲུང་དཔའ་བའི་སྟག་སློག་དང༌། །འགིང་བའི་རལ་ཁས་བསྟོད་ཅིང་མངའ་ཐང་སྦར། །ཁུ་དང་ནུ་བས་ཆེ་ཞེས་ཨ་ཡང་བོས། །མུ་སྟེགས་ལྟ་ལོག་བོན་གྱི་བྱིན་རླབས་ཆུངས། །རྒྱལ་པོའི་ཐུགས་སུ་བདུད་རིས་གདོན་གསོལ་གྱུར། །ང་ལ་གྲི་གུམ་དུ་འདོགས་པ་ཙུག་ཡིན་ཟེར་བ་ལ་མཐར་གྲིར་གུམ་ཟེར་ནས་བཏགས་བྱས་པས་ཅིས་ཀྱང་གྲིར་འགུམ་ན་ང་གཞན་དང་འཐབ་ཟེར་ནས་འབངས་ལོ་ངམ་རྟ་རྫི་ལ་འཐབ་ཟླར་བཅོལ་ཡང་ཟེར། ཀ་བཀོལ་མ་ལས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་བོད་རྒྱལ་ནས་ལོག་པའི་ལམ་དུ་ཁ་ཆེའི་མི་ལུས་པ་ཅིག་ན་རེ། །བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་ཕྱ་མ་ཙམ་འཕེན་པ་བྱུང༌། ཕ་ཀི་ན་ཟེར་ནས་ཕ་བོང་ལ་ལྡེམ་མེ་འདུག་པ་དམག་མི་ཚོས་མཐོང་བས་ལ་ལ་ན་རེ་རྒྱལ་པོ་ཡིན་ཟེར། ལ་ལ་ན་རེ་འབངས་ལོ་ངམ་རྟ་རྫི་ཡིན་ཟེར་བས་དེ་གཉིས་གང་ཡིན་བརྟག་པའི་སྙན་ཕྲ་བཅུག་པས་རྒྱལ་པོས་རྩལ་འགྲན་ཟེར་བ་ལ་ལོ་ངམ་གྱིས་ངས་མ་ཐུབ་ན་ང་ལ་ཆད་པ་འོང་སྙམ་ནས་གྱ་ལོག་སྨྲས་ཟེར། གང་ནའང་ཉང་རོ་རྩིབས་ཀྱི་ཐལ་བ་ཚལ་དུ་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ། རྒྱལ་པོས་ཁྱི་མོ་ཉན་གྱི་རྣ་གསང་བྱ་བ་ཉན་པོ་བྱེད་ཏུ་བཏང་བ་ཁོས་གོ་ནས། རྒྱལ་པོ་དབུ་ལ་དར་ནག་གི་ཐོད་བཅིངས་དཔྲལ་བར་མེ་ལོང་བཏགས། ༼ཇ༧བ༽ཕྲག་པ་གཡས་ལ་ཝ་རོ་དང༌། གཡོན་ལ་ཁྱི་རོ་བཀལ། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་སུམས་པ་བཀལ། རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར་ཞིང་བྱུང་ན་མི་ཐུབ་ཅེས་སྨྲས་པས་རྒྱལ་པོས་དེ་ཐམས་ཅད་བྱས། འཐབས་པས་ས་རི་ས་ག་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང༌། བསོ་བཏབ་པས་བ་ལང་འདྲོགས་ཏེ་ཐལ་སྒྲོ་རྣམས་རལ་ཐལ་ཚུབ་ཀྱིས་མིག་འགྲིབས། དར་ནག་གི་ཐོད་དང་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད། ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་འཕངས་ནས་བཀྲོངས་སྐད། རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ། འཐབ་ཟླ་བཅོལ་ཏེ་འཐབས་པས་གྲི་རུ་བཀྲོངས་སྐད། རྒྱལ་ཕྲན་ལོ་དམ་རྟ་རྫི་བྱ་བ་ལ། །འཐབ་ཟླ་བཅོལ་སྟེ་འཐབས་པས་གྲི་རུ་བཀྲོངས། །ཟངས་ཀྱི་ག་འུར་སྤུར་བཅུག་ལྕགས་གཟེར་བཏབ། །ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར། །རྒྱང་མཁར་པ་ཚབ་ཡུལ་དུ་དགུང་བདུན་ཆགས། །ཁྲི་འཐང་དགུར་མོར་དགུང་ཞག་བཅུ་གསུམ་ཆགས། །ཀོང་པོར་ཁྱེར་སྟེ་ཀླུ་སྲིན་ཧོ་ཏེ་རེའི། །བྲན་མོ་བྱེ་མ་ལག་རིང་ཞེས་པས་ཟིན། །མཛོད་ནང་དཀོར་གྱི་དམ་པ་བྱས་ཅེས་གྲག །ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས། །ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས། །འཕུར་ཤེས་བཞོན་ནས་ཀོང་པོའི་ཡུལ་དུ་བྲོས། །གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། །འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད། །ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད། །ལོ་ངམ་གྱིས་ནི་ལྷ་གཅིག་ཆུང་མར་བཟུང༌། །ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། །རྟ་འཚོར་ཕྱིན་ཏེ་གཉིད་ལོག་རྨི་ལམ་དུ། །མི་དཀར་མཛེས་པ་ཅིག་དང་བཤོས་པ་རྨིས། །སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང༌། །ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས། །འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན། །དྲོད་ཀྱིས་བཙོས་པས་དེ་ཡི་ནང་ནས་ནི། །ཁྱེ་འུ་མཛེས་ཅིང་ལྟ་ན་སྡུག་པ་བྱུང༌། །རུ་ལས་སྐྱེས་དང་ངར་སོས་པོ་ཅེས་བཏགས། །ལོ་བཅུ་ལོན་ཚེ་ཕ་དང་ཕུ་བོ་འདྲི། །རྒྱལ་པོའི་གདུང་དང་སྤུན་ཟླ་འཚོལ་དུ་ཕྱིན། །རྒྱལ་པོའི་སྐུ་གདུང་ཀོང་ནས་རྙེད་ན་ཡང༌། །བསླངས་པས་མ་སྟེར་རྐུ་བར་མ་ཐོབ་ནས། །སྤུར་འདིས་ཀླུ་རྣམས་མཁའ་ལྡིང་འཇིགས་ལས་བསྐྱབས། །༼ཇ༨ན༽དེ་ཕྱིར་ནོར་གྱི་དམ་པ་ཡིན་མོད་ཀྱང༌། །མི་མོ་བཅུ་དྲུག་ལོན་པ་བྱ་མིག་ཅན། །དེ་མར་བྱུང་ན་བླུ་རུ་བཏང་ངོ་སྐད། །དེ་བཙལ་བས་གཡེའི་གངས་བར་ཡུར་གོང་ནས་བུ་མོ་དགེ་ཡུམ་བྱ་བ་ཞིག་རྙེད་སྟེ་ཕ་ན་རེ་གསེར་བུ་མོ་ཙམ་ཞིག་འདོད་ཟེར། མ་ན་རེ་སྲིད་ཀྱི་བུ་ཡོང་བའི་ཐབས་སུ་སྤུར་དེ་ལ་མཚར་གྱི་ལྕག་བརྒྱ་དང་མཚལ་གྱི་ཐིག་བརྒྱད་བཅུ་འདེབས་སུ་ཆུག་ཟེར་ནས་དེས་བླུས་སྐད། བོན་ཚེ་ཅོ་གཉིས་ཀྱིས་གྲི་བརྟུལ་ཡང་མ་ཐུལ་ནས་པ་རའི་བུ་སྐྱི་རྒྱལ་མང་པོ་རྗེས་གྲི་སྲིད་བརྟུལ་སྟེ་སྤུར་ཡར་ལུངས་སུ་སྤྱན་དྲངས་སྐད། བླུས་ནས་སྤྱན་དྲངས་སྤུར་ཟངས་ཕྱེ་པའི་ཚེ། །སྤུར་དེས་ང་ར་ར་ཞེས་སྒྲ་བསྒྲགས་པས། །ཡུལ་དེའི་མིང་ཡང་ངར་པ་ཐང་དུ་ཐོགས། །འབངས་བསྐོར་ཞག་ནི་སུམ་བརྒྱ་དྲུག་བཅུ་བྱས། །དྲང་མོ་དྲང་ཆུང་རི་ཡི་ཟོམ་དུ་བཞུགས། །དེ་ཚེ་གནམ་ནས་གསེར་གྱི་ཐིག་གུ་བྱུང༌། །སྤུར་ལ་ཐིམ་པས་གནམ་ལྷ་གསེར་ཐིག་གྲག །དེང་སང་ཡུལ་དེའི་ལྷ་རུ་བཞུགས་སོ་སྐད། །རུ་ལས་སྐྱེས་ཀྱི་འཕྲུལ་དང་མཐུ་སྟོབས་ཀྱིས། །ལོ་ངམ་འཁོར་བཅས་བརྟུལ་ཞིང་ཚར་གཅོད་བྱས། །རུ་ལས་སྐྱེས་ཀྱིས་ལོ་ངམ་གྱི་ནང་མིར་ཞུགས་ཏེ་ཤ་ཁྱི་དཀར་མོའི་སྤུ་རྩར་དུག་བྱུགས་པ་བཀོར་དུ་ཕུལ་བ་ལ་ལོ་ངམ་གྱིས་བྱིལ་བྱིལ་བྱས་པས་དེ་མ་ཐག་དུ་ལུས་ཐམས་ཅད་སྲངས། གཡོག་རྣམས་ཁོ་ན་བའི་སར་འདུས་པའི་བར་ལ་ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ཏེ་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོ་ངམ་ཕོ་བརྒྱ་མོ་བརྒྱ་བསད་སྐད། སྲས་རྣམས་རྒྱལ་སར་སྤྱན་འདྲེན་བྱས་པའི་ཚེ། །ཐོག་མཐའ་གཉིས་ནི་གཤེགས་སུ་མ་བཞེད་ནས། །པོ་བོའི་ཡུལ་ནས་འབྲིང་པོ་བྱ་ཁྲིས་བྱོན། །རྒྱལ་སར་བཏོན་ཚེ་ཡུམ་གྱིས་སྲས་ལ་འཇུས། །བུ་ཁྱོད་རྒྱལ་བརྒྱུད་མ་ཉམས་ཡིན་ངེས་ན། །རྒྱལ་སྲིད་བརྟན་ཞིང་རྒྱས་པར་ཤོག་ཞེས་སྨྲས། །དེ་ཚེ་བར་སྣང་གནས་པའི་ལྷ་རྣམས་ཀྱིས། །ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་འགྱུར་ཞེས། །བརྗོད་པ་ཐོས་པས་དེ་ཉིད་མཚན་དུ་ཆགས། །འབངས་ཀྱིས་སྒྲ་ཉམས་བུ་དེ་གུང་རྒྱལ་གྲགས། །རྒྱལ་པོའི་སྐུ་མཁར་འཆིང་བ་སྟག་རྩེ་བརྩིགས། །ཤམ་པོ་མཁར་གྱི་རྩི་ཕབ་ནས་༼ཇ༨བ༽རྨང་རྡོ་བྱས། ལྷ་གཅིག་གིས་ངའི་ལུས་ལ་ལོ་ངམ་གྱི་བུ་ཡོད་པ་རྨང་དུ་གནོན་ཞིག་ཟེར་ནས་སྲོག་དོར་བས་ཡུལ་དེའི་ལྷ་སྨན་ཞིག་བྱུང་བར་གྲགས། རྒྱལ་པོས་མི་མཆོག་རུ་ལས་སྐྱེས་ཁྱོད་ཀྱིས། །ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན། །སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། །ཆེ་ཆུང་མེད་པའི་མི་ཀུན་ཁྱོད་ལ་སྨོན། །མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་ཞེས། །བཏགས་ཅིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། །རྒྱལ་པོས་ཁུ་བོར་ཁུར་བས་ཁུའི་རུས་སུ་ཐོགས་སྐད། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང༌། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང༌། །མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང༌། །གཤེན་ཡུལ་བོན་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་དུ་རུས་གཤེན་གྱི་བྱིས་པ་བོང་བུའི་རྣ་བ་ཅན་བྱུང་བ་ལོ་བཅུ་གཉིས་ལོན་ཚེ་འདྲེས་ཁྲིད་ནས་ལོ་བཅུ་གཉིས་སུ་མི་ཁྱུར་མ་ཚུད། ལོ་བཅུ་གཉིས་འདས་ནས་ལོག་བྱུང་ཚེ་ཡུལ་འདི་ན་འདྲེ་འདི་ཡོད་པ་འདི་ལྟར་མཆོད་ཐམས་ཅད་ཤེས་པ་ཅིག་བྱུང་ནས་བོང་བུའི་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་སྟེ་འདྲེ་མཆོད་པའི་རྡོལ་བོན་དར་ཞིང་གཞན་ཡང་འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང༌། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་མཚོན་ཅན་གྱིས་ཡས་དང་མདོས་གཏོང་འགལ་རྐྱེན་སེལ། ཆ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤིན་མཚོན་ཆ་ཅན་གྱིས་གསོན་གཤིན་གྱི་རྩིས་བྱེད། ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ། འཇིམ་པའི་ཤ་བ་ན་མཁའ་ལ་འགྲོ་བ་དང༌། རྔ་ལ་བཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་མང་པོ་ཡོད་སྐད། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། །རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌། མ་སངས་༼ཇ༩ན༽ཀྱི་སྒྲུང་དང༌། མཆིལ་པའི་སྒྲུང་སོགས་ཉན་བཤད་དང༌། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེ་འུ་སྤྲོད། །སྲང་ལ་ཐེམ་གཉེར་ཝ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་སྟེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད།
བར་གྱི་ལེགས་དྲུག །
༄༅། །དེ་ཡིས་བོན་རྣམས་ཅུང་ཟད་བློ་ཁ་བྱེ། །རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས། །སྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། །དེ་དང་བཙུན་མོ་འོམ་ཐང་སྨན་མཚོའི་སྲས། །ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཅེས་བྱ། །དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དར། །རྒྱལ་པོ་དེ་ཤོགས་ལེགས་དང་ཐི་ཤོ་ལེགས། །གོང་རུ་ལེགས་དང་ལྔ་པ་འབྲོང་གཞེར་ལེགས། །ཤོ་ལེགས་རྣམས་ནི་ས་ལ་ལེགས་དྲུག་ཟེར། །ཡུམ་རྨུ་ལྕམ་བྲ་མ། ཀླུ་ལྕམ་མེར་མ། མཚན་མོ་གུང་སྨན། མཚོ་སྨན་འབྲོངས་མ། གནམ་སྨན་བུ་མོ་རྣམས་ཡུམ་ཡིན་ཟེར། འདི་དྲུག་རིང་ལ་འཆིང་བ་རྩེ་དྲུག་བརྩིགས། །སྟག་རྩེ། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩིགས་འབུམ་གདུགས་དྲུག་ཡིན། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྤང་ལ་འཇའ་ཚོན་རྒྱས་པ་འདྲ་འོ་སྐད། །
ས་ལ་ལྡེ་བརྒྱད།
༄༅། །དེ་ནས་རྒྱལ་པོ་ལྡེ་བརྒྱད་ཅེས་པ་བྱུང༌། །ཡུམ་རྨུ་ལྕམ་རྨང་ལེགས། མཚོ་སྨན་ཁྲི་དཀར། སེ་གཉན་མེར་མོ། ཀླུ་མོ་མེར་མོ། འོ་ཟ་ཏེ་མོ་མཚོ། ཁྲི་སྨན་རྗེ་མོ། ཁྲི་སེ་བཙུན་གཉན་མོ། སྨན་བཙུན་ལུག་སྐོང་རྣམས་ཀྱི་སྲས། ཟ་ནམ་ཟིན་ལྡེ། འཕྲུལ་ནམ་གཞུང་བཙན་ལྡེ། སེ་སྣོལ་ནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་སྟེ་བརྒྱད་ཏོ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། །མཚོ་ལ་ཁ་བ་བབ་པ་འདྲ་འོ་སྐད། །
འོག་གི་བཙན་ལྔ།
༄༅། །བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན༡་ཡིན། །ཡུམ་ཉེ་བཙུན་མང་མ་རྗེ། བློན་པོ་ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ད་རེ། སྟོང་འདར་རྗེ་རྣམས་ཀྱིས་བྱས་སྐད། འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད། དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་༼ཇ༩བ༽གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་ཏུ་ལྷ་སྲས་བཙན་པོ་ཟེར། །དེ་དང་འོ་མ་ལྡེ་ཟ་ཁྲི་བཙུན་བྱང་མའི་སྲས་ཁྲི་བཙན་ནམ༢། བློན་པོ་སྣུབས་གཉའ་དོར་གཙུག་བློན་དང་སྲས་ཁྲི་ཟུང་མོང་ཁོང་གིས་བྱས། རྗེ་དེ་དང་སྨན་ཟ་ཁྲི་དཀར་གྱི་སྲས་ཁྲི་སྒྲ་སྤུངས་བཙན༣། བློན་པོ་མགར་སྒྲ་ཛི་མུན་དང་ཐོན་མི་གླུ་མང་དྲེད་པོས་བྱས། རྗེ་དེ་དང་སྨན་གསུམ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན། བློན་པོ་མགར་གཉའ་བཙན་ལྡེམ་བུ་དང་སྣུབས་སྐྱེས་ཐོག་རྗེ་མོར་བཙན་༤གྱིས་བྱས། བཞི་པ་ཐོག་རྗེ་ཐོག་བཙན་སྐུ་རིང་ལ། །ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང༌། །འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། །ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། །
རྒྱལ་རབས་ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ།
༄༅། །དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ། །རྒྱལ་སྲས་ཀུན་དུ་བཟང་པོའི་རྣམ་སྤྲུལ་ནི། །སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན། །ཡབ་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་ཟ་སྟོང་རྒྱལ་མོ་མཚོའི་སྲས་ཏེ་ཕྱག་རྡོར་གྱི་སྤྲུལ་པར་བཤད་པའང་ཡོད་ཀྱང་མི་འགལ་སྟེ་ཀུན་དུ་བཟང་པོ་སྔགས་སུ་དབང་བསྐུར་བ་ནི་ཕྱག་ན་རྡོ་རྗེ་ཡིན་པར་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་བཤད་པའི་ཕྱིར་རོ། །ལྡེ་སྟོན་གྱི་ཆོས་བྱུང་དུ་ས་སྙིང་གི་སྤྲུལ་པ་ཅེས་ཀྱང་སྣང༌། དགུང་ལོ་དྲུག་བཅུ་བཞེས་པ་སྐུ་མཁར་ཆེ། །ཡུམ་བུ་བླ་སྒང་རྩེ་ལ་བཞུགས་པའི་ཚེ། །ནམ་མཁར་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ། །མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང༌། །གདུགས་ཤར་ཚེ་ན་ཉི་ཟེར་དང་འགྲོགས་ནས། །གསེར་ཤོག་ངོས་ལ་བཻ་ཌཱུ་རྻས་བྲིས་པའི། །པང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག །ཡིད་ཏུ་འོང་བའི་གླེགས་བམ་རྣམ་གཉིས་དང༌། །གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་དང༌། །ཙིནྡ་མ་ཎིའི་སྐོས་ཕོར་རྣམ་དྲུག་བབ། །འདི་ལ་གཡུའི་མཆོད་རྟེན་བང་རིམ་བཞི་པ་ཅེས་ཀྱང་འབྱུང༌། ཙིནྡ་མ་ཎིའི་སྐོས་ཕོར་ཞེས་པའི་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུགས་ཀྱི་སྐོས་ཕོར་ཞིག་དང༌། མུ་དྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱུང་ཅན་ཡོད་སྐད། དེའི་ཕྱིར་མདོ་ལ་སྔ་བ་ཟ་མ་ཏོག །གཟུངས་ལ་སྔ་བ་ཙིནྡ་མ་ཎི་ཞེས་བོད་ཏུ་གྲགས་པ་ཡིན་ནོ། །ཀ་བཀོལ་མར་ཆོས་རྒྱལ་མྱ་ངན་མེད་གྱི་གདུང་རྒྱུད་རྒྱལ་པོ་ཛ་ཞེས་བྱ་བས་མ་ག་དྷར་སྔོན་མེས་༼ཇ༡༠ན༽པོ་མྱ་ངན་མེད་ཀྱིས་སྐུ་དང་ཐུགས་ཀྱི་རྟེན་རྒྱ་ཆེར་བྱས་འདུག་ཀྱང་གསུང་གི་རྟེན་མ་བྱས་པར་འདུག་པས་ངས་གསུང་གི་རྟེན་བྱེད་ཟེར་བ་ལ་བློན་པོ་ཅིག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་པ་ལྟར་ཁྱེད་རང་ཡང་ལུང་བསྟན་གྱི་རྒྱལ་པོ་ཡིན་སྲིད་པས་དཀོན་མཆོག་ལ་གསོལ་བ་བཏབ་པའི་དམོད་ཚུགས་ཟེར་ནས་དེ་ལྟར་བྱས་པས་རྡོ་རྗེ་སེམས་དཔའས་ན་མཁའ་ནས་གླེགས་བམ་གྱི་ཆར་ཕབ། དེ་རྣམས་རྒྱལ་མཚན་གྱི་རྩེ་ལ་སོ་སོར་བཏགས་སྟེ་མཆོད་པ་བྱས་པས་རླུང་གཡོས་པས་རྒྱལ་མཚན་གཅིག་མི་སྣང་བར་ཁྱེར་བ་དེ་བོད་ཏུ་བབས་པ་ཡིན་ཞེས་བཤད་ནས་མདོ་གཉིས་མ་གཏོགས་གཞན་ཕྱག་རྒྱ་བཞི་པོ་མ་བཤད། འདི་ཡང་མ་ག་དྷ་ནི་ཡི་གེ་ཉམས་པར་ཟད་པས་སྤྱིར་ཟ་ཧོར་གྱི་ཡུལ་དུ་བྱུང་བར་སྣང་ལ། སྔ་རབས་པ་རྣམས་ཀྱིས་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མའི་ལུང་ཡིན་ཟེར་བ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཅིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་དང་ལྡན་པའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་རྗེ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །ཅེས་འདྲེན་པར་སྣང་ཞིང༌། བོད་ཏུ་ཆོས་བྱུང་བ་ནི་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར། ལོ་སྟོང་དང་ལྔ་བརྒྱ་ན་དམ་པའི་ཆོས་གདོང་དམར་ཅན་གྱི་ཡུལ་ཞེས་པ་བོད་ཏུ་འབྱུང་བར་བཤད་པས་དུས་མི་མཚུངས་པར་སྣང་མོད། ཛའི་ཁང་ཐོག་ནས་མི་སྣང་བར་གྱུར་པ་དག་པའི་ཞིང་དུ་གནས་ནས་ཕྱིས་བོད་ཏུ་བབ་པ་ལྟ་བུ་ལ་ནི་འགལ་བ་མེད་ཏོ། །བོད་ཏུ་ཆོས་འབྱུང་ཚུལ་འདི་ལའང་ལོ་ཉིས་སྟོང་ལྔ་བརྒྱ་ཞེས་ཟེར་བ་མང་བར་སྣང་ཡང་སྟོང་དང་ལྔ་བརྒྱ་འཆད་པ་རྣམས་འགྲིག་པར་སྣང་ཞིང་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་དགོངས་སོ། །ཀུན་མཁྱེན་བུས་རྦ་བཞེད་ནས་གདོང་དམར་གྱི་ཡུལ་རྒྱ་ནག་ལ་བཤད་གསུངས་ཀྱང་རྦ་བཞེད་ན་སང་ཤི་རྒྱ་ནག་དུ་ཆོས་ལེན་པར་བཏང་དུས་ཇུ་ཞག་མཁན་མཁས་པས་བྱང་ཆུབ་སེམས་དཔའི་སྤྲུལ་པ་བྱེད་འདི་འདྲ་བ་ཕོ་ཉར་འོང་ཞེས་འབག་བྱས་ནས་སླེབ་པའི་ཚེ་རྒྱལ་པོས་བྱ་དགའ་ཆེར་བྱིན། གདོང་དམར་ཅན་ཡུལ་དུ་ཆོས་ཀྱི་ཁུངས་འབྱིན་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་ལུང་བསྟན་པ་དེ་ཁྱོད་ཡིན་ངེས་ཅེས་ཆོས་བམ་པོ་སྟོང་ཙམ་བསྐུར་ཞེས་གདོང་དམར་ཅན་གྱི་ཡུལ་བོད་ལ་ངོས་བཟུང་བ་ཆེས་གསོལ་པོར་ཡོད་ཏོ། །ཁ་ཅིག་དུ་༼ཇ༡༠བ༽ལོ་དང་པོ་ལ་གསེར་གྱི་ལྗང་པ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པའི་གླེགས་བམ་གཉིས་པོ་བབ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་སང་ཕོད་ལོ་དུས་སུ་ཕྱག་རྒྱ་གཞན་རྣམས་བྱུང་ཞེས་ཀྱང་སྣང༌། སྤྱིར་ཐེག་ཆེན་གྱི་མདོ་སྔགས་གཉིས་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མཚོན་བྱེད་ཏུ་རྟེན་དེ་རྣམས་བྱུང་ལ་གསང་བ་ཆོས་ལུགས་ལ་ལར་མཁན་པོ་ཞི་བ་འཚོ་བོད་ཀྱི་དོན་དུ་འཁྲུངས་པ་དེས་ཁྲི་སྲོང་ལྡེ་བཙན་ཡིན་ནམ་སྙམ་ནས་མདོ་སྡེ་གཉིས་པོ་བོད་རྗེ་ལ་སྐྱེལ་དུ་བཏང་བ་རྒྱལ་པོ་ཐུགས་སྒམ་པས་བོན་བློན་རྣམས་གནམ་ལ་དགའ་བ་གདུལ་ཕྱིར་གནམ་ནས་བབ་བོ་ཞེས་གསུངས་བར་ཡང་བཤད། དེ་ནས་རྒྱལ་པོའི་སྐུ་གཤེན་རྨུ་བོན་སྐྱོ་ངོ་མཚར་བྱ་བས་འདི་བོན་དར་བའི་རྟགས་ཡིན་པས་བོན་ལུགས་ལྟར་མཆོད་ཅིག་ཟེར་ནས་ཤ་ཁྲག་གིས་མཆོད་པས་ནད་དང་ཐན་པ་བྱུང༌། རྒྱལ་པོའི་རྨང་ལམ་དུ་འདི་ཆོས་དར་བའི་རྟགས་ཡིན་པས་སྤོས་དང་མེ་ཏོག་དང་མར་མེས་མཆོདཅིག །མི་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་བྱུང་ནས་ཆོས་བཞིན་མཆོད་པས་བཀྲ་ཤིས་སྐད།
ཆོས་སམ་བོན་དུ་མཁྱེན་ཆུལ་མ་བསྟན་ཡང༌། །གསེར་སྐྱེམས་གཡུ་སྔོན་ལ་སོགས་ཀྱིས་མཆོད་སྟེ། །གསེར་སྐྱེམས་ཞེས་བཏུང་བར་གསེར་བླུག་པ་དང༌། གཡུ་སྔོན་སྒོག་པ་ཡིན་ཟེར་ཡང་མ་དག་པ་སྟེ་བཟའ་བའི་སྟེང་དུ་གཡུ་བཟང་པོ་བཞག་པར་སྣང་ངོ༌། །གཉན་པོ་གསང་བ་ཞེས་པར་མཚན་གསོལ་ནས། །རྒྱལ་པོས་ཕྱག་བསྐོར་བཀུར་སྟི་རྒྱ་ཆེར་བྱས། །ཚེ་གཅིག་སྐྱེ་བ་གཉིས་ལ་མངའ་བརྙེས་ཞེས། །དགུང་ལོ་བཅུ་དྲུག་ལོན་པའི་གཞོན་ཤར་གྱུར། །སླར་ཡང་དགུང་ལོ་དྲུག་བཅུར་སྐུ་ཚེ་སྲིངས། །མི་ལོ་བརྒྱ་དང་ཉི་ཤུའི་བར་དུ་བཞུགས། །ང་ཡི་ཐུགས་དམ་གཉན་པོ་གསང་བ་ལ། །མཆོད་པ་གྱིས་ཤིག་བསམས་དགུ་འགྲུབ་བོ་ཞེས། །བོད་འབངས་སྤྱི་ལ་ཡང་ཡང་ཞལ་ཆེམས་གསུངས། བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་བཏབ། །བཙན་ལྔའི་མཆད་པ་ས་ཕུང་སྦྲ་༼ཇ༡༡ན༽འདྲར་ཡོད། །ཁ་ཅིག་བཙན་གསུམ་ལས་མི་འདོད་པ་དང༌། །བཙན་ལྔ་མ་དག་ཞེས་འཆད་པ་ལ་སྙིང་པོ་ཅི་ཡང་མེད་སྟེ་གསང་བ་ཡང་ཆུང་སོགས་ལས། བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲ་ཡོད། །ཕུལ་མེད་མཆད་པ་གྲུ་བཞི་མི་ཤེས་སྐད། ཞེས་སོགས་སྔོན་ནས་ཆེར་གྲགས་པའི་ཕྱིར་རོ། །ཁ་ཅིག་ཕྱིས་ལྷའི་སྙན་ཤལ་ལྟར་སྙན་རིང་པོར་གྱུར་པས་ཐོ་ཐོ་རི་སྙན་ཤལ་བྱུང་ཟེར་བའང་བླུན་སྐད་བཅོས་མ་སྟེ་གཉན་པོ་གསང་བ་ཞེས་པ་ལྟ་བུ་བཀའ་གཉན་པའི་དོན་ཡིན་གྱི་རྣ་བ་ལ་ཞེ་ས་བཅུག་པའི་སྙན་མིན་ནོ། །དེས་ན་ཐོ་ཐོ་རི་གཉན་བཙན་ཡན་ལ་བཙན་ལྔ་ཟེར་རོ། །
དེ་ཡི་བཙུན་མོ་རྣོ་ཟ་མང་དགར་ལ། །ལྷ་སྲས་ཁྲི་གཉན་གཟུངས་བཙན་ཞེས་པ་འཁྲུངས། །སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། །ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། །དེ་ཡན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་སྐད། རྒྱལ་པོ་འདིའི་བློན་པོ་སྦས་སྣང་གཞེར་ལྷ་བཙན་དང་མགར་ཁྲི་འབྲིང་གིས་བྱས། ཁྲི་གཉན་མཆད་པ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་པ་འདྲ། །རྗེ་དེ་དང་ཡུམ་འབྲོ་ཟ་མོ་དུར་ཡང་བཞིན་གྱི་སྲས། དེ་ནས་རྒྱལ་པོ་འབྲོང་གཉན་ལྡེ་རུ་སྟེ། །རྟོག་པའི་ནད་ཀྱིས་སྐུ་ལ་སྙུན་འཛེ་བྱུང༌། །དྭགས་པོ་ནས་མཆིམས་ཟ་ཀླུ་རྒྱལ་བྱ་བ་མཛེས་པ་ཅིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་དྲིས་པས་ང་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ནམ་ཟེར་ནས་ལེན་བཅུག་པས་གཡོག་མོས་སྦལ་པ་མར་བཙོས་མང་དུ་སླངས་ཏེ་མཛད་ཏུ་སྤྲས་ནས་ཟོས་པས་མཛེས་པར་གྱུར་ནས་རྒྱལ་པོས་ང་རང་ཡང་བཟའོ་སྙམ་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་བས་སྦལ་རོ་མཐོང་བས་རྟོག་པ་ཟོས་སྟེ་བསྙུན་ནད་བྱུང༌། དེ་དུས་བོད་གཞན་ན་ཉ་མི་ཟ་བར་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་དེ་ན་ཉ་ཟ་ཞིང་ཉ་ལ་སྦལ་པར་གྲགས་པ་ཡིན་སྐད། དྭགས་མོས་སྲས་དམུས་ལོང་ཞིག་བལྟམས་པ་ལ་ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱིས་རྒྱལ་ས་གྱིས། མིག་མ་བྱུང་བའམ་གདུང་ཆད་པ་འདྲ་ན་སུམ་པའི་ཡུལ་ན་བོན་པོའི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་བྱ་བ་ཡོད་བོས་ལ་ཁྱོད་རང་གཤེགས་རྫུ་ཐོབ་ལ་རྒྱལ་སར་ཆུག་ཟེར་ནས་ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་བསྙུན་མི་འབྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས་སྐད། མི་ཆོས་རྟོག་པས་ཕུང་གིས་རྟོག་པ་བསྐྱུངས། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་གྱིས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བར་གསོས། །༼ཇ༡༡བ༽རྒྱལ་སྲིད་ཟུངས་ཞེས་སྲས་ལ་ཞལ་ཆེམས་མཛད། །རྗེ་འབངས་གསུམ་ནི་གསོན་བཞིན་བང་སོར་གཤེགས། །ཞང་མདའི་བང་སོ་གསོན་མཆད་ཟླུམ་པོར་གྲགས། །ལྷ་སྲས་དམུས་ལོང་བཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང༌། །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། །རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཅིག་བོས་པས་སྤྱན་ཕྱེ། །རྒྱལ་བུའི་ཕྱགས་སྒོ་ཀླད་ཏུ་བཏགས་པའི་འོག་དུ་འ་ཞ་རྗེས་འཛུལ། ལོག་ནས་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང༌། སྒོ་གོང་ན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པའི་མིག་ཕྱེ་ནས་ལོག་གོ་སྨྲས་པས་མ་ན་རེ། གཏམ་ཆེས་སོད་ནི་བོད་ཀྱི་ཆབ་འོག་དུ་ཚུད་པས་ཐབས་ཅི་ཡང་མེད་ཏོ་ཟེར། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་འདུས། །བན་པོ་རྗེ། འུ་ཞ་རྗེ་དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་འབངས་སུ་ཆུད་སྐད། འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །གཞན་ཡང་སྣ་ནམ་མང་གཉའ། སྤྲ་ཁྲི་ཟུང་ལན་པ་རྣམས་ཀྱིས་བློན་པོ་བྱས། ཡབ་སྲས་འདི་གཉིས་བར་གྱི་སྟེངས་ཞེས་གྲགས། །སྲས་སྤྱན་མ་བྱེ་བའི་བར་ཞག་ཉེར་གཅིག་རྒྱལ་པོ་མེད་པས་གདུང་སྟེངས་སྐད། གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་གཟུངས་བང་སོའི་གཡོན་ན་ཡོད། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །དེ་ཡི་འོག་ན་བཙུན་མོ་འབྲོ་ཟ་སྨུན་བཙན་དང་མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོས་ཕུང་གཉིས་ཡོད། དེ་སྲས་རྒྱལ་པོ་གནམ་རི་སྲོང་བཙན་ཡིན། །ཡུམ་སྟོང་བཙུན་འབྲོ་དཀར་ལས་འཁྲུངས། བློན་པོ་དབས་སྣང་བཞེད། ཚེ་སྤོང་ན་གནག་སེར། །ཉང་ཙོང་གུ། གནོན་འཕན་ལྔ་སུམ་རྣམས་ཀྱིས་བྱས། ༼ཇ༡༢ན༽རྒྱ་ནག་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། །མཐའ་ཡི་རྒྱ་དང་གྲུ་གུ་འོག་དུ་བཏུལ། །ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ། མཆིལ་པའི་སྐེ་ལ་སྦ་མེ་བཏགས་པ་བཏང་བས་རྒྱ་ཡུལ་མེར་བཏང་སྐད། དེ་བས་བོད་ལ་བཀའ་དྲིན་ཆེ་བར་གྲགས། །སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་བྱ་བ་བ་དམར་མོའི་འོ་མའི་འཇིམ་པས་བརྩིགས། དམུས་ཏེ་ལོང་བ་ཁྲིད་ནས་བྲག་གསུམ་དེང་མའི་མཆོ་འགྲམ་ནས་རྟ་མདོ་བ་ཅང་ཤེས་རྙེད་ནས་རྒྱལ་པོའི་ཆིབས་པ་བྱས། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའི་གྱད་གཉིས་ཀྱིས་ཞབས་ཏོག་བྱས་ཏེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་སྐད། བང་སོ་གྲུ་བཞིར་བརྩིག་པ་དེ་ནས་བྱུང༌། །གྲལ་ནི་ཁྲི་གཟུང་བང་སོའི་གཡས་ན་ཡོད། །ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཀ་རིས། །མིང་དུ་གུང་རི་སོག་ཀར་བཏགས་སོ་སྐད། །དེ་ལྟར་བོད་རྗེ་གཉའ་ཁྲི་བཙན་པོ་ནས། །ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། །མི་ལོ་དྲུག་བརྒྱ་དང་ནི་དྲུག་བཅུ་སོང༌། །དེ་ནས་ཐོ་ཐོ་རི་སོགས་གདུང་རབས་ལྔར། །ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས། །བཀའ་བཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད། །
དེ་ཚེ་བོད་ཡུལ་འགྲོ་རྣམས་སྨིན་གཟིགས་ནས། །སྤྲུལ་པའི་རྒྱལ་པོའི་མཛད་པ་དངོས་སུ་བསྟན། །དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ། །ལི་ཙཱ་ཝི་རྣམས་རིགས་སུ་འབྱུང༌། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ཆེ་ལྡན་ཞེས། །མི་ཡིས་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་བཅུར་རྒྱལ་སྲིིད་བྱེད། །དེས་ནི་༼ཇ༡༢བ༽རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེ་ཡི་སྲོག་སྤངས་ནས། །དེ་ཡིས་སྔགས་ནི་མྱུར་གྲུབ་སྟེ། །ཞི་དང་རྒྱས་པའི་ལས་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང༌། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་དོན་བརྩོན། །རྟག་དུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་རྣམས་ཀླ་ཀློའི་རྒྱལ། །དེར་ཡང་སྟོན་པ་མཆོད་བྱེད་པ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང༌། །ས་འོག་དེ་བཞིན་ས་འོག་བཟང༌། དེ་བཞིན་ཕ་རོལ་གནོན་ཉིད་དང༌། །རྐང་པའི་འགྲེས་ཞེས་བསྟན་པ་ཡིན། །ས་སྲུང་དང་ནི་བེ་འུ་དང༌། །འོད་ལྡན་ཉིད་ནི་ཕྱིི་མ་ཡིན། །མཐའ་མར་འཚང་རྒྱའི་ངང་ཚུལ་སྟེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་གཅིག་ཅིང༌། །ཕྱི་རོལ་སྐྱེ་རྒུས་ཉེ་བར་སྤྱོད། །ཅེས་ལུང་བསྟན་པའི་ལྷ་ལྡན་གྱི་ཡུལ་སྐྱི་ཤོད་ལྷ་ས། རྒྱལ་པོ་མིའི་ལྷ་ཆོས་རྒྱལ་སྲོང་བཙན་སྒམ་པོ། སྒྲོལ་མ་དང་གོས་དཀར་དང་དཀར་ཆེན་མོ་སོགས་བཙུན་མོ་རྣམས། ཁྱུ་མཆོག་མང་སྲོང་མང་བཙན། ཁྱུ་མཆོག་བཟང་འདུས་སྲོང་མང་པོ་རྗེ། ས་འོག་མེས་ཨག་ཚོམས། ས་འོག་བཟང་ཁྲི་སྲོང་ལྡེ་བཙན། ཕ་རོལ་གནོན་མུ་ནི་བཙན་པོ། རྐང་པའི་འགྲོས་སད་ན་ལེགས། ས་སྲུང་ཁྲི་རལ། བེའུ་གླང་དར། འོད་ལྡན་འོད་སྲུང་གི་བར་དང༌། དེ་ཕལ་ཆེར་འཚང་རྒྱ་བ་དང༌། དེ་ནས་ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། ཞེས་པའི་སྨད་སིལ་ཆད། དེ་འོག་ཕྱི་རོལ་སྐྱེ་རྒུས་སྤྱོད་པ་མཐར་མི་ཉག་ཧོར་རྒྱ་ལྗང་ཏུ་རུཥྐ་རྣམས་ཀྱིས་རིམ་པས་དབང་བྱེད་པའོ། །དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་མཐའ་མ་རྣམ་པར་འཇིག །ས་བདག་དུ་མ་གསུངས་པ་རྣམས། །སྣ་ཚོགས་ལྷ་དང་བྲམ་ཟེར་དགའ། །ཞེས་བལ་རྗེ་འོད་ཟེར་གོ་ཆས་ཅིང་ཀུན་མཆོད་རྟེན་གྱི་རྨང་ཁོང་སེང་ལྷ་ཁང་དུ་ཡོད་པའི་ནང་དུ་གྲུབ་ཐོབ་མང་པོ་ཚོགས་འཁོར་ལ་སྤྱན་དྲངས་ཏེ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་དངོས་སུ་སྤྲུལ་ནས་ཚོགས་འཁོར་མཛད་པ་ན་བདག་མ་འོངས་ཀྱི་བར་དུ་རྣམ་སྤྲུལ་མི་བསྡུ་བར་བཞུགས་སུ་གསོལ་ཞེས་གསོལ་བ་༼ཇ༡༣ན༽བཏབ་ནས་ཕོ་བྲང་དུ་བྱོན་ཏེ་སྲས་ལ་འདིར་གླང་དམར་པོ་ཅིག་འོང་བ་སོད་ཅིག་ཞེས་བསྒོས་ནས་གླང་དུ་གཟུགས་བསྒྱུར་བ་བསད་པས་གདུང་ཕལ་ཆེར་བདེ་མཆོག་གི་ལྷ་ཚོགས་སུ་གྱུར་ཏེ་གྲུབ་ཆེན་རྣམས་ཀྱང་ད་ལྟ་སྤྲུལ་པ་མ་བསྡུས་པར་དངོས་སུ་བཞུགས་ཞེས་གྲག་ཅིང་དེའི་སྒོ་ཤནྟ་པུ་རི་ཞེས་དེང་སང་ལྷ་ཁང་གཉན་པོ་ཡོད་པ་དང༌། དེ་འདས་པ་ན་རལ་གྲིའི་འཁོར་ལོ་ཡོད་ཅེས་འགྲོ་མི་ནུས་པ་ཡོད་སྐད་པས། བལ་ཡུལ་གྱི་བདག་པོ་མཚོན་གྱིས་འཇིག་པ་ནི་འདི་དང༌། དེ་ཕྱིན་ཕྱི་རོལ་པ་སོགས་ལུགས་རྣ་ཚོགས་པ་འཛིན་པའི་བལ་རྗེ་འབྱུང་བར་ལུང་བསྟན་ནམ་སྙམ་མོ། །ལུང་བསྟན་འདི་བདག་གིས་མཐོང་ནས་འདི་སྐབས་སུ་བྲིས་པ་ཡིན་ཡང་འདི་བརྩམས་ནས་ཟླ་བ་ལྔ་དྲུག་ཞིག་ལོན་པའི་ཚེ་འགོས་ལོ་ཙཱ་བའི་དེབ་ཐེར་སྔོན་པོ་མཐོང་བ་ནི་བྲིས་འདུག་ཅིང༌། མཐའ་མར་འཆར་རྒྱལ་ངང་ཚུལ་ཅན། ཞེས་བཏོན་ནས་ཧོར་རྒྱལ་པོའམ་ཉང་སྟོད་ཤར་ཁ་བར་འབྲུ་བསྣན་དུ་རུང་ཟེར་བ་འདུག་ཀྱང་དཔེ་མ་དག་པ་ཅིག་གཟིགས་པ་འདྲ་སྟེ་བདག་གིས་འདི་ལྟར་བྲིས་པ་ཁོ་ན་མཐོང་ལ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་དེ་རྣམས་ལ་གང་ཟག་དེ་མཐར་ཐེག་གསུམ་གང་དུ་ངེས་པ་དེ་བསྟན་པ་ཁོ་ན་སྣང་བས་བོད་རྒྱལ་རྣམས་ཕལ་ཆེར་ཐེག་ཆེན་དུ་རིགས་ངེས་པར་བསྟན་པ་ཡིན་ལ། ཧོར་རྒྱ་སོགས་ནི་ཕྱི་རོལ་སྐྱེ་རྒུས་ཉེ་བར་སྤྱོད། །ཅེས་བསྟན་པས་ཟློས་མི་དགོས་ཅིང་ཤར་ཁ་སོགས་བརྗོད་པ་ནི་བརྗོད་བྱ་དཀའ་བས་འཚོལ་དགོས་པ་ཅིག་བྱུང་བར་སྣང་ངོ། །དེ་སོགས་རྒྱལ་བས་གསལ་བར་ལུང་དུ་བསྟན། །
རྒྱལ་རབས་སོ་གསུམ་པ་པ་སྲོང་བཙན་སྒམ་པོ།
༄༅། །དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །བོད་ཀྱི་མི་རྣམས་གདུལ་བའི་དུས་གཟིགས་ནས། །སྐུ་ལུས་འོད་ཟེར་རྣམས་བཞི་དུས་གཅིག་སྤྲོས། །ངན་འགྲོའི་ཁམས་རྣམས་རྣམ་པར་སྦྱངས་ནས་ནི། །སྤྱན་རས་གཡས་ཀྱི་འོད་ཟེར་བལ་པོར་སོང༌། །གྲོང་ཁྱེར་ཁོ་ཕོམ་ཀླུ་ཡི་ཕོ་བྲང་དུ། །འོད་ཟེར་གོ་ཆའི་བཙུན་མོའི་ལྷུམས་སུ་ཞུགས། །སྤྱན་གཡོན་འོད་ཟེར་རྒྱ་ནག་ཟིམ་ཤིའི་ཡུལ། །ཐ་ཡི་ཛུང་གི་བཙུན་མོའི་ལྷུམས་སུ་ཞུགས། །ཞལ་གྱི་འོད་ཟེར་བོད་ཡུལ་དབུ་རུའི་ལྗོངས། །གྱེ་རེའི་ཡར་ཕྲེང་བྲག་ལ་ཕོག་པ་ཡིས། །ཆོས་སྐུའི་སྙིང་པོ་༼ཇ༡༣བ༽ཡིག་དྲུག་རང་བྱུང་ཤར། །ཐུགས་ཀའི་འོད་ཟེར་ཡར་སྣྲོན་སྦྲ་སྟོད་ཚུལ། །ཕོ་བྲང་བྱམས་པ་མི་འགྱུར་གླིང་ཞེས་པར། །རྒྱལ་པོ་གནམ་རི་སྲོང་བཙན་འཁོར་བཅས་ཀུན། །འོད་ཀྱིས་ཁྱབ་པར་མཛད་སྟེ་སླར་འདུས་ནས། །བཙུན་མོ་འབྲི་བཟའ་ཐོད་དཀར་ལྷུམས་སུ་ཞུགས། །སྔོན་མེད་དགའ་དང་བདེ་བས་ལུས་ཚིམ་སྟེ། །བཀྲ་ཤིས་ལྟས་ཀྱིས་ཕྱོགས་ཀུན་ཁྱབ་པར་གྱུར། །ལྷུམས་སུ་འགྲོ་མང་སྨིན་དང་གྲོལ་མཛད་ནས། །མེ་མོ་གླང་ལོ་རྒྱུ་སྐར་རྒྱལ་གྱི་ཚེ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གསུམ། །སོ་སོའི་ཕོ་བྲང་ཆེན་པོར་དུས་གཅིག་བལྟམས། །བོད་ཡུལ་ཕོ་བྲང་བྱམས་པ་མི་འགྱུར་དུ། །ཁྱད་ཏུ་འཕགས་པ་འགྲན་ཟླ་མེད་པའི་སྲས། །གསེར་མདོག་དབུ་སྐྲ་ཐོན་མཐིང་ལྟར་མི་ངོམས། །ཕྱག་ཞབས་འཁོར་ལོས་བཀྲ་བ་མཚན་དཔེ་རྫོགས། །དབུ་གཙུག་འོད་དཔག་མེད་ཞལ་དངོས་སུ་བཞུགས། །ཉི་མའི་དཀྱིལ་འཁོར་སྤྲིན་ལས་གྲོལ་བ་ལྟར། །བལྟམས་ཚེ་སངས་རྒྱས་ཀུན་གྱིས་བྱིན་རླབས་མཛད། །བྱང་སེམས་ཀུན་གྱིས་ཤིས་པའི་ཚིགས་བཅད་བརྗོད། །ལྷ་རྣམས་ཐམས་ཅད་མཆོད་པའི་ལས་ལ་བརྩོན། །ལྷ་རྫས་མེ་ཏོག་ན་མཁའ་ཡོག་པར་གྱུར། །དེ་ལ་མཐོང་ལུགས་རྣམ་པར་གསུམ་དུ་བྱུང༌། །རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དབང་ནི། །བོད་ཡུལ་མཛད་པ་བཅུ་གཉིས་སྟོན་པར་གཟིགས། །བྱང་སེམས་རྣམས་ཀྱི་སྤྱན་རས་གཟིགས་དབང་ནི། །རྒྱལ་པོར་སྤྲུལ་ནས་གང་ལ་གང་འདུལ་གྱིས། །བོད་ཡུལ་འགྲོ་རྣམས་སྨིན་གྲོལ་མཛད་པར་གཟིགས། །བོད་འབངས་སྐྱེ་བོས་འགྲན་ཟླ་བྲལ་བ་ཡི། །ལྷ་སྲས་དམ་པ་ཅིག་ནི་འཁྲུངས་པར་མཐོང༌། །ཡབ་ཀྱིས་ཨ་མི་ཏཱ་བྷའི་ཞལ་སྦེད་ཕྱིར། །ལེབ་རྒན་དར་གྱིས་དབུ་ལ་ཐོད་ཏུ་མཛད། །ནང་འཁོར་ལས་སྒྲིབ་སྲབ་པ་རྣམས་ཀྱིས་ནི། །རིགས་ལྔས་དབུ་བརྒྱན་བཅུ་གཅིག་ཞལ་དུ་མཐོང༌། །མགར་དང་ཐོན་མི་བྱ་བའི་ཁྱེ་ཆུང་གཉིས། །བློན་པོ་ཞེ་ས་༼ཇ༡༤ན༽འབུལ་བའི་ཕྱིར་འབྲེངས་པས། །ཨ་མི་ཏཱ་བྷའི་ཞལ་མཐོང་ཕྱིར་བསྙད་པས། །རྒྱལ་བུ་དབུ་གཉིས་ལྡན་པར་གྲགས་སོ་སྐད། །དགའ་སྟོན་དཔག་ཡས་ལོ་ཟླ་དུ་མར་བྱས། །ཁྲིི་སྲོང་བཙན་ཞེས་མཚན་དུ་གསོལ་བ་ལས། །ཡོན་ཏན་ཀུན་ལྡན་ཤིན་དུ་ཐུགས་སྒམ་པས། །མཚན་ཡང་སྲོང་བཙན་སྒམ་པོར་ཆགས་པར་གྱུར། །
བལ་ཡུལ་དང་ནི་རྒྱ་ནག་ཕོ་བྲང་དུ། །ལྷ་གཅིག་ཁྱད་ཏུ་འཕགས་པ་རེ་རེ་འཁྲུངས། །བལ་པོའི་ལྷ་གཅིག་ཁྲོ་གཉེར་ཅན་མ་དངོས། །དཀར་དམར་མདངས་ལྡན་ཙན་དན་དྲི་ངད་བྲོ། །བསྟན་བཅོས་ཀུན་མཁས་ལྷ་གཅིག་ཁྲི་བཙུན་བཏགས། །རྒྱ་རྗེའི་སྲས་མོ་སྒྲོལ་མའི་སྤྲུལ་པ་སྟེ། །སྔོ་དམར་མདངས་ལྡན་ཨུཏྤལ་དྲི་ངད་བྲོ། །རིག་པའི་གནས་མཁས་འཇིག་རྟེན་ཐམས་ཅད་ལས། །རྨད་བྱུང་ཞིག་འཁྲུངས་འུན་ཤིང་ཀོང་ཇོ་ཞེས། །བོད་སྐད་མཚོ་ཡི་པདྨ་ཟེར་རོ་སྐད། །
ལྷ་སྲས་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ། །ཡབ་ཀྱིས་རྒྱལ་པོའི་ཆབ་སྲིད་མངའ་དབང་ཕུལ། །བཅུ་གསུམ་ལོན་དུས་ཡབ་གཤེགས་ནས་སྲས་རྒྱལ་སར་བསྐོས་ཅེས་གྲགས་ཀྱང་ཞལ་གདམས་ཀྱི་སྐོར་ལས་ཡབ་གནམ་རི་སྲོང་བཙན་གྱིས་རྒྱལ་སྲིད་ཕུལ་ནས་ཞུས་པ་སོགས་གསུངས་པའི་ཡབ་བཞུགས་དུས་རྒྱལ་སྲིད་ཕུལ་བར་ངེས་སོ། །རིན་པོ་ཆེ་ཡི་ཁྲི་ལ་བཞུགས་པའི་ཚེ། །ན་མཁའི་མཐོངས་ནས་དབང་གི་ལྷ་རྣམས་བྱོན། །སྒྲིིབ་པ་རྣམ་པར་སེལ་བས་ཅོད་པན་བཅིངས། །ཀུན་དུ་བཟང་པོས་བུམ་པའི་ཆུས་དབང་བསྐུར། །འོད་དཔག་མེད་པས་སྤྱི་བོར་ཕྱག་བཞག་ཞིང༌། །ལྷ་རྣམས་ཀུན་གྱིས་མཆོད་པའི་སྤྲིན་ཚོགས་སྤྲོས། །དེ་ཚེ་རྒྱལ་པོའི་སྐུ་ལས་འོད་ཟེར་ཚོགས། །དཔག་མེད་བྱུང་སྟེ་ཕྱོགས་བཅུའི་ཁམས་ཀུན་ཁྱབ། །འོད་རེའི་རྩེ་ལ་ལོངས་སྐུའི་ཞིང་རེ་ཆགས། །ཞིང་རེའི་རྣམ་སྣང་དྲུང་རེར་རྒྱལ་པོ་རེ། །རྣམ་སྣང་ཀུན་གྱིས་རྒྱལ་པོའི་སྤྱི་བོ་ལ། །ཕྱག་གིས་བྱུགས་ཚེ་རྒྱལ་པོ་རེ་རེ་ལས། །འོད་ཟེར་ཚོགས་སྤྲོས་འོད་རེའི་རྩེ་མོ་ལ། །༼ཇ༡༤བ༽རྒྱལ་པོ་རྟ་མཆོག་ཆིབས་པ་རེ་རེ་བྱུང༌། །དེ་རེ་ལས་ཀྱང་འོད་ཟེར་དཔག་མེད་སྤྲོས། །འོད་རེའི་རྩེ་ལ་སྤྲུལ་སྐུའི་ཞིང་རེ་ཆགས། །ཞིང་ཁམས་རེ་ན་རྒྱལ་བ་ཤཱཀ་ཐུབ་རེ། །རེ་རེའི་མདུན་ན་སྲོང་བཙན་སྒམ་པོ་རེ། །ཐུབ་པའི་དབང་པོས་རང་རང་དྲུང་འཁོད་པའི། །རྒྱལ་པོའི་དབུ་ལ་ཕྱག་གིས་རེག་མ་ཐག །རྒྱལ་པོ་རེ་ལས་འོད་ཟེར་མཐའ་ཡས་སྤྲོས། །འོད་རེའི་རྩེ་ལ་སྤྱན་རས་གཟིགས་དབང་རེ། །དེ་རེ་ལས་ཀྱང་འོད་ཟེར་སྤྲིན་གྱི་ཚོགས། །རེ་རེས་ན་མཁའ་ཐམས་ཅད་ཁྱབ་པ་སྤྲོས། །འོད་རེའི་རྩེ་ལ་ཕྱག་སྟོང་སྤྱན་སྟོང་ཅན། །ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་རེ། །རེ་རེས་ཀྱང་ནི་སེམས་ཅན་མ་ལུས་པ། གང་ལ་གང་འདུལ་སྤྲུལ་པས་འདུལ་བར་གྱུར། །སངས་རྒྱས་བྱང་སེམས་རྣམས་ཀྱིས་རྒྱལ་པོ་དབང་བསྐུར་བའི་ཚུལ་འདི་ཁྲ་འབྲུག་གི་རྒྱལ་པོའི་ལྷ་ཁང་ན་གསེར་གྱིས་བྲིས་ནས་ཡོད་སྐད། དེ་ལྟར་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ནས། །བོད་འབངས་ལྷར་བཅས་ཀུན་ལ་མངའ་དབང་བསྒྱུར། །
ཡང་མེས་ཐོ་ཐོ་གཉན་བཙན་གྱིས་བསྟན་པ། །དབུ་རུ་ཤོད་ཆེན་ལྷ་ས་དམར་པོ་རི། །གནས་དེར་བདག་གི་འགྲོ་དོན་འབྱུང་ངོ་ཞེས། །དགོངས་ནས་ཕོ་བྲང་ནས་ནི་གདན་བཏེག་སྟེ། །ནང་པར་གྱེ་རེའི་ཡར་ཕྲེང་གྲོ་བཏབ་ཚེ། །ཞང་བློན་འཕྲུལ་གྱི་སྣ་ཚོགས་ཞེས་བྱ་བས། །ཆུ་ནང་འོད་ཟེར་སྣ་ཚོགས་ཁྲ་ཆེམ་མཐོང༌། །ངོ་མཚར་སྐྱེས་ནས་འདི་རྒྱུ་ཅི་ལགས་ཞུས། །རྒྱལ་པོའི་ཞལ་ནས་ཞང་བློན་ཆེན་པོ་ཉོན། །ཐ་མཁོབ་ཁ་བ་ཅན་གྱི་ཡུལ་འདི་རུ། །སེམས་ཅན་ཐམས་ཅད་སྨིན་གྲོལ་འགོད་པའི་ལམ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག་བསྡུས་པ། །ཕན་བདེ་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཐ་མཁོབ་སྐྱེ་བོ་འདུལ་བའི་གཉེན་པོ་མཆོག །བོད་ཡུལ་ཁ་བ་ཅན་པའི་ཆོས་སྐལ་ནི། །རྒྱལ་བ་ཀུན་གྱི་ཡང་སྙིང་འདུས་པའི་མཆོག །གསང་བ་འབྲུ་དྲུག་ཆོས་སྐུ་ཡིག་འབྲུའི་ཚུལ། །བྲག་གི་ངོས་འདིར་ཡིག་དྲུག་རང་བྱུང་ཡོད། །འདིས་ཀྱང་སེམས་ཅན་མང་པོའི་དོན་བྱེད་གསུངས། །མཆོད་༼ཇ༡༥ན༽པ་མཛད་པས་བྲག་ལས་འོད་ཟེར་འཕྲོས། །ཕ་རིའི་བྲག་ལ་ཕོག་པས་ཕན་ཚུན་ཀུན། །འཇའ་ཚོན་བཀྲ་བའི་མདངས་ཀྱིས་གཅིག་དུ་འབྲེལ། །གྲོང་གི་མིང་ཡང་འཇའ་མདངས་སུ་ཆགས་སྐད། སྤྱན་རས་གཟིགས་དབང་ཁཱརྶ་པ་ཎི་དང༌། །འཕགས་མ་སྒྲོལ་མ་དཔལ་ཆེན་རྟ་མགྲིན་སོགས། །རང་བྱུང་བྱོན་པ་བལ་པོའི་གཟོ་བོ་ཡིས། །རྣམ་པ་གསལ་གཏོང་ལྷ་ཁང་ཚུལ་དུ་མཛད། །དེ་ནས་དམར་པོ་རི་ལ་ཕོ་བྲང་བཏབ། །ཆོས་རྒྱལ་འགྲོ་བའི་དོན་ལ་གཡེལ་མེད་བཞུགས། །ཀ་བཀོལ་མ་ལས་ཁྲིམས་བཅས་རྟེན་སྤྱན་དྲངས་པའི་འོག་དུ་དམར་པོ་རི་ཐིགས་པ་འདྲ་བར་སྣང༌།
དེ་ཚེ་རྒྱ་གར་རྒྱ་ནག་ཁྲོམ་གེ་སར། །སྟག་གཟིག་ལ་སོགས་མཐའ་ཡི་རྒྱལ་པོ་ཀུན། །སྤྲུལ་པའི་རྒྱལ་པོ་ཤིན་དུ་གཞོན་ནུ་ཡིས། །རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ངོ་མཚར་ཐོས། །རེ་རེ་བཞིན་ནས་དཔྱ་སྐྱེས་ལོ་ཏང་དུ། །འབུལ་ཞིང་དཀོར་སྒྲོམ་ཕྲིན་ཡིག་རྒྱ་ཆེར་ཕུལ། །ཀ་བཀོལ་མར་མཐའི་རྒྱལ་པོ་ལོ་བཞི་ལོན་པ་ཅིག་གིས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ཞེས་ཐོས་ནས་མཐའ་བཞིའི་རྒྱལ་པོས་དཔྱ་དང་སྐྱེས་ལོ་ཏང་དུ་འབུལ་བ་ལ་ཞབས་ཏོག་འདི་དང་འདི་ཡོད་ཏོ་ཞེས་ཡི་གེ་ཕུལ་བ་ལ། བོད་ཀྱིས་སྐྱེས་ལན་ལ་ངག་ཕྲིན་ལས་ཡི་གེ་མི་ཤེས་ཅེས་སྣང་ཞིང་ཀ་བཀོལ་མའི་དངོས་བསྟན་དགུང་ལོ་བཞི་ལ་ཡབ་གཤེགས་ནས་རྒྱལ་ས་མཛད་པ་འདྲ་བར་སྣང༌།
ཡོན་ཏན་ཀུན་གྱི་གཞི་མ་བྲིས་ཀློག་དར་ཚུལ།
༄༅། །ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པ། །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས། །བློན་པོ་བློ་གསལ་དུ་མ་རྒྱ་གར་དུ། །བཏང་ཡང་ཡི་གེའི་བཞེད་པ་མ་འགྲུབ་ནས། །བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་ནས་འགྲོ་མ་ནུས། ལ་ལ་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ལོག་སྐད།
དེ་ནས་བློན་ཆེན་ཐོན་མི་ཨ་ནུའི་བུ། ཐོན་མི་སམྦྷོ་ཊ་ཞེས་མཁས་ཅིང་མཛངས། །ཡིད་གཞུངས་བློ་རྣོ་དབང་པོ་སྐྱེ་མཆེད་གསལ། །ཡོན་ཏན་དུ་མར་ལྡན་པ་ཅིག་ལ་ནི། །བཀའ་བསྒོས་གསེར་དང་ཡོ་བྱད་བསྐུར་སྟེ་བཏང༌། །ཐོན་གྱི་ལུག་ར་ཁ་ནས་ཐོན་མི་༼ཇ༡༥བ༽ཨ་ནུ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་བའི་མི་ཆུང་བློ་གསལ་བ་ཞིག་ལ་གསེར་ཕྱེ་བྲེ་གང་བསྐུར་སྟེ་བཏང་སྐད། དེ་ཡིས་རྒྱ་གར་ཀུན་མྱུལ་ལྷོ་ཕྱོགས་ཕྱིན། །སྒྲ་དང་ཡི་གེར་མཁས་པ་ཕུལ་བྱུང་བ། །བྲམ་ཟེ་ཆེན་པོ་ལི་བྱིན་ཡིན་པར་ཐོས། །དེར་ཕྱིན་གུས་པས་བཏུད་ཅིང་གསེར་ཕུལ་ནས། །བདག་ནི་ཐ་མཁོབ་བོད་ཀྱི་བློན་པོ་ཡིན། །བདག་གི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ལགས། །འབངས་རྣམས་ཆོས་ཀྱིས་ཚིམ་པར་མཛད་པ་དང༌། །དགེ་བ་བཅུ་ཡི་རྒྱལ་ཁྲིམས་འཆའ་བ་ལ། བདག་གི་ཡུལ་ན་ཡི་གེའི་སྲོལ་མེད་པས། །རྒྱ་གར་ཡུལ་དུ་ཡི་གེ་སློབ་ཏུ་མཆིས། །སྒྲ་ཚད་ཡི་གེའི་བཀའ་དྲིན་མཛོད་ཅེས་ཞུས། །མཁས་པ་ལི་བྱིན་དགྱེས་པས་ལན་གསུངས་པ། །བདེན་གཉིས་དོན་རྟོགས་བློན་ཆེན་རིག་པ་ཅན། །ཁྱོད་ལ་ཡི་གེ་སྒྲ་དང་སྙན་ངག་སོགས། །ཡོན་ཏན་ངོ་མཚར་ཅན་ཀུན་སློབ་བོ་ཞེས། །ཡི་གེའི་རིགས་རྣམས་ཀུན་ལ་མ་རྨོངས་བསྟན། །རིག་པའི་རྩལ་ཕྱེ་ཤེས་རབ་སྒྲོན་མེ་བཏེག །རྣམ་མང་དུ་མའི་ཡི་གེ་ཁོང་དུ་ཆུད། །ལྷ་རིག་སེང་གེ་ལ་སོགས་པཎྜི་ཏ། །མཁས་པ་གཞན་ཡང་བསྟེན་ནས་སྒྲ་ཚད་དང༌། །རིག་པའི་གནས་མང་ཁོང་དུ་ཆུད་པར་བྱས། །ཐེག་པ་ཆེན་པོའི་གསུང་རབ་མང་དུ་སྦྱངས། །བོད་ཏུ་འབྱོན་ཚེ་མཁན་པོ་ལི་བྱིན་གྱིས། ཁྱོད་ནི་རིག་གནས་ཀུན་ལ་རྩེ་མོར་སོན། །ད་ནི་སྤྲུལ་པའི་རྒྱལ་པོའི་དགོངས་པ་སྒྲུབས། །བོད་ཡུལ་འགྲོ་ཀུན་ཡི་གེ་སྒྲ་ཚད་དང༌། །ལུང་རིགས་མན་ངག་རྣམས་ཀྱིས་ཚིམ་པར་མཛོད། །ཐོན་མིས་ཡོན་ཕུལ་གཏང་རག་ཚིག་བརྗོད་པ། །
ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །བཀའ་དྲིན་ཆེ་འོ་ངོ་མཚར་ཆེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །རིག་པ་དྲི་མེད་ཀྱི་ན་མཁའ་ལ། །ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར། །སྨོན་ལམ་དག་པའི་རླུང་གིས་དྲངས། །སྒྲ་ཚད་ཡི་གེའི་ཉི་ཟླ་ཤར། །འགྲོ་བའི་མ་རིག་མུན་པ་སེལ། །བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ། །༼ཇ༡༦ན༽རིག་པ་བློ་ཡི་ཆུ་ཕྲན་འཁོར། །སྨོན་ལམ་དག་པའི་ཆུ་བྱ་ལྡིང༌། །སྒྲ་ཚད་ཡི་གེའི་ནོར་བུ་བཞུགས། །འགྲོ་བའི་དབུལ་ཕོངས་སེལ་བར་བྱེད། །སྒྱུ་ལུས་དྲི་མེད་ཀྱི་སྡོང་པོ་ལ། །ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས། །བསླབས་ཤེས་ཡོན་ཏན་གྱི་མེ་ཏོག་ཤར། །སྒྲ་ཚད་ཡི་གེའི་འབྲས་བུ་སྨིན། །བདག་བོད་ཀྱི་བློན་པོ་ཐོན་མི་ལ། །མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཡོན་ཏན་གཞི་མ་ཡི་གེ་ཡིན། །མ་ལུས་ཁོང་དུ་ཆུད་པ་ཡིན། །བོད་ཡུལ་དབུས་སུ་འགྲོ་བ་ཡིན། །རྒྱལ་པོས་དགའ་སྟོན་མཛད་པ་ཡིན། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན། །རྒྱལ་པོས་དབུ་མཛད་བློན་འབངས་ལ། །སྒྲ་ཚད་ཡི་གེ་སྤེལ་བ་ཡིན། །ཀུན་ལ་རྒྱས་པར་བྱེད་པ་ཡིན། །ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །
ཞེས་གསོལ་ཞབས་མཐིལ་གཙུག་དུ་བླངས་ནས་ནི། །ཐེག་ཆེན་དམ་ཆོས་དུ་མ་དང་བཅས་སྟེ། །བོད་ཡུལ་དུ་ཕེབས་གུས་པ་དགའ་སྟོན་མཛད། །ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ། །དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས། །ལྷ་ཡིག་ལཉྪ་དཔེ་བྱས་དབུ་ཅན་དང༌། །ཀླུ་ཡི་ཝརྟུ་ལ་ལྟར་ཟུར་ཅན་བྱས། །རྒྱ་སྐད་ཡི་གེ་ལྔ་བཅུ་ཡོད། །དེ་ཡི་དབྱངས་ཡིག་བཅུ་དྲུག་པོ། །ཨི་ཨུ་ཨེ་ཨོ་བཞི་རུ་བསྡུས། །ལོག་པའི་སྡེ་དང་ཐུག་པོ་བོར། །ཅ་ཆ་ཇ་དང་ཞ་ཟ་ལ། །རྒྱ་ན་མེད་པ་དེ་དྲུག་བསྣན། །དབྱངས་གསལ་ཐུན་མོང་ཨི་ཡིག་བཅས། །གསལ་བྱེད་ཡི་གེ་སུམ་བཅུར་བསྡུས། །གཙོ་བོ་མིང་གཞི་ཉི་ཤུ་དང༌། །ཀུན་ལ་འཇུག་པ་མཐའ་རྟེན་བཅུ། །མེད་ཏུ་མི་རུང་སྔོན་འཇུག་ལྔ། །མེད་ཀྱང་རུང་བ་ཝ་ཡིག་གཅིག །ར་ལ་ས་གསུམ་འདོགས་པའི་མ། །ན་རོ་གུ་གུ་འབྲེང་པོ་གསུམ། །ཀུན་གྱི་སྟེང་ན་ཞྭ་ལྟར་ལྡིང༌། །ཞབས་ཀྱུ་ཀུན་གྱི་གདན་དུ་མཛེས། །ཕོ་མོ་མ་ནིང་ཡི་གེར་ཕྱེ། །རྣམ་དབྱེ་བདུན་དང་འབྱེད་སྡུད་སྒྲ། །ལྷག་༼ཇ༡༦བ༽བཅས་ལ་དོན་དགར་བསྣན་དང༌། །དགག་སྒྲུབ་ལ་སོགས་སྒྲ་སྣ་ཚོགས། །ཚིག་ཟུར་བསྒྱུར་བས་ཐོན་པར་མཛད། །ཐོན་མི་མདོ་རྫིའི་སྒྲ་མདོ་དང༌། །སུམ་རྟགས་ལ་སོགས་བརྡ་སྤྲོད་ཀྱི། །བསྟན་བཅོས་བརྒྱད་ཀྱང་མཛད་ཅེས་གྲགས། །ལེགས་སྦྱར་རྐྱེན་དང་རྣམ་དབྱེ་སོགས། །སྒྲ་རེའང་དུ་མས་སྒྲུབ་དགོས་པས། །རྟོགས་དཀའ་རྒྱ་ཆེ་གྲངས་མང་ཡང༌། །བོད་ཀྱི་སྒྲ་ལ་དེ་རྣམས་ཀུན། །བྱིངས་རྐྱེན་གཞན་ལ་མི་ལྟོས་པར། །ཚིག་ཟུར་བསྒྱུར་བས་གྲུབ་པའི་ཕྱིར། །རྟོགས་སླ་ཉུང་ཞིང་ཁྱད་པར་འཕགས། །འདི་གཟིགས་རྒྱ་གར་པཎ་ཆེན་རྣམས། །ངོ་མཚར་ཆེར་མཛད་འཇམ་པའི་དབྱངས། །དངོས་ཞེས་བསྟོད་བཀུར་མཛད་ཏོ་སྐད། །
དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། །བཀའ་ཡི་སྡུད་པོ་རྣམས་ཀྱིས་ནི། །ཐེག་པ་གསུམ་པོ་བོད་ཡུལ་དུ། །བོད་ཀྱི་སྐད་ཀྱིས་བྲི་ལ་སོགས། །ཡུལ་གྲུ་སོ་སོར་རང་རང་གི །སྐད་ཀྱིས་བྲིས་ཞེས་གསུངས་པའི་ཕྱིར། །འདི་ནི་བོད་ཀྱིས་སྡུད་པོར་གསལ། །བོད་ཕྲུག་མཛངས་པའི་མི་བདུན་གྱི། །བཞི་པར་ཐོན་མི་བགྲངས་མོད་ཀྱང༌། །དེ་ཀུན་མཚུངས་པ་མ་ཡིན་ཏེ། །མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱིས་ཇི་ལྟར་ཁྱེར། །གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །མངོན་སུམ་མི་ཡི་ཚུལ་འཛིན་པས། །བོད་ཡུལ་རྒྱལ་བའི་བཀའ་སྡུད་པོ། །སམྦྷོ་ཊ་ལ་གུས་ཕྱག་འཚལ། །
དེ་ནས་རྒྱལ་པོ་དགའ་སྟོན་ཁྲི་ལ་ཕེབས། །དབྱངས་ཡིག་ངེས་པ་བྱ་དཀའི་སྒྲ་རྒྱན་དུ། །སྦྱར་ནས་ཐོན་མིས་ཡིག་ཕུད་ཕུལ་བ་ནི། །ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་སྟེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་དུ་ཐུལ། །སྤྱན་རས་གཟིགས་དབང་༼ཇ༡༧ན༽ཐུགས་ཀྱི་སྲས། །སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཐོན་མིའི་ཡིག་ཕུད་འདི་འབུར་སྟོང་ཇེན་ཁོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་སྐད། ཅེས་ཕུལ་རབ་ཏུ་དགྱེས་པའི་བྱ་དགའ་བསྩལ། །
སྒྲ་དང་ཡི་གེ་རིག་པའི་གནས་རྣམས་ལ། །བོད་འབངས་གཟུང་ཕྱིར་སྤྲུལ་པའི་རྒྱལ་པོ་ཉིད། །ལོ་བཞིར་བསླབ་སྦྱངས་ནན་ཏན་མཛད་ཏོ་སྐད། །བློན་འབངས་ཀུན་ཀྱང་ཡི་གེ་འབྲི་ཀློག་དར། །ཐམས་ཅད་བློ་གྲོས་པདྨ་རབ་ཏུ་རྒྱས། །དེ་ཚེ་མཁས་པ་ཆེན་པོ་ཐོན་མི་ལ། །རྒྱལ་པོས་བཀུར་སྟེ་སྲི་ཞུ་ཆེར་མཛད་པས། །བློན་པོ་འགའ་ཡི་ཡིད་ཏུ་མ་བབ་ནས། །རྒྱལ་པོས་འབངས་ལ་འདི་ལྟར་མི་འོས་ཞེས། །བསྒྲགས་ཚེ་ཐོན་མིས་ང་རྒྱལ་གླུ་བླངས་པ། །
ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་བཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་ཐ་མཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པས་སླེབ་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །དེ་སྐད་བླངས་པས་འགྲན་སེམས་ཕྲག་དོག་ཞི། །བློན་འབངས་ཀུན་གྱིས་གཙུག་དུ་བཀུར་བར་གྱུར། །
རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ། །གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། །༼ཇ༡༧བ༽རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང༌། ཁ་ཆེ་ཏ་ནུ་དང༌། བལ་པོ་ཤཱི་ལ་མཉྫུ་དང༌། རྒྱ་ནག་ཧ་ཤང་མ་ཧ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ་དང༌། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས། གཙོ་བོར་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་ཏེ་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལས། ཟ་མ་ཏོག་བཀོད་པ། ༡ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༢པདྨ་སྙིང་པོའི་མདོ། ༣ཞལ་བཅུ་གཅིག་པའི་མདོ། ༤བཅུ་གཅིག་ཞལ་གྱི་གཟུངས། ༥དོན་ཡོད་ཞགས་པ། ༦དོན་ཞགས་ཕྱི་མ། ༧པདྨ་མཆོག །༨དབང་བསྒྱུར་འཁོར་ལོ། ༩ཆོ་ག་སྔགས་ཀྱི་རྒྱུད། ༡༠ཡིད་བཞིན་ནོར་བུའི་གཟུངས། ༡༡སྙིང་རྗེ་ཆེན་པོ་མི་གཤོལ་བ། ༡༢འོད་ཟེར་རྣམ་བཀོད། ༡༣པདྨ་ཅོད་པན་གྱི་རྒྱུད། ༡༤ཡི་གེ་དྲུག་པའི་མདོ། ༡༥དམ་ཆོས་པད་དཀར། ༡༦པུཎྜ་རི་ཀའི་མདོ། ༡༧ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༨སྣང་བ་རོལ་བའི་མདོ། ༡༩མཚན་བརྒྱ་རྩ་བརྒྱད་པ། ༢༠མཚན་རབ་ཡོངས་སུ་བསྟན་པའི་མདོ་སྟེ། ༢༡ཉེར་གཅིག་པོ་ཡིན་ལ་འདི་ལས་དོན་འདི་ལྟར་བཤད་པའང་བཀའ་ཆེམས་ལོ་རྒྱུས་ན་ཡོད་ཏོ། །འདི་ལས་འོད་ཟེར་རྣམ་བཀོད། ཆུ་ཀླུ་སྣ་ཚོགས། སྣང་བ་རོལ་པ། མཚན་རབ་ཡོངས་སུ་བསྟན་པ་རྣམས་དེང་སང་གི་བཀའ་འགྱུར་ན་མི་སྣང་ལ་གཞན་དོན་ཞགས་ཆོ་ག་ཞིབ་མོ་ལ་ཆོ་ག་སྔགས་ཀྱི་རྒྱུད་ཅེས་པ་ལྟ་བུ་འགྱུར་ཁྱད་མ་གཏོགས་དེང་སང་བཞུགས་ལ་མདོ་རྒྱུད་ཉེར་གཅིག་པོ་འདི་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཁོ་ན་ཡིན་ནོ། །ཡང་རྒྱལ་པོས་ཐོན་མི་ལ་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློགས་དང་གསུངས་པས་པང་ཀོང་ཕྱག་རྒྱ་དང་མདོ་སྡེ་ཟ་མ་ཏོག་བྱུང་སྐད། ལ་ལ་ནས་ཙིནྡྷ་མ་ཎིའི་གཟུངས། ཟ་མ་ཏོག་པང་ཀོང༌། མདོ་སྡེ་ལས་རྣམ་འབྱེད་སྟེ་བཞི་བྱུང་ཞེས་ཀྱང་སྣང༌། དེ་ལྟར་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེས། །ཡོན་ཏན་ཀུན་གྱི་གཞི་མ་བྲིས་ཀློག་གིས། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ཏེ། །ཆོས་དང་སྲིད་ཀྱིས་རྒྱལ་ཁམས་བདེ་བར་མཛད། །༼ཇ༡༨ན༽བཀའ་ཡི་བློན་པོ་ཆེན་པོ་བརྒྱ་ཕྲག་གསུམ། །ཀུན་གྱི་གཙོ་བོ་འཕྲུལ་བློན་བཅུ་དྲུག་གིས། །རྒྱལ་པོའི་བཀའ་སྒྲུབ་རྒྱལ་སྲིད་བདེ་བར་སྐྱོང༌། །དེ་ཡང་ཐང་ཡིག་ཆེན་མོ་ནས། འཕྲུལ་གྱི་གནའ་ཆེན་རིགས་བཟང་དང༌། ཞང་པོ་རྒྱལ་གྱི་ཁྲོམ་བཟང་དང༌། ཅོག་རོ་རིག་པའི་ཀོང་བཟང་དང༌། ལྷ་གཟིགས་ཤོག་པོ་བསྟན་བཟང་དང༌། ཀ་ཡི་སྙག་སྟོན་འཕེལ་བཟང་དང༌། སྦས་ཅང་དཔལ་གྱི་ལེགས་བཟང་སྟེ། ནང་བཟང་པོ་རྣམ་དྲུག་ཟེར། དེ་ལ་སོགས་པ་བརྒྱ་ཕྲག་གཅིག །རྒྱལ་པོའི་སྐུ་ཡི་ཞབས་ཏོག་དང༌། །ནང་གི་བྱ་བ་ཐམས་ཅད་བྱེད། །བྱང་གི་ཁྱུང་པོ་པུན་ཟུང་བཙན། །ལམ་ཁྲི་བདེ་བླག་ཁྲི་བཙན་དང༌། །མུ་ཁྲི་རྡོ་རྗེ་རྣམས་བཙན་དང༌། །ཐིང་གི་བྱང་ཆུབ་མཆོག་བཙན་དང༌། །ཐར་པ་ཀླུ་ཡི་དཔལ་བཙན་དང༌། །རོང་པོ་འཕྲུལ་གྱི་ལྡེ་བཙན་སྟེ། །ཕྱི་བློན་བཙན་པོ་རྣམ་དྲུག་ཟེར། །དེ་ལ་སོགས་པ་བློན་པོ་བརྒྱས། །ཕྱི་ཡི་བྱ་བ་ཐམས་ཅད་བྱེད། །ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད། །འཛམ་གླིང་ཕྱེད་ལ་ཁ་ལོ་བསྒྱུར། །མཁས་པ་ཐོན་མི་སམྦྷོ་ཊ། །མགར་གྱི་སྟོང་བཙན་ཡུལ་བཟུང་དང༌། །འབྲི་ཡི་སི་རུ་གུང་སྟོན་དང༌། །ཉང་གི་ཁྲི་བཟང་ཡང་སྟོན་སྟེ། །མེད་ཐབས་མེད་པའི་བློན་པོ་བཞི། །དེ་ལ་སོགས་པའི་བློན་པོ་བརྒྱས། །བར་གྱི་ཁོད་སྙོམ་ཁྲིམས་གཉིས་སྐྱོང༌། །ཞེས་བཤད་ཏོ། །ཐོན་མིས་བོད་ཡིག་ཐོག་མ་མཛད་པའི་ཕྱིར། །བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་གྲགས། །གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས། །མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། །སྤོ་མཐོན་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། །འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། །༼ཇ༡༨བ༽དེ་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། །
ལུགས་གཉིས་བཀའ་ཁྲིམས་ཆེན་པོ་བཅའ་ཚུལ།
༄༅། །དེ་ནས་རྒྱལ་པོས་བོད་འབངས་ཀུན་བསྡུས་ཏེ། །ལུགས་གཉིས་བཀའ་ཁྲིམས་ཆེན་པོ་བཅའ་བར་བཞེད། །རྒྱལ་པོས་ལོ་བཞིར་མཚམས་མཛད་ནས་ཡི་གེ་ལ་སོགས་པའི་རིག་གནས་སྦྱངས་པའི་འབངས་རྣམས་ན་རེ་རྒྱལ་པོ་ལོ་བཞིར་ཕོ་བྲང་ནས་ཕྱིར་མི་འབྱོན་པ་གླེན་པ་ཅིག་ཡོད་པར་འདུག །བོད་བདེ་བ་བློན་པོ་རྣམས་ཀྱིས་བྱས་ཟེར་བ་གསན་པས་ང་གླེན་པར་བརྩིས་ན་བོད་མི་ཐུལ་དགོངས་ཏེ་འབངས་རྣམས་བསགས་ནས་ང་འཕོ་བསྐྱས་མ་བྱས་པར་ཕོ་བྲང་གཅིག་ན་འདུག་ན་འབངས་རྣམས་བདེ་བ་ཡིན་ཏེ་རྒྱལ་པོ་གླེན་པར་འདུག །རྒྱལ་ཁམས་བདེ་བ་བློན་པོས་བྱས་ཟེར་བ་འདུག་པ་དེ་མ་ཡིན། བློན་པོ་ངས་བསྒོ་བ་ཡིན། ད་ནི་ངས་རྒྱལ་ཁྲིམས་ཆེན་པོ་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་རྒྱལ་ཕྲན་རྣམས་སོ་སོར་འཁྱར་བ་ཡིན། ད་དུང་ཁྲིམས་མེད་ན་ཉེས་བྱེད་དར་ཞིང་ངའི་འབངས་རྣམས་སྡུག་བསྔལ་བར་འགྱུར་བས་ཁྲིམས་བཅའ་བར་བྱའོ་གསུངས་ནས་བཅས་སྐད། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམས་དྲུག་མཛད། །ཐོག་མར་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ། །ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད། །རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཕྱེ། །གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད། །ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན། །དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང༌། །དེ་ལ་བོད་ཀྱི་ཁོས་དྲུག་ཞེས་སུ་གྲགས། །དེ་ཡང་ཁྲིམས་ཡིག་དྲུག་ནི། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས། ༡འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། ༢རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། ༣མདོ་ལོན་ཞུ་བཅད་ཀྱི་ཁྲིམས། ༤དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། ༥ཁབ་སོ་ནང་པའི་ཁྲིམས་༦ཏེ་དྲུག་གོ །དང་པོ་ཁྲི་རྩེ་འབུམ་བཞེར་ནས་སྲིད་པ་དང་ཁོས་སྟོན་པ་ལས་རྒྱལ་པོས་བློན་པོ་རྣམས་སོ་སོར་བཀས་བསྒོས་ཏེ་བོད་ཀྱི་ཁོས་དཔོན་མགར་སྟོང་བཙན་ཡུལ་བཟུང༌། ཞང་ཞུང་གི་ཁོས་དཔོན་ཁྱུང་པོ་བུན་ཟུང་ཅེ། སུམ་པའི་ཁོས་དཔོན་ཧོར་བྱ་ཞུ་རིང་པོ། ཆིབས་ཀྱི་ཁོས་དཔོན་དབང་བཙན་བཟང་དཔལ་ལེགས། མཐོང་ཁྱབ་ཀྱི་ཁོས་དཔོན་ཅོག་རོ་རྒྱལ་མཚན་༼ཇ༡༩ན༽གཡང་གོང་རྣམས་བསྐོས། སྐྱི་ཤོད་ཤོ་མ་ར། ཁྱུང་ལུང་རྔུལ་མཁར། ནམ་ར་ཞ་དོན་གྲམ་པ་ཚལ། རི་བོ་གཡའ་དམར་རྣམས་སུ་བཅད་སྐད།
མགར་གྱིས་བོད་ཀྱི་ཁོད་བཅའ་བའི་ཕྱིར་རྡེའུ་དང་ཤིང་བུ་གཙིགས་སུ་གསོལ་ཏེ་བྱང་བུ་མཛོ་ཁལ་དྲུག་ལྡང་བར་བྲིས་པས་བྱང་ཁྲམ་མ་ཐེབས་པ་འཁྲུགས་ནས་འཕན་ཡུལ་དར་རྒྱལ་ན་བྱིས་པ་མང་པོ་རྗེ་བྱ་བ་འཕྲུལ་ཆེ་བར་ཐོས་ནས་བློན་པོ་བཞིས་འཚོལ་དུ་ཕྱིན་པས་ནེ་གསིང་ཆེན་པོ་གཅིག་གི་མཐར་བྱིས་པ་དང་ཕྲད། ན་འདིའི་གཞུང་གཅོད་ཏམ་མཐའ་བསྐོར་དྲིས་པས་དལ་ན་གཞུང་ཆོད་རིངས་ན་མཐའ་བསྐོར་ཟེར། བློན་པོ་བཞིས་གཞུང་བཅད་པས་འདམ་དུ་ཚུད་ནས་ཡུན་རིང་འགོར། བྱིས་པ་དེ་ལ་ཕ་མ་གར་སོང་དྲིས་པས་ཕ་གཏམ་འཚོལ་དུ་སོང་མ་མིག་འཚོལ་དུ་སོང་ཟེར། དར་ཅིག་ན་ཕས་ཆང་ཁྱེར་མས་མེ་ཁྱེར་བྱུང་སྐད། བྱིས་པ་དེ་ཁྲིད་ནས་ཁོད་ཤོམ་བཅུག་པས་ཀྱང་མ་ཤོམས། དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་བྱ་བ་མཛངས་པར་ཐོས་ནས་བློ་རྐུ་བའི་ཕྱིར་རི་ལ་ཆང་སྦས། ཤ་སྐམ་ཚྭ་ཆུ་བྱུགས་པ་ཁྱེར་ནས་མཆིམས་ལུག་རྫིའི་རེས་བྱེད་པའི་ཕྱིན་ཡར་ཕྱིན་སྟེ་བོད་ཀྱི་ཁོད་དར་རྒྱལ་མང་པོ་རྗེས་བཤོམ་སྐད་ན་ཤོམས་སམ་བྱས་པས་རྩོམ་པ་དེས་མི་ཤོམས། ང་མིན་པ་ཤོམས་པ་མེད་སྟེ་ང་མི་ཤོམ་ཟེར། ཤ་སྐམ་བྱིན་པས་ཁ་སྐོམ་སྟེ་ད་ལྟ་སྐོམ་སྟེར་བ་བྱུང་ན་ཅི་ཟེར་ཉན་པར་བྱས་ནས་ཆང་གིས་གཟིར་བཅུག་ནས་དྲིས་པས་རུ་མཚམས་འབྱེད་པ། ཡུལ་བགོད་པ། རྒོད་གཡུང་གི་སྡེ་འབྱེད་པ་སོགས་ཞིབ་པར་སྨྲས་ནས་ཁོ་གཉིད་ཏུ་བཏང་ནས་བྲོས་སྟེ་ཁོས་ཟེར་བ་བཞིན་མགར་དང་དར་རྒྱལ་གྱིས་བཤམས་སྐད།
དེ་ཡང་དང་པོར་རུ་མཚམས་ཕྱེ་སྟེ། ཤར་འོལ་ཁའི་ཤུག་པ་སྤུན་བདུན་ལྷོ་རྨ་ལ་ལ་བརྒྱུད་ནུབ་གཞུ་སྙེ་མོ་བྱང་པྲགས་ཀྱི་གླང་མ་གུར་ཕུབ་དབུས་ཚད་ལྷ་ས་ར་མོ་ལ་བྱས་པ་དབུ་རུ། ཤར་ཀོང་ཡུལ་བྲེས་སྣ་ལྷོ་ཤ་འུག་སྟག་སྒོ་ནུབ་ཁ་རག་གངས་རྩེ་བྱང་རྨ་ལ་ལ་བརྒྱུད་དབུས་ཚད་ཡར་ལུངས་ཁྲ་འབྲུག་༼ཇ༡༩བ༽ལ་བྱས་པ་གཡོ་རུ། ཤར་པྲགས་ཀྱི་གླང་མ་གུར་ཕུབ་ལྷོ་གཉའ་ནི་གཡག་པོའི་སྣ་ནུབ་བྱེ་མ་ལ་དགུ་བྱང་སྨྲི་ཏི་ཆུ་ནག་ཤངས་ཀྱི་ཞོང་པ་ཚལ་ལ་ཕྱས་པ་གཡས་རུ། ཤར་འཇམ་ན་བཀྲ་ལྷོ་བལ་པོ་གླང་སྣ་ནུབ་ལ་ཀེམ་གཡག་མིག་བྱང་བྱེ་མ་ལ་སྔོན་དབུས་བྲད་ཀྱི་དུར་པ་སྣ་ལ་བྱས་པ་རུ་ལག །ཤར་གཉེ་ཡུལ་བུམ་ནག་ལྷོ་སྨྲི་ཏི་ཆུ་ནག་ནུབ་ཡེལ་ཞབས་སྡིངས་པོ་ཆེ་བྱང་ནགས་ཤོད་གཟི་འཕྲང་དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པའི་སུམ་པའི་རུ་སྟེ་གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་དབུ་རུ་དང་གཡོ་རུ། ཡན་ལག་གསུམ་པའི་རུ་སྟེ་ལྔར་ཕྱེའོ། །
དེ་རྣམས་ལ་ཡུལ་གྱི་དབང་རིས་ནི། དབུ་རུ་ཤོད་ཆེན་བཙན་པོ་མངའ་བདག་ཡུལ། །ཕོ་བྲང་སྣེ་ཆེ་བཙན་པོ་རྒྱལ་འབངས་ཡུལ། །ཡར་ལུངས་སོགས་ཁ་ཁུ་དང་གཉགས་ཀྱི་ཡུལ། །ཡ་འབྲོག་གངས་ཁྱིམ་ཀུ་རིངས་སྡེ་ལྔའི་ཡུལ། །འཆིང་ང་འཆིང་ཡུལ་མགོས་དང་སྣུབས་ཀྱི་ཡུལ། །བྱ་འུག་ས་ཚིགས་དྲང་རྗེ་ཕ་ལྔའི་ཡུལ། །བྲད་དང་ཞོང་པ་སྣ་ནམ་ཡུལ་དུ་བཅད། །བྲག་རུམ་སྟོད་སྨད་ཆེ་སྤོང་ཡུལ་དུ་བྱས། །གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ། །ཀླུངས་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ། །འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ། །ཉང་རོ་གྲོམ་པ་འབྲེ་དང་ལྕེ་ཡི་ཡུལ། །ཤངས་དང་གླེ་ཕྱི་རི་དང་གླེ་ཡི་ཡུལ། །ཡུང་བ་ཆེ་ཆུང་བྲན་ཀའི་ཡུལ་དུ་བཅད། །ཞ་གད་སྡེ་གསུམ་བློན་པོ་སྦས་ཀྱི་ཡུལ། །ནམ་ར་ཆག་གོང་འབྲིང་དང་ཆག་གི་ཡུལ། །འདམ་ཤོད་དཀར་མོ་ཕྱ་དང་རྭ་ཡི་ཡུལ། །མདོ་ཁམས་མདོ་ཆེན་རྒོད་སྟོང་སྡེ་བརྒྱད་ཡུལ། །ཞེས་བཅོ་བརྒྱད་ཏུ་ཕྱེའོ། །
རྒོད་ཀྱི་སྟོང་སྡེ་ནི། རུ་རེ་ལ་སྟོང་སྡེ་བརྒྱད། སྟོང་བུ་ཆུང་རེ། སྐུ་སྲུང་གི་སྟོང་སྡེ་རེ་དང་བཅུར་ཕྱེ་སྟེ། དོར་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས། ཡེལ་རབ་སྟོང་བུ་ཆུང་སྐུ་སྲུང་ཤར་ཕྱོགས་པ་དང་བཅུ་ནི་དབུ་རུའི་སྟོང་སྡེ་བཅུའོ། །
ཡར་ལུང་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་པོ་ཉ་གཉི་གཉིས། དམྱལ་དང་ལྷོ་བྲང་གཉིས། ལོ་རོ་སྟོང་བུ་ཆུང༌། སྐུ་སྲུང་བྱང་ཕྱོགས་པ་རྣམས་གཡོ་རུའི་སྟོང་སྡེ་བཅུའོ། །
སྟོང་ཆེན་ཤངས་ཆེན་གཉིས། ལང་མི་༼ཇ༢༠ན༽ཕོད་དཀར་གཉིས། ཉེན་གར་འབྲང་མཚམས་གཉིས། སྤོ་རབ་གཟོང་སྡེ་གཉིས། ཞངས་སྟོང་བུ་ཆུང༌། སྐུ་སྲུང་ནུབ་ཕྱོགས་པ་རྣམས་གཡས་རུའི་སྟོང་སྡེ། མང་ཀར་ཁྲི་ཕོམ་གཉིས། གྲོམ་པ་ལྷ་རྩེ་གཉིས། མྱང་རོ་ཁྲི་འཐད་གཉིས། ཁང་སར་གད་ཕྲམ་གཉིས། མཚོ་ངོས་སྟོང་བུ་ཆུང༌། སྐུ་སྲུང་ལྷོ་ཕྱོགས་པ་སྟེ་རུ་ལག་གི་སྟོང་སྡེ་བཅུ།
བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་སྟེ་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུག་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དེ་སྟོང་བུ་ཆུང་སྟེ་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་སྟེ་ཞང་ཞུང་གི་སྟོང་སྡེ་བཅུའོ། །
རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ །དེ་རྣམས་ལ་རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཟེར་ཏེ་རྒོད་ནི་འབངས་རབ་ཚན་དམག་གི་ལས་བྱེད་པའི་མིང་སྟེ་དེ་རྣམས་ལ་སྟོང་དཔོན་ཡང་དྲུག་བཅུ་རྩ་གཅིག་གོ །
དབུ་རུ་སྟོད་སྨད་ཀྱི་དམག་དཔོན་སྣ་ནམ་རྒྱལ་རྒན་དང་སྦས་སྐྱེས་བཟང་སྟག་སྣ། དེའི་དཔའ་ཟླ་གནོན་འཕན་གསུམ་དང་ཤོད་བུ་ཁོད་བཙན། རུ་རྟ་ཟེ་དཀར་རྟ་སྐྱ་དང་མཚལ་བུ་གཟིག་རིང༌། རུ་དར་དམར་པོ་ལྕེ་ཁྲ་དང་དཔལ་དར་དམར་པོ། དམག་གི་བཞེད་ནི་མཚོ་ལ་གངས་བབ་འདྲ་སྐད།
གཡོ་རུ་སྟོད་སྨད་ལ་རུ་དཔོན་མྱང་སྟག་གཟིག་གཡུ་བཙན་དང་མཆིམས་རྒྱལ་གཟིགས་ཤུད་རིང༌། དཔའ་ཟླ་གཡས་མང་བཞེར་དང་སོ་གད་གཉེན་བཞེར་རུ་རྟ་མོག་རོ་བུན་བུན་དང་མཚལ་བུ་རྟིང་དཀར་རུ་དར་སེང་གེ་དམར་པོ་དང་དར་དཀར་སྙིང་ནག །མཚོ་ལ་སྦྲང་ཆར་བབ་པ་བཞིན་དུ་འགྲིམ་སྐད།
རུ་ལག་སྟོད་སྨད་ལ་རུ་དཔོན་འབྲོ་རྒྱལ་མཚན་སེང་གེ་དང་ཁྱུང་པོ་གཡུའི་ཟུར་ཕུད། དཔའ་ཟླ་གནམ་སྡེ་གུར་ཚབ་དང་མཆིམས་བཙན་ཞེར་ལྷ་གཟིགས། རུ་དར་སེང་དཀར་གནས་འཕྱོང་དང་དཔལ་དར་ནག་པོ། རུ་རྟ་ངང་པ་ཕུད་དམར་དང་རག་པ་རྔོག་ནག །གངས་ལ་སེར་བ་འགྲིམ་པ་བཞིན་དུ་འགྲོ་སྐད།
གཡས་རུ་སྟོད་སྨད་ལ་རུ་དཔོན་ཁྱུང་པོ་༼ཇ༢༠བ༽སྟག་བཟང་སྟོང་དང་མགོས་ཁྲི་གཉེན་ཡང་འཕྱོས། དཔའ་ཟླ་བ་ཚབ་མཚོ་ཞེར་ཙད་ལོད་དང་ལང་པ་མགོན་ནེ། རུ་རྟ་མཚལ་བུ་མེ་སྟག་དང་སྔོན་པོ་གཡུ་རྟ། རུ་དར་དར་ནག་སྙིང་དཀར་བྱ་ཁྱུང་བྲིས་པ་དང་སྐྱར་ཁ་གོང་ཁྲ། སྤང་ལ་མེ་མཆེད་པ་ལྟ་བུར་འགྲིམ་སྐད། གཡུང་གི་མི་སྡེ་འབྱེད་པ་ནི་གཡུང་ངམ་ཁེང་ཞེས་པ་འབངས་ལས་བྱེད་ཀྱི་མིང་ཡིན་ལ་ཡང་ཁེང་ཞེས་པ་ཡང་བྲན་དང་ཉིང་གཡོག་གི་མིང་ཡིན་ནོ། །
དེ་ལ་ཡང་སྣུབས་རྗེ་སྲིས་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྫི་བདུན། ག་རོད་སྒ་མཁན་སོགས་མཁན་དྲུག །རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ། གདགས་སྤྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་ཡང་ཁེང་དང་ཉིང་ཁང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་ལ། ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་དཔྱ་བསྡུས་ནས་འབུལ་བས་འབངས་ལ་གཏོགས་སོ། །
སྟོད་ན་འབྲོ་སྨད་ན་མཆིམས་བར་ན་སྣ་ནམ་བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་ཏོ། །
དཔའ་བའི་སྡེ་གསུམ་ནི་རི་བྲང་སྟག་པ་གོང་ཡན་ཆད་མོན་འབྲལ་ཁ་བཞི་མན་ཆད་ན་འབྲོ་ཁྱུང་མགར་སྣུབས་གཉན་ཏེ་གུག་ཅོག་སྡེ་ལྔས་དཔོན་བྱས། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་ནུ་མ་གཡས་པ་མེ་བཙས་བསྲེགས་ནས་མདའ་པར་གསུམ་ལྡེའུ་ཁྱི་མགོ་ཙམ་རྡོ་ལེབ་ལ་ཅུར་འབྱིན་པ་འཕེན་པ་ལ་ཁ་བལྟས་ནས། དཔའ་མཚན་དུ་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་སྟེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་བའོ། །བར་གྱི་དཔའ་སྡེ་ནི་རི་པེ་ནམ་ལུང་ཡན་ཆད་ཆ་སྐོར་དར་བས་མན་ཆད་ཡུལ་དེ་ན་སྦས་རྒྱ་སྡེ་བཅུ་གཉིས་གནས་པས་ནགས་ཤོད་ཀྱི་དཔོན་བྱས་ཏེ་ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུག་པ་ལ་རྒོལ་བའི་ཚེ་དཔའ་མཚན་དུ་རལ་གྲི་ལ་རི་མོ་བྲིས་དུར་རྒྱགས་ལྟོར་ཟོས་ཚེ་སློག་རྒྱབ་ཏུ་གོན་སྟེ་མི་སྡུག་པའི་ཆས་སུ་བྱས་ན་རྒོལ་པས་ལྗང་བཏུལ་ལོ། །
སྨད་ཀྱི་དཔའ་སྡེ་ནི་རྨ་པོམ་ར་མན་ཆད་ཀ་ཐང་ཀླུ་ཚེས་ཡན་ཆད་ན་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གནས་པ་ལ། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་བསྒྲིགས་རྒྱུག་པའི་ནང་ནས་མི་༼ཇ༢༡ན༽མཁར་ཐུང་ཙམ་གྱིས་དགྲ་སྟའི་ཁ་ཁྲུ་རེ་ཙམ་པ་ཐོགས་པ་ལ་རྒོལ་པའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས་དཔའ་མཚན་དུ་རལ་གྲིའི་ཤུབས་བཅག་ཁ་ཆེམས་ཉེ་བ་ལ་ཕོག་བུ་སྨད་ཉེ་དྲུང་ལ་བཅོལ་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་པས་རྒྱ་ཐུལ་བས་སྨད་ཀྱི་དཔའ་སྡེའོ། །
གཞན་ཡང་དཔོན་བདུན་ལ་ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད་པ་ལ་རྔན་བགྲང་བ་མང་བས་རྔན་དཔོན་དུ་ཐོགས། ཕྲུ་དཔོན་གྱིས་འབྲི་མཛོ་ཕྲུ་མའི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོད་པས་དཔོན་བདུན་ནོ། །
གཞན་ཡང་བཀའ་གྲོས་ཆེན་པོ་དྲུག་ཡིག་ཚངས་དྲུག་བཀའི་ཕྱག་རྒྱ་དྲུག་རྐེན་དྲུག་དཔའ་མཚན་དྲུག་དེ་རྣམས་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་ཁོས་སུམ་བཅུ་རྩ་དྲུག་ཞེས་བྱ་སྟེ་རྗེའི་སྐུ་འཚོལ་ཞིང་ཞོ་ཤ་སླར་དབུལ། རྒོད་ཀྱི་གཉའ་མནན་ཞིང་ཡང་ཁེང་གི་རྒྱབ་བརྟེན་ཁེང་རྒོད་ཏུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས། སོ་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་བཅད། དགྲ་འདུལ་ཞིང་འབངས་བསྐྱང༌། དགེ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤང་བ་རྣམས་བཀའ་གྲོས་ཆེན་པོ་དྲུག་གོ །
ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། །དེ་ཡང་གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་མོ་གནང༌། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང༌། གཞན་ཡང་ཆོས་གྲའི་སློབ་དཔོན་སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན་མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ །སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག །གཡུལ་དུ་དཔའ་༼ཇ༢༡བ༽བ་ལ་ལྕགས་ཡིག །ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་སྐད།
ཕྱག་རྒྱ་དྲུག་ནི་བཀའ་བཏགས་ཀྱི་ཕྱག་རྒྱ་སྒྲོམ་བུ་ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན་ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར་ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང་དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག་མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་སུ་བཅད་ཏོ། །
རྐྱེན་དྲུག་ནི་དཔའ་བའི་རྐྱེན་དུ་གུང་དང་སྟག་སྡར་མའི་རྐྱེན་དུ་ཝ་ཞུ་ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། གཡུང་པོའི་རྐྱེན་དུ་ཐགས་དང་བོན། མཛངས་པའི་རྐྱེན་དུ་ཡིག་ཚངས། ངན་པའི་རྐྱེན་དུ་རྐུན་མའོ། །དཔའ་མཚན་དྲུག་ནི་སྟག་སྟོད་སྟག་སྨད་གཉིས་ཟེར་ཆེན་ཟེར་ཆུང་གཉིས་གམ་རས་སྟག་སློག་དང་དྲུག་གོ །
གཞན་ཡང་གུང་བློན་ཆེ་འབྲིང་ཆུང་གསུམ་ནང་བློན་གསུམ་བཀའ་ཡོ་གལ་འཆོས་པའི་མི་གསུམ་སྟེ་དགུ་པོ་ལ་བློན་པོ་ཆེ་དགུར་མཛད་སྟེ་གུང་བློན་གྱི་ལས་ཐབས་ཁྱོ་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད་ནང་བློན་གྱིས་བུད་མེད་མཛངས་མ་ལྟར་ནང་གི་ཆིས་བྱེད། བཀའ་ཡོ་གལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ་ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པས་གཅོད་པའོ། །
དེ་རྣམས་ཁྲི་རྩེ་འབུམ་བཞེར་ཞེས་བྱ་བ། །བཀའ་ཡི་ཁྲིམས་ཡིག་དྲུག་ལས་དང་པོ་ཡིན། །བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་སྲན་སོགས། །བཀའ་ལ་བཏགས་པ་ཁྲིམས་ཡིག་གཉིས་པ་སྟེ། །འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས། །གསུམ་པ་རྒྱལ་ཁམས་དཔེར་བླངས་ཁྲིམས་ཞེས་པ། །བྱ་བར་འོས་དང་མི་འོས་སྟོན་པ་སྟེ། །དགྲ་བཏུལ་རྒྱལ་ཁམས་བདེ་བར་མཛད། །ནང་གི་ཆིས་མཛད་འབངས་འཁོར་སྐྱོང༌། །ཕྱི་མར་ཕན་ཕྱིར་དམ་ཆོས་བྱ། །ཡ་རབས་རྒྱུ་རྐྱེན་ལྷ་ཆོས་ནི། །སྣོད་མིན་ཁེང་པོ་ལ་མི་བཤད། །གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ། །ནོར་དུ་མི་བཙོང་སྙིང་ལ་བཅང༌། །ངན་པ་བསྟོད་ན་གཉི་ག་ཕུང༌། །དེ་བས་ཁེང་པོ་རྗེར་མི་དབྱུང༌། །དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་ངར་བྱས་པའི་རུ་མ་མེད། །མཛངས་ལ་ཡིག་ཚངས་མ་བསྟོད་ན། །ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །༼ཇ༢༢ན༽སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ངན་ལ་ནན་ཏུར་མ་བྱས་ན། །ནམ་ཡང་དྲན་ཤེས་རེམ་མི་འགྱུར། །ཉེས་ལ་ཆད་པ་མ་བཅད་ན། །ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད། །ལུས་སྐྱེད་ཕ་མ་མནར་བ་ན། །འཕྲལ་ཕུགས་གཉིས་ཀར་ལ་ཡོགས་སྡིག །རང་གི་མཆན་གྱི་བུ་མནར་ན། །ཕྱི་རོལ་དགྲས་ཀྱང་ཞེ་ཁ་འབྱེད། །བཟའ་གྲོགས་མནར་ན་ཕྱི་ནང་གི །ཚུས་དང་སོ་ནམ་ཡལ་བར་འཆོར། །དེ་རྣམས་ལ་མཛད་པ་གསུམ་མི་མཛད་པ་གསུམ་བསྟོད་པ་གསུམ་དམད་པ་གསུམ་མི་མནར་བ་གསུམ་སྟེ་རྒྱལ་ཁྲིམས་བཅོ་ལྔར་གྲགས་ལ་གཡུལ་དུ་དཔའ་བ་ལ་དཔའ་མཚན་དྲུག་གིས་བསྟོད་སྡར་མ་ལ་ཝ་ཞུ་བཀོན་སྟེ་དམད་སྐད།
མི་ཆོས་ཆེན་པོ་གཙང་མ་བཅུ་དྲུག་དང༌། །ཁྱད་པར་མི་དགེ་བཅུ་སྤོང་བཀའ་ཁྲིམས་མཛོད། །དེ་ཡང་སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་དང་གསོན་སྟོང༌། མ་བྱིན་པར་མི་ལེན་པའི་ཁྲིམས་དཀོན་མཆོག་གི་ནོར་བརྐུས་ན་བརྒྱ་འཇལ་རྒྱལ་པོའི་ནོར་ལ་བརྒྱད་བཅུ་འཇལ་འབངས་ཀྱི་ནོར་ལ་བརྒྱད་འཇལ་དུ་བཅས། ལོག་པར་མི་གཡེམ་པའི་ཁྲིམས་སྨད་འཇལ་དང་བྱི་ཆད། བརྫུན་སྤོང་བའི་ཁྲིམས་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྤོབ་པ། ཆང་ལ་ཚོད་ཟིན་པ་སྟེ་ཆོས་ཀྱི་གཏན་ཁྲིམས་ལྔ་ལ་དཔེ་བྱས་པ་ལྔའི་སྟེང་དུ་ཁེང་མི་ལྡོག་པ་དང་བང་སོ་མི་འདྲུ་བ་བསྣན་པས་ཁྲིམས་ཆེན་དྲུག་གམ་བདུན་དུ་ཡང་གྲགས་ཅིང༌། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ་ཕ་ལ་ཕར་འཛིན་པ་དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ་རིགས་ཀྱི་རྒན་རབས་བཀུར་བ་བྱས་པ་དྲིན་དུ་གཟོ་བ་གཞན་ལ་ངན་གཡོ་སྤང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས།
གཞན་ཡང༌། དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད། །ཕ་དང་མ་ལ་དྲིན་གཟོ་བཀུར་སྟི་བྱ། །དྲིན་ཅན་ཡི་མི་གཅོད་ཅིང་བཟང་ལན་འཇལ། །མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན། །ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང༌། །ཆོས་དང་ཡི་གེར་བློ་འཇུག་དོན་ཤེས་བྱ། །རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ། །གཞན་ལ་བསམ་ངན་མི་བྱ་ཕན་པ་གདགས། །ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ། །ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛེམ་སྐྱེད། །༼ཇ༢༢བ༽སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ། །བྲེ་དང་སྲང་ལ་སོགས་ལ་གཡོ་ཟོལ་སྤང༌། །མ་བཅོལ་ལས་ལ་དོན་མེད་ཁ་གཏོགས་སྤང༌། །རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ། །མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན། །དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་ཏེ། །ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང༌། །ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ། །བོད་འབངས་ཐམས་ཅད་བཀོད་སྟེ་བདེ་ཞིང་སྐྱིད། །ཁྲིམས་ཡིག་གསུམ་ནི་བདེན་རྫུན་ཞལ་ལྕེ་སྟེ། །ཁ་དྲག་རྣམས་ལ་མ་སྐྱེངས་ཙམ་དུ་བཅད། །གཉི་གས་ལན་ལ་དབྱུག་པ་ཅན་བཞིན་དང༌། །གཉི་ག་བདེན་ལ་རིགས་གཉིས་པ་ལྟར་བཅད། །ཁ་དྲག་ཞན་གཉིས་རྩོད་ན་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པ་མ་སྐྱེངས་ཅིང་ཞན་པ་ཡི་མི་འཆད་པར་གཅོད་པ་མདོ་ལོན་ཞུ་ཆད་ཀྱི་ཁྲིམས་ཡིག་གཉི་གས་ལན་པ་ལ་བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏོད་ཏུ་ཕྱིན་པས་གླང་ཁྱིམ་བདག་གི་ར་བར་བཏང་སྟེ་ཅི་ཡང་མ་སྨྲས་པར་ལོག་ཁྱིམ་བདག་གིས་གླང་བསྐྱལ་བྱུང་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་ཏེ་སྟོར་བ་རྒྱལ་པོ་མེ་ལུང་གདོང་ལ་ཞལ་ལྕེ་ཞུས་པས་བྲམ་ཟེས་གླང་བཏང་ཡོད་ཏོ་ཞེས་མ་སྨྲས་པས་ལྕེ་ཆོད། ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་བྲེགས་ཞེས་ཞལ་ལྕེ་བཅད་པ་ལ་དཔེ་བྱས་ནས་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། གཉི་ག་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཆུར་ལྷུང་བ་ཉ་ཞིག་གིས་མིད་པ་རིའི་འོག་གི་གྲོང་ན་གནས་པའི་ཁྱིམ་བདག་གཞན་ཞིག་གི་གཡོག་གིས་ཉ་དེ་ཟིན་ནས་བཤས་པས་ཁྱེ་འུ་ཞིག་མ་ཤི་བར་བྱུང་བ་ཁྱིམ་བདག་དེས་བུར་གསོས་པ་ཁྱིམ་བདག་གོང་མས་ཐོས་ནས་རྩོད་སྟེ་རྒྱལ་པོ་ལ་ཞལ་ལྕེ་ཞུས་པས་གཉི་གས་ཁྱེ་འུ་རེ་མོས་སུ་གསོས་ལ་བུད་མེད་རེ་རེ་ལོང༌། བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཞིག་ཞེས་བྱུང་ནས་ཁྱེ་འུ་རིགས་གཉིས་པར་མིང་ཆགས། བུ་རེ་རེ་སོ་སོས་ཁྱེར་ཕྱིས་རབ་ཏུ་བྱུང་བས་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བླངས་ནས་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་དུ་གྲགས་སྐད། དེ་ལྟར་ཤར་རྩ་མི་ཤིང་མི་ལྷོ་ནས་ཀློ་དང་མོན་ནུབ་ནས་ཞང་ཞུང་དང་གྲུ་གུ་བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་༼ཇ༢༣ན༽པ་ཡིན་ནོ། །
རྒྱལ་པོའི་ཡི་དམ་གྱི་རྟེན་སྤྱན་འདྲེན་ཚུལ།
༄༅། །དེ་ལྟར་འདི་ཕྱི་ཀུན་དུ་ཕན་པ་ཡི། །བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། །རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛད། །ར་ལུག་བེའུ་ལ་སོགས་རང་ཡིན་གཏོང༌། །ལ་ལ་བཙས་བརྩིགས་ཆུ་ཆེན་གྲུ་ཡིས་བཅད། །རྗེ་ཡི་བཀའ་བཙན་འབངས་རྣམས་བདེ་ཞིང་སྐྱིད། །རྒྱལ་པོའི་ཆབ་སྲིད་དབྱར་གྱི་མཚོ་ལྟར་འཕེལ། །ཕོ་དཔའ་རྟག་མགྱོགས་ལོངས་སྤྱོད་ལྷ་དང་མཉམ། །བློ་གཏད་ཚོས་ལ་བྱས་པས་འདི་ཕྱིར་སྐྱིད། །ཐམས་ཅད་ཕ་མར་ཤེས་པས་འཐབ་རྩོད་མེད། །བྲི་ཀློག་དར་བས་མི་ཀུན་ཆོས་ལ་འཇུག །སྡིག་པའི་གྲོགས་མེད་དགེ་བཅུའི་ནོར་བུ་རྙེད། །སྤྲུལ་པའི་མཛད་པས་ཁྲལ་དང་འུ་ལག་མེད། །ཆར་ཆུ་དུས་འབབ་རྩི་བཅུད་འབྲུ་ཚོགས་འཕེལ། །ལྗོན་ཤིང་ཐམས་ཅད་ཡལ་ག་ལོ་འདབ་རྒྱས། །བྱ་རྣམས་བག་ཕེབས་སྙན་པའི་སྒྲ་དབྱངས་འབྱིན། །བོད་ཡུལ་མི་རྣམས་བདེ་སྐྱིད་ལྷ་དང་མཚུངས། །དེ་ཚེ་བཀྲ་ཤིས་ཉམས་དགའ་བྲག་ལྷའི་ཚལ། །ལྗོན་ཤིང་ཏར་ཀ་སྡོང་པོའི་གྲིབ་གསིལ་ལ། །ཆོས་ཀྱི་རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས། །དཔའ་མཛངས་འཕྲུལ་ལྡན་བློན་པོའི་ཚོགས་ཀྱིས་བསྐོར། །བོད་འབངས་སྐྱེ་བོ་རྒྱ་མཚོ་ལྟ་བུར་འཁྱིལ། །ཁ་དོག་སྣ་ཚོགས་བཀྲ་བ་འཇའ་ཡི་གུར། །རྒྱལ་པོ་བཞུགས་པའི་མཁའ་ལ་གདུགས་ལྟར་འཁྱིལ། །ལྷ་རྣམས་མེ་ཏོག་ཆར་པ་རབ་ཏུ་འབེབས། །རོ་བརྒྱ་ལྡན་པ་ལྷ་ཡི་ཞལ་ཟས་ཚོགས། །ན་མཁའི་མཛོད་བཞིན་ཟད་པ་མེད་པར་སྤྱོད། །འབག་དང་སེང་གེ་སྟག་གསེང་གཡག་གསེང་དང༌། །རྔ་བྲོ་བདུང་དང་ཟློས་གར་མཁན་ལ་སོགས། །སྐུ་ཡི་སྐྱོ་གསང་ཚོགས་ནི་བལྟར་མི་ལང༌། །ལྷ་ཡི་རྔ་ཆེན་ན་མཁའི་དབྱིངས་ནས་གྲག །པི་ཝང་གླིང་བུ་རོལ་མོའི་ཚོགས་ཀྱིས་མཆོད། །དྲི་ཞིམ་བདུག་སྤོས་སྤྲིན་གྱིས་བར་སྣང་གང༌། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་དང༌། །དར་འཕན་ཚོགས་ཀྱིས་ན་མཁའི་ཁྱོན་ཀུན་ཁྱབ། །ཡིད་འོང་མཛེས་པའི་ན་ཆུང་གཞོན་ནུ་རྣམས། །མཛེས་པའི་༼ཇ༢༣བ༽རྒྱན་ལྡན་མཆོད་རྫས་ཐོགས་པ་ཡི། །གླུ་དང་གར་གྱི་ཀུན་ནས་མཆོད་པར་བྱེད། །དགའ་བདེ་སྐྱིད་པའི་བཀའ་ཁྲིམས་དྲིལ་ཆེན་སྒྲོགས། །དམ་པའི་ཆོས་ཀྱི་རྔ་ཆེན་རབ་ཏུ་བརྡུང༌། །དེ་ཚེ་བློན་འབངས་རྣམས་ཀྱིས་རྒྱལ་པོ་ཡི། །ཡོན་ཏན་རྒྱ་མཚོ་མཐོང་བས་བསྟོད་ཅིང་བསྔགས། །སོ་སོར་དགའ་བདེའི་དགའ་སྟོན་བསམ་ལས་འདས། །བོད་ཡུལ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། །དགེ་བཅུའི་ཁྲིམས་ལ་མི་ཀུན་གནས་གྱུར་པས། །དམ་པའི་ཆོས་ཀྱི་སྣོད་ཏུ་གྱུར་པར་གཟིགས། །དེ་ལ་བོད་འབངས་བསོད་ནམས་གསོག་པ་དང༌། །བྱིན་གྱིས་རློབ་ཕྱིར་ཡི་དམ་རྟེན་ཞིག་བྱ། །དེ་རྒྱུ་ཅི་ལས་བྱ་ཞེས་དགོངས་པའི་ཚེ། །མཁའ་ལས་ལྷ་ཚོགས་རྣམས་ཀྱིས་ལུང་བསྟན་ཏེ། །ཙནྡན་སྤྲུལ་སྙིང་མཆོག་ལས་རང་བྱུང་བའི། །སྤྱན་རས་གཟིགས་དབང་སྤྱན་འདྲེན་བགྱིད་པར་བསྐུལ། །ཆོས་ཀྱི་རྒྱལ་པོས་སྨིན་མཚམས་མཛོད་སྤུ་ནས། །འོད་ཟེར་རྩེ་ལ་སྤྲུལ་པའི་དགེ་སློང་སྤྲུལ། །སིངྒྷའི་གླིང་དང་ཡུལ་དབུས་བལ་པོ་ནས། །ངོ་མཚར་རྟེན་མཆོག་རྣམ་མང་སྤྱན་དྲངས་གྱུར། །
དེ་ཡང་རྒྱལ་པོའི་དགོངས་པ་ལ་བོད་འབངས་འདུལ་ཕྱིར་གསོལ་བ་གདབ་པའི་རྟེན་ངའི་ཡི་དམ་ཞིག་བྱ་དགོས་པ་རྒྱུ་རིན་པོ་ཆེ་ལས་བྱས་ན་མ་འོངས་པ་མི་རྣམས་ལོངས་སྤྱོད་ཉམས་པའི་དུས་སུ་བཤིག་འགྲོ་ས་རྡོ་ལས་བྱས་ན་ངན་གྲགས། ཤིང་ལས་བྱས་ན་འགས་པས་ཅི་ལས་བྱ་དགོངས་ཚེ་གནས་གཙང་མའི་ལྷ་རྣམས་ཀྱིས་ནམ་མཁར་སྤྲིན་གྱི་དབུས་ནས་རྒྱལ་པོ་ལ་མཆོད་ནས་མགྲིན་གཅིག་དུ། སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས། །མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱི། །མོས་གུས་བསོད་ནམས་གསོག་པའི་རྟེན། །ཡི་དམ་ལྷ་ཞིག་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །སིངྒྷ་ལ་ཡི་རྒྱ་མཚོའི་འགྲམ། །རང་བྱུང་ཁཱརྶཔཱ་ཎའི་རྒྱབ། །གླང་ཆེན་ཉལ་བའི་བྱེ་མའི་འོག །ཙནྡན་སྤྲུལ་གྱི་སྙིང་པོ་ལས། །གྲུབ་པའི་རང་བྱུང་སྤྱན་རས་གཟིགས། །ངོ་མཚར་ཅན་ཞིག་དེ་ན་བཞུགས། །དེ་ནི་རྒྱལ་པོའི་ཡི་དམ་ཡིན། །ཞེས་ཟེར་རོ། །དེ་ལྟ་བུ་མིས་མི་རྙེད་པས་སྤྲུལ་པ་ཅིག་བཏང་བར་དགོངས་མ་ཐག་སྨིན་མཚམས་ནས་འོད་ཀྱི་རྩེ་ལ་སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཤཱི་ལ་ཞེས་པ་དབུ་གཙུག་ན་ཨ་མི་ཏཱ་བྷ་༼ཇ༢༤ན༽བཞུགས་པ་ཅིག་བྱུང་སྟེ་རྒྱལ་པོ་ཆེན་པོའི་དགོངས་པ་བདག་གིས་སྒྲུབ་བོ་ཞེས་གསུངས་ནས་འོད་ཟེར་དང་འགྲོགས་ནས་རྒྱ་གར་དུ་སོང་སྟེ་ཤར་ཕྱོགས་གྲོང་ཤིང་ཐམས་ཅན་དུ་སོང་སྟེ་ཨ་མི་ཏཱ་བྷའི་ཞལ་བསྟན་བྱམས་སྙིང་རྗེའི་ཆོས་བསྟན་ནས་སྨིན་པར་བྱས་པས་མདུན་དུ་ས་ལས་ཇོ་བོ་ཡི་གེ་དྲུག་མ་ཞིག་འབུར་གྱིས་རང་བྱུང་དུ་བྱུང་བས་ཡིག་དྲུག་འཁོར་ལོ་བསྐོར་བའི་སར་གྲགས། དེ་ནས་སིངྒྷ་ལའི་གླིང་ཕོ་བྲང་ཀེ་ཏུ་བྱ་བར་རྒྱལ་པོ་ཨུ་མ་ཏ་ཀེ་སར་ཞེས་པ་མེས་རྣམས་ནང་པའི་སྦྱིན་བདག་ཡིན་པ་ལ་དེས་ཕྱི་རོལ་པ་བྱས་ཏེ་ཆོས་བསྣུབས་གཙུག་ཁང་མང་པོ་བཤིག །མི་དགེ་བའི་ཁྲིམས་བཅས། རའི་རྐེ་བཅད་པའི་ཁྲག་གིས་དབང་ཕྱུག་མཆོད་པ་ཅིག་འདུག་པ་འདུལ་བའི་ཕྱིར་དེའི་ཕོ་བྲང་གི་དྲུང་ན་མཆོད་རྟེན་པདྨའི་འཁོར་ལོ་ཅན་བྱ་བ་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པ་ཅིག་ཡོད་པའི་བུམ་པའི་ཐད་ཀྱི་མཁའ་ལ་སྐོར་བ་མཛད་པ་རྒྱལ་པོས་མཐོང་བས་དད་སྟེ་ཅི་གསུང་ཉན་པར་ཁས་བླངས་ནས་མཆོད་གནས་སུ་སྤྱན་དྲངས། རྒྱལ་པོས་དགེ་སློང་ལ་མེ་ཏོག་གཏོར་བས་དབུའི་ན་མཁའ་ལ་གཞལ་ཡས་ཁང་དུ་ཆགས། ལྷག་པར་དད་པས་མཆོད་གནས་སུ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་སླར་སངས་རྒྱས་པ་གྱིས་ལྷ་ཁང་བརྒྱ་རྩ་བརྒྱད་ཏུ་སྤྲུལ་སྙིང་དང་གོརྴཱི་ཥ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱ་རྩ་བརྒྱད་གྱིས། དགེ་བཅུའི་ཁྲིམས་ཆོད་ཅིག་གསུངས་པས་གཞན་བཀའ་བཞིན་བགྱིད། ཙནྡན་སྤྲུལ་སྙིང་འོག་མིན་ལས་གཞན་ན་མེད་ཅིང་གོརྴཱི་ཥ་མ་ལ་ཡ་དུག་སྦྲུལ་གྱིས་གཏགས་པ་ལས་གཞན་ན་མེད་པས་བླང་མི་ནུས་ཟེར། དགེ་སློང་གིས་སྦྲུལ་གྱི་སྙིང་པོ་རྒྱ་མཚོའི་འགྲམ་ན་ཡོད། གོརྴཱི་ཥ་པོ་ན་ལའི་བྱང་ཕྱོགས་ཤུག་པའི་གསེང་ན་ཚེས་བཅོ་ལྔའི་མཚན་མོ་མེ་ཏོག་དམར་པུང་གིས་འཆར་བ་དེ་ཡིན་ནོ། །དེ་ཡང་དོན་ཆེན་པོ་འགྲུབ་པ་ལ་བསོད་ནམས་དགོས། དེ་ལ་ཚོགས་བསག་དགོས་པས་ཐོག་མར་མཆོད་རྟེན་པདྨའི་འཁོར་ལོ་ཅན་ལ་མཆོད་པ་གྱིས་ཤིག་གསུངས་ནས་མཆོད་པ་ཆེར་བྱས། རྒྱལ་པོ་འཁོར་བཅས་ཁྲིད་སྟེ་རྒྱ་མཚོའི་འགྲམ་བྱེ་མའི་གླིང་ན་ཁཱརྶ་པཱ་ཎི་རང་བྱུང་ཆེ་བ་ཞིག་བཞུགས་པའི་རྒྱབ་ན་གླང་པོ་ཆེའི་ཁྱུ་ཞིག་ཉལ་འདུག་པའི་དབུས་ན་གླང་པོ་ཆེ་ཤིན་དུ་ཆེ་བ་མཆེ་བ་དྲུག་པ་སྣ་ལི་ཁྲི་ལྟར་དམར་ཞིང་གི་ཝང་གི་ཟར་བུ་འཛག་པ་འདིའི་འོག་ན་ཡོད་ཀྱིས་རྐོས་ཅིག་གསུངས་སྐད། གླང་པོ་ཆེ་བརྐོགས་ནས་བསྐོས་པ་ཙནྡན་སྦྲུལ་སྙིང་གི་སྡོང་པོ་ཆེན་པོ་ཅིག་བྱུང༌། དེ་ལ་བུ་ག་གཉིས་སམ་༼ཇ༢༤བ༽སྲུབས་བཞིར་འདུག་པ་ལས་དྲི་བསུང་དང་འོད་ཟེར་མཐའ་ཡས་པ་བྱུང་ནས་དྲི་བསུང་གིས་དཔག་ཚད་བཅུ་གཉིས་སུ་ཁྱབ་ཅིང་འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་ཁྱབ་པ་སླར་འདུས་ཏེ་ཐིམ་པ་རང་དལ་བུས་ཆོད་ཅིག་ཞེས་ནང་ནས་སྒྲ་བྱུང་ངོ༌། །དལ་བུས་བཅད་ཅིང་གཤགས་པས་ནང་ནས་ཙནྡན་དེ་ཉིད་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་རྩ་ཕྱག་བཅུ་པ་འོད་དང་ལྡན་པ་སྣུམ་ལྷང་ངེ་བ་ཞིག་བྱུང་སྐད། རྒྱལ་པོས་ཙནྡན་མི་ཡུལ་འདིར་འབྱུང་བ་ཅི་ཙུག་ཡིན་ཞུས་པ་སྔོན་སངས་རྒྱས་འཁོར་བ་འཇིག་ཀླུའི་ཡུལ་ན་ཆོས་སྟོན་ཚེ་འོག་མིན་གྱི་རིག་འཛིན་མང་པོས་མཆོད་པ་བྱེད་ཏུ་འོངས་པས་ལམ་ཁར་རང་བྱུང་ཁཱརྶ་པཱ་ཎ་ལ་མཆོད་པའི་ཕྱིར་ཙནྡན་སྦྲུལ་སྙིང་གི་མེ་ཏོག་ཞིག་ཕུལ། དེ་སར་ལྷུང་པའི་སྟེང་དུ་ཕྲ་མེན་མས་ཁཱརྶ་པཱ་ཎིའི་ཕྱག་གི་བདུད་རྩི་ལ་སུས་ཐོབ་བྱས་པ་ནས་ཐིགས་པ་གཅིག་ཕོག་པས་དེའི་ཚེ་མྱུ་གུ་སྐྱེས། སངས་རྒྱས་གསེར་ཐུབ་བྱོན་ཚེ་ལོ་འདབ་རྒྱས། འོད་སྲུང་བྱོན་ཚེ་མེ་ཏོག་ཤར། སངས་རྒྱས་ཐུབ་པ་བྱོན་ཚེ་འབྲས་བུ་སྨིན། མྱ་ངན་ལས་འདས་ཚེ་རྩ་བ་འགྱེལ་ནས་བྱེ་མར་ནུབ་པ་ཡིན་ལ་གླང་པོ་ཆེ་ཚད་པས་འཇིགས་པས་ཙནྡན་ཡོད་སར་ཉལ་བ་ཡིན་གསུང༌། ཀ་བཀོལ་མར་འདི་ལྟར་བཤད་ལ་གཞན་དུ་འཁོར་བ་འཇིག་གི་ཉན་ཐོས་དགྲ་བཅོམ་པ་ཅིག་གིས་འོག་མིན་ནས་ཙནྡན་གྱི་འབྲུ་གང་བུ་ཞིག་ཁྱེར་བ་ན་འབྲུ་བཞི་འདུག་པའི་གསུམ་སངས་རྒྱས་དང་གཅིགཁཱརྶ་པཱ་ཎིའི་དབུ་ཐོག་དུ་བཞག་པ་ལས་བྱུང་ཞེས་ཀྱང་སྣང༌། གླང་པོ་ཆེའི་གཙོ་བོ་དེ་ཁྲོས་པས་སྨོན་ལམ་ལོག་པར་བཏབ་པས་ཕྱིས་གླང་དར་བྱུང་བར་གྲགས། པོ་ཊ་ལ་ནས་གོརྴཱི་ཥ་ཡང་བླངས་ཅིང་ལྷ་ཁང་བརྒྱ་རྩ་བརྒྱད་ཏུ་སྐུ་རྣམས་བཞེངས། ཡུལ་ཁམས་དེ་ཆོས་ལ་བཀོད་ནས་དགེ་སློང་གིས་དེར་སྤྲུལ་པ་ཅིག་བཞག་སྟེ་རང་བྱུང་བཅུ་གཅིག་ཞལ་དང་ཙནྡན་གཉིས་ཀྱི་ཚལ་པ་རེ་བསྣམས། རྒྱ་མཚོའི་གླིང་གི་བྱེ་མ་དང་འཇག་མ་ཐམས་ཅད་རིན་པོ་ཆེའི་སྦུ་གུ་ཅན་དེའི་སྟེང་ན་ལྷ་མོ་འབུམ་འབུམ་ཆོས་ལ་སྤྱོད་པ་སྤྲུལ་སྐུ་དངོས་དང་འདྲ་བར་མཁྱེན་ནས་བྱེ་མ་བྲེ་གང་དང་འཇག་མ་ཕོན་གཅིག་བསྣམས། མཆོད་རྟེན་པདྨའི་འཁོར་ལོ་ཅན་གྱི་ནང་ནས་སངས་རྒྱས་རབས་བདུན་ནས་གསུམ་གྱི་གདུང་མཁའ་འགྲོ་མའི་སྐལ་བ་རྣམས་སྦས་ཏེ་རྒྱ་རིམ་པ་བདུན་གྱིས་བཏབ་པ་སུས་ཀྱང་མི་རྙེད་པར་བྱས་པ་མཁྱེན་ནས་རྒྱ་བཀྲོལ། གསེར་གྱི་བང་མིག་བདུན་༼ཇ༢༥ན༽ནམ་གསུམ་ཁ་ཕྱེ་སྟེ་རིན་པོ་ཆེའི་སྒྲོམ་བུ་སོ་སོ་ནས་གདུང་ཁྱོར་བ་རེ་རེ་སྤྱན་དྲངས་ཏེ་ལྷག་མ་སྔར་བཞིན་རྒྱས་བཏབ། དེ་ནས་རྒྱ་གར་གྱི་ཡུལ་དབུས་མ་ག་དྷར་བྱོན་པས་རྒྱལ་པོ་དད་སྟེ་བསུས་ཅིང་རྒྱལ་པོའི་ལྷ་གཅིག་གཉིས་ཀྱིས་གླུ་གར་གྱི་བསུས། བྱང་ཆུབ་ཤིང་ལ་སྤྱང་མོ་ཉུག་བྱས་པས་ཡལ་ག་མེ་ཏོག་ཅན་ཆག་སྟེ་ཕུལ་བ་དེའི་མེ་ཏོག་གི་ཕྲེང་བ་བསྣམས། ཡལ་ག་དེ་ལ་མཆོད་སྡོང་རེ་རེ་བྱས་པས་སངས་རྒྱས་ཀྱི་གདུང་སོ་སོ་བཞུགས། བྱང་ཆུབ་ཤིང་གི་རྩེ་མོ་ནས་འདོམ་གང་བ་ཅིག་ཀྱང་བསྣམས། གནས་ཆེན་པོ་བརྒྱད་ཀྱི་སྙིང་པོའི་བྱེ་མ་འབྲུ་རེའི་སྟེང་ན་སྤྲུལ་སྐུ་འཁོར་རྒྱ་མཚོ་དང་བཅས་པ་རེ་བཞུགས་པ་སྤྲུལ་པའི་སྐུ་དངོས་དང་འདྲ་བར་གཟིགས་ཏེ་བྱེ་མ་བྲེ་བརྒྱད་ཀྱང་བསྣམས། ཆུ་བོ་ནཻ་རཉྫ་རའི་འགྲམ་བདེ་བར་གཤེགས་པས་ལྷུང་བཟེད་ཀྱིས་ཆུ་གསོལ་བའི་ས་ན་བྱང་ཆུབ་སེམས་དཔའ་འབུམ་བཞུགས་པར་གཟིགས་ཏེ་དེའི་བྱེ་མ་བྲེ་གང་ཡང་སྤྱན་དྲངས། དེ་ལྟར་མཆོད་གནས་ངོ་མཚར་ཅན་བཅུ་སྤྱན་དྲངས་ཏེ་རྒྱལ་པོའི་ཕྱག་དུ་ཕུལ་བས་ད་ནི་གཞན་དོན་ཇི་ལྟར་བསམ་པ་བཞིན་འགྲུབ་བོ་ཞེས་དགོངས་ཏེ་ཤིན་དུ་མཉེས་ཏེ་མཆོད་པ་རྒྱ་ཆེན་པོ་མཛད་པ་ན་རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་ཏེ་བལ་པོའི་ཡུལ་དུ་སོང་བ་ལ་གཟིགས་པས་ནགས་ཚལ་ཆེན་པོའི་དབུས་ཙནྡན་གྱི་སྡོང་པོའི་ནང་ན་ཐུགས་རྗེ་ཆེན་པོ་མཆེད་ལྔ་བཞུགས་པར་གཟིགས་ཏེ་སྤྲུལ་པའི་དགེ་སློང་དེ་བཏང་བས་གྲོང་ཁྱེར་ཆེན་པོ་བཞི་ན་ཡམས་ནད་དང་འཛེ་ནད་དང་སྟེན་གདོན་དང་གདོན་དྲག་པོས་བློ་བུར་དུ་འཆི་བའི་འཇིགས་པ་སོ་སོ་ཡོད་པར་གཟིགས། མ་ཧེ་མོ་ཞིག་ཉིན་རེ་བཞིན་ནགས་ཚལ་དེར་ཕྱིན་ནས་འོ་མ་ཟད་པར་བྱས་ནས་འོང་བ་རྫི་བོས་རྗེས་བསྙེགས་པས་ཙནྡན་གྱི་སྡོང་པོ་འོད་ཟེར་འཕྲོ་བ་ཞིག་ལ་སྐོར་བ་བྱེད་ཅིང་འོ་མ་གཏོར་བས་ལམ་ཡང་འོ་མའི་དྲེག་པས་ཁེབས་ཏེ་འདུག་པ་ངོ་མཚར་དུ་བཟུང་ནས་གདའ་སྐད། སྤྲུལ་པའི་དགེ་སློང་གིས་ཙནྡན་དེ་བཅད་པས་གནས་ལྔ་ནས་འོད་ཟེར་ཆེན་པོ་བྱུང་སྟེ་མ་སྣང་བར་དལ་བུས་ཆོད་ལ་དང་པོས་ང་མང་ཡུལ་གྱི་རོང་དུ་ཞོག་ཅིག་བྱ་བ་སོགས་སོ་སོར་གསུང་བྱུང་སྟེ་
ཙནྡན་བཀས་པའི་ནང་ནས་ཐུགས་རྗེ་ཆེན་པོ་གཞེངས་པ་གཡས་མཆོག་སྦྱིན་མཛད་པ་ལྔ་བྱུང་སྟེ་གནས་སོ་སོར་བཞག་པས་འཕགས་པ་ཝ་ཏི་དང་ཨུ་ཁང་⁽13da⁾་ཀཾ་འཇའ་མ་ལི་དཀར་པོ་ཞེས་གྲགས་ཏེ་དུས་མིན་དུ་འཆི་༼ཇ༢༥བ༽བའི་འཇིགས་པ་དེ་རྣམས་ཞི་བར་གྱུར་ཏེ་དེང་སང་གི་བར་བཞུགས། ལྔ་པ་དེས་ང་ནི་བོད་ཀྱི་རྒྱལ་པོའི་ཡི་དམ་དུ་འགྲོའི་ཞེས་གསུངས་ནས་སྤྱན་དྲངས་ཏེ་རྒྱལ་པོ་ལ་ཕུལ་ནས་སྤྲུལ་པའི་དགེ་སློང་ཡང་རྒྱལ་པོའི་སྨིན་མཚམས་སུ་ཐིམ་པར་གྱུར་ཏོ། །
བལ་བཟའ་ཁྲི་བཙུན་དང་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐོར།
༄༅། །སྟོན་པའི་དགུང་ལོ་བརྒྱད་དང་བཅུ་གཉིས་པའི། །སྐུ་ཚད་གར་བཞུགས་ཐེག་ཆེན་དར་བའི་ཕྱིར། །དེ་དག་བོད་ཀྱི་ཡུལ་དུ་སྤྱན་འདྲེན་སླད། །རང་བྱུང་རྟེན་ལ་མཆོག་ཅིང་གསོལ་བཏབ་ཚེ། །ཐུགས་ཀ་ནས་ནི་འོད་ཟེར་རྣམ་གཉིས་བྱུང༌། །རྒྱ་ནག་དང་ནི་བལ་པོའི་ཡུལ་དུ་སོང༌། །སྤྲུལ་པའི་ལྷ་གཅིག་རྣམ་གཉིས་བཞུགས་པར་གཟིགས། །དེ་གཉིས་ཁབ་ཏུ་བཞེས་ན་སྐུ་གཟུགས་གཉིས། །དམ་ཆོས་དང་བཅས་སྤྱན་འདྲེན་ནུས་པར་དགོངས། །ནང་པར་བློན་འབངས་ཕྱག་བྱེད་བསྙུན་རྨེད་ཚེ། །བརྣལ་བའི་གཡར་ལམ་སྐད་ཏུ་ཟུར་གྱིས་བསྟན། །བློན་པོའི་མཆོག་རྣམས་བློ་གྲོས་གཅིག་དུ་མཐུན། །བསླང་ཐབས་ཇི་ལྟར་བགྱི་བ་གསོལ་བའི་ཚེ། །ཐོག་མར་བལ་པོའི་ལྷ་གཅིག་སྤྱན་འདྲེན་ཕྱིར། །ཐོན་མི་མགར་སོགས་བློན་པོའི་མཆོག་བརྒྱ་ལ། །རིན་དང་བཀའ་ཡི་སྒྲོམ་བུ་རྣམ་གསུམ་བསྐུར། །ཁྲོ་གཉེར་ཅན་ལ་གསོལ་བ་འདེབས་ཅིང་སོང༌། །ཁྱོད་ཀྱི་འདོད་དོན་འགྲུབ་པར་འགྱུར་རོ་གསུངས། །བལ་པོའི་རྗེ་ལ་སྐྱེས་དང་རིན་ཕུལ་ནས། །ལྷ་གཅིག་སློངས་པས་བཀའ་འཕྲིན་གསུམ་གསུངས་པའི། །ལན་དུ་བཀའ་ཡི་སྒྲོམ་བུ་རེ་རེ་བྱིན། །མངོན་ཤེས་ཐོགས་མེད་རྫུ་འཕྲུལ་མཐའ་ཡས་པར། །ཤེས་པས་འཇིགས་དང་དད་པ་དུས་གཅིག་གྱུར། །སྟོན་པའི་དགུང་ལོ་བརྒྱད་པའི་སྐུ་ཚད་དང༌། །བྱམས་པ་ཆོས་འཁོར་ཙནྡན་སྒྲོལ་མ་དང༌། །བཻཌཱུརྻ་ཡི་ལྷུང་བཟེད་ལ་སོགས་པ། །གཞལ་དུ་མེད་པའི་སྐལ་རྫོངས་དང་བཅས་པ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་མཆོད་ཕྱིར་ཕུལ། །བོད་ཏུ་ཕེབས་ཏེ་དགའ་སྟོན་རྒྱལ་སར་མཇལ། །བཙུན་མོའི་དམ་པ་མཆོག་དུ་མངའ་དབང་བསྐུར། །
དེ་ཡང་རྒྱལ་པོའི་དགོངས་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚད་༼ཇ༢༦ན༽གསུམ་པོ་གར་བཞུགས་པར་བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་དར་བ་ཡིན་ལ་སོ་ལྔ་པའི་སྐུ་ཚད་སྤྱན་མི་འདྲོངས་ཀྱང་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སྤྱན་དྲང་དགོས་དགོངས་ཏེ་རྟེན་རང་བྱུང་ལ་གསོལ་བ་བཏབ་པས་ཐུགས་ཀ་ནས་འོད་ཟེར་སྒྲ་དང་བཅས་པ་བྱུང་སྟེ་བོད་ཀྱི་སེམས་ཅན་རྣམས་སྤྲེའུ་དང་བྲག་སྲིན་ལས་མཆེད་པས་འདུལ་དཀའ་བས་སྤྲུལ་སྐུ་གཉིས་སྤྱན་དྲངས་ལ་འདུལ་དགོས་ཞེས་པའི་སྒྲ་བྱུང༌། ཡང་སྤྲུལ་སྐུ་གང་ནས་སྤྱན་འདྲེན་ཞེས་ཞུས་པས་ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་བ་བལ་པོ་དང་རྒྱ་ནག་དུ་རེ་རེ་སོང་སྟེ་སྤྲུལ་པའི་ལྷ་མོ་རེ་བཞུགས་པར་གཟིགས་ཏེ་དེ་གཉིས་སྤྱན་དྲངས་ན་སྐུ་ཚད་གཉིས་དང་རྒྱ་བལ་གྱི་ཆོས་ཐམས་ཅད་བོད་ཏུ་འབྱོན་པར་མཁྱེན་ནས་ནང་པར་བློན་པོ་རྣམས་ཕྱག་འབུལ་དུ་འོངས་ནས་བཀའ་མཆིད་མཛད་པའི་ཚེ་ཡེངས་མ་གཏམ་དུ་རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་བལ་པོའི་ཡུལ་ན་བུ་མོ་དཀར་མོ་སྙིང་དུ་སྡུག་པ་ཅིག་དང་ཤར་རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་ཡིད་ཏུ་འོང་བ་ཞིག་འདུག་པ་ལ་རྨིས་གསུངས་པ་དང༌། གཡས་ནས་མགར་སྟོང་བཙན་ཡུལ་སྲུང་དང་གཡོན་ནས་ཐོན་མི་སམྦྷོ་ཊ་མི་ཆུང་གཉིས་འབྲས་ཆང་བཻཌཱུརྻའི་ཕོར་པ་རེ་རྒྱལ་པོ་ལ་སྟོབ་ཅིང་མནལ་ལམ་དེ་སུ་ལ་ཡང་མི་གསུང་བར་ཞུ། དེ་གཉིས་ངེད་རྣམས་ཀྱིས་ཁབ་ཏུ་བསུའོ་ཞེས་ཟེར་ནས་སོང་སྟེ་དེ་ཁབ་ཏུ་བསུའམ་ཞེས་གླེངས་པས་གྲོང་ཁྱེར་བདུན་ནས་གཙོ་བོ་མི་བདུན་ལ་གྲོས་འདྲི་བར་ཁ་འཆམ་སྟེ་ནང་པར་འཚོག་རྐྱེན་རེ་ཁྱེར་ལ་འོ་ཐང་གི་མཚོ་འགྲམ་ནེ་སིང་དང་གླ་བའི་ཚལ་ཏར་ཁ་སྡོང་པོའི་རྩར་འདུས་ཅིག་ཅེས་བྱས་ཏེ་བློན་པོ་རྣམས་དང་གཙོ་བོ་མི་བདུན་ཚོགས་པའི་མི་བདུན་གྱི་འཚོག་ཆས་བསྡུས་པས་ཤ་ཁོག་མ་ཉམས་པ་གཅིག་དུ་འགྲིག་སྟེ་ཐོན་མི་ན་རེ་འདུན་མ་འདུན་རྐྱེན་གྱིས་བཅད་པ་བྱ་བ་ཤིན་དུ་བཀྲ་ཤིས་ཅི་བསམ་འགྲུབ་པས་འདུན་མ་རྒྱ་མ་ཆུང་ཞིག་ཅེས་ཟེར།
མགར་གྱིས་རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་མཆོག་གཉིས་ཡོད་པར་འདུག་པ་རྗེའི་བཙུན་མོར་བསུའམ་ཞེས་བགྲོས་པས་ལེགས་དེར་གྱིས་བྱུང༌། སློང་བའི་ཐབས་དྲིས་པས་རྒྱལ་པོ་ཉིད་ཐུགས་ཟབ་ལ་རྒྱ་ཆེ་གཞན་གྱིས་ཁོང་དུ་མི་ཆུད་པས་རྒྱལ་པོ་ཉིད་ལ་ཞུ་བར་ཁ་འཆམ། བློན་པོ་རྣམས་ཀྱིས་ཕྱིན་ཏེ་མགར་གྱིས་ཇི་ལྟར་སྤྱན་དྲང་ཞུས་པས་༼ཇ༢༦བ༽ཐོན་མིས་སྣ་དྲངས་པའི་བློན་པོ་རྟ་པ་བརྒྱ་སྟོན་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་ལྡན་པ་ལ་ཕོ་བྲང་དམར་པོ་རི་ལ་ཉི་མ་ཤར་བ་དང་སོང༌། ལམ་ཐམས་ཅད་ཏུ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ། བལ་རྗེ་ལ་ཕྱག་རྟེན་དུ་གསེར་གྱི་དོང་རྩེ་སྟོང༌། ཞུ་རྟེན་གསེར་ཕྱེ་བྲེ་གང༌། རིན་དུ་མིའི་རིན་པོ་ཆེ་ལ་ལྷའི་རིན་པོ་ཆེའི་ཕྲ་བཏབ་པའི་དྲ་བ་གཅིག་རྣམས་ཁྱེར། རྒྱལ་པོ་དེ་བཀའ་ལུང་མི་འདྲ་བ་གསུམ་བསྟུད་མར་འོང་གིས་དེའི་ལན་དུ་སྒྲོམ་བུ་འདི་རྣམས་གོ་རིམ་མ་ནོར་བར་གཏོད་ཅིག་གསུང་སྐད། བློན་པོ་རྣམས་ཀྱིས་དེ་ལྟར་དུ་ཕྱིན་ཏེ་ཕྱག་རྟེན་ཕུལ་ནས་ཕྱག་བྱས། ཞུ་རྟེན་མདུན་དུ་བཞག །རིན་པོ་ཆེའི་དྲ་བ་སྐུ་ལ་གསོལ་ཏེ་ངེད་བོད་ཡུལ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཅིག་བཞུགས་པའི་བློན་པོ་ཡིན། ཁྱེད་ཀྱི་སྲས་མོ་ལྷ་གཅིག་ཁྲི་བཙུན་དེ་ངེད་ཀྱི་རྒྱལ་པོའི་བཙུན་མོར་ཞུའོ་བྱས་པས་རྒྱལ་པོ་ཡུན་རིང་དུ་མིག་བཙུམ་ནས་མ་ཕྱེ། ཅི་ཞིག་ནས་བོད་ཐ་མཁོབ་ཀྱི་རྒྱལ་པོ་ངའི་གཉེན་ཟླར་མི་འོས། ང་སངས་རྒྱས་འོད་སྲུང་གི་དུས་ནས་དམ་པའི་ཆོས་རྒྱུན་མ་ཆད་སྐུ་གསུང་ཐུགས་ཀྱི་རྟེན་ཡོད། ཁྱེད་ལ་དེ་ལྟ་མེད། འོན་ཀྱང་ཐག་རིང་པོ་ནས་འོངས་ཏེ་འདུག་པས་བོད་ཀྱི་རྒྱལ་པོས་དཀོན་མཆོག་གསུམ་གྱི་རྟེན་བཞེང་ནུས་སམ་དེ་ནུས་ན་སྟེར་བས་དེ་དྲིས་ལ་ཤོག་ཟེར་བས་མགར་གྱིས་འཕྲིན་རེའི་བར་དུ་བོད་བལ་དུ་ཕར་ཚུར་འགྲོ་དགོས་ན་ལྷ་གཅིག་སྤྱན་མི་འདྲོངས། དེའི་ལན་དུ་སྒྲོམ་བུ་དང་པོ་འདི་བསྐུར་བ་གཟིགས་ཤིག་བྱས་ནས་གསེར་གྱི་སྒྲོམ་བུ་གཏད་པས་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བལ་པོའི་ཡི་གེར་བྱུང་སྟེ།
ཐ་མཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བལ་པོའི་རྒྱལ་པོ་ལ་བཀའ་བསྩལ་པ། ཁྱོད་ལྷོ་བལ་ན་ཆོས་ཡོད། ང་ལ་ཆོས་དང་མཆོད་གནས་མེད་སྟེ་དེ་ལ་དགའ་བས་ལྷ་གཅིག་སྟེར་ན་ངས་ཉིན་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་ཏེ་སྒོ་ཐམས་ཅད་བལ་པོའི་ཡུལ་དུ་བསྟན་ལ་བཞག་གིས་དེ་ངོ་མཚར་མི་ཆེའམ་བྱ་བ་བྱུང༌། ཡང་བལ་རྗེ་ན་རེ་དགེ་བཅུའི་ཁྲིམས་འཆའ་ནུས་ན་བྱིན་གྱིས་དེ་དྲིས་ལ་ཤོག་ཟེར་བ་ལ་དངུལ་གྱི་སྒྲོམ་བུ་གཏད་པས། དེ་ལྟ་ན་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ཉིན་གཅིག་ལ་དགེ་བཅུའི་ཁྲིམས་འཆའ་ཡི། ཟེར་བ་བྱུང་བ་ཅུང་ཟད་སྐྲག་སྟེ་སྟེར་བར་སེམས་ཀྱིས་བསམས་ཀྱང་ད་དུང་སྒམ་པའི་༼ཇ༢༧ན༽ཕྱིར། བོད་རྒྱལ་ཁ་ཚོ་ཆེ་བར་འདུག་སྟེ་ང་སངས་རྒྱས་འོད་སྲུང་ཚུན་ནས་ཐབ་དུ་བ་མ་ཆད་པའི་ལོངས་སྤྱོད་ཡོད་པ་ཡིན། འདོད་ཡོན་གྱི་ལོངས་སྤྱོད་ང་དང་མཉམ་པ་བྱེད་ནུས་ན་སྟེར་བས་དྲིས་ཤོག་ཟེར་བ་ལ་ཟངས་ཀྱི་སྒྲོམ་བུ་གཏད་པས། ངས་སྤྲུལ་པ་ལྔ་སྟོང་གིས་སྒོ་ལྔའི་ཡུལ་རེ་རེར་གཟུགས་དྲི་རོ་རེག་བྱ་མི་འདྲ་བ་སྟོང་སྟོང་ལ་སྤྱོད་ཏུ་ཡོད་པར་བྱ། རིན་པོ་ཆེའི་ཁུང་ཐམས་ཅད་ཁ་ཕྱེ། ཕྱོགས་ཀྱི་ལས་སྒོ་རྣམས་ཕྱེ་སྟེ་ཁྱེད་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ཁམས་ལ་རག་ལུས་པར་བྱའི་དེ་ངོ་མི་མཚར་རམ། དེས་ཀྱང་མི་སྟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་བལ་ཡུལ་བརླག་པར་བྱས་ཏེ་ལྷ་གཅིག་འཁྱེར་རོ་ཞེས་བྱུང་བས་ཤིན་དུ་སྐྲག་ཅིང་སྤྲུལ་པའི་རྒྱལ་པོར་ཡང་ཤེས་པས་ཅུང་ཟད་དད་པར་ཡང་གྱུར་ཏེ་སྦྱིན་པར་ཞལ་གྱིས་བཞེས་སོ། །
དེ་ནས་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་ཁྱོད་བོད་ཀྱི་རྒྱལ་པོའི་བཙུན་མོར་འགྲོ་དགོས་གསུངས་པས་ལྷ་གཅིག་ན་རེ་ཡབ་ཀྱི་བཀའ་མི་ཆོགས་པས་འགྲོ་དགོས་ན། བོད་ཀྱི་རྒྱལ་པོ་དེ་དད་པ་ཅན་ཞིག་ཡོད་པར་འདུག་ཀྱང་མཆོད་གནས་ཀྱི་རྟེན་ཙམ་མེད་ཟེར་བས་མཆོད་གནས་སུ་ཇོ་བོ་མི་སྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡ་གྱི་སྒྲོལ་མ་རང་བྱུང་དང་གསུམ་པོ་སྐུར་ཞིག །བོད་ཡུལ་ལོངས་སྤྱོད་ཆུང་ཟེར་བས་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་ཡང་སྐུར་ཞིག །ཞེས་ཞུས་སོ། །ཡབ་རྒྱལ་པོས་ཀྱང་ཞལ་གྱིས་བཞེས་ཏེ་སྐུ་ངོ་མཚར་ཅན་གསུམ། རིན་པོ་ཆེ་སྟག་ཤ་དེ་ཝ་རཏྣ་དེ་ཝ་བཻཌཱུརྻའི་ལྷུང་བཟེད་རྣམས་དང་རིན་པོ་ཆེ་གཞན་གླང་པོ་ཆེའི་རྒྱབ་ཁལ་བདུན་རྣམས་གནང༌། བོད་བློན་རྣམས་ལ་དགའ་སྟོན་ཆེར་མཛད། བསླབ་བྱ་སྙིང་གཏམ་དུ་བསྙད་ནས་གླང་པོ་ཆེ་མཆོག་ཞིག་གི་ཟེ་བར་ལྷ་གཅིག་གིས་ཙནྡ་གྱི་སྒྲོལ་མ་རང་བྱུང་ཕྱག་དུ་བསྣམས། རྟེན་གཞན་གཉིས་གླང་པོ་ཆེའི་རྒྱབ་ཏུ་གསིལ་ཁང་ལ་སྤྱན་དྲངས། རིན་པོ་ཆེ་གླང་རྒྱབ་བདུན་དང་བཅས་ཏེ་རྒྱལ་བློན་རྣམས་ཀྱིས་བལ་ཡུལ་དང་མང་ཡུལ་གྱི་བར་ལྗོན་ཤིང་གི་ཚལ་ཡངས་པའི་བར་དུ་བསྐྱལ་ནས་བོད་ཀྱི་རྒྱལ་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་ཞེས་སྨོན་ལམ་བཏབ་ནས་རྒྱལ་བློན་རྣམས་ལོག་གླང་པོ་ཆེ་རྣམས་འཕྲང་ལ་མི་ཐར་བས་ཕྱིར་སློག །འཕྲང་བགྲོད་དཀའ་བ་རྣམས་ལ་རིན་པོ་ཆེ་རྣམས་༼ཇ༢༧བ༽འབྲེང་སྐྱེད་བྱས། ལྷ་གཅིག་དང་སྐུ་གཉིས་ཀྱང་ཞབས་ཀྱིས་བྱོན་སྐད། མང་ཡུལ་ནས་སྐུ་གཉིས་མཛོ་མོ་དཀར་མོ་རེས་གདན་དྲངས། ལྷ་གཅིག་དྲེའུ་དཀར་མོ་ཞིག་བཅིབས། རིན་པོ་ཆེ་རྣམས་རྟ་བརྒྱ་པོ་ལ་བཀལ་ཏེ་ལྷ་མོ་ཁྲོ་གཉེར་ཅན་གྱི་མཚན་ནས་བརྗོད་ཅིང་ཡོང་བས་ཤིང་ཕོ་རྟའི་ལོ་ལ་ཕོ་བྲང་དུ་ཕེབས། རྒྱལ་པོ་དང་མཇལ་སྟེ་བཙུན་མོར་མངའ་གསོལ་ལོ། །བཀའ་ཆེམས་གཞན་ལས་དྲིས་ལན་གྱི་ཚིགས་བཅད་སོགས་ཡོད་ཀྱང་ཀ་བཀོལ་མར་འདི་ཙམ་སྣང་ངོ༌། །
ཕོ་བྲང་ཁྲི་རྩེ་དམར་པོ་བཞེང་ཚུལ།
༄༅། །ལྷ་ཀླུ་གནོད་སྦྱིན་ཚོགས་རྣམས་བྲན་དུ་བསྐོལ། །ཕོ་བྲང་ཁྲི་རྩེ་དམར་པོ་ཅེས་བྱ་བ། །འཛམ་བུ་གླིང་ན་འགྲན་ཟླ་བྲལ་བ་བཞེངས། །དེ་ཡང་རྒྱལ་པོ་དུས་རྟག་དུ་ཡི་དམ་གྱི་དྲུང་དུ་བཞུགས་ནས་མཆོད་པ་དང་ཏིང་ངེ་འཛིན་མཛད། སྐྱོ་སང་དང་རྩེ་དགའ་མི་མཛད་པ་ལ་བལ་མོ་བཟའ་འདི་སྙམ་དུ་རྒྱལ་པོ་འདི་གཟུགས་དང་ཡོན་ཏན་རྨད་ཏུ་བྱུང་བ་ཞིག་འདུག་པ་ལ་ཕོ་བྲང་གི་ཕྱིར་མི་འབྱོན་པ་འདི་ཕ་རོལ་གྱི་དམག་ཚོགས་ཤིག་ལ་འཇིགས་པ་ཡིན་ཏེ་འོང་བས་དམག་གིས་མི་བརྫི་བའི་ཕོ་བྲང་ཞིག་བྱ་དགོས་སྙམ་ནས་བཻ་ཌཱུརྻའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་ཟས་སྐོམ་ཟད་པ་མེད་པ་བྱུང་བ་དང་རིན་པོ་ཆེ་རྣམས་ལ་ཆ་རྐྱེན་བྱས་ཏེ་གནོད་སྦྱིན་ཕོ་མོ་སོགས་བྲན་དུ་བསྐོལ་ཏེ་དམར་པོ་རི་ཁོངས་སུ་བཅུག་སོ་ཕག་གི་ལྕགས་རི་ལོགས་རེར་རྒྱང་གྲགས་རེ་རེ་དཔངས་གྱང་ཕྲེང་སུམ་བཅུ་རྩ་དྲུག་གི་ཚད་བསྐོར། སྒོ་བཞི་སྒོ་སྤེ་རྟ་བབ་དང་བཅས་པ་དང་སྒོ་ཆུང་ཁང་པ་ཤར་བུ་མདའ་ཡབ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་དངུལ་གྱི་བང་ཆུང་གིས་བསྐོར། མུ་ཏིག་གི་དྲ་བ་དང་དྲ་ཕྱེད་ལས་དྲིལ་བུ་གཡེར་ཁ་འཁྲོལ་པ་རྔ་ཡབ་དང་བ་དན་གྱིས་བརྒྱན་པ་བྱས། དེའི་ནང་དུ་མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡང་རྩེ་དང་མཁར་དམར་སྟོང་དུ་ཚང་བ། དེའི་རྩེར་ཡང་དར་དམར་རྐེད་ཁྲ་ཅན་བཏགས་པའི་མདུང་དམར་བཅུ་རེ་བཙུགས་ཅིང་མཚོན་ཆ་སྣ་ཚོགས་པ་གཟིངས་པ་དར་གྱི་ཆུན་འཕྱང་སྣ་ཚོགས་པ་བྲེས་པ་བྱས། ལྷོའི་ལྕགས་རིའི་ནང་དུ་སོག་པོའི་མཁར་ལ་དཔེ་བླངས་ཏེ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་ཐོག་དགུར་བརྩིགས་པས་རྒྱལ་པོའི་སྐུ་མཁར་དང་མཉམ་པའི་བཙུན་མོའི་ཕོ་བྲང་བརྩིགས་ཏེ་རྒྱལ་པོའི་སྐུ་མཁར་དང་དེ་གཉིས་ཀྱི་བར་དངུལ་ཟམ་སྐར་ཁུང་བཀྲ་༼ཇ༢༨ན༽ཞིང་རྒྱན་མཐའ་ཡས་པ་ཅན་གྱིས་སྤེལ་བ་ལ་ཡབ་ཡུམ་ཕན་ཚུན་དུ་གཤེགས་བཞུད་མཛད་པ། དམག་དུང་ཕྱུར་ལྷགས་ཀྱང་སྲུང་མ་མི་ལྔའི་ཐུབ་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟར་ལེགས་ཅིང་ལྟར་མི་ངོམས་པ་ཉི་མའི་དཀྱིལ་འཁོར་ལྟར་འོད་ཟེར་འབར་ཞིང་ལྟར་མི་བཟོད་པ། སྲིན་ཡུལ་ལངྐ་པུ་རི་ལྟར་འཇིགས་ཅིང་རྔམ་པ་ཅིག་བརྩིགས་སོ། །
དེའི་ཤར་སྒོའི་ཕྱིར་རྒྱལ་པོའི་ཆིབས་དཀྱུས་ཀྱི་ས་འདོམ་དགུ་བརྒྱར་རིང་ཞིང་ཞེང་འདོམ་བཅོ་བརྒྱད་པ་ཟབ་འདོན་དོ་བྲུས་པར་ཤིང་དང་སོ་ཕག་གིས་ཕུབ་སྟེ་སྟེང་ཟངས་མས་གཡོགས་པ། ལོགས་ལ་དྲ་བ་དྲ་ཕྱེད་དང་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་པ་བྲིས་ཅིང་འབུར་དུ་བཏོད་པ་ཚོན་སྣ་ཚོགས་པས་བྱུགས་ཏེ་ཕྱི་ནང་གསེར་ལྟ་བུར་འདུག་པ། དེའི་ནང་དུ་རྒྱལ་པོས་ཆིབས་དཀྱུས་པའི་རྨིག་སྒྲ་རེ་རེ་ལ་ཡང་རྟ་པ་འབུམ་གྱི་རྨིག་སྒྲ་དང་འུར་ཐུག་དང་སིལ་ཁྲོལ་གྱི་སྒྲ་སྐད་རོལ་མོ་སྣ་ཚོགས་པར་གྲག་ཅིང་བདེན་བཞིའི་ཚིགས་བཅད་དང་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་ཆོས་ཀྱི་ཚིག་འབྲུ་བྱུང་བ་དེ་ལྟ་བུ་ཞིག་བྱས་སོ། །ཕོ་བྲང་བརྩིགས་ཚུལ་འདི་ར་སའི་ཀླུ་ཁང་གི་ནུབ་ལོགས་ལ་བྲིས་ནས་ཡོད་སྐད།
རྒྱ་བཟའ་ཝུན་ཤིང་ཀོང་ཇོ་དང་ཇོ་བོ་ཤཱཀྱ་མུ་ནིའི་སྐོར།
༄༅། །སླར་ཡང་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡི། །བཀའ་ལུང་ལྕི་ཞིང་གཉན་པའི་ཟིལ་དང་ནི། །བློན་པོ་རིག་པ་ཅན་གྱི་འཕྲུལ་ཐབས་ཀྱིས། །སྒྲོལ་མའི་སྤྲུལ་པ་ལྷ་གཅིག་ཀོང་ཇོ་ནི། །འཛམ་གླིང་རྟེན་མཆོག་ཤཱཀྱ་མུ་ནིར་བཅས། །རྒྱ་ནག་ཡུལ་ན་སྤྱན་དྲངས་བོད་ཏུ་ཕེབས། །ཕྱོག་བཞིའི་མི་རྣམས་སོ་སོའི་སྣང་བ་རུ། །རང་རང་ཕྱོགས་ནས་གཤེགས་མཐོང་བསུ་ཞིང་སྐྱེལ། །འོ་ཐང་མཚོ་འགྲམ་ནགས་ཚལ་བྱེད་མའི་དབུས། །ཤིང་རྟ་བྱིང་ཞིང་ས་གཡོས་ཁལ་རྣམས་ཉལ། །གྱད་ཆེན་ལྷ་དགའ་ཀླུ་དགས་སྟོབ་བསྐྱེད་ཀྱང༌། །ཐུབ་པའི་སྐུ་གཟུགས་གཡོ་བར་མ་ནུས་ཚེ། །ཀླུ་ཡི་ཕོ་བྲང་མནན་པོར་གཟིགས་ནས་ནི། །ས་གཞི་དེ་ཉིད་ཏུ་བཞུགས་མཆོད་པ་མཛད། །སྤྲུལ་པའི་ལྷ་མོ་འུན་ཤིང་ཀོང་ཇོ་ནི། །བཙུན་མོའི་དམ་པ་གཉིས་པར་མངའ་གསོལ་ཏེ། །དགའ་སྟོན་རྒྱ་ཆེན་ན་མཁའ་མཉམ་པར་སྤྱད། །
དེ་ཡང་མགར་གྱིས་སྣ་༼ཇ༢༨བ༽དྲངས་པའི་བློན་པོ་བརྒྱས་ཕྱག་རྟེན་དོང་རྩེ་བརྒྱ། ཞུ་རྟེན་གསེར་པང་མིག་བདུན། རིན་དུ་ལྷའི་གོས་རིན་ཐང་མེད་པ་འདི་ཁྱེར་ལ་བྱ་ཁ་ཏའི་སྐད་ཀྱིས་མ་ནོན་པར་ཕར་ཚུར་དུ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུངས་ནས་བློན་པོ་རྣམས་ཕྱིན་ཏེ་རྒྱ་ནག་ཟིམ་ཤིང་བཀྲ་ཤིས་ཁྲི་སྒོར་སླེབས་ཏེ་རྒྱལ་པོ་ཐང་ཐའི་ཛུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ། ཕྱག་རྟེན་ཞུ་རྟེན་བཏང་རིན་ཕུལ་ཏེ་ལྷ་ཅིག་ཞུས་པས་རྒྱལ་པོ་དགྱེས་ཏེ་གནང་བར་དགོངས་པ་ལ་སྲས་རྒྱལ་བུ་ཐེ་བ་ན་རེ་བོད་ཀྱིས་རྒྱའི་ཡུལ་མང་པོ་བཅོམ། རྒན་པོ་རྣམས་བསད་པས་བོད་ལ་མི་སྟེར་ཁྲོམ་གེ་སར་དམག་དཔུང་ཆེ་བས་དེ་ལ་སྟེར་ཟེར། ཡུམ་གྱིས་བོད་ལོངས་སྤྱོད་ཆུང་བས་མི་སྟེར་སྟག་གཟིག་གི་རྒྱལ་པོ་ལོངས་སྤྱོད་ཆེ་བས་དེ་ལ་སྟེར་ཟེར། ལྷ་གཅིག་རང་རྒྱ་གར་དམ་པའི་ཆོས་དར་བས་རྒྱ་གར་ལ་འགྲོ་ཟེར་ཏེ་གཉེ་པོ་རྟ་པ་བཞི་བརྒྱ་ཡང་ཚོགས་སྐད། དེར་བོད་ཀྱིས་ངེད་ཁ་སྔ་བས་ངེད་ལ་ཞུ་ཟེར། ཁྲོམ་དང་སྟག་གཟིགས་དང་རྒྱ་གར་རྣམས་རིམ་པ་ལྟར་ངེད་ལ་མི་སྟེར་ན་དམག་འདྲེན། མེས་བསྲེག་རྒྱ་ཡུལ་ཆུས་འགེངས་ཟེར་སྐད།
དེར་རྒྱ་ནག་ཁྲིམས་དམ་པས་གང་རུང་ལ་སྦྱིན་དབང་མེད་སྟེ་རྒྱལ་པོའི་ཞལ་ནས་གཉེ་བོ་རྣམས་རིགས་པ་སུ་རྣོ་བ་ཞིག་ལ་སྟེར་ཟེར་ཏེ་གཉེ་བོ་བརྒྱ་རེ་ལ་ལུག་བརྒྱ་རེ་དང་ཆང་ཚོད་བརྒྱ་རེ་བཏང་སྟེ་ཉིན་གཅིག་ལ་ཤ་ཆང་ཡོག་བ་པགས་པ་ཐུལ་བ། ཁང་པ་གཙང་མར་སུ་བྱུང་བ་དེ་ལ་སྟེར་བྱ་བ་དང༌། ཡང་གཡུ་འོད་ཆེན་ཕུབ་ཆུང་ཙམ་པ་མིག་གཅིག་དབུས་དང་གཅིག་མཐའ་ན་ཡོད་པ་བར་གྱི་མིག་ཕུབ་ཀྱི་སྤ་སྒོར་བཞིན་ཡོད་པ་ཅིག་དང་དར་ཡུག་ཅིག་གཏད་ནས་གཡུ་མིག་དུ་དར་ཡུག་སུས་ཚུད་སྟེ་ལ་སྟེར་ཟེར་བ་དང༌། བྱ་མ་བརྒྱ་བུ་བརྒྱ་དང༌། རྟ་མ་བརྒྱ་བུ་བརྒྱ་མ་བུ་སོ་སོར་སུས་ཤེས་པ་ལ་སྟེར་བ་དང༌། ཤིང་སྡུམ་བརྒྱ་བཏང་བའི་རྩ་རྩེ་སུས་ཤེ་ལ་སྟེར་བ་དང༌། ཕྱི་དྲོ་ཕོ་བྲང་དུ་སྟོན་མོ་བྱས་ནས་བཟི་བ་དང་སྲོད་ལ་བཏང་སྟེ་སྒོ་མ་འཁྲུལ་བར་རང་གི་གནས་ཁང་སུས་རྙེད་ལ་སྟེར་བར་བྱས་པ་ལ་གཞན་རྣམས་ཀྱིས་གང་ཡང་མ་བྱུང༌། བློན་པོ་མགར་གྱིས་ལུག་རྣམས་གུད་ཏུ་བསད། ཤ་གཟུགས་རེ་ནས་བྲིམས་ཏེ་ཏིག་ག་ཆུང་ཆུང་རེ་བཅད་ཅིང་ཚྭ་ལ་བསྒྲེས་ཏེ་ཟོས་ནས་བསྐོར་ཆང་ཧུབ་སྐོར་དུ་བྱས། པགས་པ་གྲལ་ལ་འགྲིམས་ཏེ་༼ཇ༢༩ན༽ཕུར་ཙམ་རེ་བྱས་པས་ཤ་ཆུང་ཡོག་པགས་པ་འཐུལ། མ་བཟི་མ་སྐྱུགས་ཏེ་ཁང་པ་གཙང་མར་བྱུང༌། རྒྱ་གྲོག་ཞིག་ཟན་དང་འོ་མས་གསོས་ཏེ་དར་སྐུད་ཀྱིས་དར་ཡུག་གི་སྣ་བསྡུས་ཏེ་བཙེམས། དར་སྐུ་གྲོག་མའི་རྐེད་པ་ལ་བཏགས་ཏེ་མཐའི་མིག་ནས་བཅུག་ཕུ་བཏབ་པས་དབུས་སུ་ཐོན་ཏེ་གཡུ་མིག་དུ་དར་ཡུག་ཚུད། ཐང་ལ་སྦང་སྐམ་གཏོར་ནས་བྱ་རྣམས་བཏང་བས་མ་བུ་གཉིས་གཉིས་སྟབས་སུ་ཟོས་ཏེ་རྐེའི་འོག་ནས་ཟ་ཞིང་སྤྱོད་པ་འཚུབ་པ་འདི་བུ་ཡིན་ཞེས་ངོ་ཤེས། རྟ་རྣམས་རྟེའུ་ཕྱོགས་གཅིག་དུ་བཟུང་སྟེ་ཞག་གཅིག་ཆུ་མ་བྱིན་པར་གསོས་ཏེ་སྐོམ་དུ་བཅུག་ནས་ནང་པར་མ་ཁྱུའི་གསེབ་ཏུ་བཏང་བས་རང་རང་གི་མ་བཙལ་ཏེ་འོ་མ་འཐུངས་པས་མ་བུ་སོ་སོར་ཤེས། ཤིང་སྡུམ་རྣམས་ཆུ་ལ་བསྐུར་བས་རྩ་བ་ཐུར་དུ་བྱིང་སྟེ་ངོ་ཤེས། མར་མེའི་ཆས་སྦས་ཏེ་ཁྱེར་ཁར་རམས་དང་མཚལ་བཅུག་ནས་སྒོ་སུམ་བརྒྱ་དྲུག་བཅུ་ཙམ་ཡོད་པ་ལ་མཚན་མ་འདེབས་ཀྱིན་ཕྱིན། ཆང་ལ་ཚོད་ཟིན་པར་བྱས་ནས་སྲོད་དུས་མར་མེ་སྤར་མཚན་མ་ལྟ་གིན་ཡོང་བས་གནས་ཁང་དུ་མ་འཁྲུལ་བར་སླེབས་པས་དེ་ཐམས་ཅད་ལ་རིག་པ་བོད་རྣོ་ཡང་བརྙས་པ་བྱས་ནས་མ་བྱིན་སྐད།
ད་ནི་སང་ཉིན་ལྷ་གཅིག་བུ་མོ་བརྒྱའི་གསེབ་ཏུ་གཏོང་བས་སུས་ངོ་ཤེས་པ་ལ་སྟེར་རོ་ཟེར་བས་མགར་གྱིས་གནས་མོ་དེ་སྔ་ནས་ཟས་ཆང་གིས་བྲིད་མཛའ་བར་བྱས་ནས་ལྷ་གཅིག་དེ་ཁྱོད་རང་མཛའ་བར་ཡོད་འདུག་པས་སྟོན་དགོས་བྱས་པས། མོས་རྐེ་ལ་འབྲས་ཀྱི་སོག་མ་བཙུགས་ཏེ་ཆད་པ་ཡོང་ཟེར་བའི་བརྡ་བྱས། མགར་གྱིས་རྩིས་ཀྱིས་མི་ཐིག་པ་ཤེས་ཟེར་བའི་བརྡ་བྱས་པས་འཛུམ་མུལ་བྱུང་སྟེ་འོ་ན་སྨྲ་ཡིས་ཟེར་སྐད། དེར་སྒྱིད་པོ་གསུམ་གྱི་ཁར་ཟངས་ཆུས་བཀང་བ་བཞག །ཁ་ཕུབ་ཀྱིས་བཅད་པའི་སྟེང་དུ་བུ་མོ་དེ་བཞག་སྟེང་དུ་རྫ་ཞིག་གཡོགས་པ་དྲ་བས་བཀབ། རྫའི་བུག་པ་ནས་ཁ་ལ་ལྕགས་མཆུ་གཏད་སྟེ་སྨར་བཅུག་པས། ཀོང་ཇོ་ལ་གཡོག་མོ་བཅུ་དྲུག་ཡོད་པའི་ཐུགས་ཆེས་པ་གཅིག་ང་ཡིན། སང་ཉིན་ལྔ་བཅུ་ཕར་ཐལ་ཞེ་དགུ་ཚུར་ལུས་པའི་དབུས་མ་དེ་ལེགས་པ་མི་ཆེ་མི་ཆུང་བ། ཁ་ནས་ཨུཏྤ་ལའི་དྲི་སྣམ་པ། བེར་བདུན་བརྩེགས་ཀྱི་ཕྱི་༼ཇ༢༩བ༽མ་དྲི་མ་ཆགས་ཙམ་གསོལ་བ། གཡུའི་སྦྲང་མ་ཐེ་བོང་ཙམ་ཞིག་ན་མཁའ་མདའ་གང་གི་སར་ལྡིང་བ་ཞིག་ཡོད། དེས་ཀྱང་དཔྲལ་མཚམས་ལ་མཚལ་གྱི་གཡུང་དྲུང་རིས་ཤིག་བྲིས་ལ་འཐག་གི་ཟེར། ནང་པར་གཉེ་པོ་གཞན་རྣམས་སྒོ་ན་བསྒུགས། བུ་མོ་བརྒྱ་པོ་རིམ་པར་བྱུང་བ་ལ་གཉེ་པོ་གཞན་རྣམས་ཀྱིས་གང་མཛེས་དང་ཆས་གང་བཟང་གཉིས་གཉིས་ཁྲིད་ནས་ལྷག་གཅིག་ངེས་ཀྱིས་ཐོབ་པོ་ཟེར་ནས་སོང༌། བློན་པོ་མགར་གྱིས་ལག་པ་དར་གྱིས་དྲིལ་མདའ་རྒོད་སྒྲོ་མ་གཅིག་ཐོགས་ནས་སྒོ་བར་དུ་བསྡད་སྟེ་ལྷ་གཅིག་བྱུང་བ་དང་མདའ་ལྟོང་གིས་གོང་པ་ནས་དྲིལ་ཏེ་འཐེན་པ་དང་ཧེ་ཟེར་ཏེ་ཁ་ལོག་བྱས་བྱུང་བས་ཨུཏྤལ་ལའི་དྲི་ངད་ཆིལ་གྱིས་བྱུང༌། གཡུའི་སྦྲང་མ་དང་མཚལ་གྱི་གཡུང་དྲུང་ཡང་གདའ་སྐད།
དེ་ནས་གཉེ་པོ་གཞན་རྣམས་སོ་སོས་བདམ་པའི་བུ་མོ་བསྐུར་ཏེ་ཕྱིར་ལོག །ལྷ་གཅིག་ལ་བོད་ལ་འགྲོ་དགོས་གསུངས་པས། འོ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནི་ངའི་མཆོད་པའི་རྟེན་དུ་ཞུ། བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ། རྩིས་ཀྱི་པོར་ཐང་བརྒྱད་བཅུ་རྣམས་བསྐུར་བར་ཞུས་ཏེ་རྒྱལ་པོས་ཀྱང་དེ་རྣམས་དང་རིན་པོ་ཆེ་དང་དར་ཟབ་སོགས་མཐའ་ཡས་པར་བརྫངས། ལྷ་གཅིག་གིས་མགར་ལ་བོད་ན་ལ་ཉུངས་དང༌། ས་ཁམས་པ། རྩ་དྲེས་མ། རྡོ་སྲིན་ཟན། ཤིང་སེ་བ་རྣམས་ཡོད་ཏམ་དྲིས་པས་གཞན་ཡོད་ལ་ཉུང་མེད་ཟེར་བས་འོ་ན་ཡུལ་བཟུང་དུ་བཏུབ་ཀྱི་ཟེར་ཏེ་ལ་ཉུངས་གི་ས་བོན་ཁྱེར། བློན་པོ་མགར་གྱིས་ལྷ་གཅིག་རིང་དུ་མ་བྱིན་པ་ལ་སྙིང་ན་ནས་ལུག་ནག་པོའི་མཆེར་ཁྲག་བྲེ་གང༌། དར་ཟབ་ཀྱི་ཐལ་བ་བྲེ་གང༌། སོལ་བའི་མདུང་ཤིང་འདོམ་གང་རྣམས་རྫོངས་སུ་བསྐུར་ན་བོད་རྣམས་ངོ་མཚར་སྐྱེ་སྟེ་འོང་བྱས་པས་ལུག་ཐམས་ཅད་བསད། དར་ཟབ་བསྲེགས། ནགས་ལ་མེ་བཏང་ཡང་དེ་རྣམས་མ་བྱུང༌། རྒྱ་ཡུལ་ངན་པོར་སོང་སྐད། སྐྱེལ་ཐུང་གི་སར་འབྲི་སེ་རུ་གུང་སྟོན་གིས་མགར་ལ་ཕྲག་དོག་བྱས་ཏེ་ལྷ་གཅིག་གི་ཚབ་དུ་བློན་པོ་རིག་པ་ཅན་ཞིག་རྒྱ་ནག་དུ་བསྡད་ན་བོད་རྒྱ་མཛའ་བར་འོང་སྟེ་ཅེས་མགར་ལ་ཆེར་བལྟས་པས་རྒྱ་རྗེས་བློན་པོ་རིག་པ་ཅན་མི་ཚབ་ཏུ་སྡོད་དགོས་གསུངས། བློན་པོས་ཀྱང་འབྲི་སེ་རུ་གུང་སྟོན་གྱི་ཕྲག་དོག་དུ་གོ་ནས་ངས་བསྡད་ལ་བོད་རྒྱ་མཛའ་བར་༼ཇ༣༠ན༽བྱའོ་ཞེས་ཟེར་སྟེ་བསྡད། ལྐོག་དུ་བོད་བློན་གཞན་རྣམས་ལ་ངས་རྒྱ་ནག་དུ་གནོད་པ་བསྐྱལ་ལ་མྱུར་དུ་འོང་གིས་བརྫུས་མའི་སྤྲང་པོ་ཅིག་ངའི་རྩར་ཐོང་ཞིག་ཟེར། ཇོ་བོ་ཤཱཀྱ་ཤིང་རྟ་ལ་བཞུགས་ཏེ་གྱད་ལྷ་དགའ་དང་ཀླུ་དགས་ཤིང་རྟ་དྲངས། ཀོང་ཇོ་དྲེའུ་དཀར་མོ་ཞིག་ལ་བཅིབས་ཏེ་དར་རྒྱལ་མང་པོ་རྗེས་སྣ་ཁྲིད། རིགས་བཟང་གི་བུ་མོ་བཅུ་དྲུག་གྱད་རྩལ་ཅན་མི་བརྒྱ། བོད་བློན་གོ་དགུ་དང་བཅས་པ་བོད་ལ་ཆས་སོ། །
དེ་ཡང་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་གདན་བཏེག་སྔ་དྲོ་ས་ཕྱོགས་བདེ་བར་གདན་ཕབ། དར་དཀར་གི་གུར་དུ་རིན་པོ་ཆེའི་ཁྲི་དང་ཟ་འོག་གི་འབོལ་ལ་ཇོ་བོ་ཤཱཀྱ་བཞུགས་ཏེ་འབྲས་ཆན་དང་མཆོད་པ་སྣ་ལྔས་མཆོད་ཅིང་ལྷ་གཅིག་གིས་དངུལ་དཀར་གྱི་པི་ཝང་དང་ཏམྦུ་ར་བསྒྲེང་བས་རམ་བཏེག་སྟེ། རྣམ་དག་སྐུ་མངའ་མཆོག་དུ་གཟུགས་བཟང་བ། །སོགས་ཀྱིས་བསྟོད་ཅིང་ལྷ་ལ་གསང་བུ་འདྲེན། །ཕམ་བབས་གཡོག་མོ་བཅུ་དྲུག་དང་གཞན་རྣམས་ལ་སྟེར། ལ་ལ་མཆོད་པ་དང་བསྟོད་པ་བྱེད། ལ་ལ་རྩེ་དགའ་དང་གླུ་བྲོ་སོགས་འདོད་ཡོན་ལྔ་སྤྱོད། དེ་ལྟ་བུ་སྔ་དྲོ་བཞིན་ལན་རེ་བྱེད་ཅིང་འོངས་སྐད། དེ་ནས་ལྷ་གཅིག་གི་སྨ་མཆུ་བ་སུ་ཡིན་བརྟག་པའི་རྩིས་བྱས་པས་རི་ཆེན་པོ་གསུམ་གྱི་སྟེང་ན་མཚོ་སྟེང་ཐང་གིས་ཆོད་པ་བར་ནས་མེ་འབར་བ་ཐང་གི་སྟེང་ན་བུད་མེད་རྫ་མའི་དབྱིབས་ལ་མིག་གིས་ཁེངས་པ་ལྕགས་ཀྱི་མཆུ་རིང་པོ་བྱས་པ་ཅིག་གིས་བཤད་འདུག་ཅེས་ཁ་མཐུན་པས་རྒྱལ་བུ་ཐེ་བ་ཁྲོས་ཏེ་དེ་ལྟ་བུ་མི་སྲིད་ཟེར་ནས་སྤོར་ཐང་སུམ་བརྒྱ་པོ་མེར་བསྲེགས་པས་རྒྱ་ཡུལ་གྱི་རྩིས་ཉམས། མགར་གྱིས་རྒྱལ་པོ་ལ་བོད་ན་ས་བོན་ཅུང་ཟད་བརྔོས་ཏེ་བཏབ་པས་ལྗང་པ་ལེགས་བྱས་པས་ས་བོན་ཐམས་ཅད་སྟེ་ལྟར་འདེབས་སུ་བཅུག་དེའི་མནའ་ཆད་སྲུང་ཟེར་ནས་ད་ལྟ་ལྷ་སར་སྟག་གི་ཟླ་བ་ལ་བོང་བུས་རྨོད་ཅིང་ས་བོན་ཡོས་འདེབས་སྐད། མགར་གྱིས་ན་རྫུ་ཆེན་པོ་བྱས་ཏེ་ནད་འདི་ལྟ་བུས་ཤི་ན་ཤུལ་དུ་ལྟས་ངན་པ་བཅོ་བརྒྱད་འོང་བ་ཡིན། ང་ཞག་བདུན་ན་ཤི་བ་བཟོད་སྟེ་ཤུལ་དུ་རྒྱ་ཡུལ་འཕུང་བ་འདི་མ་ལེགས་བྱས་པས་ངེད་ཀྱི་རྩིས་ཡིག་རྣམས་བསྲེགས་ཟིན། ཁྱེད་རང་རིག་༼ཇ༣༠བ༽པ་ཅན་ཡིན་པས་ཐབས་ཅི་ཡོད་ཟེར་བ་ལ། དེ་ན་ང་ལ་རོ་རྟ་རོ་གོས་རོ་ཟས་དང་བཅས་ཏེ་ཁྱེད་རང་གི་དགྲ་སྙིང་ན་བ་བོད་ཀྱི་ཕྱོགས་སུ་སྐྱོལ་ལ་ཕྱི་མིག་མི་ལྟ་བར་ལོགས་ན་མི་ལ་ཉེས་པ་མི་འབྱུང༌། ལོ་ཏོག་ལ་གནོད་པ་ཅིག་འབྱུང་ཡང་ཁམ་ཆུང་ཞིག་ཟེར་ནས་བསྐྱལ་སྐད།
འདི་རྣམས་ཀ་བཀོལ་མ་ལས་ཇི་ལྟར་བྱུང་བ་ཙམ་ཡིན་ལ། ཐང་ཡིག་སོགས་ལས་བ་ཏ་ཧོར་གྱི་རྒྱལ་པོ་དང་བཅས་པའི་གཉེ་བོ་བརྒྱ་ཚན་བཞི་བོད་ཀྱི་བློན་པོ་དང་ལྔ་བརྒྱར་འཚོགས། བོད་ལ་རྒྱ་ནག་གིས་བརྙས་ཏེ་རིང་དུ་མ་མཇལ། མཐར་ཕྱི་རོལ་ཏུ་བྱོན་པའི་ཞར་ལ་མཇལ་ནས་རིན་དུ་བཻཌཱུརྻའི་ཁྲབ་ཕུལ། བལ་པོ་དང་འདྲ་བའི་བཀའི་སྒྲོམ་བུ་གསུམ་རིམ་པར་གཏད། རིག་པ་འགྲན་ནས་མཐར་བུ་མོ་སུམ་བརྒྱའི་གསེབ་ཏུ་ཐང་ལ་བསྒྲིགས་ནས་འཇོག་པས་སུས་ངོ་ཤེས་པ་ལ་སྟེར་ཟེར་བ་ལ་ལྷ་གཅིག་གི་ཁོལ་མོ་ལ་གསེར་བྲེ་གང་བྱིན་སྟེ་ཐབས་ཀྱིས་དྲིས་པས། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་དེ། །བུ་མོ་གཞན་པས་ཆེ་རྒྱུ་མེད། །སྐྱེ་གཟུགས་གཞན་པས་ལེགས་རྒྱུ་མེད། །དེ་ལ་མོ་ཡི་ཁྱད་ཆོས་ནི། །སྐུ་མདོག་སྔོ་ལ་དམར་མདངས་ཆགས། །ཞལ་ནས་ཨུཏྤལ་དྲི་ངད་བྲོ། །གཡུ་སྦྲང་ཞིག་ནི་སྟེང་ན་འཁོར། །ཁུར་ཚོས་གཡས་སྟེང་ཆོ་ལོ་རིས། །གཡོན་ན་མེ་ཏོག་པདྨ་རིས། །དཔྲལ་དབུས་ལི་ཁྲིའི་ཐིག་ལེའི་སྟེང༌། །ཨཱརྻ་ཏཱ་རེ་ནས་ཙམ་ཡོད། །སོ་དཀར་ཚགས་དམ་སོ་ཞོ་ཡོད། །ལྐོག་མ་འཇམ་ལེགས་ཨོག་ཞོ་ཡོད། །བུ་མོ་སུམ་བརྒྱ་བསྒྲིགས་པ་ཡི། །གཡས་དང་ཐ་མར་མི་འོང་སྟེ། །གཡོན་ནས་བསྒྲིགས་པའི་བུ་མོ་བདུན། །བཞག་པའི་འདི་གོང་དུ་ལྟ་གཅིག་ཡོང༌། །ཞེས་སོགས་བསླབས་པ་དང༌། མགར་གྱིས་གཡོན་གྱི་མཐའ་ནས་མདའ་ལྟོང་བཙུགས་ཏེ། འདི་ནི་བཤན་པའི་བུ་མོ་འདྲ། ལག་པ་འདི་ཡི་དམར་ལུགས་སམ། །ཞེས་སོགས་རྫ་མཁན་དང༌། ཤིང་མཁན་དང༌། གཡོས་མཁན་དང༌། ཕྱེས་མཁན་དང༌། མགར་བ་དང༌། དར་འཐག་རྣམས་སུ་ངོས་བཟུང་ནས་བརྒྱད་པ་ལ། ལྷ་གཅིག་ཀོང་ཇོ་ཡིན་པ་འདྲ། །སྐུ་མདོག་སྔ་ལ་དམར་མདངས་ཆགས། །ཅེས་སོགས་བརྗོད་ནས་མདའ་ལྟོང་གིས་བཟུང་སྟེ་ཐེན་པས་ངུ་ཞིང་རྗེས་སུ་འབྲངས་པ་༼ཇ༣༡ན༽ལ་འབྲི་སེ་རུ་དང་དར་རྒྱལ་གྱིས་རམ་བཏེག་ནས་མགར་གྱིས། ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །བོད་ཀྱི་རྒྱལ་ཁམས་ན། །རིན་ཆེན་སྣ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། །མཐོང་ནས་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །ཅེས་སོགས་རྒྱལ་པོ་དང་ཡུལ་གྱི་ཡོན་ཏན་བརྗོད་པའི་གླུ་བླངས་པས་ཅུང་ཟད་དགའ་སྟེ་ཕྱིར་འབྲངས། རྒྱ་རྗེས་ཀྱང་བློན་པོ་དེའི་འཕྲུལ་ལ་ལྟོས། རྒྱལ་པོ་དེ་མངོན་ཤེས་དང་རྫུ་འཕྲུལ་དུ་ལྡན་པར་འདུག །ཁྱོད་མ་བྱིན་ན་སྤྲུལ་པའི་དམག་གིས་ཁྱོད་འཕྲོགས་ཡུལ་འཇོམས་པར་འདུག་པས་འགྲོ་དགོས་ཞེས་བཀའ་གནང༌། ཕན་བདེ་ཀུན་འབྱུང་ཇོ་བོ་རིན་ཆེན་དང༌། །རིན་ཆེན་བང་མཛོད་མང་པོ་ནོར་གྱི་གཏེར། །གསེར་གཡུ་བརྩེགས་པའི་ཡིག་ཚངས་ཆེན་མོ་དང༌། །གཙུག་ལག་ཡི་གེ་སུམ་བརྒྱ་དྲུག་བཅུར་བཅས། །གཅེས་པའི་རིན་ཆེན་གསེར་གཡུ་རྒྱན་གྱི་ཚོགས། །གཡོས་སྣ་ཟས་སྐོམ་སྦྱོར་ཐབས་དཔག་མེད་དང༌། །གསེར་ཀ་གཡུ་ཡི་ཀ་ལེབ་ཅན་དང་ནི། །ཟ་འོག་གོས་སྟན་སེང་གེ་བྱ་བརྒྱད་མ། །ལྗོན་ཤིང་ཆོ་ལོང་ནོར་བུ་རིས་ལ་སོགས། །ཁྱད་ནོར་དཔག་མེད་ངོ་མཚར་ལྡན་པ་རྣམས། །རྒྱལ་པོ་ཡ་མཚན་སྐྱེད་ཕྱིར་ཁྱོད་ལ་བརྫང༌། །བཟོ་ཡི་རིག་བྱེད་དྲུག་བཅུ་ཐམ་པ་དང༌། །བརྟག་ཐབས་བརྒྱད་དང་དཔྱད་ལྔ་སྦྱོངས་དྲུག་དང༌། །སྦྱོར་སྡེ་བཞི་སོགས་སྨན་དཔྱད་མ་ལུས་བསྐུར། །རྒྱན་གོས་ཁྱད་འཕགས་སྟོང་ཕྲག་ཉི་ཤུ་དང༌། །ལྟར་མཛེས་སེམས་མཐུན་བུ་མོ་ཉེར་ལྔ་བརྫང༌། །ཁྱོད་ཀྱི་བྱ་བ་སྤྱོད་ལམ་འདི་བཞིན་གྱིས། །ལྟ་བ་ཡངས་ཅིང་སྤྱོད་པ་ཞིབ་པར་མཛོད། །ཕྱི་ནང་བྱ་བ་ཀུན་ལ་མཁས་པར་མཛོད། །ངག་འཇམ་སྨྲ་མཁས་གཞི་མ་ལེགས་པར་མཛོད། །རྗེ་ལ་གུས་ཅིང་འཁོར་ལ་བྱམས་པར་མཛོད། །ཁྲེལ་ཡོད་ངོ་ཚ་བག་དང་ལྡན་པར་མཛོད། །ཅེས་སོགས་གདམས་ཅིང་མགར་མི་ཚབ་ཏུ་བསྡད་པ་ལ་གཞིས་རབ་བུད་༼ཇ༣༡བ༽མེད་དང་བཅས་པ་བྱིན་ཡང༌། མགར་སེམས་གནག་པ་མ་སེལ་ནས་ནད་རྫུ་བྱས་པ་ལ་སྨན་པ་བཏང་བས་མཚན་མོ་མགོ་མཇུག་ལྡོག་པར་བསྡད་པ་དང་བྱི་ལ་ཁྱིམ་བྱ་རང་འཐག་རྣམས་ལ་ཐག་གུ་བཏགས་ཏེ་ཐག་གུ་ལ་རྩ་བལྟར་བཅུག་པས་རྩ་ཐམས་ཅད་འཁྲུགས་འདུག་བྱ་བ་དང་གཅན་གཟན་ཐ་ཆུང་དང༌། བྱ་ཐ་ཆུང༌། རྡོའི་རྩ་ལས་མི་འདུག་ཅེས་བྱུང་བས་རྒྱལ་པོ་ཐུགས་མ་བདེ་ནས་ཁོང་རང་ལ་དྲིས་དུས་ང་ཤི་ནས་རྒྱ་ཡུལ་དུ་མི་ཤིས་པ་ཆེན་པོ་འོང༌། བོད་རྒྱལ་པོས་མངོན་པར་མཁྱེན་ཏེ་སྤྲུལ་པའི་དམག་འོང་ཞེས་སོགས་ཀྱིས་སྐྲག་པར་བྱས་ཏེ་རིམ་གྲོར་ལུག་གི་མཚེར་ཁྲག་སོགས་གསུམ་དང༌། རོ་རྟ་མོག་རོ་མགོ་དམར་དང་བཅས་བོད་ཀྱི་རི་མཐོང་སར་ལྷ་གསོལ་དུ་འགྲོ་ཟེར་ནས་བློན་པོ་བྲོས་ཀྱི་དོགས་གྱད་མི་བཞི་དང་བཅས་བཏང་སྟེ་གྱད་རྣམས་བཟིར་བཅུག་ནས་མཚོན་བཅག་རྟའི་རྨིག་པ་བཅད་ནས་བློན་པོ་བྲོས། གྱད་རྣམས་ཆད་པ་ལ་སྐྲག་པས་ལྡོག་མ་ནུས་པར་བློན་པོའི་རྗེས་སུ་འབྲངས་པ་ལས་རྒྱའི་རུས་བྱུང༌། བློན་པོས། དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ། །རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད། །སྙེ་མ་འབྲུ་མེད་ཐལ་བ་ནག་པོ་དེ། །བཙུན་མོ་སེར་སྣ་ཅན་དེའི་རྒྱགས་ཕྱེ་མཛོད། །ཙནྡན་ནགས་བསྲེགས་སོལ་བའི་མདུང་ཤིང་དེ། །རྒྱལ་བུ་དམག་ལ་དཔའ་དེའི་ལག་ཆ་མཛོད། །ལུག་ལ་མཚེར་ཁྲག་མེད་པར་བསད་པ་དེ། །ཡི་དམ་ལྷ་ཡི་དྲུང་དུ་གཤགས་པ་བྱེད། །ཅེས་གླུ་བླངས་པ་སོགས་བཤད་ལ། རྒྱལ་རབས་ལ་ལར་རྒྱལ་པོས་ཇོ་བོ་ཤཱཀྱ་བཞུགས་པའི་ལྷ་ཁང་དུ་བྱོན་པས་ཞལ་སྔར་ཤར་དུ་གཟིགས་པ་ནུབ་ཏུ་འགྱུར་འདུག་པས་གཤེགས་པར་གོ་སྟེ་སྟེར་བར་ཁས་བླངས་བྱ་བ་དང༌། ཀོང་ཇོས་བདག་བོད་ཏུ་ཕྱིན་ན་ལེགས་ཅིང་ཇོ་བོ་གདན་འདྲོངས་ན་བདག་གི་མཛུབ་མོའི་རྩེ་ལ་སྤྱོན་ཞིག་ཞེས་དམོད་བོར་བས་མཛུབ་མོ་གཡས་པའི་རྩེ་ལ་ཡེལ་གྱིས་བྱོན་པས་ཡིད་ཆེས་ཏེ་ཀོང་ཇོ་བོད་ཏུ་བྱོན་བྱ་བ་སོགས་སྣང་ངོ༌། །
སྤྱིར་ཀོང་ཇོ་བོད་ཀྱི་དོན་ཁོ་ནར་བྱོན་པ་ཡིན་ཞིང་སྤྲུལ་པའི་ལྷ་མོའི་ཡབ་ཡུམ་མཆེད་ཟླའང་བྱང་ཆུབ་སེམས་དཔའ་ཡིན་པས་འཁྲུལ་བ་མི་འབྱུང་ནའང༌། བུ་ལ་ནུས་པ་ཅི་ཡོད་མི་ཤེས་པས། །གཞན་ལ་བརྙས་པ་མི་བྱ་སེམས་མི་སྲེག །ནམ་ཞིག་སུ་ལ་རེ་དགོས་ཆ་མེད་པས། །སུའི་ཡང་སེམས་སུན་མི་དབྱུང་དགྲར་༼ཇ༣༢ན༽མི་སློང༌། །རྫུན་པའི་རྒྱབ་རྟེན་ལྷས་ཀྱང་མི་ཐུབ་པས། །ཅི་བྱེད་ཀུན་ལ་དྲང་ཞིང་ཕན་བདེ་སྒྲུབ། །ཅེས་པའི་ཡ་རབས་ཀྱི་ལུགས་སྒྲུབ་དགོས་ཀྱི། ཧ་ཅང་བརྙས་པ་དང་ཉེ་རིང་ཆེས་ན་འདི་ལྟ་བུ་འབྱུང་ངོ་ཞེས་ཕྱི་རབས་ལ་བསྟན་པའི་ཕྱིར་རྒྱལ་པོས་ཉེ་རིང་བྱེད་པ་དང་བློན་པོའི་འཕྲུལ་གྱིས་རྒྱ་ཡུལ་འཕུང་པར་བྱས་པ་ལྟར་བསྟན་ལ། དཀོན་པའི་འདུ་ཤེས་སྐྱེད་པའི་ཕྱིར་སྤྱན་འདྲོངས་དཀའ་བར་བསྟན་གྱིས་རང་རྒྱུད་པ་ནི་མ་ཡིན་ནོ། །
དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས་ནས་མགར་སྒུག་པའི་ཕྱིར་བྲག་ལོགས་ལ་རྒྱས་པའི་དབུ་དུམ་དང་བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་བཅུ་པ་བརྐོས། ཤ་བ་བཟུང་ནས་ཞིང་རྨོས། ཆུ་སྐོར་བཙུགས། ནགས་ཁྲོད་ལ་བརྡུགས་པ་ལྟར་བྱས། རྒྱ་མོ་འཕྲེད་ལམ་བཅོས་ཤིང་སེ་བ་སོགས་བལྟར་འགྲོ་ཟེར་ནས་ཀོང་ཇོས་ཡུལ་ཐམས་ཅད་ཏུ་བྱོན་པས་བློན་པོ་མ་དག་པ་ལ་ལས་ལམ་དུ་ཅི་འགོར་བྱེད་པར་མཐོང༌། ཐ་མལ་པ་རྣམས་ཀྱིས་ཤིང་སེ་བ་སོགས་བལྟ་བར་མཐོང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲོལ་མ་དང་ཐུབ་པའི་སྐུས་བོད་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རློབ་པར་གཟིགས་སོ། །
དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས་ཚེ་རྒྱ་ནག་གི་ཕྱྭ་གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་ཏེ་ཁ་བ་ཚད་མེད་ཏུ་བབ་པས་ནགས་ཐམས་ཅད་ཕན་ཚུན་འཇིངས་པ་ལྟར་བསྒྱེལ་བས་ལམ་འགགས་ཏེ་ཟླ་བ་གཉིས་ལུས་པའི་ཚེ་བློན་པོས་སླེབས་ཏེ་བསངས་དང་ཕུད་གཏོར་ཏེ་རྒྱའི་ལྷ་ལ་མཆོད་པས་ཁ་བ་ཆད། ནགས་མ་རྣམས་ལངས་ཏེ་ལམ་དོད་པ་ལ་བྱོན། བོད་ཏུ་ཉེ་བར་སླེབས་ཚེ་ཕོ་ཉ་མངགས་ནས་བསུ་བ་དང་དགའ་སྟོན་ཞུས་པས་རྒྱལ་པོའི་ཞལ་ནས་སྒྲོལ་མའི་སྤྲུལ་པ་ལྷ་གཅིག་དེ་ཡིན་པར་འདུག་པས་འཕྲུལ་ཆེ་བས་གང་ནས་འོང་མི་ཤེས་ཀྱིས་ཕྱོགས་བཞི་ཀར་དུ་བསུ་བའི་དྲིལ་སྒྲོགས་ཤིག་གསུངས། མེ་ཕོ་སྤྲེའུའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ཉིན་ཕྱོགས་བཞིའི་བསུ་བ་པ་རྣམས་ལ་ཀོང་ཇོ་ཤཱཀྱ་མུ་ནི་བོད་བློན་བརྒྱ་གྱད་མི་རྟ་བརྒྱ་དང་བཅས་པ་ཕྱོགས་སོ་སོ་ནས་བྱོན་པའི་སྣང་བ་བྱུང་སྟེ་ཤར་ཕྱོགས་པ་རྣམས་ཀྱིས་མཁར་སྣ་གདོང་གི་རབ་བརྒལ་ནས་བྱོན་པས་རྒྱ་མོ་རབ་ཁར་བཏགས། ལྷོ་ཕྱོགས་པ་རྣམས་ཀྱིས་༼ཇ༣༢བ༽གྲིབ་སེ་སྒྲོལ་གྱི་ཕུ་ནས་བྱོན་ཏེ་ཁྱག་པ་ལ་དངུལ་གྱི་རྟ་ལྕག་གཙུགས་ནས་དུང་གཡས་སུ་འཁྱིལ་བ་འདྲ་སྟེ་བཟང་གསུང་བ་དེ་དུས་བྱུང་ཟེར། ནུབ་ཕྱོགས་པ་རྣམས་རྐྱང་ཐང་གི་མགོ་ནགས་ཚལ་གྱི་དཀྱིལ་ནས་རྒྱལ་པོའི་ཕོ་བྲང་ལ་ས་དགྲའི་གནོད་པ་གནམ་སྒོ་བྱེ་བ་རལ་གྲི་ཤུབས་ནས་ཕྱུང་སྟེ་ན་མཁའ་ལ་འཕངས་པ་འདྲ་བ་ཡོད། ས་སྒོ་བྱེ་བ་སྦལ་པ་ཚལ་གྱི་བྲག་ཕག་སྣ་འདྲ་བ་ལ་མགོན་པོ་ལྕམ་དྲལ་བྲིས་ལ་གནོན་ཞིག་གསུངས་ཏེ་རྒྱ་ནག་གི་གཟོ་བོས་འབུར་དུ་བརྐོས་པས་ཕག་གདོང་སྣར་གྲགས་སོ། །
བྱང་ཕྱོགས་པ་རྣམས་ཀྱིས་སྒོ་ལ་ལ་བྱོན་པ་ལ་ལྷ་ལ་བསུ་བ་བྱས་པས་ལྷ་བསུ་གདོང་དུ་མིང་ཆགས་ཏེ་ཕྱོགས་བཞི་ཀའི་མི་ལ་དུས་གཅིག་དུ་མཐོང་སྣང་ཤར་ཏེ་འོ་ཐང་གི་མཚོ་འགྲམ་ནགས་ཚལ་དང་བྱེ་མའི་གླིང་ནེ་ཆུང་གི་སྟོད་ན་ཆུ་མིག་ཡོད་པར་ཕེབས་ཚེ་ཇོ་བོའི་ཤིང་རྟ་བྱིང༌། ས་གཡོས། ཁལ་ཐམས་ཅད་ཉལ། གྱད་ལྷ་དགའ་ཀླུ་དགས་བཏེག་ཀྱང་མ་ཐག་པའི་ཚེ་སྤོར་ཐང་བཏིང་ནས་བརྩིས་པས་སྤྱིར་ཛམྦུའི་གླིང་ན་ཡུལ་གྲུ་ཆེན་པོ་བཞི་སྟེ་རི་བོ་འབིགས་བྱེད་ཀྱིས་ཤར་དུ་བཅད་པའི་བྱང་ན་གླང་པོ་ཆེའི་རྒྱལ་ཁམས་པདྨ་ཁ་ཕྱེ་བ་འདྲ། རི་གངས་ཅན་གྱིས་ཤར་དུ་བཅད་པའི་བྱང་ན་བོད་ཁ་བ་ཅན་ཡོད་སྟེ་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ། མ་ལ་ཡའི་ཚལ་གྱིས་བཅད་པའི་བྱང་ན་ཡུལ་དབུས་ཡོད་སྟེ་རིན་པོ་ཆེའི་གླིང་འདྲ། ཆུ་བོ་མཛེས་ལྡན་གྱིས་བཅད་པའི་བྱང་ན་གླང་ཆེན་གྱི་གླིང་ཡོད་སྟེ་མེ་ཏོག་གི་གླིང་འདྲའོ། །
དེ་ནས་ཁ་བ་ཅན་གྱི་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དབུས་ན་སྲིན་མོའི་སྙིང་ག་ཡོད་སྟེ་འོ་ཐང་གི་མཚོ་སྙིང་ཁྲག་དུ་མཁྱེན། ཐང་གི་རི་བོགས་ཆད་གཉིས་འདུག་པའི་སྲིན་མོའི་སྙིང་གི་རུས་པས་སེམས་ཅན་གྱི་སྲོག་ཟ་བར་འདུག་སྟེ་རྒྱལ་པོའི་ཕོ་བྲང་གིས་ནོན་ནས་འདུག །དེའི་ཕྱོགས་བཞི་ན་རི་རུས་སྦལ་ལམ་སྡིགས་པ་འདྲ་བ་རེ་འདུག་པ་སྲིན་མོའི་འཁོར་དུ་མཁྱེན། རི་སྣ་དེ་ཐམས་ཅད་དབུས་སུ་ཟུག་པས་ལྷ་ས་དེ་ཇག་རྐུན་གྱིས་གང་བ་མི་སྤྱོད་ངན་པ་འོང་བར་གཟིགས། ས་དགྲ་རྣམ་པ་ལྔ་འདུག་པའི་ཀླུའི་ཕོ་བྲང་དེ་ཇོ་བོ་ཤཱཀྱ་མུ་ནིས་མནན་པར་མཁྱེན་ནས་ཕྱོགས་༼ཇ༣༣ན༽བཞིར་ཀ་བ་བཙུགས་དར་དཀར་གྱི་ཡོལ་བ་བྲེས་ཏེ་གྱད་མི་བཞིས་བསྲུངས་ཏེ་དེ་ཉིད་ཏུ་བཞུགས་སུ་གསོལ་ལོ། །
ཕོ་བྲང་དུ་དགའ་སྟོན་གྱི་རྔ་བོ་ཆེ་བརྡུངས༌། མི་ཐམས་ཅད་རྒྱན་གྱིས་བརྒྱན་ནས་འཕྲུལ་གྱི་སྲང་ཁའི་སྟེང་ན་ཕར་འུར་སྒྲ་ས་གཡོ་པ་ཙམ་བྱས་ཏེ་རྒྱུག་ཀོང་ཇོ་འཁོར་བཅས་ཕོ་བྲང་གི་ཤར་སྒོར་ཕེབས་ཕོ་བྲང་སོག་པོ་མཁར་ནས་ཁྲི་བཙུན་གྱིས་གཟིགས་པས་ཇོ་བོ་ཤཱཀྱ་བཞུགས་ས་ཡ་གིའི་གནད་ཀྱིས་ལྷ་ཁང་ཞིག་རྩིག་པར་ངེས། རྒྱ་ནག་ས་དཔྱད་ལ་མཁས་ལྷ་ཁང་གཞན་ཡང་རྩིག་དུ་འོང༌། ང་ཆེན་མ་ལ་ལྷ་ཁང་མེད་པར་མོ་ལ་ལྷ་ཁང་སྔོན་ལ་རྩིག་དུ་འཇུག་པ་མི་འོང་སྙམ་ནས་ཀོང་ཇོ་བོས་ཏེ། ཁྱེད་ལ་ལྷ་འདུག་སྟེ་ང་ལ་ཡང་རྟེན་ངོ་མཚར་ཅན་གསུམ་ཡོད། ང་ཆེན་མ་ཡང་ཡིན་ཆོས་ཀྱི་འབྱུང་གནས་ནས་ཀྱང་འོངས། ལག་རིས་སུ་ཕོ་བྲང་ཆེན་པོ་འདི་ལྟ་བུ་ཡང་བྱས་པས་ལྷ་ཁང་མ་བརྩིགས་པར་ཁྱོད་ཀྱིས་མ་རྩིག་ཅིག་ཅེས་བཀའ་ནན་ཆེ་བར་བྱས་པས་ཀོང་ཇོ་ན་རེ། དེ་ཙུག་ལགས་སོ། །ཁྱེད་ལྷ་ཁང་རྩིག་ན་མཚོ་མ་གིའི་ཁར་རྩིགས་ཤིག་ཐང་ཁོད་སྙོམས་ཡ་གི་འདྲ་བ་ལ་ངས་ཀྱང་ལྷ་ཁང་འབྱོངས་མཆི་ཞེས་དངུལ་དཀར་གྱི་རྟ་ལྕག་འོ་ཐང་གི་མཚོ་དང་ཇོ་བོ་བཞུགས་ས་ལ་བཙུགས་པས་ཁྲི་བཙུན་སྐྱེངས་པས་ལན་མ་བྱུང་སྟེ་རྒྱལ་པོ་དང་ཀོང་ཇོ་མཇལ་དུ་མ་སྟེར་ཞེས་ཀ་བཀོལ་མར་བཤད་ལ། གཞན་ལས། །ང་དང་ཁྱེད་གཉིས་ཁྱད་པར་ཆེ། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །བལ་རྗེའི་སྲས་མོ་ང་ཡང་ཡིན། །ཆེན་མ་རྒྱལ་པོའི་བཙུན་མོ་ཡིན། །ཆུན་མ་བཙུན་མོའི་གཡོག་མོ་ཡིན། །ཞེས་སོགས་ཀྱི་གླུ་དང༌། ཁོ་མོས་སྡོད་པའི་གནས་ཀྱང་མ་རྙེད་ཅིང༌། །ཐེམ་པ་མ་བརྒལ་རྗེ་དང་མ་མཇལ་བར། །བཙུན་མོ་ཁྱེད་ཀྱི་འགྲན་ཚིག་སྔས་པ་ཡིན། །ཆེན་ཆུན་བྱུང་བ་མིང་གི་ཁྱད་པར་ཡིན། །མཐུན་པོར་འགྲོགས་ན་ཚེ་འདིའི་སྲུན་ལས་ལྷག །ཆགས་སྡང་བྱེད་ན་རང་མགོ་སུ་གྲུང་ཡིན། །ཞེས་སོགས་ལན་གྱི་གླུ་དང༌། མགར་གྱིས་ཀོང་ཇོ་སྤྱན་འདྲེན་དཀའ་བའི་སྙིང་ནད་ཏུ་ཡོ་བྱད་སོགས་མ་བསྐྱལ། རྗེ་དང་༼ཇ༣༣བ༽མཇལ་དུ་མ་བཅུག་པར་ཟླ་བ་གཅིག་བཞུགས་པས་ཀོང་ཇོ་ཕྱིར་ལྡོག་པར་དགོངས་པ་མགར་གྱིས་གྲོས་བཏབ་བྱ་བ་སོགས་སྣང་ངོ༌། །
དེ་ནས་རྒྱལ་པོ་དགའ་སྟོན་གྱི་ཁྲི་ལ་ཕེབས། ཀོང་ཇོ་བཙུན་མོར་དབང་བསྐུར། དེ་ལྟར་སྤྲུལ་པའི་ལྷ་མོ་གཉིས་ཕེབས་ཚེ། །རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དབང་དང༌། །ཁྲོ་གཉེར་ཅན་དང་སྒྲོལ་མའི་སྐུ་ལས་ནི། །འོད་ཟེར་བྱེ་བ་ཁྲག་ཁྲིག་མཐའ་ཡས་འཕྲོས། །ན་མཁའི་མཐས་ཀླས་འགྲོ་ཀུན་ལ་ཕོག་པས། །ཉོན་མོངས་མ་ལུས་སྐད་ཅིག་གིས་གཅོད་པའི། །རྡོ་རྗེའི་ཏིང་འཛིན་བདེ་བ་ཐོབ་པར་གཟིགས། །རྒྱལ་སྲས་རྣམས་ཀྱིས་སྤྲུལ་པའི་སྐུ་གསུམ་པོས། །བོད་ཁམས་ཐམས་ཅད་བྱིན་གྱིས་རློབ་པ་དང༌། །མཐའ་ཡས་ཏིང་ངེ་འཛིན་ལ་འཇུག་པར་གཟིགས། །བོད་འབངས་ཕལ་པ་རྣམས་ཀྱི་མཐུན་སྣང་དུ། །འཇིག་རྟེན་མཐུན་འཇུག་སྤྱོད་པ་སྟོན་པར་མཐོང༌། །བླ་བོན་གྱིས་ཕྱྭ་གཡང་འགུགས། རྒྱལ་པོ་དང་བཙུན་མོ་དབུ་སྐྲ་སྦྲེལ། སྐུད་ཁེལ་སྙོད་མཛད། ཤ་ཁུ་དང་སྐྱེམས་གསོལ་རེས་དང་གཡང་རིལ་དང་མར་ཁུའི་སྐྱུ་རྗེ་ལེན་བྱེད་སྐད།
གཞན་ཡང་གཙུག་ལག་ཁང་བཞེངས་པ་དང་ལྷ་སྲས་སྐྱེད་པའི་ཕྱིར་ཞང་ཞུང་གི་རྒྱལ་པོའི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་དམན་དང༌། མི་ཉག་གི་རྒྱལ་པོའི་བུ་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་དང༌། སྟོད་ལུངས་མོང་ནས་ཞང་བློན་གྱི་བུ་མོ་མོང་བཟའ་ཁྲི་ལྕམ་སྟེ་སྤྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས་སོ། །
གཙུག་ལག་ཁང་དང་རྟེན་རྣམས་བཞེང་དགོས་ཚུལ་སྐོར།
དེ་ནས་ལྷ་གཅིག་ཀོང་ཇོས་ས་དཔྱད་མཛད། །བོད་ཡུལ་སྲིན་མོ་གན་རྐྱན་འགྱེལ་བ་འདྲ། །དེ་ཡི་ཚིགས་ཆེན་བརྒྱད་དང་མཐིལ་བཞི་པོ། །གནོན་པའི་ལྷ་ཁང་རེ་རེ་དང་པོར་ཐོབ། །འོ་ཐང་མཚོ་འདི་སྲིན་མོའི་སྙིང་གི་ཁྲག །ངན་སོང་སྒོ་ཡིན་བསུབས་ལ་ལྷ་ཁང་རྩིགས། །ས་དགྲ་བརྒྱད་ལ་རང་རང་གཉེན་པོས་གནོན། །དེ་རྗེས་ས་གཞི་པདྨ་འདབ་བརྒྱད་ཚུལ། །༼ཇ༣༤ན༽དགུང་གི་ན་མཁའ་འཁོར་ལོ་རྩིབས་བརྒྱད་དབྱིབས། །ཕྱོགས་མཚམས་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་ཚང༌། །དཔྱད་བཞི་མ་ཉམས་རིན་ཆེན་སྣ་བཞིར་ལྡན། །ཡོན་ཏན་ཐམས་ཅད་དུས་གཅིག་འཆར་རོ་གསུངས། །རྒྱལ་པོའི་ཐུགས་ཀའི་འོད་ཟེར་མཚོར་ཕོག་པས། །དབུས་སུ་འོད་ཀྱི་མཆོད་རྟེན་ཆགས་པ་ལྟར། །བྱིན་གྱིས་རླབས་དང་འཕྲུལ་ལས་རྡོ་སྒོ་བྱས། །རྡོ་རྗེ་ཀླུ་འབྱིམ་བྱུགས་པའི་ཤིང་གིས་ཕུབ། །ཁྲོ་ཆུའི་གཞི་ལ་སོ་ཕག་བཀྲམ་པས་གཡོགས། །རྡོ་རྗེའི་ས་གཞི་ལྟ་བུར་གྲུབ་པའི་སྟེང༌། །རྩིག་རྨང་གཏིང་བ་མི་མ་ཡིན་གྱིས་བཤིག །དེ་ཚེ་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཅིག །ཐོག་མར་བཞེངས་ཞེས་མཁའ་ལས་སྒྲ་བྱུང་བས། །ཁྱད་པར་འཕགས་པའི་རྫས་མཆོག་དུ་མ་དེར། །ཙནྡན་སྦྱར་བའི་ལྡེ་གུ་ཕུང་པོར་བྱས། །རྒྱལ་པོའི་དབུ་སྔས་སུ་བཞག་གཟིམས་པ་ན། །སངས་རྒྱས་བྱང་སེམས་ཉི་ཟེར་རྡུལ་ཙམ་ལྷགས། །ཐིམ་པར་གཟིགས་ནས་ནང་པར་དགུང་སངས་ཚེ། །སྤྱན་རས་གཟིགས་ཀྱི་དབང་པོ་བཅུ་གཅིག་ཞལ། རྩ་བའི་ཞལ་གསུམ་དཀར་པོ་རབ་ཏུ་འཛུམ། །དེ་སྟེང་ཞལ་གསུམ་སེར་མདོག་བཞད་པ་ཡི། །ཁྲོ་ཞལ་རྒྱས་པའི་ཕྲིན་ལས་མཛད་པ་ཡིན། །དེ་སྟེང་ཞལ་གཉིས་བྱེ་རུའི་མདོག་འདྲ་བ། །གཙིགས་པའི་ཁྲོ་ཞལ་དབང་གི་ཕྲིན་ལས་མཛད། །དེ་སྟེང་ཞལ་གཉིས་ཁྲོ་ཞལ་ནག་པོ་ནི། །ཁྲོས་ཅིང་གདངས་པ་དྲག་པོའི་ཕྲིན་ལས་མཛད། །དེ་སྟེང་ཨ་མི་ཏཱ་བྷ་ལི་ཁྲིའི་མདོག །དེ་མན་རྒྱལ་པོའི་སྐུ་ཚད་ཉིད་དང་མཉམ། །ཆོས་སྐུ་རྩ་བའི་ཕྱག་བཅུའི་དང་པོ་གཉིས། །ཐུགས་ཀའི་དབུས་སུ་ཐལ་མོ་མཉམ་པར་སྦྱར། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་འོད་དཔག་མེད། །གཡས་ཀྱི་ལྷག་མ་བཞི་ན་རིམ་པས་འཛིན། །པད་དཀར་རིལ་བ་སྤྱི་བླུགས་རིན་པོ་ཆེ། །མདའ་གཞུ་ལྷན་ཅིག་གཡོན་པ་བཞི་ན་འཛིན། །ཕྱག་ཞབས་གསེར་༼ཇ༣༤བ༽གདུབ་དང་ནི་སྤྲུལ་གྱིས་བརྒྱན། །རིན་ཆེན་རྒྱན་མཛེས་འོད་ཟེར་ཉི་ལྟར་འབར། །སྐུ་སྟོད་རི་དྭགས་པགས་པས་ནུ་གཡོན་བཀབ། །མཚན་དཔེ་ཀུན་ལྡན་རང་བྱུང་ཉིད་ཏུ་བྱོན། །སླར་ཡང་འོད་ཟེར་དུ་མ་འཕྲོས་པ་ཡིས། །ཙནྡན་རང་བྱུང་སྐུ་དང་རིང་སྲེལ་སོགས། །སྤྱན་དྲངས་ཕྱག་གིས་དར་ཤམ་ཅུང་ཟད་ཙམ། །བརྫེས་པ་ནས་ཞུགས་ཐུགས་ཀའི་དབུས་སུ་ནི། །ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པར་གྱུར། །ལོངས་སྤྱོད་རྫོགས་སྐུའི་ཡན་ལག་སོ་བརྒྱད་དང༌། །སྤྲུལ་སྐུའི་ཉིང་ཕྱག་སྟོང་ཕྲག་སྤྱན་སྟོང་ཅན། །ཕྱི་ནས་བལ་པོའི་གཟོ་བོས་ཕུལ་བར་གྲགས། །འཇིག་རྟེན་དབང་ཕྱུག་ལ་སོགས་འཁོར་བརྒྱད་བྱས། །བོད་ཏུ་བཞེངས་པའི་རྟེན་གྱི་ཐོག་མ་ཡིན། །རང་བྱུང་སྐུ་ལས་མེ་ཡི་འོད་ཟེར་དང༌། །ཁྲོ་བོ་གཉིས་བྱུང་ཐོག་ལྟར་བབས་པ་ཡིས། །ཟླ་བ་ཚལ་གྱི་འདྲེ་ཡི་འདུན་ཕུང་གཏོར། །ཉེ་བའི་ས་དགྲ་གཞན་རྣམས་སོ་སོར་མནན། །དཔུང་མགོ་དཔྱི་གཉིས་གནོན་པའི་མཐའ་འདུལ་བཞི། །གྲུ་མོ་པུས་མོ་གནོན་པའི་ཡང་འདུལ་བཞི། །ཡན་ལག་མཐིལ་བཞི་གནོན་པའི་རུ་གནོན་བཞི། །ཤར་དུ་ཉི་ཟླ་གཟའ་སྐར་གཏན་འབེབས་གསུམ། །མེ་ཆུ་རླུང་གི་ཁ་གནོན་གཉིས་གཉིས་ཏེ། །ས་གཞི་གནོན་པའི་ལྷ་ཁང་ཐམས་ཅད་མཛད། །བོད་ཀྱི་གཙུག་ལག་ཁང་ལ་སྔ་བ་ཡི། །ཁྲ་འབྲུག་གྲུབ་ཚེ་རབ་བྱུང་གཏམ་གསན་པས། །དེ་ལྟར་རྒྱལ་བའི་རྗེས་འཇུག་ངུར་སྨྲིག་གི །རྟགས་འཛིན་ཙམ་ལའང་གུས་ཕྱག་འཚལ་ལོ་གསུངས༌། །དེ་ཚེ་བནྡྷེ་ཧྲུལ་པོ་ཅིག་གཟིགས་ལ། །གུས་ཕྱག་མཛད་སྟེ་ངོ་མཚར་ཆེའམ་གསུངས། །དེས་ཀྱང་མཆོད་རྟེན་རྩེ་ལྔ་མཁའ་ལ་བཏེག །རྒྱལ་པོས་ཐོད་ཕུད་ཨ་མི་ཏཱ་བྷ་བསྟན། །དེས་ཀྱང་རང་གི་སྙིང་གའི་སྒོ་ཕྱེ་སྟེ། །འདུས་པའི་ལྷ་ཚོགས་བཅུ་དགུ་གསལ་བར་བྱས། །རབ་བྱུང་ཧྲུལ་ཡང་ཡོན་ཏན་འདི་འདྲ་ཡིས། །ཕྱིན་༼ཇ༣༥ན༽ཆད་ཕྱག་མཆོད་བཀུར་སྟི་བྱོས་ཤིག་ཞེས། །བོད་འབངས་ཀུན་ལ་བཀའ་ཡི་དྲིལ་ཆེན་བསྒྲགས། །བོད་ཡུལ་རྡོ་རྗེའི་ལྟེ་བ་ལྷ་ས་ཡི། །སྲོག་རྩ་ལྷ་རི་རང་བྱུང་ཡེར་པ་རུ། །ས་རྡོའི་ཕུད་ལས་ལྷ་ཁང་མཆོད་རྟེན་མཛད། །ལྷ་སའི་རྟེན་འབྲེལ་ཡེར་པར་སྒྲིགས་ཞེས་གསུངས། །
དེ་ཡང་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན་ནས་ཁོ་མོ་ལྷ་ཁང་རྩིག་པའི་ས་གཞི་ཞིག་ཞུའོ་བྱས་པས་རྒྱལ་པོའི་ཞལ་ནས་ཁྱེད་རང་གང་འདོད་པར་རྩིགས་ཤིག་གསུངས། དེར་ཁྲི་བཙུན་གྱིས་རྟ་པ་མང་པོའི་ཁྲོམ་ཁྲིད། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ་ལ་དོང་གི་ནེ་ཐང༌། བ་རག་ཕུག་ཡར་ལུངས་སོགས་ཡུལ་བཟང་བ་ཐམས་ཅད་ཏུ་རྨང་བཏིང་ཡང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་བར་ནུབ་མོ་ལྷ་འདྲེས་རྗེས་མེད་ཏུ་བཤིག་པས་ས་དཔྱད་བརྟག་དགོས་པར་གོ་སྟེ་གཡོག་མོ་ལ་གསེར་ཕྱེ་བྲེ་གང་བསྐུར་ཏེ་ཀོང་ཇོ་ཇོ་བོ་ཤཱཀྱ་ལ་མཆོད་པ་བྱེད་པའི་རྩར་བཏང་སྟེ་ན་ནིང་གི་དེ་སྐད་མ་གསུང་བར་ངའི་ལྷ་ཁང་རྩིག་པའི་ས་དཔྱད་ལེགས་པར་སྟོན་པར་ཞུ། ངའི་ལྷ་ཁང་ཟིན་ནས་ཁྱེད་ཀྱི་ཡང་རྩིག་དུ་གཞུག་གིས་ཅེས་འཕྲིན་བསྲིངས། ཀོང་ཇོས་སྤོར་ཐང་བཀྲམ་སྟེ་བརྩིས་པས་བོད་ཡུལ་འདིར་ལྷ་ཁང་གི་ས་གཞི་བཙལ་ན་སྤྱིར་སའི་དབྱེ་བ་སུམ་བརྒྱ་དྲུག་བཅུ། ས་བརྟག་པ་བརྒྱ་རྩ་བརྒྱད། ངོས་བཟུང་བ་བདུན་བཅུ་དོན་གཉིས། ནོར་ར་རེ་བཞི་བཅུ་རྩ་ལྔ། ས་དགྲ་ངོས་བཟུང་བ། དེའི་སྐྱོན་བསལ་བ། ཡོན་ཏན་གྱི་འབྲས་བུ་ཆུད་མི་འཛའ་བ་རྣམས་སྟོན་པ་ལས་མདོར་བསྡུ་ན་མང་པོ་འདུ་བ་གྲོང་དང་གྲོང་ཁྱེར་གྱི་ས། དབང་ཕྱུག་དང་མངའ་ཐང་འཕེལ་བ་རྒྱལ་པོའི་ཆེན་པོའི་ས། དྲང་སྲོང་འདུ་བའི་གནས་དགོན་པ་བས་མཐའི་ས། རེ་ཞིག་བདེ་བར་གནས་པ་སྐྱེ་བོ་ཐ་མལ་བའི་ས་སྟེ་བཞི་ལས་འདི་རྒྱལ་པོའི་ས་དང་གཅིག་པ་ཡིན། དེ་ཡང་བོད་ཀྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་གཟུགས་སུ་འདུག་པས་དཔུང་མགོ་གཉིས་དཔྱི་གཉིས་གྲུ་མོ་གཉིས་པུས་མོ་གཉིས་རྩིས་གཞི་རྣམས་གནོན་པའི་ལྷ་ཁང་རེ་རེ་དགོས། མ་གྲུབ་ཀྱང་ལྕགས་ཀྱི་ཕུར་པ་རེ་ཐོབ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཡིན་ངན་སོང་གི་སྒོ་ཞིག་ཡང་འདུག་པས་བསུབས་ནས་ལྷ་ཁང་རྩིག་དགོས། ས་དགྲ་བརྒྱད་འདུག་སྟེ་ལྷོ་ནུབ་ན་༼ཇ༣༥བ༽འདྲེའི་འདུན་ས་འདུག་པ་གཏོར་ཞིག་ནུབ་བྱང་ན་ཀླུ་བདུད་ནག་པོའི་ཉལ་ས་འདུག་པ་ཕྲོགས་ལ་ལྷ་ཁང་རྩིགས་ཤིག་ལྷོ་བྱང་ན་བཙན་གྱི་འགྱུ་སྲང་འདུག་པ་མཆོད་རྟེན་གྱིས་ཆོད་ཅིག་ར་མོ་ཆེའི་ཀླུའི་ཕོ་བྲང་ཇོ་བོ་བཞུགས་པ་འདིས་ནོན་འདུག །ཤར་ན་བ་ལམ་གྲུམ་པ་རི་ཆུ་སྲིན་དེའུའི་ཁར་ཐོན་པ་འདྲ་བ་ལ་དུང་དཀར་སྟོན། ཤར་ལྷོར་བྱང་སྟོད་སེ་ཕུག་སྲིན་མོ་འདོམས་བཟེད་བ་འདྲ་བ་ལ་དབང་ཕྱུག་ཆེན་པོ་སྟོན། ལྷོ་ནུབ་ཡུག་མའི་ཤར་རི་སྡིགས་ནག་གཟན་ལ་རུབ་བ་འདྲ་བ་ལ་བྱ་ཁྱུང་ག་རུ་ཊ་སྟོན། ནུབ་ན་ཤུན་གྱི་བྲག་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་དང་རི་སྲིན་མོ་རལ་པ་གཟིངས་པ་འདྲ་བ་འདུག་པ་ལ་རྡོའི་མཆོད་རྟེན་ཞིག་སྟོན། བྱང་ན་ཉང་བྲན་དོག་སྡེའི་དབུས་རི་གླང་ཆེན་གཡུལ་དུ་ཞུགས་པ་འདྲ་བ་ལ་རྡོ་ཡི་སེང་གེ་ཞིག་སྟོན། ས་དགྲ་དེ་རྣམས་ནོན་པ་དང་ཡོན་ཏན་ཐམས་ཅད་དུས་གཅིག་ལ་འཆར་ཏེ། ཤར་ན་བན་ཁོས་གུང་བུ་རི་མཆོད་རྟེན་ལྟ་བུ། ལྷོ་ན་གྲིབ་རི་རིན་པོ་ཆེ་སྤུངས་པ་ལྟ་བུ། ནུབ་ན་སྟོད་ལུང་བྲང་ཕུའི་རི་ན་མཉྫིའི་ཁར་དུང་ཕོར་བཞག་པ་ལྟ་བུ། བྱང་དུ་དོག་སྡེ་ལྷ་རི་པདྨ་ཁ་བྱེ་བ་ལྟ་བུ་སྟེ་ཡོན་ཏན་གྱི་རི་བཞི་འདུག་པས་ཕྱོགས་ཐམས་ཅད་ནས་དད་པ་ཅན་གྱི་སྐྱེ་བོ་འདུ་ཞིང་སྟོན་པའི་རིང་སྲེལ་ལ་མཆོད་པ་རྒྱས་ཆོས་བྱར་བཏུབ། རང་བཞིན་གྱི་ཡོན་ཏན་མང་པོ་འབྱུང་བའི་ས་ཡིན། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ས་དབྱིབས་པདྨ་འདབ་བརྒྱད། ཉང་བྲན་འཕན་དཀར་གྱི་རི་ལ་དབུ་གདུགས། མལ་གྲོང་གི་རྒྱབ་རིར་སྤྱན་ཉ། གདོང་མཁར་གྱི་བྲག་ལ་ལྗགས་པདྨ། གྲིབ་ཕུའི་ཆབ་རོམ་ལ་གསུང་དུང༌། རྫོང་བཙན་གྱི་རི་ལ་མགུལ་བུམ་པ། ཡུག་མའི་རི་ལ་ཐུགས་དཔལ་བེ། འཕན་དར་གྱི་རི་ལ་སྐུ་རྒྱལ་མཚན། བྲང་ཕུའི་སྤང་ལ་ཕྱག་ཞབས་འཁོར་ལོ་སྟེ་ལོགས་བཀྲ་ཤིས་རྟགས་བརྒྱད་ཏུ་ཚང༌། གར་བའི་ཇོ་མོ་ཟེ་ཟེ་ལ་ལྕགས། ར་ཁ་ལ་དོང་ལ་ཟངས་དང་དངུལ། ལྕགས་ཀ་རི་ལ་གསེར་ཏེ་རིན་ཆེན་སྣ་བཞིའི་གཏེར་ཡོད། ཤར་གྱི་སྟག་སྐྱ་བོ་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་སྔོན་མོ་སྐྱི་ཆུ། ནུབ་ཀྱི་བྱ་དམར་པོ་ཤུན་གྱི་བྲག་དམར་ཏེ་གདོང༌། བྱང་གི་རུས་སྦལ་ནག་པོ་ཉང་བྲན་ཕ་བོང་ཁ་སྟེ་དཔྱད་བཞི་ཚང་བས་བཀྲ་ཤིས། ༼ཇ༣༦ན༽དེ་ལྟར་ས་དགྲ་རྣམས་མནན་པ་དང་ཡོན་ཏན་ཐམས་ཅད་ཀྱི་ནུས་པ་དོད་འབྱུང༌། གཏེར་རྣམས་ཁ་འབྱེ། ཐུགས་དམ་གྱི་ལྷ་ཁང་ཡང་དོད་རྩིག་དུ་བཏུབ་པས་ར་དཀར་མོ་ལ་འཕན་ཡུལ་ནས་ས་བཀལ་བས་རྟེན་འབྲེལ་དུ་མཚོ་གསུབས་ལ་དེར་ལྷ་ཁང་བརྩིགས་ན་ལེགས་རྒུ་ཅོག་ཀྱང་དོད་འབྱུང་ཉེས་རྒུ་ཅོག་འགྲིབ་པར་འགྱུར་རོ་ཞེས་ལན་བསྐུར་རོ། །
འོ་ཐང་གི་མཚོར་གཙུག་ལག་ཁང་བཞེང་ཚུལ།
དེར་བྲན་མོས་ཕྲིན་གོ་རིམ་ནོར་ཏེ་དང་པོར་ར་ལ་ས་ཁོལ་ལ་མཚོ་གསུབས་བྱ་བ་སྨྲས་པས་ཁྲི་བཙུན་གྱིས་དེ་ལྟར་མཛད་ཀྱང་མཚོ་རྙོག་ལོང་གིས་སོང་སྟེ་བྱེ་བའི་ཆ་ཡང་མ་སུབས་ནས་ཡིད་མ་ཆེས་ཏེ་རྒྱལ་པོ་ལ་ཞུས་པས་ངས་ཡི་དམ་ལ་འདྲི་ཡི་གསུངས་ཏེ་ཐུགས་དམ་རང་བྱུང་ལ་མཆོད་པ་མཛད་གསོལ་བ་བཏབ་པས་དེའི་ཞབས་མཐེབ་གཡས་པ་ནས་འོད་ཟེར་བྱུང་བ་འོ་ཐང་གི་མཚོར་ཐིམ་མོ། །
དེར་ནང་རེ་བཞིན་རྒྱལ་པོ་ཆིབས་དཀྱུས་སུ་འཆག་པའི་འུར་ཁྲོལ་གྱི་སྒྲ་བྱུང་ཚེ་སྐྱེ་བོ་རྣམས་བལྟ་བ་ལས་དེའི་ནང་པར་ཁྲི་བཙུན་གྱིས་སྣ་དྲངས་ཆིབས་དཀྱུས་སུ་གཤེགས་ཏེ་འོ་ཐང་གི་མཚོ་ཁར་བཏོལ་བ་ན་རྒྱལ་པོས་སོར་གདུབ་ཕུད་སྟེ་འདི་གར་ལྷུང་བ་དེར་རྩིགས་ཅིག་ཅེས་མཁའ་ལ་འཕངས་པས་མཚོ་ནང་དུ་སོང་བ་དང་རྒྱལ་པོས་ཀྱང་ཀོང་ཇོ་དང་གྲོས་མཛད་ཏོ་སྙམ་ནས་ཁྲི་བཙུན་སྤྱན་མཆི་མས་གང༌། རྒྱལ་པོས་མཆི་མ་ཕྱིས་ལ་ལྟོས་ཅིག་གསུངས་པས་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་མཚོ་ནང་དུ་སོང་བ་མཐོང༌། ཀོང་ཇོ་ཡང་ཕྲག་དོག་མིན་པར་ང་ལ་ཆ་ཡོད། འདིར་རྩིགས་ཤིག་ངས་གྲོགས་བྱའོ་གསུངས་པས་ཁྲི་བཙུན་རབ་ཏུ་དགྱེས་ཏེ་བཀའ་བཞིན་དུ་ཉན་ནོ་ཟེར་རོ། །
རྒྱལ་པོའི་ཞལ་ནས་མཚོ་འགྲམ་འདིར་ངའི་ཕོ་བྲང་ཞིག་རྩིགས་ཤིག་གསུངས་ཏེ་ཕོ་བྲང་གསུམ་ཐོག་ཞིག་བརྩིགས་པར་ཕོ་བྲང་གི་བསྐྱས་མཛད་སྟེ་མཆོད་གནས་རྣམས་ཀྱང་སྤྱན་དྲངས་ཏེ་མཆོད་པ་ཆེན་པོ་མཛད། ཁྲི་བཙུན་གྱིས་ཀླུ་ནག་པོ་ཀློང་རྡོལ་དང༌། རྒྱུན་བརྡལ་དང༌། ཟུར་ཕུད་རྐྱང་ཚལ་གྱི་ཀླུ་སོགས་ལ་ལས་བཅོལ་ཏེ་སྐྱི་ཆུ་ལྷོ་ངོས་དཀར་ཆུང་ལྦུ་བ་གདོང་དུ་བསྒྱུར་བས་མཚོ་གུད་ཏུ་ལུས། མཚོ་ནང་གི་ཕྱོགས་བཞིར་རྡོ་སྤེ་བྱས་ཏེ་གླ་༼ཇ༣༦བ༽བའི་ཤིང་གིས་ཕུབ་པས་དབུས་སུ་མ་སླེབས་ནས་རྒྱལ་པོས་རྟེན་རང་བྱུང་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་སྐུའི་སྤུ་ནས་འོད་ཟེར་བྱུང་བ་མཚོ་ལ་དྲ་ཕྱེད་ཏུ་བྲེས། རྩ་ཞལ་ནས་འོད་ཟེར་བྱུང་བ་མཚོ་སྟེང་དུ་སྤྲིན་ལྟར་འཁྲིགས་པ་ལས་འོད་ཞགས་པ་ལྟ་བུ་མཚོ་ལ་ཆར་པ་ལྟར་བབ་པས་མཚོ་ནང་དུ་འོད་ཏམ་ལྦུ་བ་མཆོད་རྟེན་བང་རིམ་གསུམ་པའི་རྣམ་པར་ཆགས་པའི་ཚེ་རྡོ་རྣམས་མཚོ་དཀྱིལ་གྱི་འོད་ཟེར་ལ་རྒྱོབ་ཅིག་གསུངས་ཏེ་བལ་པོའི་རྡོ་བཟོ་བས་གསང་ཕུ་ནས་དྲངས་པ་ལ་བཟོ་བྱས་ཏེ་བློན་པོ་རྣམས་ཀྱིས་ཡིག་དྲུག་གི་སྒྲ་དང་བཅས་ཏེ་དབུས་སུ་བསྐུར་བས་མཁར་གྱི་རྣམ་པ་གྲུ་བཞི་པ་ཅིག་བྱུང༌། དེའི་དཀྱིལ་དུ་གཏེར་བཅུག །དེ་ལ་སྣ་གཏད་སྟེ་ཕུབ་པས་མཚོ་མི་མངོན་པར་སུབས་ཏེ་ལྟེ་བ་དེ་དེང་སང་གི་དཀྱིལ་འཁོར་ཡིན་ནོ། །
ཀླུའི་ཡུལ་ནས་རྡོ་རྗེའི་འདག་པ་བླངས་ཏེ་ཤིང་ཐམས་ཅད་ལ་བྱུགས་པས་ཤིང་ཐམས་ཅད་མི་བངས་མི་རུལ་བ་རྡོ་རྗེ་ཕ་ལམ་ལྟར་བྱས། དེའི་སྟེང་དུ་ཁྲོ་ཆུའི་ཕ་གུ་བཏིང་བ་ཁྲོ་ཞུན་གྱིས་བསྡམས། སླར་སོ་ཕག་དང༌། སྤང་ལེབ་དང་རྡོ་ལེབ་དང༌། བྱེ་མ། ས་བཟང་པོ་རྣམས་བཏིང་བས་ས་གཞི་དང་དབྱེར་མེད་པར་བྱས་ཏེ་རྩིག་རྨང་བཏིང་བས་མཚན་མོ་ལྷ་འདྲེས་བཤིག །དེ་ནས་ན་མཁའ་ལས་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཅིག་ཐོག་མར་བཞེངས་ན་བར་ཆད་མི་འབྱུང་ངོ་ཞེས་སྒྲ་བྱུང་བས་བལ་པོའི་ལྷ་བཟོ་བ་ལ་ཁྱོད་ཀྱིས་ངའི་སྐུ་འབག་དུ་མིང་བཏགས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེང་ཤེས་སམ་གསུངས་པས་ཁོ་བོ་སྤྲུལ་པའི་བཟོ་བོ་ཡིན་པས་ཤེས་མཆི་ཟེར་ཏེ་སྔོན་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་གནས་ཆེན་པོ་བརྒྱད་ཀྱིས་རྒྱ་མཚོའི་འགྲམ་དང་ནཻ་རཉྫ་རའི་བྱེ་མ་དང་ཙནྡན་སྦྲུལ་སྙིང་དང་ས་མཆོག་བུ་མོ་གཙང་མ་དུ་མས་བ་སྤོས་ཟན་མའི་འོ་མ་དང་དར་བའི་ལྡེ་གུ་དང་བསྲེས། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་བཏབ་པའི་ལྡེ་གུ་རྒྱལ་པོའི་དབུ་སྔས་སུ་སྤུངས། བྱང་ཆུབ་ཤིང་གི་སྲོག་ཤིང༌། ཙནྡན་སྦྲུལ་སྙིང་གི་ཞབས་དར། སྐུའི་དབྱིབས་གཏོད་པའི་ཕྱིར་རྒྱ་མཚོའི་གླིང་གི་འཇག་མ། ཟེ་མ་རུའི་གཟེར། རིན་པོ་ཆེའི་སྤྱན་འབྲས། འཇམ་བྱེད་པའི་ལྡེ་པན། ༼ཇ༣༧ན༽ཁ་བསྒྱུར་བའི་ཚོན་རྣམས་སྟ་གོན་བྱས་ཏེ་དབུ་སྔས་ཀྱི་མགོར་བཞག་གོ །ཐོ་རེངས་ཀྱི་དུས་མཐོངས་ཀ་ན་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཟེར་གྱི་རྡུལ་ཙམ་བྱོན་ཏེ་འཇིམ་པ་ལ་ཐིམ་པར་གཟིགས་པས་བྱིན་རླབས་ཅན་ཞིག་འོང་བར་འདུག་ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ། ཡི་གེ་དྲུག་པ། འཇིག་རྟེན་དབང་ཕྱུག་ཡིད་བཞིན་འཁོར་ལོ། དོན་ཡོད་ཞགས་པ། ཧྱ་གྲཱྀ་བ། ཁཱརྶཔ་ཎི་ཞིག་བྱའམ་ཞེས་སྤྱན་རས་གཟིགས་ཀྱི་བྱེ་བྲག་ལྔ་བཅུ་རྩིས་ལ་བཏབ་ནས་གཟིམས་པ་ལས་ནམ་ལངས་པའི་ཚེ་དབུ་སྔས་ན་རྒྱུ་དེ་རྣམས་ཀྱི་ཤུལ་ན་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུ་ཆོས་སྐུའི་རྩ་ཕྱག་བཅུ་གཅིག་དུ་ཁྲོང་ངེ་བྱོན་པར་གཟིགས་སོ། །དེ་མ་ཐག་ལྷ་བཟོ་ཡང་ལྷ་བཟོ་བའི་ཆེད་ཏུ་འོངས་པ་ལ་རྒྱལ་པོས་ལྷ་མྱུར་ཞིང་ལེགས་པར་ཟིན་འདུག་ཀྱང་ཙནྡན་སྦྲུལ་སྙིང་གི་སྐུ་རང་བྱུང་དང་མཆོད་སྡོང་གསུམ་པོ་འདི་ནང་རྫོངས་ཡང་སྙིང་དུ་བཞུགས་རྒྱུ་ཡིན་ཏེ་གསུངས་པས་བཟོ་བོ་ན་རེ་བདག་ནི་ལྷ་བཞེང་དགོས་སྙམ་ནས་ང་གདོད་མཆིས་པ་ལགས་ཏེ་འདི་ནི་རང་བྱུང་དུ་བྱོན་གདའོ་ཟེར། དེ་མ་ཐག་དུ་སྐུ་དེ་གཡོས་ནས་ཕྱག་གཡས་ཀྱིས་དར་ཤམ་པུས་གོང་དུ་བརྫེས་ཏེ་ཞབས་གཡས་ནས་འོད་ཟེར་བྱུང་བས་རྟེན་དེ་རྣམས་སྤྱན་དྲངས་ཏེ་ཐུགས་ཀར་ཆགས་པས་སྐུ་ཤིན་དུ་སྦྲུམ་པར་གྱུར་ལ་གཡོན་དུ་ཅུང་ཟད་འགྱིང་བ་དེ་དུས་བྱུང་ལ་དར་ཤམ་པུས་གོང་དུ་ལུས་པ་ད་དུང་དུ་ཡོད་ཏོ། །འདི་ལ་རྒྱས་པའི་ཞལ་མཐིང་ག་གསུམ། དབང་གི་ཞལ་ཁམ་པ་གཉིས། མངོན་སྤྱོད་ཀྱི་ཞལ་དམར་པོ་གཉིས། ཞེས་དང༌། ཕྱག་མཚན་གཡས་ལྷག་མ་བཞིས་སྤྲུལ་སྐུ་མདའ་འཁོར་ལོ་ས་གནོན། གཡོན་བཞིས་ཕྲེང་བ། ནོར་བུ། གཞུ། བུམ་པ་ཞེས་བྲིས་པ་ཡང་སྣང་ངོ༌། །
བྲག་ལྷ་བཙན་གདོང་བརྐོས་ཚུལ་སྐོར།
དེ་ནས་བར་ཆུ་ཁར་མཆོད་རྟེན་ཀེ་རུ་བརྩིགས་ཏེ་བོད་ཀྱི་སྔགས་བཙུན་དང་སྒྲུབ་པ་ལ་མི་གནོན་པའི་ཕྱིར་གྲིབ་ནས་ཉང་བྲན་གྱི་ཕུར་བཙན་གྱི་འགྱུ་སྲང་ཡོད་པ་བཅད། རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་བྲག་ལོགས་ལ་ཕོག་པས་བྲག་ལྷ་ཀླུ་ཕུག་གི་ཀླུ་བདུད་དང་མ་མོའི་ཉལ་༼ཇ༣༧བ༽ས་ཕྲོགས་ཏེ་རྣམ་སྣང་ཀུན་དུ་ཞལ་དང་འཇམ་དཔལ་ཁྲོ་བོ་སོགས་བྲག་ལ་རང་བྱོན་དུ་བྱུང༌། རྒྱལ་པོ་གནམ་སྟོང་གི་ནུབ་མོ་འོ་ཐང་གི་ཆུ་ལ་ཁྲུས་མཛད་ཚེ་ལྷོ་ནུབ་ཟླ་བ་ཚལ་གྱི་བྲག་རྩ་ན་མེ་འབར་བ་ཞིག་འདུག་ནས་དེར་བྱོན་པས་ཁ་བ་ཅན་གྱི་འདྲེ་ཐམས་ཅད་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩར་འདུས་ཏེ་གྲོས་བྱེད་པ་གསན་པས་འདྲེ་རྒན་པོ་ཅིག་ན་རེ་ཁ་བ་ཅན་གྱི་རྒྱལ་ཁམས་འདི་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་གསུང་གིས་མ་ཁྱབ་པས་ངེད་རང་མི་མ་ཡིན་རྣམས་ལ་དབང་བ་ཡིན་པ་ལ་རྒྱལ་པོ་མགོ་གཉིས་པ་འདིས་ལམ་བཅད། ཉལ་ས་ཕྲོགས། ཆོས་ཁྲིམས་བྱས། ད་ངེད་རང་རྣམས་ཀྱང་ནུས་པ་སྐྱེད་ལ་དཀོན་མཆོག་སུམ་ལ་དད་པ་བྱེད་པའི་སྲོག་ཆོད། དགེ་བ་བྱེད་པ་ལ་མི་རུང་བ་ཐོང༌། ལྷ་ཁང་རྩིག་པ་ལ་རྡོ་ཆར་ཕོབ་ལས་ཤིག །དེ་སྔ་ཡང་བལ་བཟས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བ་བཤིག་པ་དེ་ཡང་ལེགས་སོ་ཟེར་ནས་གྱེས་སོང༌། ཕྱི་ནུབ་རྒྱལ་པོས་རྟེན་རང་བྱུང་ལ་གསོལ་བ་བཏབ་པས་ཁྲོ་ཞལ་ལས་འོད་དམར་ལྗང་གཉིས་ཀྱི་རྩེ་ལ་ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱུང༌། དེ་གཉིས་ཀྱི་ཞལ་ནས་མེ་ཕུང་བྱུང་སྟེ་གནམ་ལྕགས་ཀྱི་ཐོག་ལྟར་འདྲེའི་འདུན་སའི་དུག་ཤིང་གི་སྡོང་པོ་ལ་ཕོག་པས་འགྱེལ་ཞིང་འཐོར། དུག་ཁོལ་བ་རླུང་གིས་གཏོར་ཏེ་འདྲེའི་འདུན་ཕུང་ཐམས་ཅད་འཐོར་ཞིང་བརྒྱལ། ཁྲོ་བོ་གཉིས་དང་བསྐལ་པའི་མེས་དེད་སྟེ་རྒྱ་མཚོའི་མཐར་བསྐྱལ། ཁྲོ་བོ་གཉིས་དང་མེ་ཕུང་ཟླ་བའི་བྲག་ལ་ཕོག་པས་འོད་དཔག་མེད། ཁཱརྶ་པཱ་ཎི། དཔལ་རྟ་མགྲིན་གསུམ་རང་བྱུང་དུ་ཤར། སང་ཉིན་རྒྱལ་པོས་དེར་བྱོན་ཏེ་མཆོད་པ་མཛད། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་གུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་སྐུ་རང་བྱུང་འོད་ཀྱི་རྣམ་པ་དེ་སླར་བལ་པོའི་བཟོ་བོས་འབུར་དོད་ཏུ་གསལ་བར་བརྐོས་པ་བྲག་ལྷ་༼ཇ༣༨ན༽བཙན་གདོང་དུ་གྲགས་སོ། །རྒྱལ་པོའི་ཞལ་ནས་འོད་ཟེར་གྱི་སྣེ་ལ་བྱུང་བའི་ཁྲོ་བོ་དེ་གཉིས་ཁྱོད་ཀྱིས་མཐོང་ངམ་ཞེས་བཟོ་བོ་ལ་དྲིས་པས་མཐོང་ལགས་ཟེར། དེ་གཉིས་ཀྱི་གཟུགས་གྱིས་ཤིག་གསུངས་ཏེ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱས། ཐུགས་རྗེ་ཆེན་པོའི་འཁོར་ཉུང་བས་ད་དུང་གྱིས་ཤིག་གསུངས་ནས་འཇིག་ཏེན་དབང་ཕྱུག་དང༌། ཁཱརྶ་པཱ་ཎི། སྒྲོལ་མ་ཁྲོ་གཉེར་ཅན། འོད་ཟེར་ཅན། དབྱངས་ཅན་མ་རྣམས་བྱས། རང་བྱུང་ཐུགས་རྗེ་ཆེན་པོ་ལ་ལོངས་སྐུ་ཡན་ལག་གི་ཕྱག་སོ་བརྒྱད་ཀྱི་གཡས་བཅུ་དགུ་ན། རིན་ཆེན་ཞགས་པ་ལྷུང་བཟེད་དང༌། །རལ་གྲི་རྒྱ་གྲམ་མན་ཤེལ་དང༌། །ཆུ་ཤེལ་མདའ་དང་ཞུ་ལྕུག་མ་དང༌། །རྔ་ཡབ་ཕུབ་བུམ་དགྲ་སྟ་ཕྲེང༌། །པད་སྔོན་སྤྱི་བླུགས་ཉི་མ་དང༌། །པད་དཀར་འབྲས་ཀྱི་སྙེ་མ་འོ། །གཡོན་བཅུ་དགུ་ན། སྤྲིན་དཀར་སྤྱི་བླུགས་པདྨ་སེར། །གྲི་མདུང་དབྱུག་པ་ཕྲེང་དྲིལ་བུ། །རྡོ་རྗེ་ལྕགས་ཀྱུ་འཁར་སིལ་དང༌། །སྤྲུལ་སྐུ་ལྷ་ཁང་གླེགས་བམ་དང༌། །འཁོར་ལོ་སྐུ་གཟུགས་ཤིང་ཐོག་དང༌། །པད་སྔོན་རིན་ཆེན་འཛིན་པ་འོ། །སྤྲུལ་སྐུའི་ཉིང་ཕྱག་སྟོང་མཆོག་སྦྱིན་གྱི་རྣམ་པའི་མཐིལ་དུ་སྤྱན་སྟོང་དང་བཅས་པ་ཡང་ཕྱིས་ཕུལ་ལོ། །
བྱམས་པ་མི་འགྱུར་བའི་ལྷ་ཁང༌།
ནུབ་ཕྱོགས་སུ་མཆོད་རྟེན་ཀྲེ་རུ་བརྩིགས་ནས་ནུབ་ཀྱི་ས་དགྲ་གནོན་པ་སོགས་ས་དགྲ་བཞི་མནན། དེ་རྗེས་ལྷ་ཁང་གི་རྨང་བཏིང་པས་ཡང་ཞིག་ནས་སྲིན་མོའི་དཔུང་པ་གཡོན་གནོན་པའི་ཕྱིར་ཡར་ལུངས་སུ་བྱོན་ཏེ་མཚོ་སོགས་ཁ་མི་ཆེ་བ་ཞིག་ལ་ཀླུ་གདུག་པ་ཅན་གནས་པ་དེ་སྐམ་པའི་ཤུལ་དུ་རྩིག་དགོས་པར་དགོངས་ཏེ་བོད་འབངས་བསགས་ནས་ཀླུ་འདི་སུས་འདུལ་ནུས་པ་ལ་བྱ་དགའ་ཆ་ཐང་དུ་སྟེར་རོ་ཞེས་བཀའ་བསྩལ་བས་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་དང་བོན་པོ་ཚེ་མི་སྣང་གྲགས་འབྱུང་གྲགས་བྱ་བ་གཉིས་ཀྱིས་འདུལ་བར་ཞུས། ཟོ་དང་གོང་པོ་རི་ལ་དགྲ་བཅོམ་པ་འགོག་པ་ལ་ཞུགས་པ་བརྒྱ་རྩ་བརྒྱད་ཡོད་པས་དེར་ཁོང་གཉིས་ཀྱིས་ན་མཁའ་ལྡིང་བསྒྲུབས་ནས་རྒྱལ་པོ་ལ་ཞུས་ཏེ་མི་ཀུན་ཡང་ཀླུ་འདུལ་བའི་ཐབས་ལྟ་ཟེར་ནས་ཚོགས་པའི་ཚེ་བོན་པོ་ན་རེ་སྔོན་ལ་ངས་བཏུལ་གྱི་གལ་སྟེ་༼ཇ༣༨བ༽མ་ཐུལ་ན་ཁྱོད་ཀྱིས་བརྩོན་པ་སྐྱེད་ཅིག་ཟེར་ཏེ་ཆོ་ག་བྱས་མཉམ་པར་བཞག་པ་དང་དེ་མ་ཐག་བྱ་ཁྱུང་ཆེན་པོ་ཅིག་བྱུང་སྟེ་མཚོ་སྟེང་དུ་ལྡིང་བ་དང་མཚོ་འཁོལ་ཀླུ་སྦྲུལ་མགོ་ལྔ་པ་ཅིག་རོང་བྱུང་བས་བོན་པོ་ན་རེ་ངས་ནི་མ་འཐུལ་ལོ་ཅོག་ལ་ཁྱོད་ཀྱིས་བརྩོན་འགྲུས་སྐྱེད་ཅིག་ཟེར་ཏེ་སྔགས་པས་ཆོ་ག་བྱས་མཉམ་པར་བཞག་པ་དང་གནམ་རལ་པ་སྐད་ས་གྲུམ་པ་སྐད་ཏུ་སྒྲ་ཆེན་པོ་གྲག་སྐྱེ་བོ་ཐམས་ཅད་བྲེད་ས་གཞི་འགུལ། འདབ་ཆགས་ཐམས་ཅད་ཀྱང་འཕུར་ཏེ་ན་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་འདོན་པ་ཅིག་བྱུང་ནས་བྱ་དེའི་གཤོག་པ་སྤུ་གྲི་ལྟ་བུས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་སྟེ་མཚོ་ཁྲག་དུ་ཉོག་སོང་ནས་བྱེ་མ་ལ་ཆུ་ཕོ་བ་ལྟར་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པའི་དབུས་སུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦས། བཅོམ་ལྡན་འདས་འོད་དཔག་དུ་མེད་པ་ལ་མཆོད་པ་ཕུལ། གཙང་ཁང་ཁྲོ་ཆུའི་ཕ་གུས་ཕུབ། ཕྱོགས་བཞིར་གསང་ཁུང་བཞི་སྒྲོམ་དུ་བྱས་པའི་སྒྲོམ་ཁར་མཆོད་རྟེན་བརྩིགས། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ་དེའི་སྟེང་དུ་བརྩིགས་ཏེ་གསང་བ་འདུས་པའི་ལྷ་བཅུ་དགུ་པའི་ལུགས་སུ་བཞེངས། གཙོ་བོ་གསུམ་ནི་རྡོ་སྐུ་རང་བྱུང་ཟོ་དང་གོང་པོ་རི་ནས་སྤྱན་དྲངས་པ་སླར་བཟོ་བོས་རྣམ་པ་དོད་པར་བརྐོས་པས་རྡོ་ཕྱེ་རྣམས་རིང་སྲེལ་དུ་སོང་སྐད། འཁོར་སེམས་དཔའ་རྣམས་ལི་ཡུལ་གྱི་སྤྲུལ་པའི་བཟོ་བོས་ལི་ལས་ལུགས་སུ་བླུག་པ་རིན་པོ་ཆེའི་ཕྲ་ཅན་བལ་ཡུལ་ནས་ཞབས་ཀྱིས་བོན། འཇམ་དཔལ་ཆོས་དབྱིངས་གསུང་དབང་བལ་ཡུལ་དུ་བཞུགས་པའི་ཚབ་རྡོ་སྐུ་རང་བྱུང་ཞིག་བྱོན། གསེར་བྱེ་བརྒྱད། བདུན། དྲུག་ལྔ། བཞི་རྣམས་ལ་གནོད་སྦྱིན་གྱི་བཟོ་བོས་བླུག་སྟེ་རིམ་པར་རྣམ་སྣང༌། རྡོར་སེམས། རིན་འབྱུང༌། སྣང་མཐའ། དོན་གྲུབ་རྣམས་ཆ་ལུགས་མི་འདྲ་བར་བཞེངས་ཏེ་འོད་དཔག་མེད་རིན་པོ་ཆེའི་གཏེར་ཁང་ན་བཞུགས། གཞན་བཞེ་དང་རྒྱལ་པོའི་སྐུ་འབག་གཙང་ཁང་ན་བཞུགས། བོད་འབངས་ཀྱི་དུས་མ་ཡིན་པའི་འཆི་བ་ཟློག་པའི་ཕྱིར་ལྷ་མོ་ཡིད་བཞིན་འཁོར་ལོ་དང༌། རིན་པོ་ཆེའི་གཏེར་༼ཇ༣༩ན༽ཁ་དབྱེ་བ་དང་ལས་སྒོ་རྣམས་འདུ་བའི་ཕྱིར་གནོད་སྦྱིན་ཆུ་དབང་གི་སྐུ་བྱས། རྒྱལ་པོའི་དཀོར་མཛོད་ཆེན་པོ་གཅིག་ཀྱང་གཏེར་ཁང་དུ་སྦས། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གཉེར་དུ་གཏད། སྔགས་པའི་སྒྲིབ་པ་སྦྱོང་བ་དང་ཀླུ་དེའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས་ཏེ་ཀླུ་དེ་ལྷར་སྐྱེས། བྱམས་པ་མི་འགྱུར་བའི་ལྷ་ཁང་ཞེས་མཚན་བཏགས་ལ་ཀླུ་བཏུལ་བའི་བྱའི་མིང་གིས་སྤྱིར་ཁྲ་འབྲུག་དུ་གྲགས་ཏེ་བོད་ཀྱི་ལྷ་ཁང་བརྩིག་པ་ལ་སྔ་ཞིང་འཇིག་པ་ལ་འཕྱི་བ་ཡིན་ལ་རྒྱལ་པོའི་ཐུགས་དམ་གྱི་སྙིང་པོ་གཙུག་ལག་ཁང་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །
ཚེ་སྤོང་བཙན་འདྲ་དོང་ཆུང་བྱ་བ་བློན་པོ་ཅིག་གིས་ཀྱང་ལྷ་ཁང་གློ་འབུར་ཞིག་བྱས་སོ། །དེར་རྒྱལ་པོའི་ཞལ་ནས་ངའི་ཐུགས་དམ་གྱི་ལྷ་ཁང་འདི་འཛམ་གླིང་ན་བྱིན་ཆེ་བ་ཡིན། འདི་ལ་དད་ཅན་གྱིས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་ན་ཅི་འདོད་ཀྱང་མི་འགྲུབ་པ་མི་སྲིད། ལྷ་ཁང་ཐམས་ཅད་ཀྱི་ཡང་སྙིང་ཡིན་ཡང་འདི་ལ་རྒྱན་སྲུངས་པ་ཅིག་མེད་ཅེས་བཀའ་བསྩལ་བས་བལ་པོའི་བཟོ་བོ་ན་རེ་ངེད་ཀྱི་ལྷོ་བལ་ན་བྷ་དནྟ་ཞེས་བྱ་བ་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ན་བཟའ་ཅན་དེ་བཞིན་གཤེགས་པའི་ཆ་ལུགས་སུ་བཞུགས་པ་ལྷ་མིའི་མཆོད་གནས་མང་པོ་ཡོད། དེ་ལྟ་བུ་ཡོད་ན་རྒྱན་སྲུང་བ་འོང་པ་ལ་ཟེར་བས་རྒྱལ་པོ་ཕྱག་ཐལ་མོ་སྦྱར་སྟེ་རབ་ཏུ་བྱུང་བ་དེ་ལྟ་བུའི་གཟུགས་འཆང་བ་ཙམ་ལ་ཡང་ང་སྤྱི་བོས་བཏུད་སྟེ་བྱའོ་ཞེས་ཕྱག་འཚལ་བར་མཛད་ཏོ་ཅེས་དམ་བཅའ་མཛད་ཏོ། སང་ཉིན་རྒྱལ་པོ་འཁོར་བཅས་ཕྱི་རོལ་ཏུ་བྱོན་པ་དང་མཆོད་རྟེན་རྩེ་ལྔའི་འགྲམ་ན་དགེ་སློང་གི་ཆ་བྱད་ཅན་མགོ་བོ་ཆེ་བ་དཔྲལ་བ་འབུར་བ་སྣ་ཉག་ཞིང་མིག་ཚག་པ་སྟོད་ཆུང་ཞིང་སྨད་ཆེ་ལ་ཚང་ར་འབུར་བ་ཞིག་ཚེམ་བུ་འཚེམ་ཞིང་འདུག་པ་གཟིགས་པས་ངས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་ཕྱག་འཚལ་བར་དམ་བཅས་ན་འདི་རབ་ཏུ་བྱུང་བ་དངོས་ལ་ཅིའི་ཕྱིར་མི་བྱ་དགོངས་ལ། འོན་ཀྱང་འདི་གཟུགས་བྱད་ངན་པས་བློན་པོ་རྣམས་དད་པ་ལྡོག་སྟེ་འོང་དགོངས་ནས་མཆོད་རྟེན་གྱི་ཕག་དུ་དེའི་ཞབས་ལ་བཏུགས་ཏེ་ཕྱག་མཛད་༼ཇ༣༩བ༽ནས་བཞེངས་ཏེ། ང་ས་བདག་གི་རྒྱལ་པོས་ཁྱེད་དགེ་སློང་གི་ཞབས་ལ་མགོས་བཏུགས་ནས་ཕྱག་བྱས་པ་འདི་ངོ་མཚར་མི་ཆེའམ་གསུངས་པས་དགེ་སློང་དེ་ན་རེ། དེ་ངོ་མཚར་ཆེ་སྟེ་ངའི་རྫུ་འཕྲུལ་འདི་ཡང་ངོ་མཚར་མི་ཆེའམ་ཟེར་ནས་མཆོད་རྟེན་རྩེ་ལྔ་ལག་པ་གཡས་པས་ན་མཁའ་ལ་ཡེར་གྱིས་བཏེག །རྒྱལ་པོས་དེ་ཡང་ངོ་མཚར་ཆེ་སྟེ་ང་སྐྱེ་བོ་ཐ་མལ་པའི་མགོ་ལ་སངས་རྒྱས་བཞུགས་པ་འདི་ངོ་མཚར་མི་ཆེའམ་ཞེས་ལ་ཐོད་ཕུད་སྟེ་ཨ་མི་ཏཱ་བྷའི་ཞལ་བསྟན་པས་དེ་ན་རེ་རྒྱལ་པོ་ལ་ལྷ་གཅིག་ལས་མི་འདུག་ང་ལ་འདི་ཙམ་ཡོད་ཟེར་ནས་ལྷན་པ་འདྲ་བའི་གྲི་གུས་བྲང་ཁ་ཕྱེ་སྟེ་འདུས་པའི་ལྷ་ཚོགས་བཅུ་དགུ་ལམ་གྱིས་བསྟན་པས་རྒྱལ་པོ་རབ་ཏུ་དགྱེས་ཏེ་རབ་ཏུ་བྱུང་བ་རྣམས་ལ་ཡོན་ཏན་འདི་ལྟ་བུ་ཡོད་ཀྱིས་ངའི་འབངས་ཐམས་ཅད་ཀྱིས་རབ་བྱུང་གི་རྟགས་འཛིན་ཙམ་མཐོང་ནའང་ཞབས་སྤྱི་བོར་ལོང་ཞིག་ཞེས་དྲིལ་བསྒྲགས་སོ། །འདིས་ནི་དགེ་སྦྱོང་ཟུགས་བྱད་ངན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྙས་པ་སྤང་དགོས་པ་དང་རྒྱལ་པོས་ཀྱང་སྤྱན་རས་གཟིགས་སུ་དོན་གྱིས་ཞལ་བཞེས་པ་དང་སྤྲུལ་པའི་དགེ་སློང་དེས་ཀྱང་རྒྱལ་པོའི་ལྷ་ཁང་དང་ང་མཉམ་བྱ་བར་བསྟན་པ་ཡིན་ནོ། །
མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང༌།
ཁྲ་འབྲུག་གི་ཡན་ལག་དུ་ཙམ་ཐང་བཏབ། སྲིན་མོའི་དཔུང་མགོ་གཡས་གནོན་པ་ལ་ཙེ་ནེ་གདོང་དུ་སྒྲུབ་པ་བྱས་ནས་དབུ་རུ་ཀ་ཚལ་དང་ཡན་ལག་དུ་གསེར་ཤང་གིར་ཏེ་བཞེངས། དཔྱི་གཡས་གཡོན་གནོན་པ་ལ་རྩེ་ཕུག་དང་བརྒྱད་ཕུག་དུ་སྒྲུབ་པ་བྱས་ཏེ་གཡས་རུར་གཙང་འགྲམ་དང་ཡན་ལག་དུ་དགེ་དྲུང་གི་ལྷ་ཁང༌། རུ་ལག་དུ་གྲོམ་པ་རྒྱང་དང་ཡན་ལག་དུ་འབྲི་ལྷ་ཁང་རྣམས་བཞེངས་ཏེ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའོ། །
གྲུ་མོ་གཡས་པ་ལ་ཤར་སྟག་གི་མགོར་ཀོང་པོ་བུ་ཆུ། གཡོན་པ་ལ་ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་ཁོ་ཐིང༌། པུས་མོ་གཡས་པ་ལ་ནུབ་བྱ་དམར་པོའི་སྐས་སྟེང་དུ་དགེ་རྒྱས། གཡོན་པ་ལ་བྱང་རུས་སྦལ་གྱི་དཔྲལ་སྟེང་དུ་པྲ་དན་ཙེའི་ལྷ་ཁང་བཏབ་སྟེ་ཡང་འདུལ་བཞིའོ། །
རུ་གནོན་དང་ཁ་གནོན་གྱི་གཙུག་ལག་ཁང་བཞེང་ཚུལ།
ལག་མཐིལ་གཡས་གནོན་པ་ལ་མི་ཉག་གིས་ལག་དཔོན་བྱས་ཏེ་ཁམས་ཀློང་ཐང་སྒྲོན་མ། གཡོན་༼ཇ༤༠ན༽ལ་ཐོ་གར་གྱིས་ལག་དཔོན་བྱས་ཏེ་མོན་སྐྱེར་ཆུ། རྐང་མཐིལ་གཡས་ལ་ཧོར་གྱིས་ལག་དཔོན་བྱས་སྟེ་མཚལ་རིགས་སྒྲོན་མ། གཡོན་ལ་བལ་པོས་ལག་དཔོན་བྱས་ཏེ་ཚངས་པ་རླུང་གནོན་གྱི་ལྷ་ཁང་བཞེངས་ཏེ་རུ་གནོན་གྱི་གཙུག་ལག་ཁང་བཞིའོ། །ཤར་དུ་སའི་ཁ་གནོན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པའི་ཕྱིར་ཀ་ཆུ་ཀམ་ཆུ་གླིང་ཆུ་གསུམ། ལྷོར་མེའི་ཁ་གནོན་སྣང་གྲོ་དང་གློང་ཐང་གཉིས། ནུབ་ཏུ་ཆུའི་ཁ་གནོན་གུ་ལང་དང་ཤིང་ཀུན་གཉིས། བྱང་དུ་རླུང་གི་ཁ་གནོན་དགེ་རི་དང་དཔལ་རི་གཉིས་ཏེ་འབྱུང་བའི་ཁ་གནོན་གྱི་གཙུག་ལག་ཁང་དགུའོ། །
ར་ས་གཙུག་ལག་ཁང་བརྩིགས་ཚུལ་སྐོར།
ཡེར་པའི་དཀར་ཆག་ལ་སྟོད་དམར་པོའི་གཏེར་མ་ལས། རྒྱལ་པོའི་ཞལ་ནས་བོད་མུན་པའི་སྨག་རུམ་གདོང་དམར་སྲིན་པོའི་ཡུལ་ལྷ་འདྲེ་མཐུ་ཆེ་བས་ས་རྡོ་ཐམས་ཅད་བདག་དུ་བཟུང༌། ཁ་བ་དང་སེར་བ་མོད། བཙའ་དང་མུ་གེ་བཟན། ཉོན་མོངས་ཆེ། ཚེ་ཐུང༌། ལེགས་པ་སློབ་པ་ལ་དགྲར་བལྟ། ཉེས་པ་སློབ་པ་ལ་ངོ་སོ་བསྟོད། འདི་འདྲ་བའི་ས་ཕྱོགས་ཡ་ང་བར་བདག་གི་ལྷ་ཐུགས་རྗེ་ཆེན་པོ་མ་གཏོགས་གཞན་གྱིས་མི་སྐྱོབ་པས་ཁྱོད་རང་ངའི་རྗེས་འཇུག་ཀུན་དར་ཅིག་འཇུག་ཀུན་དར་ཅིག་གསན་དང་ཨ་པི་གསུངས་པས་བལ་མོ་བཟས་ཀྱི་ཧོ་ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མ་ལགས་སམ། སེམས་ཅན་གྱི་དོན་ལ་ཅང་སུན་ནམ། སེམས་ཅན་རྣམས་དྲོངས། དམ་ཆོས་ཀྱི་སྒྲོན་མེ་སྦོར། ལྷ་ཁང་བརྒྱ་རྩ་བཞེངས། བདག་ཀྱང་གཞན་དོན་ལས་ཡེངས་པ་མེད་ཀྱིས་གང་མོས་ཀྱི་ཐབས་ཀྱིས་འདུལ་ལོ་གསུངས། ཀོང་ཇོའི་ཞལ་ནས་ཀྱེ་ཧོ་ལྷ་ཐུགས་རྗེ་ཆེན་པོ་ཀ་ཁྱེད་རང་ལགས་མོད། འགྲོ་དོན་ལ་ཐུགས་མ་གཡེལ། བདག་གིས་ཀྱང་འཕྲིན་ལས་ཐམས་ཅད་སྒྲུབ་བོ་ཅེས་སྒྲོལ་མ་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ནས་བོད་འོད་ཟེར་གྱིས་བཀང༌། བདུད་རྩིའི་ཆར་ཕབ་པས་རྩི་ཐོག་སྨིན། མེ་ཏོག་ཐམས་ཅད་ཁ་བྱེ། རྩི་ཤིང་ནགས་ཚལ་ནེ་གསིང་ཆུ་བོ་ཐམས་ཅད་རྒྱས། ཐམས་ཅད་ལུས་སེམས་བདེ་བ་རྙེད་ཏོ། །
དེ་ནས་ར་ས་རྩིག་པར་བརྩམས་པས་ལྷ་འདྲེས་རྩིག་༼ཇ༤༠བ༽ཏུ་མ་སྟེར། ས་རྡོ་བཞག་ཚད་ན་མཁའ་ལ་འཕངས། རླུང་གིས་བརྡབས། ས་གཞི་གཡོས། མི་ཐམས་ཅད་དཔའ་འཁུམས། ལྷ་སྲིན་ཐམས་ཅད་སོ་སྒྲ་དང་ཆ་སྒྲ་སྒྲོག་པའི་ཚེ་སྤྲུལ་པའི་རྒྱལ་པོས་ཡི་དམ་ལ་མཆོད་པ་བཤམས། དཔང་བཙུགས་དམ་བརྡར་བས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་ན་མཁའ་ལ་བྱོན་ནས་སྤྱན་ཡེར་པའི་རི་ལ་གཟིགས་ཐུགས་ཡེར་བའི་བྲག་ལ་གཏད། ཁྲོ་གཉེར་ཅན་དང་སྒྲོལ་མས་ཡེར་པ་ཞབས་ཀྱིས་བཅགས། ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས། ལྷ་འདྲེ་ཐམས་ཅད་ཀྱིས་རྒྱལ་པོ་ལ་ཕྱག་འཚལ་ཏེ་བཀའ་འབངས་སུ་ཁས་བླངས། ལྷའི་མེ་ཏོག་དང་སྤོས་ཀྱི་ཆར་བྱུང༌། ཡེར་པར་བྲག་ལྷ་མགོན་པོ་རང་བྱུང་དུ་བྱོན། བདུད་རྩིའི་ཆུ་རྒྱུན་རྣམས་རང་བྱུང་དུ་བརྡོལ་བས་ལྷ་སའི་ས་ཕུད་ཤིང་ཕུད་རྡོ་ཕུད་སོགས་ལས་ཡེར་པའི་བྲག་རྡོ་རྗེ་རྩེ་ལྔ་རང་བྱུང་གི་རྨང་དུ་སྐུའི་རྟེན་སྤེའུ་དམར་སེར་གཉིས། གསུང་གི་རྟེན་ཡིག་དྲུག་འབུམ། ཐུགས་ཀྱི་རྟེན་མཆོད་གསུམ་བཞེངས༌། ཆོས་སྐྱོང་གི་རྟེན་ཤུག་པའི་ནགས་ཚལ་བཙུགས། ཏིང་ངེ་འཛིན་སྒོམ་པ་ལ་འོད་ཀྱི་བྲག་ཕུག་བརྒྱ་རྩ་བརྒྱད་སྤྲུལ། འཕྲིན་ལས་ཀྱི་རྟེན་དུ་རི་བོ་སྒྲོལ་མའི་སྐུར་སྤྲུལ། དབང་དུ་སྡུད་པའི་ཕྱིར་སྤང་རི་ཁྲོ་མོར་སྤྲུལ། ནད་སེལ་བའི་ཕྱིར་ཆུ་རྣམས་བདུད་རྩིར་བསྒྱུར། དེའི་ཚེ་རྒྱལ་པོ་ཉིད་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་པར་གྱུར་ནས་འོད་ཟེར་གྱིས་སྔགས་ཕྱི་ནང་གི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་བསྟན་པས་ས་རྡོ་ཐམས་ཅད་ལྷར་བྱིན་གྱིས་བརླབས། ཁྲོ་གཉེར་ཅན་དང་སྒྲོལ་མའི་ཐུགས་ཀ་ནས་མེ་ཏོག་གི་ཆར་ཕབ། ན་མཁའ་ནས་བཀྲ་ཤིས་ཀྱི་སྒྲ་སྒྲོག་རོལ་མོ་རྣམས་ལ་དཀྲོལ་བར་སྒྲ་འབྱིན། ལྷ་འདྲེ་རྣམས་ཀྱིས་བཀའ་སྲུང་དུ་ཁས་བླངས། དེར་འདུས་པ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ཏོ། །གཞན་ཡང་མཐའ་འདུལ་སོགས་ཀྱི་ལྷ་ཁང་ཐམས་ཅད་ཀྱི་ས་ཕུད་ཀྱང་ཡེར་པར་བསྐྱལ་ལོ། །ཞེས་༼ཇ༤༡ན༽བྱུང་ངོ༌། །
དེ་ལྟར་བོད་ཡུལ་ས་གཞི་བྱིན་རླབས་ནས། །སྤྲུལ་པའི་གཙུག་ལག་ཁང་ཆེན་རྨང་བཏིང་སྟེ། །དགེ་རྩ་ཡོངས་སུ་རྫོགས་ཕྱིར་གྲུ་བཞི་པ། །བྱང་ཆུབ་ཕྱོགས་ཆོས་རེ་མིག་སུམ་བཅུ་བདུན། །ཆོས་ཉིད་མི་འགྱུར་བརྟན་པས་གཡུང་དྲུང་རིས། །མཐར་ཐུག་འབྲས་བུ་སྟོན་ཕྱིར་དབུས་དཀྱིལ་འཁོར། །རྒྱ་ཡི་ཧེན་ཁང་བི་ཧར་ཇི་ལྟ་བར། །རྒྱ་མཚོའི་གྲུ་གཟིངས་འབྲིང་པོའི་ཚད་ཏུ་བཏིང༌། །རྒྱལ་པོས་སྐུ་ཡི་བཀོད་པ་ལྔ་སྟོང་སྤྲུལ། །རྩིག་པ་ཤིང་བཟོ་ཐོག་དབུབ་ལ་སོགས་པ། །འོག་ཁང་ཉིན་ཞག་གཉིས་ཀྱིས་ཚར་བར་མཛད། །བོད་འབངས་སྣང་ངོར་ཆར་ཟིམ་འབབ་པ་ཡི། །ན་བུན་གསེབ་ན་སྐྱེ་བོ་ལས་བྱེད་ཀྱི། །སྒྲ་སྐད་སྣ་ཚོགས་སྒྲོག་པ་ཙམ་དུ་སྣང༌། །མ་མགོན་ཀླུ་སྲིན་གནོད་སྦྱིན་དྲི་ཟ་ཡིས། །གཙུག་ལག་ཁང་གི་སྲུང་མར་ཁས་བླངས་ཤིང༌། །སོ་སོའི་གཟུགས་ཀྱང་བགྱིད་པར་གསོལ་བ་བཏབ། །སྒོ་ནི་ནུབ་ཕྱོགས་བལ་པོའི་ཡུལ་དུ་གཏད། །དགའ་བཞི་འཕྲུལ་གྱི་ལྷ་ཁང་ར་སར་གྲགས། །རྒྱལ་པོའི་ཐུགས་དམ་རང་བྱུང་བཅུ་གཅིག་ཞལ། །གང་དུ་བཞུགས་ཞེས་གཙང་ཁང་རྣམས་གཟིགས་ཚེ། །གཙང་ཁང་དབུས་མར་འགྲོ་སྐྱོབ་གཙོ་འཁོར་བཅུ། །ཁྲོ་བོ་གཉིས་དང་བཅས་ཏེ་བཞུགས་པར་གཟིགས། །གཡས་མར་སྣང་མཐའ་གཙོ་འཁོར་བཅུ་གཅིག་དང༌། །གཡོན་ན་བྱམས་པ་མཆོད་པའི་ལྷ་མོས་བསྐོར། །གཙང་ཁང་ལྷོ་ན་ཐུབ་དབང་གཙོ་འཁོར་དགུ། ཀུན་ཀྱང་དམ་ཆོས་སྟོན་ཞིང་བགྲོ་བར་གཟིགས། །གཙང་ཁང་བྱང་མ་ལེགས་ཅིང་ངོ་མཚར་བ། །དེ་ན་ལྷ་གཞན་སུ་ཡང་མི་སྣང་བས། །ནང་པར་ཡི་དམ་རང་བྱུང་གཙོ་འཁོར་རྣམས། །སྤྱན་དྲངས་དགོངས་པའི་ནུབ་མོ་ལྷ་རྣམས་ཀུན། །རང་རང་ཞབས་ཀྱིས་གཤེགས་ཏེ་དེ་ན་བཞུགས། །རི་མོ་བྲི་བར་བཀའ་ཡིས་བསྒོས་པའི་ཚེ། ཁཱརྶ་པཱ་༼ཇ༤༡བ༽ཎི་འཇིགས་པ་བརྒྱད་སྐྱོབ་དང༌། །གང་ལ་དེས་འདུལ་གླིང་གཉིས་རང་བྱུང་ཤར། །ལྷག་མ་བེ་བུམ་བརྒྱ་རྩའི་ཚལ་བཞིན་བྲིས། །དེ་ནས་སྤྲུལ་པའི་ལྷ་གཅིག་ཁྲི་བཙུན་གྱིས། །སྐུ་གཟུགས་རྣམས་དང་ར་སའི་སྟེང་ཁང་མཛད། །སྒྲོལ་མའི་ངོ་བོ་ལྷ་གཅིག་ཀོང་ཇོ་ཡིས། །རྒྱ་སྟག་ར་མོ་ཆེ་ཡི་ལྷ་ཁང་བཞེངས། །གཞན་ཡང་བཙུན་མོ་གསུམ་གྱིས་རང་རང་གི །ཐུགས་དམ་ལྷ་ཁང་རེ་རེ་སོ་སོར་བརྩིགས། །དེ་ཚེ་སྤྲུལ་པའི་རྒྱལ་པོས་བོད་འབངས་ཀུན། །བསོད་ནམས་བསག་ཞིང་སྔོན་ཚེ་རྒྱ་བལ་ལ། །ཞལ་གྱིས་བཞེས་པའི་ཆད་མདོ་བཙན་པའི་ཕྱིར། །སྐུ་ཡི་སྤྲུལ་པ་ལྔ་སྟོང་སོ་སོར་བཀྱེ། །ཤར་ནུབ་སྒོ་བསྟན་ལྷ་ཁང་བརྒྱ་རྩ་རེ། །ཐ་མ་ཡོངས་རྫོགས་རབ་དགའི་ལྷ་ཁང་བར། །བོད་འབངས་ཡུལ་གྲུ་ཕལ་ཆེར་ཁྱབ་པར་མཛད། །དགེ་བཅུའི་བཀའ་ཁྲིམས་བཙན་ཞིང་དམ་པར་བསྡམས། །རིན་ཆེན་གཏེར་ཕྱུང་ས་རྡོ་བཞིན་དུ་སྤྱོད། །འདོད་ཡོན་རྩེ་དགའ་ལྷ་དང་འདྲ་བར་གྱུར། །
དེ་ཡང་རྒྱལ་པོ་ཡབ་ཡུམ་གསུམ་དགུང་ལོ་བཅུ་དྲུག་ལོན་པ་ཆུ་ཕོ་འབྲུག་ལོ་ལ་བལ་བཟའ་ཕེབས། ཉི་ཤུ་པ་མེ་སྤྲེ་ལ་རྒྱ་བཟའ་ཕེབས། ཉེར་གཉིས་པ་ས་ཁྱི་ལ་འོ་ཐང་གི་མཚོ་བསུབས། ཉེར་གསུམ་པ་ས་མོ་ཕག་ལོ་ལ་རྨང་བཏིང་བ་སྟེ། དེ་ཡང་རྒྱལ་པོའི་ཞལ་ནས་བོད་འབངས་རྣམས་ངའི་གཙུག་ལག་ཁང་བཞེང་བའི་གྲོགས་བྱ་དགོས་སོ་ཞེས་བཀའ་བསྩལ་བས་ཐམས་ཅད་ཡུལ་གྲུ་སོ་སོར་འདུས་ནས་ལྷ་ཁང་རྩིག་པའི་འདུན་མ་བྱེད་ཏོ། །དེའི་ཚེ་རྒྱལ་པོས་སྐུའི་བཀོད་པ་ལྔ་སྟོང་བཀྱེ་ནས་རྒྱའི་ཧེན་ཁང་བི་ཧར་ལ་དཔེ་བླངས་རྒྱ་མཚོའི་གྲུ་གཟིངས་འབྲིང་གི་ཚད་ཏུ་རྨང་བཏིང་སྟེ་རབ་བྱུང་གི་དོན་དུ་འདུལ་བའི་ལུགས་དྲི་གཙང་ཁང་དང་བཅས་པ་བྱང་ཕྱོགས་སོ་བདུན་མཚོན་པའི་རེ་མིག་སོ་བདུན་དུ་མཛད། སྐྱེ་བོ་སྤྱིའི་དོན་དུ་ཆོས་གང་བྱེད་ལམ་གྱི་སྒྲོས་ཚང་བར་བྱེད་དགོས་པའི་བརྡར་ཕྱི་གྲུ་བཞིར་མཛད། བོན་པོའི་དོན་དང་ཆོས་ཉིད་མི་འགྱུར་བ་མཚོན་ཕྱིར་ཟུར་བཞི་གཡུང་དྲུང་རིས། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དབུས་སུ་ངག་གི་དབང་༼ཇ༤༢ན༽ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚལ་དུ་མཛད་སྟེ་སྐྱེ་བོ་སྤྱིས་མི་མཐོང་བའི་ཕྱིར་ན་བུན་འཁྲིག་ཅིང་ཆར་ཟིམ་བུ་འབབ་པའི་གསེབ་ན་ཅོ་འདྲེན་པ་སོགས་ཁུ་དི་རི་རི་མང་པོ་བྱུང་བ་གཞན་རྣམས་ཀྱིས་ཐོས་ཏེ་སྤྲུལ་པ་རྣམས་ཀྱིས་སོ་ཕག་གིས་ར་སའི་འོག་ཁང་ཉིན་གཅིག་ལ་བརྩིགས་ཏེ་ན་བུན་སངས་ནས་བློན་འབངས་རྣམས་ཀྱིས་རྩིག་དུ་ཕྱིན་པ་ན་རྩིག་པ་ཟིན་འདུག་སྐད། རྒྱལ་པོའི་ཞལ་ནས་ནང་པར་བོད་འབངས་རྣམས་ཀྱིས་ངའི་ལྷ་ཁང་གི་ཤིང་ཆོད་ཅིག་གསུངས་ནས་དེའི་འདུན་མ་བྱེད་པའི་ཚེ་སྤྲུལ་པ་ལྔ་སྟོང་གིས་ནུབ་མོ་དེ་ཀ་ལ་ལྷ་ཁང་ཤིང་གིས་བཀང་ནས་འདུག །ནང་པར་བཟོ་བོ་སྤྲུལ་པ་སུམ་བརྒྱ་བཀྱེ་སྟེ་ཤིང་བཟོ་རྣམས་མཛད་པའི་ཚེ་ལྷ་གཅིག་ཁྲི་བཙུན་སྐྲ་འཁྲུ་བས་རྒྱལ་པོའི་བསང་བུ་འདྲེན་མ་ཁོམ་སྟེ་བྲན་མོ་ལ་དངུལ་གཞོང་དུ་ཤ་སར་དང་མར་སར་ལ་སོགས་པ་གཡོས་སྣ་བཅུ་གསུམ་དང་འབྲས་ཆན་དང་རྒུན་ཆང་སོགས་ཀྱི་བསང་བུ་འདྲེན་དུ་བཏང་བས་ངོ་མི་ཤེས་པའི་བཟོ་བོ་སུམ་བརྒྱ་བཟོ་བྱེད་པ་མཐོང་བས་རྒྱལ་པོ་ངོ་མ་ཤེས་ཏེ་ལོག །དེར་ལྷ་གཅིག་ཁྲི་བཙུན་རང་འདྲེན་དུ་སོང་བའི་ཕྱིར་གཡོག་མོས་བལྟར་ཕྱིན་པས་ལྷ་གཅིག་སྤྲུལ་པའི་བཟོ་བོ་རྣམས་ལ་འགོངས་ཅིང་སོང་སྟེ་དབུས་ཀྱི་དཀྱིལ་འཁོར་སྟེང་ན་རྒྱལ་པོ་བེར་ནག་གྱོན་པ་ལ་ཐོད་དམར་པོ་ཅན་འཕྲུལ་ཐིག་གི་སྣ་ནས་ཕྱག་གིས་བཟུང་བ་ཞིག་ལ་དྲངས། དེས་བསང་བུ་བླངས་པས་འཕྲུལ་ཐིག་ལྷོད་སོང་སྟེ་བཟོ་བོ་སུམ་བརྒྱ་པོ་འགྱེལ་ནས་འཇག་མ་ཉུག་ཉུག་ཐི་གུ་ཟིང་ངེ་བྱུང་བ་མཐོང་ནས་བྲན་མོས་རྒྱལ་པོའི་བཟོ་བོ་འཕྲུལ་དུ་སྣང་བ་བྱས་བགད་པས་རྒྱལ་པོ་སྤྱན་ཡངས་པས་སྟེའུ་གཅིག་ཐལ། གསོར་ཁ་གཅིག་ཐལ། སོག་ལེ་གཅིག་ཐལ་བས་བཟོ་བོ་བརྒྱས་སེང་གེ་བརྒྱའི་སྣ་ཆད། བུག་པ་བརྒྱ་ཕུག་ཀ་བ་བརྒྱའི་ཟུར་ཉམས་སོ། །དེར་རྒྱལ་པོའི་ཞལ་ནས་འབངས་མོ་མ་ཚུགས་པས་ངའི་སྤྲུལ་པ་ངོ་ཤེས་སོ་གསུངས་ནས་སྤྲུལ་པ་བཤིག་པས་གཞན་རྣམས་ཀྱིས་རྒྱལ་པོས་ཤིང་དང་འདག་པའི་མི་ལ་སྟ་རེ་བརྒྱབ་པས་ཤི་བར་མཐོང༌། བློན་པོ་རྣམས་ཀྱིས་ཤིང་བཟོ་བོ་རྣམས་རྩིག་ཕུག་ན་ཕར་རྐང་པ་ཉུག་ཉུག་སོང་བར་མཐོང༌། ཐུན་མོང་དུ་ཤིང་བཟོ་དང་བརྐོས་དང་ཚོན་རྩི་ཐམས་ཅད་ཚར་བར་མཐོང་ངོ༌། །དེར་ཉི་མ་རྒས་ས་སྲོས་པ་ན་བློན་པོ་མགར་ན་རེ་སྤྲིན་འཁྲིགས་གློག་འགྱུ་ཆར་ཆེན་པོ་འབབ་པར་སྣང་བས་ཤིང་རྩི་༼ཇ༤༢བ༽རྣམས་བྱི་དོགས་པའི་ཁེབས་དགོས་ཟེར་ནས་ལས་ཀྱི་རྔ་བོ་ཆེ་བརྡུངས་པས་གྲོང་ཁྱེར་རྣམས་རྒྱལ་པོས་དེ་ཙམ་བརྩིག་པ་ལ་ལས་རྔ་མ་བརྡུངས་ན་ད་མཚན་མོ་བརྡུང་བ་ཅི་ཡིན་ཟེར། དེར་གྲོང་བའི་རེ་ཕྱར་ཐམས་ཅད་བསྡུས་ནས་ཤིང་ལ་འགེབས་སུ་ཕྱིན་པས་སྲོད་སྟེ་ཀ་ལ་སྤྲུལ་པ་ལྔ་སྟོང་གིས་ར་སའི་ཐོག་ཕུབ་ཟིན་འདུག་སྟེ་སྟེང་ན་སྤྲུལ་པའི་མི་ལག་ན་ཕ་གུ་ཐོགས་པ་ཡད་ཡུད་འདུག་པ་བློན་པོ་རྣམས་ཀྱིས་མཐོང་བས་ངོ་མཚར་སྐྱེས་ཏེ་རེ་ཕྱར་རྣམས་མཐོངས་ཀ་ལ་བཀབ་ནས་ལོག་གོ །དེ་ལྟར་ཞག་གཉིས་པོས་ར་སའི་འོག་ཁང་གི་ཕྱི་ཐམས་ཅད་ལེགས་པར་ཟིན་ནས་ནང་པར་གཙང་ཁང་དེ་རྣམས་གང་ལེགས་པ་ཅིག་དུ་ངའི་ཡི་དམ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་བཞུགས་དགོས་དགོངས་ནས་གཟིགས་སུ་བྱོན་པས་གཙང་ཁང་དབུས་མའི་སྒོ་ཕྱེ་བས་གུང་ལ་སངས་རྒྱས་མར་མེ་མཛད་ལ་འཁོར་ཉེ་བའི་སྲས་བརྒྱད་བཞེངས་པས་བསྐོར་བ་ཁྲོ་བོ་གཉིས་ཀྱིས་སྒོ་སྲུང་བ། དབུས་ན་མི་འཁྲུགས་པ་སྐྱབས་སྦྱིན་ཅན་བཞུགས་པ་གཟིགས། གཙང་ཁང་གཡས་ན་འོད་དཔག་མེད་ལ་བྱང་སེམས་བརྒྱས་སྐྱིལ་ཀྲུང་ཅན་གྱིས་བསྐོར་བ་དང༌། སྒོ་འགྲམ་ཕྱིའི་གཡས་ན་ཕྱག་རྡོར་དང་གཡོན་ན་རྨེ་བརྩེགས་བྱེ་རུའི་མདོག་ཅན་གྲིབ་སེལ་གྱི་ཕྱག་རྒྱ་མཛད་པ་བཞུགས་པར་གཟིགས། གཙང་ཁང་གཡོན་ན་བྱམས་པ་ཆོས་ཀྱི་འཁོར་ལོ་ཆོས་འཁོར་བསྐོར་བའི་ཕྱག་རྒྱ་ཅན་ལ་སྒྲོལ་མ་བརྒྱད་ཀྱིས་བསྐོར་ནས་ཆོས་ཀྱི་བགྲོ་བ་མཛད་པར་གཟིགས། གཙང་ཁང་ལྷོ་མ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་འཁོར་སྟོང་ཆེན་རབ་འཇོམས་ཕྱག་བཞི་མ་དང་སོ་སོར་འབྲང་མ་ཕྱག་དྲུག་པ། གཤིན་རྗེ་མཐར་བྱེད་ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པ་མཐིང་ནག །ཤེས་རབ་མཐར་བྱེད་དཀར་པོ་ཞལ་བཞི་ཕྱག་བརྒྱད། པདྨ་མཐར་བྱེད་དམར་པོ་ཕྱག་བཞི། བགེགས་མཐར་བྱེད་མཐིང་ག་ཕྱག་བཞི་པ་རྣམས་དང་གནོད་སྦྱིན་གྱིས་བསྐོར་ནས་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་ཐབས་སྟོན་ཞིང་བཞུགས། དེ་ན་རྣམ་སྲས་དང་ཛམྦྷ་ལ་གཏེར་གྱི་བུམ་པ་སྟོབ་པ་ཅིག་ཀྱང་འདུག་གོ །གཙང་ཁང་བྱང་མ་ཤིན་དུ་ལེགས་ཅིང་ཉམས་དགའ་བར་གཟིགས་ནས་དེ་ན་ལྷ་སུ་ཡང་མི་སྣང་བས་ངའི་ལྷ་རྣམས་འདིར་བཞུགས་པར་བྱའོ་དགོངས་༼ཇ༤༣ན༽ནས་ཕྱིར་བྱོན་པ་དང་ཕྱི་སྒོའི་རྩེར་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དཀར་པོ་མིག་གསུམ་པ་སྤྲུལ་མགོ་ཉི་ཤུ་རྩ་གསུམ་པ་ཅིག་གིས་ཞབས་ལ་བཏུགས་ནས་ཕྱག་བྱས་སྤྲུལ་ཞགས་དཀར་པོ་ཅིག་ཕུལ་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལྷ་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོར་ངས་རྒྱས་པར་བསྐྱང་གིས་ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཟེར་མི་སྣང་བར་གྱུར། དེ་བཞིན་དུ་ཀླུ་དགའ་བོ་དམར་པོ་སྦྲུལ་མགོ་དགུ་པ་སྟོང་གཉིས་བར་མའི་བར་དང༌། ཀླུ་ཉེར་དགའ་དམར་སེར་སྦྲུལ་མགོ་བདུན་པས་སྟོང་ཆུང་ངུའི་བར་བསྐྱང་ངོ་ཟེར། དེ་བཞིན་དུ་གནོད་སྦྱིན་ནཱ་ག་ཀུ་པེ་ར་དམར་པོ་ཞལ་གསུམ་ཕྱག་བཞི་པས་གསེར་གྱི་ཐག་བཟང་ཞིག་ཕུལ་ནས་ངས་མེའི་འཇིགས་པ་ལས་སྲུང་ཟེར། དྲི་ཟ་ཟུར་ཕུད་ལྔ་པ་དེ་འདྲ་བས་མེ་ཏོག་ཕུལ་ཏེ་མི་མ་ཡིན་གྱི་གནོད་པ་ལས་སྲུང་ངོ་ཟེར། སྲིན་པོ་ལང་ཀ་མགྲིན་བཅུ་ཐིང་ག་མགོ་དགུ་སྟེང་ན་རྟ་མགོ་དཔངས་བསྟོད་པ་ཅིག་གིས་གསེར་གཞོང་པ་དང་ཕུལ་ཏེ་མིའི་གནོད་པ་ལས་སྲུང་ངོ་ཟེར། དཔལ་ལྷ་མོས་ལྕགས་ཀྱི་བྲེ་སོ་ཞིག་ཕུལ་ནས་ཆུའི་འཇིགས་པ་ལས་སྲུང་ངོ་ཟེར། དཔལ་མགོན་པོས་མཐའ་དམག་གི་འཇིགས་པ་ལས་སྲུང་ངོ་ཞེས་ཁས་བླངས་ཏེ་ཐམས་ཅད་ཀྱིས་གུས་པས་ཞབས་ལ་བཏུགས་ཏེ་རང་རང་གི་གཟུགས་མཛོད་ཅིག་པར་གསོལ་བ་བཏབ། རྒྱལ་པོས་ཀྱང་ཞལ་གྱིས་བཞེས་སོ། །
རྒྱལ་པོས་འཁོར་རྣམས་ལ་ནང་པར་རྟེན་སྤྱན་དྲང་བའི་བཀའ་བསྒོས་ཏེ་གཅིག་ཁྲི་བཙུན་གྱིས་དགའ་སྟོན་གྱི་ཡོ་བྱད་སྦྱར། བློན་པོ་རྣམས་ཀྱིས་ཤིང་རྟ་སོགས་སྟ་གོན་བྱས་ཏེ་ནང་པར་བུ་མོ་བཅུ་དྲུག་པོས་མཆོད་པ་བྱེད་ཏུ་འོངས། བློན་པོ་རྣམས་དང་བཙུན་མོ་རྟེན་སྤྱན་འདྲེན་དུ་འོངས་ཚེ་ལྷ་རྣམས་མི་བཞུགས་པར་སྤོས་དང་མེ་ཏོག་ཐོ་རེ་འདུག །ཁོང་རྣམས་བྲང་སྟེ་ཏབ་དི་རི་རི་བྱས་པས་ཡང