བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་[བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་]ལ་ཅུང་ཟད་དཔྱད་པ།

༄༅།། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་[བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་]ལ་ཅུང་ཟད་དཔྱད་པ།

དབང་གྲགས་རྡོ་རྗེ།

[བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་]ཞེས་པའི་གཞུང་འདི་ཁྲི་སྲོང་ལྡེ་བཙན་གྱིས་མཛད་ཚུལ་དང༌། གཞུང་དོན་སྤྱི་བམ་ངོ་སྤྲོད། གཞུང་འདིའི་ཐུན་མིན་གྱི་ཁྱད་ཆོས་བཅས་རགས་ཙམ་བརྗོད་ཡོད།
ཁྲི་སྲོང་ལྡེ་བཙན།[བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ]བརྗོད་བྱ། ཁྱད་ཆོས། བདག་གིས་[སྡེ་དགེ་བསྟན་འགྱུར་དཀར་ཆག་གི་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་དཔེ་དཀོན་པ་ཅི་རིགས་སྐོར་]ལ་བལྟ་སྐབས་“ཅོ་པ་ལ། བཀའ་ཡང་དག་པའི་ཚད་མ་ལས་མདོར་བསྡུས་པ་ལེའུ་བཅོ་ལྔ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་”ཞེས་གསུངས་པ་མཐོང་འཕྲལ་བསྟན་འགྱུར་སྣ་ཚོགས་ཁྲོད་ཀྱི་ཅོ་དུམ་པ་ཞིབ་ཏུ་བཀླགས་ཚེ་མཛད་བྱང་བཀོད་མེད་པ་མ་གཏོགས་དངོས་གནས་བསྟན་བཅོས་དེ་འདྲ་འདུག་པས། རང་བློས་ཅི་ལྕོགས་ཀྱིས་ཡང་དང་ཡང་དུ་དཔྱད་པས་བསྟན་བཅོས་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་ར་སྤྲོད་ཐུབ་ལ།
དེའང་ཕྱོགས་གླང་ཡབ་སྲས་ཀྱི་ཚད་གཞུང་གི་འགྲེལ་ཙམ་མ་ཡིན་པར་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ན་འབྱུང་པའི་རིགས་པ་བཞིའི་དོན་རྒྱས་པར་སྤྲོས་པའི་ཚད་མའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་ཀྱང༌། དེང་སྐབས་བོད་རྒྱ་མཁས་པ་སུས་ཀྱང་བསྟན་བཅོས་འདི་ལ་ཞིབ་འཇུག་དང་གདེང་འཇོག་བྱས་པ་མ་མཐོང་ཞིང༌། ད་དུང་ཕལ་ཆེར་གྱིས་བོད་མཁས་པས་བརྩམས་པའི་ཚད་མའི་བསྟན་བཅོས་ཐོག་མ་རྔོག་བློ་ལྡན་ཤེས་རབ་ཀྱི་[ཚད་མ་རྣམ་ངེས་ཀྱི་དཀའ་འགྲེལ་]ཡིན་ཤག་བྱེད། ཡང་ཁ་ཅིག་དེར་མཛད་བྱང་བཀོད་མེད་པས་ཁྲི་སྲོང་གིས་མཛད་པ་ཡིན་མིན་སོམ་ཉིའི་སྒྲོག་ཏུ་ཚུད་པའི་ལོག་རྟོག་དེ་རྣམས་བཟློག་པའི་ཕྱིར་ཁོ་བོས་བསྟན་བཅོས་འདིའི་མཛད་པ་པོ་སུ་ཡིན་དང་བརྩམས་ཆོས་ཀྱི་སྤྱི་དོན་ཅུང་ཟད་གླེང་བར་འདོད།
དང་པོ། གཞུང་འདིའི་མཛད་པ་པོ་ཁྲི་སྲོང་ལྡེ་བཙན་ཡིན་མིན་གླེང་བ།
སྔོན་གྱི་[དཀར་ཆག་འཕང་ཐང་མར་]རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། བཀའ་ཡང་དག་པའི་ཚད་མ་དང༌། ཞེས་བཀོད་པ་དང༌། དེ་དང་མཐུན་པར་[སྡེ་དགེ་བསྟན་འགྱུར་དཀར་ཆག་]དང་[བུ་སྟོན་ཆོས་འབྱུང་]སོགས་སུ་[བཀའ་ཡང་དག་པའི་ཚད་མ་]ཞེས་པའི་བསྟན་བཅོས་འདིའི་མཛད་པ་པོ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡིན་པར་ཁ་ཚོན་བཅད་དེ་གསུངས་ཡོད་ནའང༌། བསྟན་བཅོས་དེར་མཛད་བྱང་མི་གསལ་བའི་རྐྱེན་གྱིས་ཁྲི་སྲོང་གིས་མཛད་པ་ཡིན་མིན་ཐད་ཁ་ཅིག་ཐེ་ཚོམ་སྐྱེ་སྲིད་ཀྱང་བསྟན་བཅོས་ཀྱི་གཞུང་དོན་དང་འབྲེལ་ཡོད་ཀྱི་ཡིག་ཆ་གཞན་བསྡུར་ཏེ་བརྟག་ན་ཁྲི་སྲོང་གི་བརྩམས་ཆོས་ཡིན་པར་ར་སྤྲོད་བྱ་ཐུབ་སྟེ།
༡ [བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་] ( སྡེ་བསྟན་སྣ་ཚོགས་“ཅོ”ན་བཞུགས་གཤམ་དུ་“བཀའ་ཚད་”ཅེས་བསྡུས་འབྲི་བྱ་རྒྱུ་ ) ལས།“ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་ཕ་ཡུལ་ཁ་ག་ས་ར་ནར་སྐྱེས་པ་དར་མ་ཤཱནྟི་གོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱཙརྱ་བོ་དྷི་ས་ཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང༌། ཚུལ་ཁྲིམས་དང་ཤེས་རབ་ཏུ་ལྡན་པས་མི་འཕྲོག་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་བ་ལས་ཐོས་པ།”ཞེས་པའི་གསུང་ལས་ཤེས་ཐུབ་པ་ནི། བསྟན་བཅོས་འདིའི་མཛད་པ་པོ་མཁན་ཆེན་བོ་དྷི་ས་ཏྭའམ་ཞི་བ་འཚོའི་སློབ་མར་གྱུར་པ་ཞིག་ཡིན་པ་བསྟན་བཅོས་རང་ལས་གསལ་པོར་གསུངས་པ་དང༌། དེའང་དུས་རབས་བརྒྱད་པའི་སྐབས་ཀྱི་ཁྲི་སྲོང་ལྡེ་བཙན་དང་བེ་རོ་ཙ་ན། སྦ་གསལ་སྣང་ལ་སོགས་མཁས་ཆེན་དམ་པའི་གྲས། མཁན་ཆེན་ཞི་བ་འཚོ་བཤེས་གཉེན་དུ་བསྟེན་པ་ཞིག་ཡིན་པར་བསྙོན་མི་ནུས་སོ།
༢ དུས་རབས་བརྒྱད་པའི་མཇུག་ཏུ་བྱོན་པའི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་[འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོའི་རྣམ་པར་བཤད་པ་] ( “སྡེ་བསྟན་”“ཇོ་”“ཆོ”ན་བཞུགས་ ) ལས་རིགས་པ་བཞི་བརྗོད་པའི་སྐབས་སུ།“ ( རིགས་པ་བཞི་ ) དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པ་བཀའ་ཡང་དག་པའི་ཚད་མ་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ་”ཞེས་རིགས་པ་བཞིའི་འཐད་པ་བསྒྲུབས་པའི་གཏན་ཚིགས་ཀྱི་སྐབས་[བཀའ་ཚད་]ཀྱི་གཞུང་ལ་ཁ་འཕང་སྟེ་རྟིང་སྐུལ་མཛད་ཡོད། དེར་མ་ཟད་[དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་]ཞེས་མཛད་པ་པོའི་མཚན་དངོས་གསལ་པོར་ངེས་དཀའ་ཡང༌། “མངའ་བདག་དཔལ་ལྷ་བཙན་”ཞེས་པས་སྐབས་དེའི་བོད་ཀྱི་བཙན་པོ་ཞིག་ཡིན་པ་མངོན་སུམ་དུ་ཤེས་ཐུབ། དེས་ན་གོང་གསལ་གྱི་བསྟན་དོན་གཉིས་ལས་རྟོགས་ཐུབ་པ་ནི། [དཀའ་ཚད་]ཀྱི་མཛད་པ་པོ་ནི་མཁན་ཆེན་ཞི་བ་འཚོ་དགེ་བའི་བཤེས་གཉེན་དུ་བསྟེན་པའི་བོད་ཀྱི་བཙན་པོ་ཞིག་ཡིན་པར་རིགས་པས་གྲུབ་ན། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་བར་པ་ཁྲི་སྲོང་ལྡེ་བཙན་ཁོ་ན་ལས་གཞན་མི་སྲིད་དོ། །
༣ གཞན་ཡང་[རིན་པོ་ཆེ་རྩོད་པའི་འཁོར་ལོ་]ཞེས་བྱ་བ་ལས།“མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། སློབ་དཔོན་བེ་རོ་ཙ་ན་ལ་ཞག་བདུན་དུ་བསྐོར་བ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཞབས་སྤྱི་བོས་བླངས་ཏེ། འདི་སྐད་ཅེས་ཞུས་སོ། འཁོར་ལོའི་མ་བུ་དཔེས་མཚོན་པ། སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། སྣང་སྲིད་གསལ་བར་མ་ལུས་སྟོན་ནུས་ཀྱང༌། ཐེག་དམན་རྣམས་ཀྱིས་སྒྲ་ཚིག་ལེགས་པོ་བསྡེབས་གྱུར་ནས། འཁོར་ལོའི་མགོ་སྨད་གཞན་གྱི་ཆེ་བཏོན་ནས། རྩོད་པ་བགྱི་ན་ཇི་ལྟར་བགྱི་”ཞེས་པའི་གསུང་ལ་གཞིགས་ནའང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་གཏན་ཚིགས་རིག་པའི་ཕྱོགས་ལ་སྦྱང་པ་མཛད་པའི་ཤེས་ལྡན་པ་ཞིག་ཡིན་པ་མཐོང་ཐུབ་ལ། ལྷག་དོན་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་སྦྱངས་པའི་འབྲས་རྟགས་སུ་བརྩམས་ཆོས་གཞན་ཡང་མང་སྟེ། [དཀར་ཆག་འཕང་ཐང་མ་]ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། གྲུབ་པའི་མཐའ་འགྲོ་བ། བཀའ་ཡང་དག་པའི་ཚད་མ། དབུ་མའི་གཟེར་བུ། དེ་བཞིན་གཤེགས་པའི་བརྡ་སྐད། འཕགས་པ་རྣམ་པར་སྣང་མཛད་དང་ཤཀྱ་ཐུབ་པ། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ། འཕགས་པ་འཇམ་དཔལ་ལ་བསྟོད་པ། འཕགས་པ་བྱམས་པ་ལ་བསྟོད་པ་ཆེ་ཆུང་གཉིས། འཕགས་པ་མི་གཡོ་མགོན་པོ་ལ་བསྟོད་པ། བསམ་གཏན་གྱི་དགོངས་པ་བརྒྱད་བསྩལ་བ་ལྷ་བཙན་པོས་བཀས་བཅད་པ། ཞེས་དང༌། ཡང་དེ་ལས། མདོ་སྡེ་དང་བསྟན་བཅོས་ཀྱི་ཊིཀྐ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་བ། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པའི་རྒྱ་ཆེར་འགྲེལ་བ། འཕགས་པ་ཤེར་ཕྱིན་རྡོ་རྗེ་གཅོད་པའི་ཤིཀླ་ཆེན་པོ། རྡོ་རྗེ་གཅོད་པའི་བརྗེད་བྱང༌། འཕགས་པ་ག་ཡ་རྩེ་མོའི་རྒྱུད་བརྗེད་བྱང༌། ཤེར་ཕྱིན་བདུན་བརྒྱ་པའི་བརྗེད་བྱང༌། ས་བཅུའི་བརྗེད་བྱང༌། འཕགས་པ་སངས་རྒྱས་ཀྱི་སའི་བརྗེད་བྱང༌། འཕགས་པ་ས་ལུ་ལྗང་པའི་བརྗེད་བྱང་སོགས་མང་དུ་བཀོད་པ་ལ་བརྟག་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་སུམ་གཉིས་ས་ལ་དབང་གིས་བསྒྱུར་བའི་ཆབ་སྲིད་པ་ཞིག་ཡིན་པ་མ་ཟད། སངས་རྒྱས་གཞུང་ལ་སྦྱངས་པ་མཐར་སོན་པའི་ཆོས་ལུགས་པ་ཞིག་ཀྱང་རེད་ཅེས་བརྗོད་ཆོག་པར་སྙམ།
འདི་ལྟ་བུའི་ཆོས་སྲིད་གཉིས་ཀར་མཁས་པའི་བཙན་པོ་མི་རིགས་གཞན་དུ་རྙེད་དཀོན་པོ་འདུག་ཀྱང་ང་ཚོ་མི་རིགས་ལ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ། བཙན་པོ་མུ་རུག་བཙན་པོས་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་བཤད་པ་ཞེས་པ་བརྩམས། བཙན་པོ་དབའ་དུན་བརྟན་གྱིས་དབུ་མའི་བཀའ་བཅད་བཤད་པ་ཞེས་པ་མཛད། དེ་ནས་ས་སྐྱ་པ། ཕག་གྲུ་པ། རིན་སྤུངས་པ། དགེ་ལུགས་པ་སོགས་སྲིད་སྐྱོང་བདག་པོ་གང་ཞིག་ཡིན་ཀྱང་སངས་རྒྱས་ཆོས་གཞུང་གི་བསྟན་བཅོས་མ་མཛད་པ་ཕལ་ཆེར་མི་སྲིད་པས། དེ་ནི་བོད་མི་རིགས་ཀྱི་ཐུན་མིན་སྒེར་ཆོས་ཤིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།
དེས་ན། གོང་གསལ་སྒྲུབ་བྱེད་གསུམ་གྱིས་[བཀའ་ཚད་]བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་ངེས་ཤེས་གསལ་པོར་རྙེད་ཐུབ་ཅིང༌། ཁོང་ནི་བོད་མཁས་པས་ཚད་མའི་སྐོར་གྱི་བསྟན་བཅོས་རྩོམ་པའི་ཐོག་མ་ཡིན་ཞེས་བརྗོད་ཆོག གཉིས་པ། བསྟན་བཅོས་འདིའི་བརྗོད་བྱ་མདོར་བསྟན།
བསྟན་བཅོས་འདི་ལེའུ་བཅོ་ལྔའི་བདག་ཉིད་ཀྱིས་གྲུབ་ཅིང༌། དེ་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་གསུངས་པའི་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ། གཏན་ཚིགས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་སྟེ་རིགས་པ་བཞི་དཔེ་དང་བཅས་ཏེ་བརྗོད་ཡོད་ལ། ཁྱད་པར་དུ་“གཏན་ཚིགས་སྒྲུབ་པའི་རིགས་པ་ནི་ཀུན་ལ་འགྲོ་བ་ཡིན་ཏེ……”ཞེས་གསུངས་པ་ལྟར་ཆོས་གང་དང་གང་འཐད་ལྡན་གྱི་རིགས་པས་གཏན་ལ་འབེབས་པ་ཡིན་ཕྱིར་གཏན་ཚིགས་སྒྲུབ་པའི་རིགས་པ་འདི་གལ་པོ་ཆེར་ནན་ཏན་གྱི་ཚུལ་དུ་ཅུང་རྒྱས་བཤད་བྱས་ཡོད། གཤམ་དུ་བསྟན་བཅོས་སྤྱིའི་ཁོག་འབུབས་ལྟར་སོ་སོའི་བརྗོད་དོན་མདོ་ཙམ་འགོད་ན།
༡ བསྟན་བཅོས་ཀྱི་དབུར་སྟོན་པ་བཅོམ་ལྡན་འདས་དང་དེའི་ཉེ་བར་འཁོར་བའི་སྲས་ཆེན་བརྒྱད། ཁམས་གསུམ་རྣམ་རྒྱལ་ ( སྒྲ་གཅན་ )
དང་མི་གཡོ་བ་བཅས་ལ་ཤོ་ལོ་ཀ་བཅུ་གཅིག་ཙམ་གྱིས་མཆོད་པར་བརྗོད་ཡོད། བོད་ཀྱི་བསྟན་བཅོས་ཀྱི་དབུར་མཆོད་བརྗོད་འགོད་པའི་སྲོལ་འདི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་དར་ཡོད་པ་ཤེས་ཐུབ། རང་གི་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པའི་རྗེས་སུ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་གསལ་བར་བསྟན་ཡོད་དེ།“ ( སངས་རྒྱས་ ) དེ་དག་གིས་སྨྲས་པ་དང་སྤྱོད་པ་སོ་སོའི་གཙུག་ལག་ལས་བྱུང་བ་མཐོང་ན་བདེ་བར་གཤེགས་པའི་བསྟན་པ་ནི་གཞན་གང་དང་ཡང་མི་འདྲ་བར་བཟང་ལ་རྒྱ་ཆེ་བ་ཉིད་དུ་བདག་གིས་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་བསྟན་པ་ལ་འདི་སྐད་དུ་བསྟོད་པ་ཡང་བདག་གི་སྒོར་བྱམས་པའི་ཕྱིར་སྙིང་དུ་སྡུག་སྟེ་བསྟོད་པ་ཡང་མ་ཡིན། འཇིག་རྟེན་གྱི་ལྷ་དག་གི་གཙུག་ལག་ལ་བསྔགས་པར་མི་སྨྲ་བ་ཡང་དེ་དག་
གིས་བདག་ལ་གནོད་པ་བྱས་པའི་ཕྱིར་ཞེ་སྡང་བ་མ་ཡིན་ཏེ། རིགས་པས་བརྟག་ན་དེ་ཁྱད་ཞུགས་ཀྱིས་སེམས་ཅན་ལ་སྲོག་སྤང་དུ་མི་རུང་བ་དང་འདྲ་བར་དམ་པའི་ཆོས་ཀྱང་བཟུང་ཞིང་བཅད་པར་བྱའོ།“ཞེས་དང༌།”འཇིག་རྟེན་ན་ཚད་མར་བྱེད་པ་རྣམས་དང་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་རིགས་པ་བཞི་འབྱུང་བ་མཐོང་ན་བཤད་པ་འདི་དག་འདྲི་བར་ ( འབྲི་བར་ ) སེམས་པ་ཞིག་སྟེ།” ཞེས་མཛད་པ་པོ་རྨོངས་དད་དང་ཕྱོགས་སུ་ལྷུང་བ་མ་ཡིན་པར་གང་ཞིག་རིགས་པར་ལྡན་པའི་ཚིག་ལ་ཡིད་རྟོན་བཅས་ཏེ་བསྟན་བཅོས་འདི་རྩོམ་པའི་ཁུར་བླངས་པ་གསལ་བར་བསྟན་ཡོད།
༢ ལྟོས་པའི་རིགས་པ་ཞེས་པ་ལེའུ་གཅིག་གིས་གྲུབ་ཅིང༌། མདོ་ཁུངས་ལ་གཞི་བཅོལ་ཞིང་དཔེ་སྣ་ཚོགས་ཀྱི་སྟེང་ནས་ལྟོས་པའི་རིགས་པའི་མཚན་ཉིད་གསལ་བཤད་བྱས་ཡོད། དེ་ཡང་དཔེ་བཅུ་ཕྲག་ལྷག་བཀོད་དེ་རེ་རེའི་སྟེང་ནས་འདྲ་བ་དང་མི་འདྲ་བའི་ཆ་ཡོད་པ་གསལ་བར་བསྟན་ཅིང༌། འདྲ་བ་དང་མི་འདྲ་བ་ལས་རྗེས་སུ་ཐ་སྙད་འདོགས་ཚུལ་ནི།“རི་བོང་གི་རྭ་མེད་པར་རྟོགས་པའང་གླང་གི་རྭ་ཡོད་པར་རྟོགས་པའི་ཟླ་ལས་བྱུང་ངོ༌།”ཞེས་དང་“ཐུང་ངུ་ལས་ལྟག་པ་ན་རིང་ངོ༌། རིང་པོར་མ་བསླེབས་པས་ན་ཐུང་ངོ༌། ཞེས་གསུངས་པ་ལྟར་ཡོད་མེད་དང༌། རིང་ཐུང༌། ཆེ་ཆུང༌། ཚ་གྲང་སོགས་ཕན་ཚུན་ལྟོས་འཇོག་གིས་སྦྱོར་བའི་རིགས་པ་འཆད་ཡོད། དེས་ན་འདིར་བརྗོད་པའི་ལྟོས་པའི་རིགས་པ་ནི་དངོས་ལུགས་སྨྲ་བ་ཨེ་དབྱིན་སི་ཐཱན་ ( 爱因斯坦 ) གྱི་ལྟོས་བཅས་ཀྱི་རྣམ་བཤད་ ( 相对论 ) ཅེས་པའི་དགོངས་པ་དང་མཐུན་ཤས་ཆེ་སྙམ།
༣ བྱ་བ་བྱེད་པའི་རིགས་པ་ཞེས་པ་ལེའུ་གཅིག་ཏུ་གྲུབ་ཅིང༌།“གང་ཆོས་རྣམས་ཀྱི་འཐོབ་པའི་ཕྱིར་རམ། གྲེག་པའི་ ( གྲགས་པ་ ) ཕྱིར་རམ། སྐྱེས་ནས་ཀྱང་ལས་སུ་བྱ་བའི་ཕྱིར་རྒྱུར་གྱུར་བ་དང༌། རྐྱེན་དུ་གྱུར་བ་དེ་དག་ནི། བྱ་བ་བྱེད་པའི་རིགས་པའོ།”ཞེས་འབྱུང་བ་ལྟར་རྒྱུ་འབྲས་རྟེན་འབྱུང་གི་འབྲེལ་བ་སྟོན་པ་སྟེ་དངོས་པོ་ཐམས་ཅད་ཇི་སྲིད་དུ་རྒྱུན་ཡོད་པ་དེ་སྲིད་དུ་བྱ་པ་བྱེད་པ་ཡོད་ཚུལ་དཔེའི་སྟེང་ནས་བསྟན་ཡོད།
༤ གཏན་ཚིགས་སྒྲུབ་པའི་རིགས་པ་ནི་ལེའུ་བཅུ་གཅིག་གིས་གྲུབ་ཅིང༌། བསྟན་བཅོས་འདིའི་བརྗོད་དོན་གཙོ་བོའང་ཡིན། གཏན་ཚིགས་སྒྲུབ་པའི་རིགས་པར་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་གཉིས་སུ་དབྱེ་ཡོད། ཡོངས་སུ་དག་པའི་གཏན་ཚིགས་སྒྲུབ་པའི་རིགས་པ་དང་རྟགས་ཡང་དག་གཉིས་དོན་འདྲ་ལ།“ཡོངས་སུ་དག་པའི་”མཚན་ཉིད་ནི་ལྔའོ།”ཞེས་མངོན་སུམ་ཡོངས་སུ་དག་པ་དང་རྗེས་དཔག་ཡོངས་སུ་དག་པ། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ། ཡོངས་སུ་གྲགས་པ་དང་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་དེ་མཚན་ཉིད་ལྔ་ཚང་བར་གྱུར་ན་ནི་ཡོངས་སུ་དག་པའི་གཏན་ཚིགས་ཞེས་བརྗོད། འདིར་མདོ་ལྟར་མཚན་ཉིད་བཀོད་པས་ཕྱོགས་གླང་ཡབ་སྲས་དང་ཕྱི་རབས་བོད་བརྒྱུད་ཚད་མ་རིག་པའི་གཞུང་དང་ཅུང་མི་མཐུན་ནོ།
མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ལ།”མངོན་སུམ་ཞེས་བྱ་བ་ནི་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པས་ཡུལ་ལ་མངོན་དུ་དམིགས་པ་ཡེན་ཏེ། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལྔ་པོ་དག་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་དུས་གཅིག་སྤྱོད་ཡུལ་གཅིག་ཏུ་ད་ལྟར་བྱུང་བའི་ཡུལ་ཐད་ཀར་བབ་པ་ལ་དམིགས་ནས། ཡུལ་དེ་སོ་སོའི་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་ཅེས་བྱའོ་”ཞེས་ཚད་མ་མདོ་དང་སྡེ་བདུན་རྨེ་གཞུང་གི་མངོན་སུམ་གྱི་མཚན་ཉིད་འཇོག་ཚུལ་དང་ཅུང་མི་རདྲ་བར་ཁ་གསལ་གོ་བདེ་ཞིག་བཞག་འདུག་ལ། བསྟན་བཅོས་འདིར་མངོན་སུམ་དང་མངོན་སུམ་ཚད་མ་གཉིས་མི་འདྲ་བར་བསྟན་ཡོད་དེ། མངོན་སུམ་གྱི་མཚན་ཉིད་ནི་གོང་དུ་བརྗོད་པ་ལྟར་ཡིན་ཏེ།“རྣལ་འབྱོར་པ་ལ་སོགས་པས་བསྒོམས་ཏེ། ཀེང་རུས་ལ་སོགས་པར་མཐོང་བ་དང་ས་ཤ་སྟག་ལ་སོགས་པར་མཐོང་བ་དང༌། བདག་མཐེ་བོ་ཙམ་དུ་མཐོང་བ་དང༌། འདི་ལྟ་བུ་ལ་སོགས་པར་དམིགས་པ་ནི་སོ་སོ་རང་གིས་རིག་པའི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ཏེ། མངོན་སུམ་གྱི་ཚད་མར་བྱ་བ་མ་ཡིན་ནོ་”ཞེས་མངོན་སུམ་དང་མངོན་སུམ་གྱི་ཚད་མ་གཉིས་མི་འདྲ་བར་བསྟན་པ་དང༌།“ཚད་མ་དེ་དག
( མངོན་སུམ་ཚད་མ། རྗེས་དཔག་ཚད་མ། ལུང་ཚད་མ་ ) གི་མཚན་ཉིད་ནི་དེ་གཅིག་ཀྱང་ལྔ་ལྔར་ཤེས་པར་བྱ་སྟེ། ཡོངས་སུ་དག་པའི་མཚན་ཉིད་ལྔ་ཞེས་གསུངས་པ་རྣམས་ཡིན་ནོ། དེ་ལྟ་བས་ན་མཚན་ཉིད་ལྔས་ཡོངས་སུ་དག་གོ་ཞེས་གསུངས་སོ།”ཞེས་བཀོད་པ་ལྟར་མངོན་སུམ་ཚད་མའི་མཚན་ཉིད་མངོན་སུམ་ལ་མཚན་ཉིད་ལྔས་ཡོངས་སུ་དག་པ་ཞིག་དགོས་ཚུལ་བརྗོད་ཡོད། དེ་བཞིན་དུ་རྗེས་དཔག་དང་རྗེས་སུ་དཔག་པའི་ཚད་མ་གཉིས་ཀྱང་དོན་མི་འདྲ་བར་བསྟན་ཡོད་དེ།“དེ་ལྟར་འཇིག་རྟེན་ཕ་རོལ་ཡོད་ཅིང་སེམས་ཅན་རྣམས་འཁོར་བ་ན་གནས་པར་གྱུར་ན། སྐྱིད་པ་དང་སྡུག་པ་ལ་སོགས་པའི་བྱེ་བྲག་ཡོད་པ་ཡང་ཚེ་སྔ་མའི་ལས་ཀྱི་རྒྱུ་ལས་བྱུང་སྟེ། སེམས་ཅན་གྱི་བདེ་བ་དང་སྡུག་བསྔལ་བ་དང་དགེ་བ་དང་མི་དགེ་བའི་ལས་སྦྱོར་བ་ལ་གནས་ཤིང་འབྱུང་བར་དམིགས་ནས་འཇིག་རྟེན་གཞན་དུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་མྱོང་བ་ཡང་དགེ་བ་དང༌། མི་དགེ་བ་ལ་གནས་པ་འདིའི་ཚུལ་གྱིས་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་དཔག་པ་ནི་ཆོས་དང་རྒྱུའི་རྗེས་སུ་དཔག་པའི་མཚན་ཉིད་དེ། འདི་དག་ནི་རྗེས་སུ་དཔག་པའི་མཚན་ཉིད་ཡིན་ཏེ། རྗེས་སུ་དཔག་པའི་ཚད་མར་བྱ་བ་ནི་མ་ཡིན་ནོ།”ཞེས་གསུངས་པ་ལྟར་རྗེས་དཔག་དང་རྗེས་དཔག་ཚད་མ་གཉིས་མི་མཚུངས་བར་དངོས་སུ་བསྟན་ཡོད། རྗེས་དཔག་ཚད་མའི་མཚན་ཉིད་ནི་གོང་ལྟར་རྗེས་དཔག་ལ་མཚན་ཉིད་ལྔས་ཡོངས་སུ་དག་པ་ཞིག་དགོས་པ་དེ་བཞིན་ནོ།
རང་གི་རིགས་ཀྱི་དཔེའི་མཚན་ཉིད་ལ།“མངོན་སུམ་གྱི་དམིགས་པ་ཡང་རུང༌། རྗེས་སུ་དཔག་པར་ཤེས་པར་བྱ་བ་ཡང་རུང༌། ཐེ་ཚོམ་སེལ་བའི་གྲོགས་སུ་རང་གི་རིགས་ཀྱི་དཔེས་བསྟན་པར་བྱའོ།”ཞེས་པ་ལྟར། འཇིག་རྟེན་གྱི་མངོན་དུ་གྱུར་པ་དང་ལྐོག་ཏུ་གྱུར་པ་གང་ཡིན་རུང་དཔེ་ལ་བརྟེན་ནས་རིགས་པ་དེ་གསལ་བཤད་ཐུབ་པར་བསྟན་ཡོད།
ཡོངས་སུ་གྲགས་པ་ཡོངས་སུ་དག་པའི་མཚན་ཉིད་ལ། “ཡོངས་སུ་གྲགས་པ་ཞེས་བྱ་བ་ནི། ཆོས་རྣམས་ལ་མངོན་སུམ་དུ་དམིགས་པ་དང༌།
རྗེས་སུ་དཔག་པར་རིག་པ་དང༌། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ་དང་གསུམ་ཚོགས་ན་འགྲུབ་པ་ལ་གཅིག་ཏུ་ངེས་པ་འདི་ནི་ཡོངས་སུ་གྲགས་པའི་མཚན་ཉིད་ཅེས་བྱ་སྟེ། ཞེས་འབྱུང་བ་ལྟར་གྲགས་རྟགས་ཡང་དག་དང་ཕལ་ཆེར་མཐུན་ནོ།
ཤིན་ཏུ་རྣམ་པར་དག་པའི་ལུང་ནི། གང་ཐམས་ཅད་མཁྱེན་པའི་གསུང་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་བྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བསྟན་ཡོད་ཅིང༌། འདི་ཡིད་ཆེས་ཀྱི་རྟགས་ཡང་དག་དང་དོན་གཅིག་ཏུ་འབབ་བོ། དེ་ལྟར་ཡོངས་སུ་དག་པའི་མཚན་ཉིད་ལྔ་རེ་རེ་བཞིན་བརྗོད་རྗེས་ཚད་མའི་གོ་དོན་དང་གྲངས་ངེས་བཤད་ཡོད་དེ།鉊ཚད་མ་ཞེས་བྱ་བ་ནི་རིང་ཐུང་ལ་སོར་ལ་སོགས་པས་གའལ་བ་དང༌། མང་ཉུང་ལ་བྲེ་ལ་སོགས་པས་གཞལ་བ་དང༌། ལྩི་ཡང་ལ་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ཏེ། ཚད་མ་ནི་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་དང་གསུམ་མོཞེས་ཚད་མའི་གྲངས་ངེས་ལ་གསུམ་དུ་དབྱེ་བ་དང༌། དེ་ལ་མངོན་སུམ་གྱི་ཚད་མ་གང་ཞེ་ན།“མ་བསྒྲིབས་པའི་ཡུལ་ལ་མངོན་སུམ་བྱིས་སྔོན་དུ་དྲངས་པའི་སྟེང་དུ་ཉེ་བའི་རྗེས་སུ་དཔག་པ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན་ནོ།”ཞེས་མངོན་སུམ་གྱི་མཐར་མཚན་ཉིད་ལྔ་རེ་རེ་བཞིན་སྦྱར་ཏེ་དཔེ་དང་བཅས་གསལ་བར་བརྗོད་ཡོད། དེ་བཞིན་དུ་“བསྒྲིབས་པའི་ཡུལ་དེ་ལ་གནས། མངོན་སུམ་དུ་དམིགས་པའི་རྗེས་སུ་དཔག་པས་སྔོན་དུ་དྲངས་པའི་སྟེང་དུ་མངོན་སུམ་དུ་མྱོང་བ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན།”ཞེས་པ་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དུ་བཀོད་པ་དང༌། ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་ལ་“ཤིན་ཏུ་བསྒྲིབས་པའི་ཆོས་ལ་མཚན་ཉིད་འདི་འདྲ་བ་ཞིག་ཡོད་དོ་ཞེས་ཡིད་ཆེས་པའི་ལུང་ལས་འབྱུང་བས་སྔོན་དུ་དྲངས་བའི་སྟེང་དུ་ཉེ་བའི་མངོན་སུམ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན་”ཞེས་དཔེ་དང་བཅས་ཞིབ་ཏུ་འབྱུང་ངོ༌།
ཡོངས་སུ་མ་དག་པའི་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་གཉིས་དོན་གཅིག་ཡིན། ཡོངས་སུ་མ་དག་པའི་གཏན་ཚིགས་ལ། མངོན་སུམ་ཡོངས་སུ་མ་དག་པ་ ( མངོན་སུམ་ལྟར་སྣང་ ) རྗེས་དཔག་ཡོངས་སུ་མ་དག་པ། དཔེ་ཞེར་སྦྱར་བ་ཡོངས་སུ་མ་དག་པ། ཡོངས་སུ་མ་དག་པའི་གྲགས་པ། ལུང་རྣམ་པར་མ་དག་པ་སྟེ་ལྔ་ཡོད། དེ་རེ་རེ་བཞིན་དཔེ་དང་བཅས་གསལ་བར་བརྗོད་ཅིང༌། ཁྱད་པར་དུ་གཞན་གྱི་རིགས་དང་མཐུན་པའི་དཔེ་སྟོན་པའི་སྐབས་སུ། མི་མན་ས་ཀ་དང་བེའི་ཤེ་ཤོ་ཀ བརྟི་ཀ་པ། ནེ་ཡ་ཡི་ཀ ཙ་ར་ཀ པར་སིག་གཡོན་ཆེན་མར་མ་ནེ་སོགས་ཕྱོགས་སྔར་བཀོད་དེ་ཡོངས་སུ་མ་དག་པའི་ཚུལ་བསྟན་ཡོད།
༥ ཆོས་ཉིད་ཀྱི་རིགས་པ་ཞེས་པ་ལེའུ་གཅིག་གིས་གྲུབ་ཅིང༌། དེ་ཡང་འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུའི་སྒོ་ནས་ཆོས་ཉིད་ཀྱི་རིག་པ་གསུངས་པ་དང༌། འདིར་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་སུ་བསྡུས་ཏེ་འཆད་ཡོད།“དེ་ལྟ་བས་ན་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། དོན་ཐ་དད་པའི་གཏམ་གྱི་ཕྱིར་སངས་རྒྱས་མི་འབྱུང་གི་ཆོས་ཀྱི་དབྱིངས་རོ་གཅིག་ཅིང་སྒྲིབ་པ་མེད་པ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་དང་ལྡན་པ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ། འདི་ལྟ་སྟེ་ཕྱིར་མི་ལྡོག་པའི་འཁོར་ལོའི་ཞེས་གསུངས་པས་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པའི་ཚུལ་གྱིས་ཐམས་ཅད་ཀྱི་མཚན་ཉིད་འདི་དག་ལྟ་བུ་ཡིན་པར་ནི་དེ་ལྟར་ཤེས་ཏེ། དེས་ན་དེའི་ཕྱིར་ཆོས་ཉིད་ཀྱི་རིགས་པའོ་ཞེས་བྱའོ།”ཞེས་འབྱུང་བ་ལྟར་མདོ་ཁུངས་ལ་བརྟེན་ནས་ཆོས་ཉིད་ཀྱི་རིགས་པའི་མཚན་ཉིད་རྒྱས་པར་སྤྲོས་ཡོད།

༦ མཇུག་ཏུ་ཚད་མའི་ཡོན་ཏན་བཀོད་པའི་ལེའུ་གཅིག་སྟེ།

བཀའ་ཡང་དག་མའི་ཚད་མ་འདི་ཡོན་ཏན་གསུམ་དང་ལྡན་པས་ཚོགས་ཀྱི་རྒྱུར་འགྱུར་བར་བསྟན་ཡོད། ཡོན་ཏན་གསུམ་ནི།“འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་བ་དུ་མ་ཞིག་ཡོད་པ་ལས་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ཡིན། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ཡིན། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ཡིན་ནོ།”ཞེས་གསུངས། དང་པོ་ལའང་“ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་དང༌། གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ་དང༌། སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་དང༌། ལྟ་བ་རྣམ་པར་དག་པ། ཚད་མའི་ངེས་པ་མེད་པ། སོ་སོ་སྐྱེ་བོའི་ནོར་བ་མེད་པ་དང”རྣམ་པ་གསུམ་མོ། གསུམ་པ་ལ་“རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པས་གསུངས་པ་བཞིན་དུ་བྲིས་ཏེ་ཆོས་ལ་བརྟེན་པས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་བསྒྲུབས་པ་ལ་མཐུ་ཆེན་པོ་ཡིན། དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀོལ་ཏེ། ལྷད་མ་ཞུགས་པའི་གསུང་རབ་ཉིད་ཡིན་པས་གང་གིས་བཀླགས་པ་དང་ཐོས་པ་དང་བསམས་པ་ཙམ་གྱིས་སྡིག་པ་འབྱང་ཞིང་བསོད་ནམས་འཕེལ་བ་ཡིན་ནོ།”ཞེས་པ་ལྟར་ཚད་མའི་ཡོན་ཏན་དང་ཕན་ནུས་བརྗོད་དེ་བསྟན་བཅོས་འདིའི་མཇུག་བསྒྲིལ་ཡོད།
མདོར་ན། བསྟན་བཅོས་འདིར་མདོ་ལས་འབྱུང་བའི་རིགས་པ་བཞི་ཅུང་རྒྱས་པར་སྤྲོས་ཤིང༌། ཁྱད་པར་དུ་གཏན་ཚིགས་སྒྲུབ་པའི་རིགས་པའི་མཚན་ཉིད་དང་དབྱེ་བ་སོགས་བོད་རང་གི་དཔེ་ཅི་རིགས་བཀོད་པའི་ངོས་ནས་ཁ་གསལ་གོ་བདེར་བརྗོད་ཡོད་པས། ཚིག་ཉུང་ལ་དོན་འདུ་བའི་བོད་ཀྱི་གཏན་ཚིགས་རིག་པའི་བསྟན་བཅོས་ལེགས་པོ་ཞིག་རེད་སྙམ། འདིར་གཞུང་དོན་སྤྱི་བམ་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་ཡིན་ལ། ཞིབ་ཏུ་གཞུང་དངོས་ལ་བལྟ་བར་བྱའོ།

གསུམ་པ། བསྟན་བཅོས་འདིའི་ཐུན་མིན་གྱི་ཁྱད་ཆོས་འགའ།

༡ བོད་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པ།

བསྟན་པ་སྔ་དར་ནས་ཕྱི་དར་སྐབས་ཀྱི་རྔོག་བློ་ལྡན་ཤེས་རབ་ཀྱི་[ཚད་མ་རྣམ་ངེས་ཀྱི་དཀའ་འགྲེལ་]མ་བརྩམས་པའི་བར་དུ་ཚད་མ་རིག་པའི་རྒྱ་གཞུང་གི་འགྱུར་ཆོས་མང་དུ་ཡོད་ཀྱང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་[བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་]ཞེས་པ་ཁོ་ན་ལས་བོད་མཁས་པས་བརྩམས་པའི་ཚད་མ་རིག་པའི་སྐོར་གྱི་བརྩམས་ཆོས་ད་ཕན་ལག་སོན་མ་བྱུང་བས། [བཀའ་ཚད་]ནི་བོད་མཁས་པས་མཛད་པའི་ཚད་མའི་ཕྱོགས་ཀྱི་བརྩམས་ཆོས་ཐོག་མ་ཡིན་ཞེས་བརྗོད་ཆོག་པར་སྙམ། དེས་ན་བོད་མཁས་པས་བརྩམས་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་[ཚད་མ་རྣམ་ངེས་ཀྱི་དཀའ་འགྲེལ་]ཡིན་པར་སྨྲ་བའི་ལོག་རྟོག་དེའང་ངང་གིས་བཟློག་གོ། [བཀའ་ཚད་]ཀྱི་བསྟན་བཅོས་བྱུང་བ་སྔ་ཞིང་མདོ་ལ་བརྟེན་པའི་བོད་རྩོམ་ཞིག་ཡིན་པས། བོད་ཀྱི་ཚད་མ་རིག་པའི་ཕྱོགས་ལ་ཞིབ་འཇུག་བྱ་བར་ཐོག་མའི་རྒྱུ་ཆའི་རིན་ཐང་ངེས་ཅན་ལྡན་ལ། ལྷག་དོན་སྲིད་ཀྱི་འཁོར་ལོས་རྒྱལ་ཁམས་དབང་དུ་བསྒྱུར་བའི་བཙན་པོ་ཞིག་གིས་ཚད་མའི་བསྟན་བཅོས་བརྩམས་པ་ནི་ཀུན་གྱི་བློར་ཤོང་དཀའ་བའི་བདེན་དོན་ཡིན་ན། ང་ཚོས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་ཚུལ་སྤྱད་དེ་བསྟན་བཅོས་འདི་ལ་ཡང་དག་པའི་གདེང་འཇོག་དང་དཔྱད་པ་གཏོང་འོས་ལ་གཏོང་རིན་ཡོད་པ་ཞིག་ཀྱང་རེད་སྙམ་མོ།

༢ གཞུང་དོན་གྱི་ཁུངས་མདོ་ཁོ་ནར་གཏུགས་པ།

གངས་ཅན་གྱི་ལྗོངས་འདིར་བོད་མཁས་པའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཚད་མའི་བསྟན་བཅོས་པོད་ཉིས་བརྒྱ་ལོན་པ་ཡོད་ཅིང༌། དེ་དག་ནི་རྒྱ་གར་གྱི་[ཚད་མ་ཀུན་བཏུས་]དང་[སྡེ་བདུན་]གྱི་གཞུང་འགྲེལ་རྩོམ་པའི་བསྟན་བཅོས་སམ་ཡང་ན་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་རྒྱབ་རྟེན་གྱི་ལུང་ངུ་བཟུང་སྟེ་རང་གི་རིགས་པས་འཆད་པ་ཤ་སྟག་ཡིན་པས། དེ་ནི་བོད་ཀྱི་ཚད་མའི་བསྟན་བཅོས་སྤྱིའི་རྩོམ་སྲོལ་ལྟ་བུར་ཆགས་ཡོད། ཡིན་ནའང༌། ཁྲི་སྲོང་ལྡེ་བཙན་གྱི་[བཀའ་ཚད་]ནི་དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་མདོ་ཁོ་ནར་བརྟེན་ནས་འཆད་པ་གཞུང་དངོས་ལས་རྟོགས་ཐུབ་སྟེ།
དཔེར་ན། རིགས་པ་བཞི་འབྱུང་བའི་ཁུངས་སྟོན་པའི་སྐབས་སུ། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་གསུངས་པ། རིགས་པ་དེ་ཡང་རྣམ་པ་བཞི་སྟེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། གཏན་ཚིགས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཞི་ཞེས་གསུངས་སོ། ཞེས་དང༌། ལྟོས་པའི་རིགས་པ་འཆད་པའི་སྐབས་“འཕགས་པ་སྟུག་པོ་བཀོད་པའི་མདོ་ལས། རི་བོང་གི་རྭ་མེད་པར་རྟོགས་པ་ཡང་གླང་གི་རྭ་ཡོད་པར་རྟོགས་པའི་ཟླ་ལས་བྱུང་ངོ་ཞེས་བྱ་བ་དང༌། ཡང་མངོན་སུམ་གྱི་མཚན་ཉིད་འཆད་པའི་སྐབས་སུ་”འཕགས་པ་ལང་ཀར་གཤེགས་པ་ལས།
མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་བཞི་འབྱུང་བ་ནི་དངོས་པོ་རྣམས་ཀྱི་རྒྱུ་གཏན་ལ་ཕབ་པར་བསྟན་པའོ“ཞེས་དང༌། ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་འཆད་སྐབས་”འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས་འབྱུང་བ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱའོ་“ཞེས་འཇུག་པ་བཅུའི་ཁུངས་བསྟན་པ་དང༌། ཡང་རྗེས་དཔག་ཚད་མ་འཆད་པའི་སྐབས་སུ།“ཐམས་ཅད་མཁྱེན་པས་གསུངས་པ་སྡེ་སྣོད་གསུམ་པའི་ལུང་ལས། སྐད་ཅིག་པ་རེ་རེ་ལ་ཡང་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་བཞི་དང༌། ཉེ་བའི་མཚན་ཉིད་བཞི་པོ་སྐྱེ་བ་ནི་སྐྱེད་པར་བྱེད། གནས་པ་ནི་འདུག་པར་བྱེད། རྒ་བ་ནི་རྙིངས་བར་བྱེད། མི་རྟག་པ་ནི་འཇིག་པར་བྱེད་པ་ལ་སོགས་པ་གཏན་ཚིགས་རྒྱས་པར་འབྱུང༌།”ཞེས་བཀོད་པ་སོགས་བསྟན་བཅོས་འདིར་མདོ་སྡེ་སྣ་ཚོགས་ལས་དྲངས་ཏེ་ཚད་མའི་གཞུང་དོན་རྒྱས་པར་སྤྲོས་པས།
ཕྱིས་བྱུང་གི་བོད་ཀྱི་ཚད་མའི་བསྟན་བཅོས་རྣམས་དང་མི་འདྲ་བའི་ཁྱད་པར་མཆིས་པ་བཀླགས་པ་ཙམ་གྱིས་མཐོང་ཐུབ་བོ། །

༣ ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་ཤན་མ་ཞུགས་པ།
བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་སྤྱི་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཕྱོགས་གླང་གི་ཀུན་བཏུས་དང་ཆོས་གྲགས་ཀྱི་[སྡེ་བདུན་]གྱི་དགོངས་པ་ལས་མི་འདའ་བར་བསྟན་བཅོས་ཀྱི་དགོངས་དོན་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལ་གཏུགས་ཅི་ཐུབ་བྱེད་པ་དེ་ཡིན། ཡིན་ནའང༌། ཁྲི་སྲོང་ལྡེ་བཙན་གྱི་[བཀའ་ཚད་]ལ་ཕྱོགས་གླང་ཡབ་སྲས་ཀྱི་ཚད་གཞུང་གི་དྲི་ཙམ་ཡང་མ་འགོས་པར་གཞུང་ཁུངས་སངས་རྒྱས་ཀྱི་མདོ་ཁོ་ནར་གཏུགས་ཡོད། [བཀའ་ཚད་]ལ་[ཀུན་བཏུས་]དང་[སྡེ་བདུན་]གྱི་གཞུང་གིས་ཤན་ཞུགས་མེད་པའི་རྒྱུ་མཚན་གཉིས་ཡོད་པར་འདོད་དེ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཕྱོགས་གླང་ཡབ་སྲས་ཀྱི་ཚད་གཞུང་གནའ་བོའི་རྒྱ་གར་གྱི་ཡུལ་གྲུ་ཀུན་ཏུ་ཆེས་ཆེར་དར་བའི་སྒང་མ་ཡིན་པ་དང་གཅིག སྐབས་དེར་ཏ་ཟིག་ ( ད་ལྟའི་དཔྱི་ལང་ ) ལ་སོགས་ཡུལ་གྲུ་གཞན་གྱི་གཞུང་འགའ་རེ་བོད་དུ་དར་བཞིན་ཡོད་པས། ཁྲི་སྲོང་ལྡེ་བཙན་གྱིས་དེ་དག་བཀག་སྟེ་སངས་རྒྱས་ཀྱི་གཞུང་ཚད་མར་བསྒྲུབ་པའི་ཕྱིར་དུ་གཞུང་འདི་བརྩམས་སྙམ་པ་དང་གཉིས་སོ། འདིར་ཏ་ཟིག་ལ་སོགས་ཕྱི་པའི་གཞུང་བོད་དུ་དར་ཡོད་ཚུལ།[བཀའ་ཚད་]ཀྱི་ཡོངས་སུ་མ་དག་པའི་གཏན་ཚིགས་འཆད་པའི་སྐབས་སུ་གསུངས་ཡོད་དེ། པར་སིག་ ( ཏ་ཟིག་སྟེ་དེང་གི་དཔྱི་ལང་རྒྱལ་ཁབ་ལ་གོ་”གཡོན་ཆེན་མར་མ་ནེ་གཡོན་མི་བཟོད་པས་གཙུག་ལག་ཀུན་དང་མི་མཐུན་པ་གཅིག་བྱ་བའི་ཕྱིར་གཙུག་ལག་ཀུན་ནས་དྲངས་ཏེ། བྱས་པ་ལྟ་བུ་ཆེད་དུ་མི་མཐུན་པར་སྦྱར་ན……ཞེས་སྐབས་དེར་ཏ་ཟིག་གི་ལོག་ཆོས་དར་ཡོད་པ་ཤེས་ཐུབ། ཡང་“མི་མན་ས་ཀའི་མངོན་སུམ་ནི་ར་གྲན་ཏ་ལ་སོགས་པའི་ཚད་མ་དང་མཐུན་ཏེ།”ཞེས་དང༌། བརྟི་ཀའི་ཚུལ་གསུམ་པའི་རྗེས་སུ་དཔག་པ་ནི་བེའི་ཤེ་ཤི་ཀེའི་རྗེས་སུ་དཔག་པའི་མཚན་ཉིད་དཔག་པར་བྱ་བ་དང་འབྲེལ་བར་གྲུབ་པ་ཞེས་དང༌། སང་ཀྱ་དང་བརྟི་ཀ་པ་ལ་སོགས་པའི་བདག་དང་གཞན་གྱི་རྗེས་སུ་དཔག་པ་ཞེས་བྱ་བ་ཡང་ནེའི་ཡ་ཡི་ཀའི་ཚད་མ་དང་མཐུན་པ……ཞེས་དང༌། ཡང་ཙ་ར་ཀའི་རིགས་པའི་ཚད་མ་འདི་ཡོད་ན། ཞེས་སོགས་བཀོད་པ་ལས། མི་མན་ས་ཀ་དང་ར་གྲན་ཏ། བེའི་ཤེ་ཤི་ཀ སང་ཀྱ། བརྟི་ཀ ཙར་ཀ་སོགས་གཞན་གྱི་ལྟ་བ་ཡོངས་སུ་མ་དག་པའི་ཕྱོགས་སུ་བཀོད་དེ་དགག་པར་གཞིགས་ན། སྐབས་དེར་བོད་དུ་སངས་རྒྱས་ཆོས་ལུགས་མ་ཟད་གྲུབ་མཐའ་གཞན་དང་གཞན་ཡང་དར་ཡོད་པ་ཤེས་ཐུབ་བོ། གྲུབ་མཐའ་དེ་དག་དགག་པའི་ཕྱིར་ཁྲི་སྲོང་ལྡེ་བཙན་གྱིས་[བཀའ་ཚད་]བརྩམས་པ་ཡིན་ཏེ། འཇིག་རྟེན་དག་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་འདི་ལྟ་བུ་མི་སྤྱོད་པར་སངས་རྒྱས་ལ་སོགས་པ་མུ་སྟེགས་ཅན་རྣམས་བདག་བདག་གི་རང་བཟོས་འཇིག་རྟེན་སླུ་ཞིང་ཚད་མར་སྟོན་པའི་ལུགས་མཐོང་ནས་གསུང་རབ་ཀྱི་ཚད་མ་བཅབས་ན་དཀོན་མཆོག་གསུམ་ལ་སྙིང་རིང་བ་དང་སེམས་ཅན་ལ་འཁུས་པར་གྱུར་ཏེ་དེའི་ཕྱིར་མི་བཟོད་པ་ནི་མིག་ཏུ་གྲ་མའི་དུམ་བུ་སོང་བ་དང་འདྲ་བར་རྟག་ཏུ་ཉམ་ང་ནས་མཁས་པ་དག་ལ་བསྐུལ་བའི་རྐྱེན་ཙམ་དུ་འདི་བྲིས་སོ། ཞེས་གསུངས་པ་ལས་བསྟན་བཅོས་འདིའི་གཞུང་ཁུངས་མདོ་ལ་གཏུགས་པའི་དགོས་པའང་རྟོགས་པར་འགྱུར་རོ།།
མདོར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་ཚད་མའི་བསྟན་བཅོས་[བཀའ་ཚད་]བྱུང་བ་སྔ་ཞིང་གཞུང་དོན་ཟབ་ལ། ཕྱིས་བྱུང་བོད་ཀྱི་ཚད་མའི་བསྟན་བཅོས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་དུ་ཡོད་ནའང༌། ངེད་བློ་གྲོས་ཀྱི་ཉག་ཕྲ་བས་དཔྱད་པ་ཞིབ་མོས་འཇུག་མ་ནུས་པར་གཞུང་དོན་སྤྱི་བམ་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཡིན། ཕྱིས་སུ་བོད་ཀྱི་ཚད་མ་རིག་པར་ཞིབ་འཇུག་མཁས་ཅན་རྣམས་ཀྱིས་བསྟན་བཅོས་འདི་ལདཔྱད་གསུམ་དག་པའི་རིགས་པས་གཞལ་ན་དེའི་ཐུན་མིན་གྱི་རིག་གཞུང་རིན་ཐང་རྟོགས་ཐུབ་བོ། །

བརྒྱུད་སྐུལ།

མཆན་སྤེལ།