དགོན་རྟགས་རྨ་བྱ་ཁ་སྤྲོད་ཀྱི་ངོ་སྤྲོད།

དགོན་རྟགས་རྨ་བྱ་ཁ་སྤྲོད་ཀྱི་ངོ་སྤྲོད།

        དེ་ལ་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་འཇམ་མགོན་རྒྱལ་བ་གཉིས་པ་རྗེ་བཙུན་ས་སྐྱ་པ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་སྡེ་ཁག་གི་གཙུག་ལག་ཁང་གི་ཐོག་སྟེང་དུ་མཐོང་རྒྱུ་ཡོད་པའི་དགོན་རྟགས་རྨ་བྱ་ཁ་སྤྲོད་ཟེར་བ་འདི་ནི། ས་སྐྱའི་བླ་ཆེན་རྗེ་བཙུན་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་བཞེད་བཞིན་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་ལས་ལ་བསྐུལ་ཏེ་རབ་བྱུང་ལྔ་པའི་ས་འབྲུག་1268ལོར་གངས་ལྗོངས་བོད་ཀྱི་རྡོ་རྗེའི་གདན་དུ་གྲགས་པའི་གདན་ས་ཆེན་པོ་གཙང་གི་ས་སྐྱ་དགོན་པ་ན་སྙན་གྲགས་འཛམ་གླིང་ལ་འབར་ཞིང་བོད་ཀྱི་ཐུན་མོང་མ་ཡིན་པའི་བློ་རིག་གི་བཟོ་རྩལ་ལས་གྲུབ་པའི་ས་སྐྱའི་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་གསར་བཞེངས་མཛད་པའི་སྐབས་ས་སྐྱའི་དགོན་པའི་མཚོན་རྟགས་སུ་ཆེད་གཏད་དུ་བཞེངས་པ་ཞིག་ཡིན་ཞིང་།

ཡིན་པ་ལྟར་དུ་ད་ལྟའང་གཙང་གི་ས་སྐྱའི་ཆོས་སྡེ་ལྷོའི་ངོ་མཚར་སྤྲུལ་པའི་ལྷ་ཁང་ཆེན་མོའི་ཐོག་སྟེང་དུ་གསེར་ཟངས་ལས་གྲུབ་པའི་དགོན་རྟགས་རྨ་བྱ་ཁ་སྤྲོད་འདི་ཉིད་མཇལ་རྒྱུ་ཡོད་པ་ཡིན། དེས་ན་འདི་ལ་ད་ལྟའི་བར་དུ་མི་ལོ་བདུན་བརྒྱ་དང་ལྔ་བཅུ་ལ་ཉེ་བའི་ལོ་རྒྱུས་ཡོད་པ་ཡིན། འཇམ་མགོན་ས་སྐྱ་པཎྜི་ཏ་དབུས་ཕྱོགས་སུ་ཡུན་རིང་བཞུགས་སྐབས་རབ་བྱུང་བཞི་པའི་ཤིང་ལུག་1235ལོའི་བོད་ཟླ་གསུམ་པའི་ཚེས་དྲུག་ཉིན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ངམ་རིང་ཀླུ་ཁང་དུ་སྐུ་འཁྲུངས་པའི་གཏམ་སྙན་འབུལ་མཁན་བྱུང་དུས་ཆོས་རྗེ་བཞུགས་སའི་ལྷོ་ཁ་ཡར་ཀླུངས་ཁོག་ཕོ་བྲང་ཡུམ་བུ་བླ་མཁར་གྱི་དྲུང་དུ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲིར་གྲགས་པ་རིག་གསར་སྐབས་གཏོར་བཤིགས་བཏང་བ་ཕྱིས་མེ་བྱི་1996ལོར་དཔལ་ནཱ་ལེནྡྲའི་མཁན་པོ་བྱམས་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔར་བཞིན་བསྐྱར་བཞེངས་གནང་བའི་ཐོག་ཁ་ལ་ཡང་གྱོ་མོའི་རྒྱ་ཕིབས་དང་གསེར་ཟངས་ལས་གྲུབ་པའི་གཉྫི་ར་དང་རྨ་བྱ་ཁ་སྤྲོད་ཀྱིས་བརྒྱན་པ་ཞིག་བཞེངས་མཛད་ཡོད་པ་དང་། སྔོན་མར་ཚར་ལུགས་ཀྱི་གདན་ས་ཆེན་པོ་ཤྲཱི་ནཱ་ལེནྡྲ་སྟེ་དཔལ་རྒྱུན་གྱི་དབང་པོའི་ཆོས་གྲྭ་ཆེན་མོ་ན་བཞུགས་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་གྱི་ཆོས་ཁྲིའི་སྟེང་ཐོག་ཏུ་ཡང་གསེར་ཟངས་ཀྱི་གཉྫི་ར་དང་རྨ་བྱ་ཁ་སྤྲོད་ཅིག་ཡོད་དོ། །

 

        འདི་ཡི་གཙོ་བོའི་མཚོན་དོན་ནི། རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་བརྙེས་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་འཇིགས་བྲལ་མཐུ་སྟོབས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བི་རུ་པ་ནས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ཡིན་ལ། དེ་ཡང་རྨ་བྱ་གཉིས་ཀྱིས་ནི་སྐྱོན་ཡོན་ཏན་དུ་སློང་བ་དང་། བར་ཆད་དངོས་གྲུབ་ཏུ་ལེན་པའི་ཆེ་བའི་ཡོན་ཏན་དང་ལྡན་པའི་གསུང་ངག་ལམ་འབྲས་ཀྱི་གདམས་པ་ཟབ་མོ་མཚོན་པ་སྟེ། རྨ་བྱ་ལ་དུག་གི་གཉན་པོ་དབང་རིལ་ཡོད་པས་དུག་གི་རིགས་ཅི་ཙམ་བསྟེན་ཀྱང་ལུས་ལ་དུག་གིས་མི་ཚུགས་པར་མ་ཟད། ལུས་ཀྱི་གཙུག་ཕུད་དང་མཇུག་སྒྲོ་སོགས་ལ་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་འགྱུར་བ་བཞིན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོའི་ཉམས་ལེན་དང་ལྡན་པའི་འདོད་ཡོན་ལམ་ཁྱེར་གྱི་རྣལ་འབྱོར་པ་རྣམས་ལ་སྐྱོན་དང་བར་ཆད་ཅི་འདྲ་ཞིག་བྱུང་ཡང་ལམ་གྱི་གེགས་དང་བར་ཆད་དུ་མི་འགྱུར་བར་མ་ཟད། དེ་ཉིད་ལམ་དུ་འཁྱེར་ཤེས་པས་སྐྱོན་ཡོན་ཏན་དུ་སློང་ཞིང་བར་ཆད་དངོས་གྲུབ་ཏུ་ལེན་པའི་སྒོ་ནས་ལམ་གྱི་གྲོགས་དང་དགོས་གྲུབ་ཀྱི་རྒྱུ་རུ་འགྱུར་བ་བསྟན་པའོ། དབུས་སུ་གཉྫི་ར་གཅིག་ཡོད་པས་ནི། མདོ་སྔགས་ཀྱི་ཐེག་པ་སྤྱི་དང་ཁྱད་པར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོའི་མཐར་ཐུག་གི་ཐོབ་བྱ་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གཅིག་ཁོ་ན་ཡིན་པར་མཚོན་པའོ། །

        རྨ་བྱ་ཕོ་མོ་ཁ་སྤྲོད་དུ་གནས་པས་ནི། ཐབས་ཤེས་ཟུང་དུ་འཇུག་པར་མཚོན་ཅིང་། མཆོག་གི་དངོས་གྲུབ་དེ་ཡང་ནི་ཐབས་ཤེས་ཟུང་འཇུག་གི་ལམ་ལ་མ་བརྟེན་པར་མི་ཐོབ་པས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པ་དག་གིས་ཐབས་ཤེས་ཟུང་འཇུག་གི་ལམ་ལ་བརྟེན་དགོས་སོ་ཞེས་ཤེས་པའི་ཆེད་དུའོ། །
རྨ་བྱ་གཉིས་ཀྱིས་གཉྫི་རའི་རྩེ་མོར་བློ་རྩེ་གཅིག་པས་བལྟ་བས་ནི། ཕྱི་ནང་གི་གྲུབ་མཐའ་འཛིན་པའི་གང་ཟག་སུ་འདྲ་ཞིག་ཡིན་ཡང་རུང་སྟེ། མཐར་ཐུག་བྱང་ཆུབ་ཆེན་པོ་ལ་དམིགས་པར་མཚོན་པའོ། །ཡང་མདོ་སྨད་ལུགས་བརྒྱའི་འབྱུང་གནས་དཔལ་སྡེ་དགེ་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་ན་སྡེ་དགེའི་བུ་རིན་པོ་ཆེ་ཞེས་འབོད་པའི་སྡེ་དགེའི་ཁྲི་རབས་དྲུག་པ་རྒྱལ་བས་ལུང་གིས་བསྔགས་པའི་བསྟན་པའི་སྦྱིན་བདག་ཆེན་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་གིས་རབ་བྱུང་བཅུ་གཉིས་པའི་ས་བྱ་1729ལོར་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་གསར་བཞེངས་གནང་སྐབས་ཐོག་ཁ་ལ་གསེར་ཟངས་ལས་གྲུབ་པའི་རྨ་བྱ་ཆོས་འཁོར་ཞིག་བཙུགས་ཡོད་ཅིང་། ཡང་ཆོས་རྒྱལ་མཆོག་གིས་སྔོན་སྡེ་དགེའི་ཁྲི་རབས་དང་པོ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་པའི་མེ་འབྲུག་1616ལོར་གསར་དུ་བཞེངས་པའི་སྤྲུལ་པའི་ལྷ་ཁང་ཆེན་པོ་བསམ་འགྲུབ་མཐོང་གྲོལ་ཆེན་མོ་ལ་ཡང་གསེར་འཕྲུ་རྒྱ་ཕིབས་དང་གསེར་གྱི་རྨ་བྱ་ཆོས་འཁོར་བཅས་འཛུགས་པར་མཛད་ཅིང་། དེ་ལྟར་ན་རྨ་བྱས་ས་སྐྱའི་ཕ་ཆོས་གསུང་ངག་ལམ་འབྲས་མཚོན་ཚུལ་གོང་གསལ་ལྟར་ལ། ཆོས་འཁོར་གྱི་གྲུབ་ཆ་གཙོ་བོ་གསུམ་སྟེ། འཛིན་བྱེད་ཀྱི་ལྟེ་བ་དང་། གཅོད་བྱེད་ཀྱི་རྩིབས། སྡུད་བྱེད་ཀྱི་མུ་ཁྱུད་གསུམ་གྱིས་སྟོན་པ་སངས་རྒྱས་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང་གཞན་ཡང་བརྗོད་བྱ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བཅས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། རྗོད་བྱེད་འདུལ་བ་མདོ་སྡེ་མངོན་པ་བཅས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ཡང་མཚོན་པར་ཤེས་དགོས་སོ། །

        ཡང་འཁོར་ལོའི་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱིས་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་བཅས་འཕགས་པའི་ལམ་ཡན་ལག་བརྒྱད་མཚོན་པར་ཡང་གསུངས་སོ། །སླར་ཡང་དེ་དག་གི་དོན་ཚིགས་སུ་བཅད་པའི་སྒོ་ནས་གོ་བདེ་བར་བསྟན་པ་ནི་འདི་ལྟར་ཏེ། ས་སྐྱའི་བླ་ཆེན་ཆོས་ཀྱི་རྗེ། ཆོས་རྒྱལ་འཕགས་པའི་ཐུགས་བཞེད་བཞིན། །དཔོན་ཆེན་ཤཱཀྱ་བཟང་པོ་ཡིས། །རབ་བྱུང་ལྔ་པའི་ས་འབྲུག་ལོར། །གདན་ས་དཔལ་ལྡན་ས་སྐྱ་རུ། །འཛམ་བུའི་གླིང་ན་གྲགས་པ་ཡི། །སྤྲུལ་པའི་ལྷ་ཁང་ཆེན་མོ་ནི། །གསར་དུ་བཞེངས་བསྐྲུན་གནང་བའི་ཚེ། །དཔལ་ལྡན་ས་སྐྱའི་དགོན་རྟགས་སུ། །རྨ་བྱ་ཁ་སྤྲོད་འཛུགས་པར་མཛད། །དགོན་རྟགས་འདི་ཡི་མཚོན་དོན་ཡང་། །ཇི་ལྟར་མདོངས་མཐའ་ཅན་གྱིས་ནི། །དུག་རིགས་ཇི་ཙམ་བཟས་གྱུར་ཀྱང་། །ལུས་ལ་དུག་གིས་ཚུགས་ལྟ་ཞོག །སྒྲོ་མདངས་རྒྱས་པའི་རྒྱུར་འགྱུར་ལྟར། །དེ་བཞིན་དཔལ་ལྡན་ས་སྐྱ་པའི། །ཡབ་ཆོས་གསུང་ངག་ལམ་འབྲས་ཀྱི། །ཉམས་ལེན་གདེངས་དང་ལྡན་གྱུར་ན། །སྐྱོན་དང་བར་ཆད་ཅི་བྱུང་ཡང་། །གནོད་པར་འགྱུར་བ་ལྟ་ཞོག་གི །སྐྱོན་ནི་ཡོན་ཏན་དུ་སློང་ཞིང་། །བར་ཆད་དངོས་གྲུབ་ཏུ་ལེན་པས། །ལམ་གྱི་གྲོགས་དང་དངོས་གྲུབ་ཀྱི། །རྒྱུ་རུ་འགྱུར་བའི་ཆེ་བ་མཚོན། །དབུས་ཀྱི་གཉྫི་ར་གཅིག་གིས། །རྒྱུ་དང་འབྲས་བུའི་ཐེག་པ་ཡི། །ལམ་གྱི་ཐོབ་བྱ་གཅིག་པོ་ནི། །རྫོགས་སངས་རྒྱས་ཉིད་ཡིན་པར་མཚོན། །

རྨ་བྱ་ཁ་སྤྲོད་གནས་པས་ནི། །ཐབས་ཤེས་ཟུང་དུ་འཇུག་པ་ཡི། ལམ་མཆོག་འཁྲུལ་མེད་ལ་བརྟེན་ནས། མཆོག་གི་དངོས་གྲུབ་ཐོབ་པར་མཚོན། །གཡས་གཡོན་རྨ་བྱ་ཟུང་གཅིག་གིས། གཉྫིའི་རྩེ་མོར་བལྟ་བས་ནི། །གྲུབ་མཐའ་འཛིན་པ་སུ་ཡིན་རུང་། །མཐར་ཐུག་བྱང་ཆེན་དམིགས་པར་མཚོན། །མདོ་སྨད་སྡེ་དགེའི་རྒྱལ་ཁབ་ཏུ། ཆོས་རྒྱལ་བསྟན་པ་ཚེ་རིང་གིས། པར་ཁང་ཆོས་མཛོད་ཆེན་མོ་དང་། །སྡེ་དགེའི་བླ་ཆེན་གྱིས་བཞེངས་པའི། བསམ་འགྲུབ་མཐོང་གྲོལ་ཆེན་མོ་རུ། །རྨ་བྱ་ཆོས་འཁོར་འཛུགས་པར་མཛད། །འདི་ཡི་མཚོན་དོན་གཞན་འདྲ་ལ། །ཆོས་ཀྱི་འཁོར་ལོའི་གྲུབ་ཆས་ནི། །ས་གསུམ་ཟླ་མེད་སྟོན་པ་དེས། །རིགས་གསུམ་གདུལ་བྱའི་ཚོགས་རྣམས་ལ། བསླབ་གསུམ་རིན་ཆེན་བརྗོད་བྱ་དང་། །སྡེ་གསུམ་རྗོད་བྱེད་བྱས་པ་ཡི། །ཐེག་གསུམ་ཆོས་འཁོར་བསྐོར་བར་མཚོན། །ས་དགོན་སྤྱི་ཡི་མཚོན་རྟགས་འདི། །ས་སྐྱའི་དགོན་ཆེན་ཙམ་མིན་པར། །ས་དགོན་གཞན་དང་གཞན་དག་ལའང་། །ས་ཁྱབ་རྡོ་ཁྱབ་འགྱུར་བར་སྨོན། ཚུལ་འདི་མང་པོས་བསྐུལ་བ་བཞིན། །རབ་བརྟན་དགེ་ལེགས་ཕུན་ཚོགས་པས། །མེ་བྱ་ནག་ཟླའི་ཚེས་བཅུ་ལ། །ལྷུན་འགྲུབ་སྟེང་ནས་འཕྲལ་བྲིས་དགེ །

བརྒྱུད་སྐུལ།

མཆན་སྤེལ།