བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་གི་དུས་རབས་གསར་པ།

༄༅།། བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་གི་དུས་རབས་གསར་པ།

—ཆབ་སྤེལ་ཚར་བརྟན་ཕུན་ཚོགས་ཀྱི་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་ཐད་ཀྱི་མཛད་རྗེས་སྐོར་མདོ་ཙམ་གླེང་བ།
རྩོམ་པ་པོ། བེན་ཚར་ཟླ་བ།

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནི་རྒྱལ་ཕྱི་རྒྱལ་ནང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ་པའི་བོད་ཀྱི་མཁས་དབང་ཕུལ་དུ་ཕྱིན་པ་ཞིག་ཡིན། ཁོང་གི་སྐུ་ཚེ་འདིར་ཀྱག་ཀྱོག་གི་ལམ་བུ་ཇི་སྙེད་ཅིག་བརྒྱུད་མྱོང་མོད། མི་རིགས་ཀྱི་རིག་པའི་གནས་ལ་སེམས་ཁོང་རུས་པའི་སྟེང་ནས་ཞེན་ཆགས་ཆེ་བ་དང་ལོ་རྒྱུས་ཀྱི་འགན་སེམས་ཤིན་ཏུ་ཆེ་བའི་དབང་ལས། རིག་པའི་གནས་ལ་གཞོལ་བའི་བརྩོན་པའི་རྒྱུན་ནམ་ཡང་ལྷོད་མི་མྱོང་བས་ཀུན་གྱིས་གོང་བཀུར་འོས་པའི་མཁས་དབང་ཞིག་ཏུ་གྱུར་ལ་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག དམངས་སྲོལ། རྩོམ་རིག ཆོས་ལུགས་སོགས་ཞིབ་འཇུག་གི་ཁྱབ་ཁོངས་མང་པོའི་ཐད་གཡུར་དུ་ཟ་བའི་འབྲས་བཟང་གཏོད་ཡོད། མཁས་དབང་འདི་ཡི་བློ་རིག་ལས་བརྡོལ་བའི་བརྩམ་བྱའམ་ཞིབ་འཇུག་གི་འབྲས་བུ་རབ་དང་རིམ་པ་ཡོད་པ་དེ་དག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དཔྱད་གླེང་བྱ་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་མོད། བློ་དམན་བདག་ལྟ་བུར་མཁས་དབང་འདི་ཡི་ལྗོན་ཆེའི་མཛད་རྗེས་ལ་དཔྱད་གླེང་བྱེད་པའི་ནུས་པས་དབེན། དེ་ལྟ་ནའང་དེང་གི་ཆར་མཁས་དབང་གང་དེའི་གསུང་རྩོམ་ལ་སློབ་སྦྱོང་ཞུ་བཞིན་པའི་ཕྱི་རབས་པ་ཞིག་གི་ངོས་ནས་རང་གི་བློ་དད་དང་གུས་སེམས་མཚོན་ཕྱིར་གང་དེའི་བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་ཐད་ཀྱི་མཛད་རྗེས་ཆ་ཤས་ཙམ་རང་བློས་གང་དཔོག་གླེང་བར་འདོད་པ་སྟེ།
དང་པོ། བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆར་གཏིང་ཟབ་པའི་ཞིབ་འཇུག་དང་དཔྱད་སྡུར་གནང་སྟེ་ཚན་རིག་དང་མཐུན་པའི་དགེ་སྐྱོན་དབྱེ་ཞིབ་དང་གདེང་འཇོག་མཛད་པ།
རང་ཅག་བོད་དུ་ལོ་རྒྱུས་ཞིབ་འཇུག་ལ་མཐོང་ཆེ་བྱེད་པའི་ལྟ་བ་ཞིག་སྔར་ནས་ཆགས་ཡོད་ལ་དེའི་ཐད་ཀྱི་འབྲས་བུའང་ཤིན་ཏུ་མང་པོ་མཇལ་དུ་ཡོད། ལོ་རྒྱུས་ཞེས་པ་ནི་“རྙོག་འཛིང་ཆེ་ཞིང་ནང་དོན་སྣ་མང་མཉམ་འདུས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཞིག་ཡིན་” 【1】པས། ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ངོས་ནས་བརྗོད་ན་ཐོག་མར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ནི་མ་མཐའི་རྐང་པ་འཛུགས་ས་ཞིག་ཡིན་ངེས་ལ་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ཆོད་སྡོམ་ཐོབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན། རྒྱུ་མཚན་དེ་ཡི་ཕྱིར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་བྱ་རྒྱུར་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རིག་པ་བ་ཀུན་གྱིས་སྣང་ཆེན་བྱེད་ཀྱིན་ཡོད་ལ་《ལོ་རྒྱུས་རྒྱུ་ཆའི་རིག་པ་》ཞེས་པའི་རིག་ཚན་ཞིག་ཀྱང་ཐོན་ཡོད། གོང་ཞུས་ལྟར་རང་རེ་བོད་དུ་སྔ་རབས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་མོད། དེར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ཐོག་ནས་ཞིབ་འཇུག་དང་གཤིབ་བསྡུར། དཔྱད་བརྗོད་བྱ་རྒྱུ་མི་འདང་བས། ཐམས་ཅད་དགེ་མཚན་དུ་གླེང་ནས་ཆེས་ཆེར་བསྟོད་པའམ་ཡང་ན་ཐམས་ཅད་སྐྱོན་དུ་བརྗོད་ནས་རྐང་འོག་ཏུ་བརྫི་བའི་ཐལ་ཆ་ཕྱོགས་གཉིས་ནས་ཐོན་བཞིན་ཡོད། ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་དཔྱད་གླེང་བྱེད་པ་ལ། གཅིག་ནས་ལོ་རྒྱུས་དཔྱད་ཡིག་ཁག་ལ་ཕྱོགས་ཡོངས་ནས་ཆ་རྒྱུས་ཡོད་དགོས་པ་དང་། གཉིས་ནས་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཀྱི་སྤྱི་དོན་ལ་རྒྱུས་མངའ་ཡོད་པ། གསུམ་ནས་ལོ་རྒྱུས་དུས་མཚམས་སོ་སོའི་ཁྱད་ཆོས་དང་སྐད་ཡིག་གི་འཕེལ་འགྱུར་ཆོས་ཉིད་སོགས་ལ་ཞིབ་འཇུག་གཏིང་ཟབ་ཡོད་པ། བཞི་ནས་དཔྱད་ཡིག་ཞིབ་འཇུག་གི་ཐབས་ཤེས་བཟང་པོ་ལྡན་དགོས་པ་སོགས་ཕུད་དེ་བས་ཀྱང་ཕུལ་དུ་ཕྱིན་པའི་བློ་རིག་དང་བདེན་འཚོལ་གྱི་སྙིང་སྟོབས་བརྟན་པོ་ཞིག་ངེས་པར་ཡོད་དགོས། བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་གཞུང་ཐིག་ནས་བལྟས་ན། ཁོ་བོས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནི་དུས་རབས་བར་བརྒལ་དང་སྤྱི་ཚོགས་ལམ་ལུགས་བར་བརྒལ་གྱི་ལོ་རྒྱུས་མཁས་དབང་ཞིག་ཏུ་བརྩི་བཞིན་ཡོད། ཁོང་ལ་ལོ་རྒྱུས་ཞིབ་འཇུག་མཁན་ལ་མངའ་འོས་ཀྱི་དགོངས་པ་ཡང་དག་དང་འགན་སེམས་ཆེན་པོ་ཡོད་པ་ཕུད། སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་སྲ་ཞིང་བརྟན་པའི་སྟེང་། ཚན་རིག་དང་མཐུན་པའི་དེང་རབས་ཞིབ་འཇུག་གི་ཐབས་ཤེས་བཟང་བ། གཟིགས་རྒྱང་དང་གསན་རྒྱ་ཆེ་བ་སོགས་ཐུན་མིན་གྱི་ཁྱད་ཡོན་མང་དུ་མངའ་བ་ལགས། མཁས་དབང་ཆབ་སྤེལ་མཆོག་ནས་ལོ་མང་རིང་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ལོ་རྒྱུས་རྩོམ་འབྲི་སོགས་ཀྱི་ཕྱག་ལས་མཛད་པའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་དཔྱད་ཡིག་ཞིབ་འཇུག་གི་གལ་ཆེའི་རང་བཞིན་གསལ་པོར་གཟིགས་ཏེ་སྔ་རྗེས་སུ་《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ།》 《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ།》《ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ།》《གོང་འཕེལ་དུ་འགྲོ་བཞིན་པའི་བོད་ཀྱི་ལོ་རྒྱུས་རིག་པ་》ལ་སོགས་ལོ་རྒྱུས་དཔྱད་ཡིག་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་བསྟུད་མར་སྤེལ་གནང་བ་རེད། ཞིབ་འཇུག་གི་ཁྲོད་དུ་ཁོང་གིས་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ཁྲིད་སྟོན་འོག་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་ནས་ལོ་རྒྱུས་ཀྱི་དངོས་དོན་ལ་གཞི་བཅོལ་ཞིང་། ཞིབ་ཅིང་རྒྱས་པའི་དཔྱད་གཞིའི་ཡིག་ཆར་བརྟེན་ཐོག་ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་མཛད་དེ་སྔ་རབས་ལོ་རྒྱུས་དཔེ་རྙིང་ལ་དགེ་སྐྱོན་གཉིས་ཐད་ནས་དབྱེ་ཞིབ་མཛད་ཡོད། དེ་ཡང་ཁོང་གིས་“བོད་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན། གནའ་རབས་ཀྱི་བཤད་རྒྱུན་ཡིག་ཐོག་འཁོད་པ་ལྟར་ན་ཧ་ལམ་མི་ལོ་སྟོང་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ཐོར་ཆགས་དང་སྤུ་རྒྱལ་གྱི་གདུང་རབས་བྱུང་བ་ནས་བརྩིས་ནའང་ལོ་ངོ་ཉིས་སྟོང་ལྷག་སོང་བའི་ལོ་རྒྱུས་རགས་པ་ཙམ་ཡོད་པ་ལྷག་པར་དུ་བཙན་པོ་སྲོང་བཙན་སྒམ་པོ་ཚུན་ཆད་དུ་སངས་རྒྱས་ཆོས་ལུགས་ཀྱི་བྱུང་བ་གཙོ་བོར་བྱས་པའི་ཆོས་འབྱུང་དང་རྒྱལ་རབས་སོགས་ལོ་རྒྱུས་ཀྱི་ཡིག་རིགས་འབོར་ཆེན་ཞིག་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། དེ་དག་ནི་བོད་ཀྱི་ལོ་རྒྱུས་རིག་གཞུང་ལ་ཞིབ་འཇུག་བྱ་རྒྱུའི་དཔྱད་གཞི་རིན་པོ་ཆེའི་གཏེར་མཛོད་ལྟ་བུ་འཛམ་གླིང་ས་གནས་གཞན་དུ་མེད་པའི་རིན་ཐང་དཔག་པར་དཀའ་བ་ཞིག་ལོས་ཡིན་” 【2】ཞེས་མེས་པོའི་ཕྱག་རྗེས་ལ་ཚད་མཐོའི་མོས་བཀུར་དང་གཅེས་འཛིན་གྱི་དགོངས་པའི་ཐོག་ནས་དེའི་ལོ་རྒྱུས་ཀྱི་རིན་ཐང་ལ་གདེང་འཇོག་མཐོ་པོ་གནང་ཡོད། དེ་དང་ཆབས་ཅིག་སྔ་རབས་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆའི་ཐད་གནས་པའི་སྐྱོན་ནམ་ཞན་ཆ་ཇི་ཡོད་ཐད་དབྱེ་ཞིབ་ཟབ་མོ་གནང་བའི་དགོངས་པ་གཙོ་བོ་ཕྱོགས་བསྡུས་བྱས་ན། གཅིག་ནས་བོད་དུ་“དྲང་ཕྱོགས་དང་ལྡོག་ཕྱོགས་གང་ཐད་ནས་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་ཞིག་ལྡན་པ་སྨོས་མ་དགོས་ཀྱང་མང་པོ་ཞིག་ནི་གཙོ་བོ་ལོ་རྒྱུས་ངོ་མ་མཚོན་པའི་གཞི་འཛིན་ས་ཡིད་རྟོན་རུང་བ་ཞིག་མ་མཆིས་པར་” 【3】གཙོ་བོ་ཆོས་ལུགས་དང་འབྲེལ་བའི་བཤད་རྒྱུན་མང་བ་སྟེ་“ལྷ་ཆོས་དག་སྣང་གི་ལོ་རྒྱུས་དང་དངོས་སྣང་གི་ལོ་རྒྱུས་གཉིས་ཉ་ཉུང་མཉམ་བསྲེས་” 【4】སུ་གནས་པ་དང་། གཉིས་ནས་“ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་རྒྱ་གར་ཚུད་པའི་ཡུལ་ཁམས་གཞན་དག་གང་ཞིག་དང་ཡང་མི་འདྲ་བར་ཁ་བའི་ལྗོངས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བརྟེན། ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ཆོས་ལུགས་རིགས་ལམ་དེ་དེང་རབས་འཛམ་གླིང་དུའང་སྙན་གྲགས་ཆེ་ཞིང་བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་ཡུལ་གལ་ཆེའི་གྲས་སུ་གྱུར་ཡོད་པ་དེ་ནི་མིའི་རིགས་ཀྱི་ཤེས་རིག་ནོར་མཛོད་ནང་བཞག་པའི་ནོར་བུ་ཁྱད་པར་བ་ཞིག་ལོས་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ད་ཕན་མི་ལོ་སྟོང་ལྷག་རིང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རླབས་རྒྱུན་ཁོ་ན་དར་འཕེལ་ཤུགས་ཆེན་བྱུང་བ་དེས་བོད་མི་རིགས་རང་ཉིད་ཀྱི་རྩ་བའི་ལོ་རྒྱུས་དང་ཤེས་རིག་ལ་མགོ་གནོན་དང་ཟུར་འབུད་ཀྱི་ཕྱོགས་ལྷུང་ཚབས་ཆེན་པོ་ཞིག་ཕོག་ཡོད་པ་” 【5】སྟེ། “བོད་ཀྱི་རིག་པའི་གནད་ཐ་དག་གི་རྩ་བའང་རྒྱ་གར་ལ་གཏུགས་དགོས་པའི་འདོད་ཚུལ་ཞིག་ད་དུང་ཨ་ན་ཨུ་ཚུགས་ཀྱིས་འཆང་གི་ཡོད། དེ་ལྟར་བྱས་པའི་འབྲས་བུར་བོད་མི་རིགས་རང་ཉིད་ལ་རང་རྐྱ་འཕེར་བའི་ཤེས་རིག་ཅི་ཡང་མེད་པ་ལྟ་བུ་ཆགས་” 【6】ཡོད། གསུམ་ནས་“ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ངེས་ཅན་ཡོད་པའི་ཡིག་རིགས་ཁག་གཅིག་ནི་གྲུབ་མཐའི་ཕྱོགས་ཞེན་སོགས་ཀྱི་དབང་གིས་མ་དཔེ་བྲིས་མ་རེ་ཟུང་ལས་མེད་པ་དེ་དག་ཀྱང་སྒུལ་མེད་ཀྱི་གླེགས་བམ་ཕུང་པོའི་ཁྲོད་དུ་ཐལ་རྡུལ་གྱིས་གནོན་ནས་ལུས་ཡོད། དེ་བས་ཡ་མཚན་པ་ཞིག་ལ་རྒྱལ་རབས་ཆོས་འབྱུང་གྲངས་མང་དེ་ཙམ་རྩོམ་པ་པོ་རྣམས་ཀྱིས་ཀྱང་བཙན་པོའི་རྒྱལ་རྒྱུད་སྐབས་སུ་བསྐྲུན་པའི་རྡོ་བརྐོས་ཀྱི་ཡི་གེ་མི་ཉུང་བ་ཙམ་ཞིག་དངོས་སུ་གནས་ཡོད་པ་དེ་དག་ལ་སྤྱན་ཟུར་གཡོ་མཁན་ཧ་ལམ་བྱུང་མེད་པར་བརྟེན་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ནོར་བུ་དེ་རྣམས་དཔྱད་གཞིའི་རྒྱུ་ཆའི་ཁོངས་སུ་བརྩི་མཁན་མེད་པར་ཉི་ལྷག་གི་ཁྲོད་དང་ཐ་ན་རྡོ་རིང་ལ་ལའི་རྐེད་པ་ཡས་མས་སའི་འོག་ཏུ་ནུབ་ནས་བལྟ་ཀློག་ཙམ་བྱེད་མི་མེད་པ། ” 【7】ཡི་རྒྱུ་མཚན་དེའི་རིགས་ཀྱི་རྐྱེན་པས་“བོད་ཀྱི་ལོ་རྒྱུས་དཔེ་རྙིང་འབོར་ཆེན་འདི་ལྟ་བུ་ཡོད་རུང་གནའ་དུས་ཀྱི་གནད་དོན་མང་པོ་ཞིག་ལ་དེང་རབས་ཀྱི་མཁས་པ་ཚོས་ཡིད་རྟོན་དེ་ཙམ་རང་འཐོབ་མི་ཐུབ་པའི་” 【8】སྣང་ཚུལ་དེའི་རིགས་བྱུང་བ་དང་། བཞི་ནས་“སྔོན་ཆད་བོད་འདིར་སྐབས་རེ་ལོ་རྒྱུས་ཡིག་ཆའི་ནང་དོན་དེ་ཚད་འཛིན་འཕེར་དང་མི་འཕེར་རྩོམ་པ་པོ་སུ་འདྲ་ཞིག་ཡིན་མིན་ལ་བལྟས་ནས་གཏན་འཁེལ་བྱེད་པའི་གོམས་གཤིས་མཁྲེགས་པོ་ཞིག་ཆགས་ཡོད་པ་དཔེར་ན། 《བཀའ་ཆེམས་ཀ་ཁོལ་མ།》རྒྱས་བསྡུས་སྣ་ཚོགས་དང་《མ་ཎི་བཀའ་འབུམ།》སོགས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་ངོ་མའི་གསུང་ཡིན་པར་བརྩི་བ་དང་། དེ་བཞིན་《རྒྱལ་བཞེད།》ཅེས་པའང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གསུང་ཡིན་པར་ཆ་འཇོག་པ་སོགས་བར་སྐབས་དུས་ཡུན་རིང་པོ་ཞིག་རིང་གནའ་རབས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་རྩོམ་པ་པོ་སུ་ཡིན་དུ་གྲགས་པ་འབའ་ཞིག་རྒྱུ་མཚན་དུ་བྱས་ནས་ཡིག་ཆའི་ནང་དོན་སྐབས་དེའི་ལོ་རྒྱུས་དངོས་དང་མཐུན་མིན་དང་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་སོགས་ལ་དཔྱད་བསྡུར་རྩ་བ་ནས་མི་བྱེད་” 【9】པའི་སྣང་ཚུལ་ཚབས་ཆེ་བས་ང་ཚོས་“སྔོན་བྱོན་མི་རབས་མང་པོས་སྐུ་ངལ་ཆེན་པོས་བསྐྲུན་པའི་རྒྱལ་རབས་ཆོས་འབྱུང་རྣམས་ལ་ཕྱི་ཡུལ་གྱི་དཔྱད་གཞིའི་ཆ་རྐྱེན་འཛོམས་པའི་སྐབས་འདིར་ལོ་ཚིགས་སོགས་ལ་དགོས་ངེས་ཀྱི་དག་ཐེར་བྱེད་དགོས་” 【10】པའི་སྐུལ་མ་མཛད་ཡོད། བློ་དམན་ཁོ་བོས་བལྟས་ན་དེ་ནི་དེང་གི་དུས་བར་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆར་འཐུས་སྒོ་ཚང་ཤོས་དང་ཚན་རིག་དང་མཐུན་ཤོས་ཀྱི་དབྱེ་ཞིབ་དང་གདེང་འཇོག་ཅིག་ཡིན་པར་སྙམ།
གཉིས་པ། ཡིད་རྟོན་རུང་བའི་དཔྱད་གཞིའི་རྒྱུ་ཆ་བཙན་པོར་གཞི་བཅོལ་ནས་རྙོག་འཛིང་ཆེ་བའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་གནད་དོན་མང་པོར་རྟོགས་དཔྱོད་མཛད་པ།
བོད་ཀྱི་གཏམ་དཔེར་‘ཆུ་ཕྱེད་ཀ་ཙམ་བརྒལ་བས་ཧ་ཕྱེད་ཀ་ཙམ་གོ་’ཞེས་དང་། རྒྱ་རིགས་ཀྱི་གཏམ་དཔེར་‘ཇི་ཙམ་མཐོ་སར་ལངས་བ་དེ་ཙམ་གྱིས་མཐོང་རྒྱ་ཆེ་རུ་འགྲོ་’ཞེས་པ་ལྟར་བྱ་བ་གང་ཞིག་སྒྲུབ་ཀྱང་རང་གིས་དེར་ཇི་ཙམ་གྱིས་སེམས་ནུས་བཏོན་ཏེ་རྒྱུས་མངའ་དང་ཞིབ་འཇུག་མང་བ་བྱས་ཚེ་དེ་ཙམ་གྱིས་བྱ་བ་དེའི་དགེ་སྐྱོན་གསལ་པོར་མཐོང་ཐུབ་པ་ཡིན། ཆབ་སྤེལ་མཆོག་ནས་ཀྱང་ལོ་མང་རིང་དཀའ་སྡུག་ཇི་སྙེད་བཟོད་པར་མཛད་དེ་བོད་ཀྱི་སྔ་རབས་ལོ་རྒྱུས་ཞིབ་འཇུག་གི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ལས་འགན་ཕྲག་ཏུ་བཞེས་ནས་ཞིབ་འཇུག་གི་བྱ་བར་རྩེ་གཅིག་ཏུ་གཞོལ་བའི་ཁྲོད་རྙོག་འཛིང་ཅན་གྱི་གནད་དོན་མང་པོ་ཞིག་ཡོད་པ་མཁྱེན་རྟོགས་བྱུང་བ་རེད། ཁོང་གིས་“དོགས་གནད་ཡོད་སར་རྒྱུ་མཚན་དྲངས་ཏེ་དཔྱད་པ་དང་བགྲོ་གླེང་བྱ་རྒྱུ་ནི་ཞིབ་འཇུག་གི་དགོས་པ་ཡིན་” 【11】ཞེས་དང་གལ་ཏེ་གནད་དོན་དེ་དག་མ་དག་རྒྱུན་འབྱམས་སུ་སོང་ཁར་བཏང་སྙོམས་སུ་བཞག་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་མ་བྱས་ན་“ཞིབ་འཇུག་གི་བྱ་བར་འཇུག་མཁན་ཚོ་ཡང་མགོ་བོ་འཁོར་ཞིང་ཐ་ན་འགྲོ་ལམ་ནོར་བའི་དཀའ་ངལ་འཕྲད་པ་” 【12】དང་གཞན་གྱི་སྣང་ངོར་“བོད་ཀྱི་གནའ་རབས་ལོ་རྒྱུས་དངོས་འབྲེལ་དེ་བོད་པ་རང་ལའང་བཤད་རྒྱུ་མེད་པ་ཆགས་ཚར་འདུག་སྙམ་” 【13】རྒྱུ་མ་ཟད་“མི་རིགས་ཀྱི་རང་ཚུགས་དང་གསར་གཏོད་ཀྱི་སྙིང་སྟོབས་རིམ་བཞིན་ཉམས་དམས་སུ་འགྲོ་བར་ཤུགས་རྐྱེན་ཐེབས་རྒྱུ་” 【14】ཡིན་པའི་ཉེ་རིང་གཉིས་ཐད་ཀྱི་ཉེས་སྐྱོན་གསལ་པོར་བསྟན་ཡོད། དེ་བས་“དེང་སྐབས་རྒྱལ་ཕྱི་རྒྱལ་ནང་གང་སར་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་དབྱར་མཚོ་ལྟར་རྒྱས་བཞིན་པ་དང་རང་རེའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཡང་སྔར་དང་མི་འདྲ་བར་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ། མི་རྣམས་ཀྱི་བསམ་བློའི་ངོས་འཛིན་གསལ་ཞིང་ཤེས་ཚད་གོང་མཐོར་འགྲོ་བཞིན་པ་བཅས་ཀྱི་ཆ་རྐྱེན་” 【15】བཟང་པོ་བེད་སྤྱད་དེ་བོད་ཀྱི་སྔ་རབས་ལོ་རྒྱུས་ཀྱི་བཤད་ཚུལ་མི་མཐུན་པ་རྣམས་ལ་ཞིབ་འཇུག་བྱས་ན་ཕན་ཡོན་བླ་ལྷག་ལྡན་པར་གསུངས། བོད་ཀྱི་སྔ་རབས་ལོ་རྒྱུས་ཀྱི་གལ་ཆེའི་གནད་དོན་ཐད་རྙོག་འཛིང་ཅན་གྱི་གླེང་ཚུལ་ཇི་འདྲ་ཡོད་ཚུལ་ཁོང་གིས་ཕྱོགས་སྡོམ་མཛད་པར་“གལ་ཆེའི་གནད་དོན་རབ་དང་རིམ་པའི་ཐད་རིགས་ལམ་བཤད་ལུགས་མི་འདྲ་བ་དང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་མི་མཐུན་པ། ཡུན་རིང་གོམས་གཤིས་ཀྱིས་བསླད་པའི་བག་ཆགས་སོགས་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དེ་དག་གི་ནང་དུའང་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད།

མཆན་འགྲེལ།
【1】
ཁྲེན་ཕུང་གི་《ལོ་རྒྱུས་ཞིབ་འཇུག་དང་དེང་རབས་སྤྱི་ཚོགས་》ཞེས་པ་《ཅང་ཧན་བགྲོ་གླེང་།》༡༩༩༨ལོའི་འདོན་ཐེངས་༨པའི་ཤོག་གྲངས་༢༤ནང་གསལ།
【2】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【3】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【4】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【5】
《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨—༢༥༢བར་གསལ།
【6】
《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨—༢༥༢བར་གསལ།
【7】
《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་ཡོད་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ཤོག་གྲངས་༦༠༡ ——༦༠༧བར་གསལ།
【8】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【9】
ཆབས་སྤེལ་ཚེ་བརྟན་ཕུན་ཚོགས་གྱི་《“རྒྱལ་རབས་གསལ་བའི་མེ་ལོང་”རྩོམ་པ་པོ་དང་བརྩམས་དུས་སྐོར་གྱི་བསྐྱར་གླེང་》ཞེས་པ་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་འདོན་ཐེངས་༤པའི་ཤོག་གྲངས་༡༤༡—༡༥༠བར་གསལ།
【10】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【11】
ཆབས་སྤེལ་ཚེ་བརྟན་ཕུན་ཚོགས་གྱི་《“རྒྱལ་རབས་གསལ་བའི་མེ་ལོང་”རྩོམ་པ་པོ་དང་བརྩམས་དུས་སྐོར་གྱི་བསྐྱར་གླེང་》ཞེས་པ་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་འདོན་ཐེངས་༤པའི་ཤོག་གྲངས་༡༤༡—༡༥༠བར་གསལ།
【12】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།
【13】
《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ལྕགས་པར་མའི་ཤོག་གྲངས་༣༣—༣༥ནང་གསལ།
【14】
《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨—༢༥༢བར་གསལ།
【15】
《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥-༢༢༡བར་གསལ།

༄༅།།“ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་ལ་དཔྱད་ཙམ་བྱས་པ་”ཞེས་པའི་རྩོམ་ཡིག་བཀླགས་རྗེས་ཀྱི་ཚོར་སྣང་།
རྩོམ་པ་པོ། ཡར་ལུང་ཕུར་བུ་རྡོ་རྗེ།

གཅིག གནད་དོན་གྱི་གླེང་སློང་།
《ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་ལ་དཔྱད་ཙམ་བྱས་པ་》ཞེས་པའི་དཔྱད་རྩོམ་དེ་ནི་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་རྩོམ་འབྲི་གནང་བའི་བོད་ཀྱི་ལོ་རྒྱུས་རིག་པའི་ས་མིང་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་ཞིག་ལགས་ཤིང་། ༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པར་ཐོག་མར་སྤེལ་གནང་མཛད། དེ་ནི་ད་ལྟའི་ཆར་ངེད་ཅག་གི་མཐོང་ཆོས་ཀྱི་ཡུལ་དུ་གྱུར་བའི་ཡར་ཀླུང་གཙང་པོ་བྱ་བའི་མིང་ཚིག་གི་འབྱུང་ཁུངས་ལ་ཆེད་དུ་ཞིབ་འཇུག་བྱས་པའི་ཕུལ་བྱུང་གི་རིག་གཞུང་དཔྱད་རྩོམ་ཐོག་མ་དེ་ཡིན་ཞིང་། དེ་ཡར་ཀླུང་གཙང་པོ་བྱ་བའི་མིང་ཚིག་ཙམ་དུ་མ་ཟད། བཙན་པོའི་གདུང་རྒྱུད་དང་བོད་མིའི་ཚུལ་ལྡན་ཤེས་རིག་ལ་སོགས་ཀྱི་ལྟེ་གནས་སུ་གྱུར་བའི་ཡུལ་ཡར་ལུང་གི་མིང་ཚིག་གི་བརྡ་དག་འཕེལ་འགྱུར་དང་། དེ་བཞིན་བོད་ཀྱི་ཐ་སྙད་རིག་གནས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་ས་མིང་ཞིབ་འཇུག་ཐད་བློ་སྒོ་འབྱེད་ནུས་པའི་དཔྱད་གཞིའི་ཡིག་ཆ་གསེར་གྱི་ཞིང་ས་ལྟ་བུ་ཞིག་ཏུ་གྱུར་ཡོད། བརྩམས་ཆོས་དེའི་སྒྲིག་གཞིའི་ངོས་ནས་བཤད་ན། སྔོན་འགྲོ་དང་ཡན་ལག་གི་ས་བཅད་ལྔ་ལས་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན་ཞིང་། དེ་ཡང་སྔོན་འགྲོའི་ནང་ཐོག་མར་《རྒྱ་བོད་ཚིག་མཛོད་ཆེན་མོ་》རུ་ཡར་ཀླུང་གཙང་པོ་ཞེས་པའི་མིང་ཚིག་སྐོར་གསུངས་སྐབས། “དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་སྣེ་གདོང་རྫོང་གི་ཡར་ཀླུང་དུ་འབབ་སྐབས་ཡར་ཀླུང་གཙང་པོ་ཟེར་” 【1】ཞེས་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་ཡར་ལུང་ཞེས་པའི་ཡུལ་མིང་ལ་ལྟོས་ནས་ཐོགས་པ་ཡིན་ཞེས་པའི་འགྲེལ་ལུགས་དེར་རྩོད་སྤོངས་གནང་བ་མ་ཟད། སྐབས་དེ་དུས་ཀྱི་བོད་ལྗོངས་ཉིན་རེའི་ཚགས་པར་ནང་དུ་ཡང་“ཡར་ལུང་གཙང་པོའི་འགྲམ་ངོགས་སུ་ལྷོ་ཁ་ས་ཁུལ་གྱི་རྡོ་ཀ་མ་རུ་དང་འཛེང་རྡོའི་རྡོ་ལེབ་ལས་སྣོན་བཟོ་གྲྭ་” 【2】ཞེས་པ་ལྟ་བུ་ནོར་འཁྲུལ་དུ་སོང་བའི་ཐ་སྙད་འདིའི་རིགས་ཐོན་འགོ་ཚུགས་པ་དཔེར་བརྗོད་ནས་བོད་རིག་པའི་ཁྱབ་ཁོངས་ཁྲོད་བརྡ་དག་གི་ནོར་འཁྲུལ་ལ་འདིའི་རིགས་མི་ཐོན་པ་དང་སྔོན་འགོག་ཡོང་ཆེད་ཀུན་སློང་བཟང་པོས་བསྐུལ་ནས་སྐབས་བབ་ཀྱི་བརྗོད་དོན་དངོས་ལ་འཇུག་པར་མཛད་ཅིང་། དེ་ལ་བརྗོད་དོན་རྣམ་པ་ལྔ་ཡི་སྒོ་ནས་བསྟན་པ་གཤམ་གསལ། ༡.《རྒྱ་བོད་ཚིག་མཛོད་ཆེན་མོ་》རུ་“ཡར་ཀླུང་གཙང་པོ་”ཞེས་པའི་ཐ་སྙད་དེའི་འབྱུང་ཁུངས་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཀྱི་ཡར་ལུང་བྱ་བའི་ཡུལ་མིང་ལ་ལྟོས་ནས་འབྱུང་བར་བཤད་པ་དོགས་འདྲི་བཏོན་གནང་མཛད་པ་དང་། “ཡར་ཀླུང་གཙང་པོ་”དང་“ཡུར་ལུང་”ཞེས་པའི་ཐ་སྙད་དེ་གཉིས་པོའི་དབར་ཡང་སྙིང་འབྲེལ་བའི་རང་བཞིན་ཡོད་མེད་ཀྱི་གནད་དོན་དེ་ཁ་གསལ་གཏིང་གསལ་ཞིག་བཟོ་ཆེད། ཁོང་གིས་དང་ཐོག་ཡར་ལུང་ཞེས་པའི་ཡུལ་མིང་གི་འབྱུང་ཁུངས་ཇི་ལྟར་ཡིན་མིན་ཐད་དཔྱད་ཞིབ་ཚགས་སུ་ཚུད་པ་ཞིག་གནང་སྟེ་བོད་ཀྱི་སྔ་ཕྱིའི་ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས་ཡིག་ཚང་ཁག་གཞི་རྟེན་དུ་བཅོལ་ནས་ཡར་ལུང་བྱ་བའི་མིང་ཚིག་གི་འབྲི་ཚུལ་བཞི་པོ་སྟེ་ཡར་ལུང་དང་ཡར་ལུངས། ཡར་ཀླུང་། ཡར་ཀླུངས་བཅས་ཀྱི་ཐོག་མའི་འབྱུང་ཁུངས་དང་མིང་ཚིག་དེ་དག་བཀོད་པའི་ལོ་རྒྱུས་ཡིག་ཚང་གི་དུས་ཚོད་ཀྱི་སྔ་ཕྱི་གཏན་འབེབས་གནང་ཡོད། ༢.གོང་གི་རིག་པའི་རྒྱུན་མཐུད་དེ་ཡར་ཀླུང་དང་ཡར་ལུང་སོགས་འབྲི་སྟངས་བཞི་པོའི་ནང་ནས་ཡུལ་ལུང་དང་སྦྱོར་སྐབས་“ཡར་ལུང་ངམ་ཡར་ལུངས་”ཞེས་པའི་ཐ་སྙད་ཉིད་འབྲི་ལུགས་ཡང་དག་ཡིན་པར་ཐ་སྙད་རིགས་བསྒྲེ་དཔྱད་བསྡུར་གྱིས་སྒོ་ནས་དཔྱད་ཞིབ་ཟབ་མོ་གནང་ཞིང་། རང་ལུགས་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ༣.རང་བྱུང་ཁམས་ཆེན་པོའི་ཕྱི་རོལ་ཡུལ་གྱི་དངོས་པོའི་གནས་ལུགས་ངོ་མའི་ཐོག་ནས་སྲིད་པའི་ཆུ་ཀླུང་ཆེན་པོ་དེ་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཡུལ་ཡར་ལུང་ཁུལ་དུ་འབབ་པ་ལ་བརྟེན་ནས་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་ལྟར་ཐོགས་པ་རེད་ཟེར་བའི་ལྟ་ཚུལ་ལ་རྩོད་སྤོངས་གནང་ཞིང་། གོམ་གང་མདུན་སྤོས་ཀྱིས་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་དཔྱད་བརྗོད་གནང་ཡོད་པ་མ་ཟད། “ཡར་ཀླུང་གཙང་པོ་”དང་“ཡར་ལུང་”ཞེས་པའི་ཐ་སྙད་གཉིས་ཀྱི་འབྱུང་ཁུངས་སོ་སོ་ཡིན་པའི་རྒྱུ་མཚན་ཉིད་ར་སྤྲོད་གནང་ཡོད། ༤.དུས་རབས་བཅུ་གཉིས་ཙམ་ལ་བྱོན་པའི་མངའ་བདག་ཉང་རལ་དང་གཏེར་སྟོན་ཨུ་རྒྱན་གླིང་པ་རྣམ་གཉིས་ཀྱིས་“ཡར་ཀླུངས་”ཞེས་པར་“མུ་གེ་གནམ་ལས་ཡར་བས་ཡར་ཀླུངས་སུ་གྲགས།” ཞེས་པའི་འགྲེལ་ལུགས་ལ་བོད་ཀྱི་འཇིག་རྟེན་ལུགས་ཀྱི་ཐ་སྙད་གྲུབ་སྲོལ་ཐོག་ནས་དབྱེ་ཞིབ་གནང་བ་དང་། ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་ཏུན་ཧོང་གནའ་ཡིག་ལས་བྱུང་བའི་ཡར་ཆུ་སྔོན་པོ་དང་། དེའི་རྗེས་སུ་བྱུང་བའི་ཡིག་ཚང་ནང་ཡར་ཆབ་གཙང་པོ་ཞེས་པའི་བརྡ་དག་གི་འཕེལ་འགྱུར་ལས་མཐར་“ཡར་ལུང་གཙང་པོ་”ཞེས་ཐོགས་པའི་རང་ལུགས་བསྟན་ཡོད། ༤.གོང་གསལ་དབྱེ་ཞིབ་ཀྱི་རྨང་གཞིའི་ཐོག་རྩོམ་པ་པོས་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་སྟེ་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་སླར་ཡང་ཀློག་པ་པོའི་སྤྱན་སྔར་དྲངས་ཤིང་། ཡར་ཀླུང་གཙང་པོ་ཞེས་པའི་ཐ་སྙད་ཀྱི་འབྱུང་བ་དང་གོ་དོན་སོགས་བསྟན་ཅིང་། ཐ་སྙད་དེ་ནི་ཡུལ་ཡར་ལུང་བྱ་བའི་ཡུལ་མིང་ལ་ལྟོས་ནས་ཐོགས་པ་རེད་ཟེར་བར་ཡུལ་མིང་གི་གྲུབ་སྟངས་དང་དེ་བཞིན་ལུང་ཁུངས་སོགས་གང་ཅིའི་ཐད་ནས་རྐང་པ་འཛུགས་ཐབས་བྲལ་བའི་བྱུང་རྒྱལ་གྱི་སྨྲ་བ་འབའ་ཞིག་ཡིན་པ་གསལ་སྟོན་མཛད་པ་དང་བཅས་སྐབས་བབ་ཀྱི་བརྗོད་དོན་ཡོངས་སུ་རྫོགས་པར་བྱས་སོ།
གཉིས་པ། ཞིབ་འཇུག་གི་ཐབས་ལམ་སྐོར།
རྩོམ་པ་པོས་རྩོམ་ཡིག་འདི་རྩོམ་འབྲི་གནང་བའི་བརྒྱུད་རིམ་ནང་གནའ་དེང་གི་དཔྱད་གཞིའི་ཡིག་རིགས་སུམ་བཅུ་ལྷག་ཙམ་བེད་སྤྱོད་གནང་ཡོད་ཅིང་། དེ་དག་གི་ཁྲོད་སྔ་ཤོས་སུ་གྲགས་པ་ལོ་རྒྱུས་ཡུལ་རིང་ལྡན་ཞིང་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་རྙིང་དང་། དེ་ནས་དུས་རབས་༡༢དང་༡༣、༡༤、༡༥、༡༦、བཅས་སོ་སོར་བྱུང་བའི་ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས། དེ་བཞིན་ཉེ་རབས་སུ་ལེགས་བསྒྲིགས་བྱས་པའི་ཚིག་མཛོད་དང་། ད་དུང་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་ཐོན་པའི་ཚགས་པར་སོགས་དཔྱད་གཞིར་མཛད་ཡོད། དེ་ཡང་རྩོམ་ཡིག་འདིའི་བརྗོད་དོན་གྱི་སྙིང་པོ་ནི་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེའི་བྱུང་འཕེལ་དང་གོ་དོན་སོགས་རྩད་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། དེ་བཞིན་མིང་ཚིག་དེ་དང་ཡར་ལུང་ཞེས་བྱ་བའི་ཡུལ་མིང་དབར་ཡང་སྙིང་འབྲེལ་བ་ཡོད་མེད་སྐོར་ཡང་ཞོར་འཕྲོས་བྱས་ཡོད་ལ། དོགས་གནད་དེའི་མདུད་པ་འགྲོལ་བའི་ཆེད་ཐོག་མར་རྩོམ་པ་པོས་“ཡར་ཀླུང་གཙང་པོ་”བྱ་བའི་ཐ་སྙད་ལས་འཕྲོས་ཏེ། རང་རེའི་ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས་རྣམས་སུ་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཡུལ་ཡར་ལུང་ཞེས་པའི་མིང་ཚིག་གི་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད་པ་སྟེ། ཡར་ལུང་དང་ཡར་ལུངས། དེ་བཞིན་ཡར་ཀླུང་། ཡར་ཀླུངས་བཅས་ཡིན་བཞི། རྩོམ་པ་པོས་ཐོག་མར་གོང་གསལ་ཐ་སྙད་འབྲི་སྟངས་མི་འདྲ་བ་བཞི་ཡོད་པ་ལས། གང་ཞིག་ཡང་དག་གི་འབྲི་ཚུལ་ཡིན་པ་དང་། “ཡར་ལུང་”ཞེས་པའི་ཡུལ་མིང་གི་འབྱུང་ཁུངས་ལ་རྩད་ཞིབ་དང་། དེ་བཞིན་ཡར་གྱི་ཚིག་གྲོགས་ལ་ཀླུང་དང་ལུང་གཉིས་པོ་གང་ཞིག་ཁུངས་བཙན་ཡིན་མིན་སྐོར་དཔྱད་ཞིབ་བྱས་པ་བརྒྱུད་ནས། དཔྱད་གཞིའི་ཡིག་རིགས་བེད་སྤྱོད་གནང་དུས་ད་ལྟ་ཕན་ང་ཚོས་མཇལ་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་སྔ་ཤོས་སུ་གོང་གསལ་ཐ་སྙད་བཞི་པོའི་ནང་གང་ཞིག་བཀོད་སྔ་བར་གཞི་འཛིན་ས་གནང་བ་སྟེ། དེ་ཡང་ཏུན་ཧོང་གནའ་ཡིག་ལས་དྲངས་པར། “……བྱང་བུ་ནི་ལུང་ཆུངས་ན། མཁར་ཁོལ་ནི་རྨང་བ་དང་། ཡར་ལུངས་ནི་པྱིང་ལུངས་ན། ལྷོ་རྔེགས་ནི་འཕན་པ་གཉིས། གང་ཕན་ནི་གག་རགས་པ། གཉིན་ཟླ་ནི་ཡ་བིས་གཟིགས་……” 【3】ཞེས་པ་ཡར་ལུང་གི་མིང་ཚིག་སྔ་ཤོས་དེ་ཏུན་ཧོང་བྲག་ཕུག་གི་གནའ་ཡིག་ལ་གཞི་བཅོལ་མཛད་ཅིང་། དེ་དག་གི་ཁྲོད་དུ་ཡར་ཀླུང་ངམ་ཡར་ཀླུངས་ཞེས་པའི་འབྲི་སྲོལ་མཇལ་རྒྱུ་མེད་པས་ན། འབྲི་ལུགས་དེ་གཉིས་པོ་ནི་ཕྱིས་འབྱུང་ཆོས་འབྱུང་ལོ་རྒྱུས་མཁན་པོའི་ཕྱག་སོར་ལས་ཐོན་པ་རང་ཤུགས་སུ་གྲུབ་པ་མ་ཟད། ཡར་ལུངས་བྱ་བའི་ཡུལ་མིང་ལ་དཔྱད་ཞིབ་བྱེད་སྐབས་ཏུན་ཧོང་ཡིག་རྙིང་གི་དཔྱད་གཞིའི་རིན་ཐང་ལ་གཙིགས་ཆེན་བྱེད་དགོས་པ་ངང་ངམ་ཤུགས་སུ་བསྟན་ཞིང་། ཡར་ལུང་དང་ཡར་ཀླུང་། ཡར་ཀླུངས་བཅས་མིང་ཚིགས་གསུམ་གྱི་མ་ཕྱི་ནི་ཡར་ལུང་བྱ་བའི་མིང་ཚིག་དེ་རང་ལ་ཐུག་པ་གསལ་ཡོད། དེ་ནས་བསྟན་པ་ཕྱི་དར་གྱི་དུས་ཕྱིས་སུ་བྲིས་པའི་གྲགས་ཅན་གྱི་ཆོས་འབྱུང་དང་རྒྱལ་རབས་རིགས་མི་འདྲ་བ་ཁག་བཅུ་གཉིས་ཙམ་གྱི་བརྩམས་དུས་ཀྱི་གོ་རིམ་རྣམས་བསྟར་ལ་བསྒྲིགས་ཤིང་དེ་དག་གི་ཁྲོད་ཡར་ལུང་བྱ་བའི་མིང་ཚིག་གི་འབྲི་སྟངས་དང་དེ་བཞིན་འབྲི་ལུགས་བཞི་པོ་རྣམས་ཡིག་ཚང་ཁག་ཏུ་སྔ་ཕྱིའི་བྱུང་བ་ལ་རིགས་ལམ་ཟབ་མོའི་བརྡ་འདེད་གནང་བ་སྟེ། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ལ་བྲིས་པའི་《ལྡེའུ་ཆོས་འབྱུང་》དང་། གོང་དང་དུས་ཚོད་སྔ་ཕྱི་ཧ་ལམ་མཚུངས་པའི་ཉང་རལ་ཉི་མ་འོད་ཟེར་གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།》《བོན་གྱི་ལོ་རྒྱུས་བྱམས་མ་རིགས་སྐྱོབ།》དུས་རབས་བཅུ་གཉིས་པའི་སྨད་ཆར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《རྒྱལ་རབས་》《སྦ་བཞེད་》ལྕགས་དཔར་མ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་《བཀའ་འབུམ་ཆེན་མོ།》ཚལ་པའི་《དེབ་དམར།》 དེ་བཞིན་《རྒྱལ་རབས་གསལ་བའི་མེ་ལོང་》དང་《བཀའ་ཐང་སྡེ་ལྔ་》དང་བཅས་པ་སྤྱི་ལོའི་དུས་རབས་༡༢ནས་༡༤བར་གྱི་བརྩམས་ཆོས་མི་འདྲ་བ་ཁག་བཅུ་གཉིས་ཙམ་ཕན་ཚུན་དཔྱད་བསྡུར་བགྱིས་ཤིང་། དུས་རབས་བཅུ་གཉིས་དང་བཅུ་གསུམ་པའི་ནང་བྱུང་བའི་ཚད་ལྡན་ཡིག་ཚང་མང་ཆེ་བའི་ནང་ཡར་ལུང་དང་ཡར་ལུངས་ཞེས་གསལ་བས་ན། དེ་གཉིས་པོ་ནི་ཡང་དག་གི་འབྲི་རྒྱུན་འབའ་ཞིག་ཡིན་པ་སླར་ཡང་ར་སྤྲོད་མཛད་ཅིང་། དེ་ནས་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་གཏེར་སྟོན་ཡབ་རྗེ་ཨུ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་ཏུ་གཏེར་ལས་བཏོན་པར་གྲགས་པའི་《བཀའ་ཐང་སྡེ་ལྔ་》བྱ་བ་བྱུང་བ་ནས་བཟུང་ཡར་ཀླུངས་དང་ཡར་ཀླུང་ཞེས་པའི་འབྲི་ཚུལ་བྱུང་འགོ་ཚུགས་པ་དེས་ཕྱིས་འབྱུང་ལོ་རྒྱུས་མཁན་པོ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པ་གསལ་སྟོན་གནང་ཞིང་། དེ་བས་ཀྱང་《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ་ཡར་ཀླུངས་སམ་ཡར་ཀླུང་གི་འགྲེལ་བཤད་སྐྱོན་སྟངས་ལ་རྩོད་སྤོངས་གནང་བ་དང་། ཡར་ལུངས་དང་ཡར་ལུང་། ཡར་ཀླུང་དང་ཡར་ཀླུངས་བཅས་མིང་ཚིག་བཞི་པོའི་གྲུབ་སྟངས་ཀྱང་ཞོར་འཕྲོས་བྱས་ཡོད། དེ་ནས་རྩོམ་པ་པོས་ཐ་སྙད་རིགས་བསྒྲེའི་དཔྱད་བསྡུར་གྱི་སྒོ་ནས་རང་རེ་བོད་མིས་རང་ཉིད་འཚོ་གནས་བྱེད་སའི་ཡུལ་སྤྱི་ལ་ལུང་པ་ཞེས་འབོད་སྲོལ་ཡོད་པ་དང་། ཡུལ་ཚོ་བྱེད་བྲག་པ་མི་ཉུང་བ་ཞིག་གི་མིང་ཚིག་གི་རྗེས་སུའང་ལུང་སྒྲ་དེ་ལྟར་སྦྱང་སྲོལ་ཡོད་ཅེས་གསུངས་ཤིང་། མདོ་དབུས་ཁམས་གསུམ་དུ་གནའ་ནས་ད་བར་ཆགས་པའི་ལུང་སྡེ་དང་སྦྲེལ་བའི་ཡུལ་མིང་འབོར་ཆེན་ཞིག་འོས་སྦྱོར་གནང་ཞིང་། ཡར་ལུང་ངམ་ཡར་ཀླུང་ཡང་སྙིང་གང་ཞིག་ཁུངས་བཙན་པ་ཡིན་མིན་ཐད་དབྱེ་ཞིབ་བྱ་རྒྱུར་རིན་ཐང་ཆེ་བའི་དཔྱད་གཞི་འབའ་ཞིག་མཁོ་འདོན་གནང་ཡོད། དེ་ནས་རྩོམ་པ་པོས་རང་བྱུང་ཁམས་ཆེན་པོའི་ཕྱི་རོལ་གྱི་དངོས་པོའི་གནས་ཚུལ་ངོ་མའི་ཐོག་ནས་ཡར་ཀླུང་གཙང་པོ་རྒྱུགས་ཁུལ་དུ་གནས་པའི་སྟོད་སྨད་བར་གསུམ་གྱི་ས་མིང་རྣམས་རེ་རེ་བཞིན་བརྒྱུད་སྤྲོད་གནང་ཞིང་། དོན་དངོས་ཐོག་ཆུ་དེ་ཡར་ལུང་གི་མདའ་རིང་ཚད་སྤྱི་ལེ་ཁ་ཤས་བརྒྱུད་པ་ལ་བརྟེན་ནས་ཡར་ཀླུང་གཙང་པོ་ཞེས་པའི་ཐ་སྙད་དེ་ཐོགས་པ་རེད་ཟེར་བའི་ལྟ་ཚུལ་ལ་གོང་གསལ་དབྱེ་ཞིབ་ཀྱི་རྨང་གཞིའི་ཐོག་རྩོད་སྤོངས་དབྱེ་ཞིབ་གནང་ཡོད། དེ་ནས་མཇུག་ཏུ་རྩོམ་པ་པོས་ཡར་ཀླུང་གཙང་པོ་བྱ་བའི་མིང་ཚིག་གི་འབྱུང་བའི་ཐད་ཏུན་ཧོང་གནའ་ཡིག་ཁྲོད་དེའི་སྐོར་འཁོད་པ་གཞི་རྟེན་དུ་བཅོལ་ནས། “སྔོན་ཆད་ཡར་ལུང་བཙན་པོའི་ཆབ་འབངས་མངའ་རིས་དེ་ཕུ་གངས་རི་ཡར་ལྷ་ཤམ་པོ་ནས་ཡར་ལུང་གི་མདའ་རུ་གནས་པའི་ཡར་ཆབ་གཙང་པོའི་ཆུ་ཁ་བར་དུ་རྫོགས་པ་བཅས་ཀྱི་ཡུལ་གཞུང་ཐུང་ངུ་དེ་སྐབས་དེར་མདའ་ཡར་ཆབ་གཙང་པོའི་ཆུ་མགོ་ཞང་ཞུང་ཡུལ་གྱི་བར་གཞུང་ལ་བསྲིངས་པ་དང་། དེ་བཞིན་ཡར་ལུང་གི་ཡུལ་ཁ་ཞེང་ཆུང་ངུ་དེ་ཡང་ད་ཆ་ལྷོ་མོན་ཡུལ་ནས། བྱང་མཐའ་མེད་ཀྱི་འབྲོག་ཐང་མ་ཟད་ཀྱི་བར་དུ་རྒྱ་བསྐྱེད་དེ། མི་མཐུན་མཐའ་བཞིའི་དགྲ་བོ་ཀུན་ལས་རྣམ་པར་རྒྱལ་བ་ཡིན་གསུངས་པ་ལྟར། ཡར་ཀླུང་བཙན་པོའི་ཆབ་འོག་ཤར་ནས་ནུབ་བར་གྱི་རིང་ཚད་དེ་ཡར་ཆབ་སྔོན་མོའི་བཞུར་ཚད་དང་མཚུངས་པར་བསྟན་བཞིན་དུས་དེ་ཙམ་ནས་བཟུང་སྲིད་པའི་ཆུ་ཀླུང་ཆེན་པོ་འདི་ལའང་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་ཐོགས་པ་ཡིན་ཞེས་འགྲེལ་ན་འཐད་པ་སྙམ་པ་འདིའང་དཔྱད་གཞིའི་ཚུལ་དུའོ་” 【4】ཞེས་ཁེངས་སྐྱུང་གི་ཚུལ་དུ་གསུངས་ཤིང་། རྩོམ་ཡིག་གི་བརྗོད་དོན་སྙིང་པོ་སྟེ་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་བཞིན་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཡུལ་ཡར་ལུང་ནས་ཡར་ཆབ་སྔོན་པོ་དང་བཅས་པའི་མཐའ་བསྐོར་གྱི་ཡུལ་ལུང་དུ་རྒྱ་སྐྱེད་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་རྒྱུན་ཆགས་སུ་གྱུར་བའི་ཐ་སྙད་ཅིག་ཡིན་པའི་རང་ལུགས་རྫོགས་པར་བསྟན་ཡོད།

མཆན་འགྲེལ།
【1】
《ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དཔྱད་ཙམ་བྱས་པ་》ཞེས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་ནང་གསལ།
【2】
《ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དཔྱད་ཙམ་བྱས་པ་》ཞེས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་ནང་གསལ།
【3】
《ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དཔྱད་ཙམ་བྱས་པ་》ཞེས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་ནང་གསལ།
【4】
《ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དཔྱད་ཙམ་བྱས་པ་》ཞེས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་ནང་གསལ།
༄༅།།《གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་》ཞེས་
པའི་དཔྱད་རྩོམ་བཀླགས་རྗེས་ཀྱི་མྱོང་བ།
རྩོམ་པ་པོ། བསིལ་ལྷུན་ཟླ་བ་ཚེ་རིང་།

མཐོ་བོད་འཕེལ་འགྱུར་གྱི་ལོ་ངོ་སྟོང་ཕྲག་འགའི་ཡུན་རིང་པོའི་ལོ་རྒྱུས་ནང་། བོད་མི་རིགས་ཀྱིས་ཕུལ་བྱུང་མི་རིགས་གཞན་ལྟར་རང་བྱུང་ཁམས་དང་འཐབ་རྩོད་རྒྱུན་རིང་བྱེད་པའི་ཁྲོད་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐད་ལ་རང་རང་མཛད་པ་ཆེ་བའི་མི་སྣ་མི་ཉུང་བ་ཞིག་ཐོན་ཡོད་པ་ལས། གཉའ་ཁྲི་བཙན་པོ་ནི་མཚན་གྲགས་ཆེས་ཆེ་བའི་བཙན་པོའི་རྒྱལ་རབས་དེ་འབྱུང་བའི་འགངས་ཆེའི་རྨང་གཞིའམ་འབྱུང་ཁུངས་ཤིག་ཡིན་མོད། བློ་ཕམ་སྐྱེས་པ་ཞིག་ནི་གྲགས་ཆེ་བའི་བཙན་པོ་འདི་ཉིད་ཀྱི་འབྱུང་ཁུངས་ཡང་སྙིང་གང་ནས་ཡིན་མིན་ཐད་ཉེ་རབས་བར་ངོ་རས་མཐུག་པོས་བཀབ་སྟེ་ལུས། དེས་ན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གཉའ་ཁྲི་བཙན་པོ་བོད་མི་རང་ཡིན་ཞེས་བོད་ཀྱི་ལོ་རྒྱུས་ཀྱི་གསང་རྒྱ་དེ་བཀྲོལ་བའི་དཔྱད་རྩོམ་ཞིག་སྤེལ་བས། འདིར་རང་བློ་ཁབ་མིག་དབུས་ནས་དཔྱད་རྩོམ་དེར་དབྱེ་ཞིབ་བྱས་པ་བརྒྱུད། དེ་ཉིད་ཀྱིས་ཕྱི་རབས་བོད་རིགས་ལོ་རྒྱུས་སྨྲ་བའི་ཁྲོད་དུ་བློ་སྒོ་གང་ཞིག་ཕྱེ་མིན་སྐོར་ལ་དཔྱད་པ་རགས་བསྡུས་ཙམ་ཞིག་བྱེད་པར་འདོད།
དང་པོ། དཔྱད་རྩོམ་དེ་ཉིད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་བྱུང་ཚུལ་རགས་བསྡུས།
དེ་ཡང་“བོད་རིག་པའི་རིག་ཚན་གྱི་འཕེལ་རྒྱས་ནི་རྒྱལ་སྤྱི་རྒྱལ་ནང་གི་དུས་རབས་རྒྱབ་ལྗོངས་དང་ཁ་བྲལ་ཐབས་མེད་པ་ཞིག་དང་། དེ་བས་རྒྱལ་ནང་གི་དམིགས་བསལ་དུས་ཚོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་དང་ཁ་བྲལ་ཐབས་མེད་” 【1】ཅེས་པ་ཇི་བཞིན་དུས་རབས་ཉི་ཤུ་པའི་ཡར་སྔོན་ཙམ་ནས་བོད་ལྗོངས་འདི་ཉིད་འཛམ་གླིང་ཀུན་ལ་རླུང་ལྟར་གྲགས་ཤིང་། དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་། ཞི་བདེ་དང་འཕེལ་རྒྱས་གཉིས་ནི་རྒྱལ་སྤྱིའི་འཕེལ་ཕྱོགས་ཀྱི་རླབས་རྒྱུན་ཞིག་ཏུ་གྱུར་ཅིང་། ཚན་རིག་ལག་རྩལ་དང་འགྲིམ་འགྲུལ། འཕྲིན་གཏོང་བཅས་ཕྱོགས་ཡོངས་ནས་འཕོ་འགྱུར་ཤིན་ཏུ་མགྱོགས་པོ་བྱུང་བ་དང་བསྟུན་ནས་མི་རྣམས་ལ་འཛམ་གླིང་དེ་ཁྱིམ་གཞི་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་རིམ་བཞིན་སྦྱིན། དེས་ན་འཛམ་གླིང་གི་རྩེ་མོ་བོད་ཡུལ་འདིར་སླར་ཡང་དཔྱིད་དཔལ་བཞད་པ་བཞིན་དུ་དཔལ་འབྱོར་དར་རྒྱས་གཏོང་བའི་སྐལ་བཟང་བྱེ་བས་གཏམས་ཤིང་། ལྷག་དོན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་དུ། དཔལ་འབྱོར་རྨང་གཞིར་གོང་འཕེལ་འགྲོ་བ་དང་བསྟུན་ནས་སྟེང་གི་བཀོད་པའི་རིག་གནས་སོགས་ཀྱི་ཐད་ཡར་ཐོན་ཡོང་བ་ཆོས་ཉིད་ལྟར། ཞིབ་འཇུག་གི་བྱ་གཞག་དབྱར་མཚོ་རྒྱས་པའི་ཚུལ་ལ་ཞུགས། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་རང་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཁྲོད་དུ་མཁྱེན་དཔྱོད་དཔལ་གྱིས་ཕྱུག་པའི་མཁས་པའི་ཚོགས་རབ་ཏུ་རྩེན་པར་བྱེད་ལ། འཛམ་གླིང་ཡོངས་སུ་བོད་རིག་པའི་ཞིབ་འཇུག་གི་སྦིར་སྒྲགས་ཤིན་ཏུ་ཆེན་པོར་གྱུར་བས་ན། རྒྱལ་སྤྱི་རྒྱལ་ནང་གི་སྙན་གྲགས་ཆེ་བའི་ལོ་རྒྱུས་ཞིབ་འཇུག་བྱེད་མུས་ཀྱི་མཁས་པ་ཇི་སྙེད་པས་རང་རང་གི་འདོད་ཚུལ་ལྷུག་པོར་གླེང་བ་དང་ཆབས་ཅིག ལོ་རྒྱུས་དོན་ཆེན་དང་མི་སྣ་ལ་སོགས་པའི་ཐད་ལ་རྩོད་གཞིའང་མི་ཉུང་བ་ཞིག་ཐོན་པ་རེད། དེ་བཞིན་བོད་ཀྱི་བཙན་པོ་དང་པོའམ་སྤུ་རྒྱལ་གདུང་རྒྱུད་ཀྱི་རྩ་བའི་འབྱུང་ཁུངས་ནི་དེ་དག་ལས་རྙོག་འཛིང་ཆེས་ཆེ་བའི་རྩོད་གཞིའི་གྲས་ཤིག་ཡིན་ཙ་ན། མཁས་དབང་ཆབ་སྤེལ་ལགས་ཀྱིས་བོད་མི་རིགས་ཀྱི་གདོད་མའི་ལོ་རྒྱུས་ནས་འགོ་བརྩམས་ཏེ་དེང་རབས་བར་གྱི་ལོ་རྒྱུས་འཕེལ་རིམ་ཁག་སོ་སོའི་འབྲེལ་བ་དང་། དེ་ལ་ལོ་རྒྱུས་རིག་པའི་ཞིབ་འཇུག་བྱེད་ཐབས་དང་ལྟ་ཚུལ་འཛིན་སྟངས། བོད་རིགས་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་སོགས་ཀྱི་ལོ་རྒྱུས། མི་རིགས་གཞན་བར་གྱི་འབྲེལ་བ། དམངས་སྲོལ་སོགས་ནང་དོན་དང་རྣམ་གྲངས་ཀྱི་ཆ་གང་ནས་ཀྱང་ཕུན་སུམ་ཚོགས་པོར་གྱུར་པའི་བརྩམས་ཆོས་སྤེལ་གནང་མཛད་ཅིང་། དེ་བས་ཀྱང་འདིར་གླེང་བའི་དཔྱད་རྩོམ་འདིར་ཡང་། ཁོང་གི་གླེང་གཞི་དང་། བརྗོད་དོན་དངོས་གཞི། མཇུག་བསྡུ་བ་བཅས་དོན་ཚན་གསུམ་ལ་དབྱེ་ཡོད་དེ་སྒྲིག་གཞིའི་དབྱེ་བ་གསལ་ཞིང་། ཚིག་སྦྱོར་གོ་བདེའི་ལམ་ནས་གཉའ་ཁྲི་བཙན་པོ་དེ་ཉིད་གངས་ལྗོངས་སྤུ་བོའི་ཡུལ་ནས་བྱུང་བའི་བོད་རང་གི་མི་ཞིག་ཡིན་པ་ལས། གནམ་ནས་བབས་པ་མ་ཡིན་ལ། ཡུལ་དང་རིགས་སོགས་གཞན་ལས་ཆད་པ་མ་ཡིན་པའི་བཞེད་པ་ཁུངས་དག་བསྐྱངས་གནང་སྟབས། ད་ཕན་རྩོད་གཞིར་ལུས་པའི་གཉའ་ཁྲི་བཙན་པོའི་འབྱུང་ཚུལ་ཐད་ཀྱི་གནད་དོན་དེ་ཉིད་དེ་མུར་མཁས་པ་ཀུན་གྱིས་ཁས་ལེན་བྱེད་རྒྱུ་ལས་མ་འདས་པར་གྱུར་ཏོ།
གཉིས་པ། དཔྱད་རྩོམ་དེས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་ཁྲོད་ཕན་ནུས་གང་ཐོན་ཚུལ།
ཁོང་གི་ལོ་རྒྱུས་རིག་པའི་དཔྱད་རྩོམ་ཁྲོད། “རང་ཉིད་ཀྱི་དམིགས་ཡུལ་དང་། རང་ཉིད་ཀྱི་ཆགས་སྡང་། རང་ངོས་ཀྱི་ཚོར་སྣང་སོགས་ཐག་ཐོགས་མེད་པར་སྨྱུག་རྩེའི་འཕྲུལ་གྱིས་རྒྱ་ཤོག་ངོས་ཡངས་ལ་བསྒྲོན་པས་མི་རྣམས་ལ་སེམས་འགུལ་འཛད་མེད་སྟེར་བར་བྱེད་” 【2】ཅེས་གསུངས་པ་ཇི་བཞིན། བོད་རྗེ་དང་པོའམ་སྤུ་རྒྱལ་གྱི་འབྱུང་ཁུངས་གླེང་བའི་དཔྱད་རྩོམ་འདིར་ཡང་ཞིབ་འཇུག་བྱེད་ཡུལ་དང་བྱེད་ཕྱོགས་ལྷག་པར་གསལ་ཞིང་། རྩོམ་གྱི་བརྗོད་དོན་དང་རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་གང་ཐད་ནས་བོད་རིག་པའི་ཞིབ་འཇུག་གི་དཔུང་ཁག་དང་ཞིབ་འཇུག་གི་ཚད་གཞིར་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན་ཡོད་པ་རེད།
༡. དཔྱད་ཞིབ་བྱེད་པར་བསམ་པ་རྣམ་དག་དགོས་ཚུལ་བསྟན་པ།
ཞིབ་འཇུག་པ་ལེགས་པོ་ཞིག་བྱེད་དགོས་ན་དང་ཐོག་མི་བློ་དཀར་གཞུང་དྲང་ཞིག་བྱེད་དགོས་པ་ཡིན། གང་ལགས་ཤེ་ན། དུས་རྒྱུན་དུ་ང་ཚོས་བསམ་བློ་དང་ཀུན་སྤྱོད་ཚུལ་བཞིན་མི་གནས་པའི་མི་ཞིག་གིས་སྐྱེ་བོ་གཞན་གང་ལ་གཏམ་བཤད་བྱས་ཀྱང་དེ་ལ་ཕལ་ཆེ་བས་ཡིད་རྟོན་བྱེད་རིན་མེད་པར་ངོས་འཛིན་པས། ཞིབ་འཇུག་གནང་མཁན་གང་ཞིག་གི་ངོས་ནས་བཤད་ཚེ། དེ་བས་དཔྱད་པ་གནང་བའི་མཇུག་འབྲས་རྩོམ་ཡིག་དེ་མཐའ་མཇུག་སྤྱི་ཚོགས་དང་། ཤེས་རིགས་གི་བདག་པོ་ཚོའི་སྤྱན་ལམ་དུ་དྲངས་དགོས། དེར་བརྟེན་ནམ་རྒྱུན་གྱི་འཚོ་བའི་ནང་བསམ་པ་རྣམ་དག་བྱེད་པ་ཕུད། ད་དུང་ལྷག་པར་དུ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་སྤང་བླངས་མི་འཆུག་པ་བྱེད་དགོས་རྒྱུ་གལ་ཆེ་བས། དེ་ལྟར་ཆབ་སྤེལ་ལགས་ཀྱི་དཔྱད་རྩོམ་དེ་ཉིད་བཀླགས་པ་བརྒྱུད་ང་ཚོས་གཤམ་གསལ་གྱི་དོན་གནད་དག་ཤེས་ཐུབ་པ་སྟེ།
(༡)ལྷ་སྒྲུང་དང་བཤད་རྒྱུན་གྱི་ཕྱོགས་སུ་མི་ལྷུང་བ་དགོས་ཚུལ་བསྟན་པ། ངག་ཐོག་ལས་བསྟན་པའི་ཡ་ཐོག་བསྐལ་པའི་དུས་ནས་བྱུང་ལ་རིམ་བཞིན་དར་ཞིང་རྒྱས་པའི་བོད་མིའི་བྱུང་འཕེལ་དང་། ཕྱིས་སུ་བསྟན་བྱ་དེ་ཉིད་འཁོད་པའི་ལོ་རྒྱུས་ཀྱི་དེབ་ཐེར། ཆོས་འབྱུང་། རྟོགས་བརྗོད་སོགས་རིགས་མི་གཅིག་པའི་དཔྱད་ཡིག་རི་བོའི་གཏོས་བཞིན་བྱུང་བ་གང་དང་གང་ལ་གཏམ་བཤད་པོའམ་ལོ་རྒྱུས་རྩོམ་པ་པོ་དེ་དང་འདི་གནས་པའི་དུས་སྐབས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་ཚད་ཀྱི་ཚོད་འཛིན་ཐེབས་སྲིད་པ་ཞིག་ཡིན་པ་ལྟར། མཁས་དབང་གང་གིས་ཀྱང་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་ཆ་མཚོན་ན་“གནའ་དུས་གནམ་གྱི་ལྷ་ལས་མིའི་རྗེ་བོར་གཤེགས་པ་ཟེར་བའི་ལྷ་སྒྲུང་དེས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བོད་མིའི་སྤྱི་ཚོགས་ཀྱི་འདུ་ཤེས་ལ་ཁ་ལོ་བསྒྱུར་མྱོང་བ་རེད་” 【3】ཅེས་གསུངས། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དང་ཁྱབ་ཆེ་བའི་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་དང་གྲུབ་མཐའི་འཕེལ་རིམ་གཙོ་བོར་བྱས་པའི་ལོ་རྒྱུས་ཆོས་འབྱུང་དང་རྟོགས་བརྗོད་སོགས་ལའང་དེ་ལྟའི་བསམ་བློའི་ཤུགས་རྐྱེན་ཤིན་ཏུ་གཏིང་ཟབ་པོ་བྱུང་ཡོད། དེ་ལྟར་ལགས་མོད་ཀྱང་མཁས་དབང་ཆབ་སྤེལ་ལགས་ཀྱིས་དཔྱད་བརྗོད་གནང་བའི་ལྗོགས་རྩོམ་ནང་“བོད་ཡིག་གི་ལོ་རྒྱུས་རྒྱུ་ཆ་དང་། ཉེ་དུས་ཐོན་དང་ཐོན་མུས་ཀྱི་གནའ་རྫས་དཔྱད་ཞིབ་གྲུབ་འབྲས་ཀྱིས་གནའ་ནས་ད་བར་དུ་བོད་རིགས་ཀྱི་མེས་པོ་ཚོ་མདོ་དབུས་མཐོ་སྒང་གི་ཡུལ་སྡོད་པ་ཡིན་པར་བདེན་དཔང་འཐུས་ཚང་བྱས་ཤིང་། ཁོ་ཚོས་མི་རབས་ནས་མི་རབས་བར་འཁྱགས་གྲང་ཆེ་ཞིང་ཁོར་ཡུག་དཀའ་སྡུག་ཅན་གྱི་མུ་མཐའ་བྲལ་བའི་མཐོ་སྒང་སྟེང་། འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་བསྐྲུན་” 【4】པའི་ཚུལ་ལ་གཟུ་བོར་གནས་པའི་བློ་ཡིས་དཔྱད་པ་གནང་ཡོད་པས། “ཕྱི་རབས་ཞིབ་འཇུག་པ་ཚོས་ཁོང་གི་དེ་ལྟའི་རྣམ་དག་ཀུན་སློང་ལ་མིག་དཔེ་བལྟས་ཏེ་སངས་རྒྱས་ཆོས་དཔེ་ཁག་ལ་ཞིབ་འཇུག་ནན་ཏན་གནང་ན་དེའི་ནང་དུ་མི་ཡི་རིགས་ཀྱི་རིག་གནས་དང་ཚན་རིག་གི་སྙིང་བཅུད་ཕུན་སུམ་ཚོགས་པ་མང་པོ་ཞིག་འདུས་ཡོད་པས་ཞིབ་འཇུག་བྱ་རིན་ཡོད་པ་དང་། བྱས་ནས་དོན་སྙིང་ཡོད་པ། ཞིབ་འཇུག་བྱས་པའི་གོ་རིམ་ནང་ནས་མི་མང་པོ་ཞིག་མཐོང་ཐོས་ཀྱི་ཤེས་ཡོན་རྒྱ་ཆེ་དང་གཏིང་ཟབ་ཏུ་སོང་སྟེ་དངོས་གཙོ་སྨྲ་བའི་འཇིག་རྟེན་ལྟ་ཚུལ་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་” 【5】པ་རྟོགས་ཐུབ་པ་དང་། གནའ་རབས་ཀྱི་རིག་གནས་ཁག་རྒྱུན་འཛིན་སྲུང་སྐྱོང་བྱེད་དགོས་པའི་གནད་འགག་ཐུག་ས་ནི་གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན་གྱི་བྱེད་ཐབས་བཟུང་ནས་བོད་ཀྱི་ལོ་རྒྱུས་ལ་ཚན་རིག་གི་ཐབས་ཤེས་དང་། དངོས་ཐོག་བདེན་འཚོལ་གྱི་བྱ་ཐབས་བརྒྱུད་ནས་འོས་ཤིང་འཚམ་པའི་སྡོམ་ཚིག་འཇོག་དགོས་པ་མ་གཏོགས། འོལ་ཚོད་ཀྱིས་ལྷ་སྒྲུང་དང་ངག་རྒྱུན་གྱི་བཤད་ཚུལ་རྐྱང་པ་འགའ་རེའི་ལུང་ལ་བརྟེན་ནས་སྒྲོ་བཏགས་དང་འཁྱོག་བཤད། མི་བདེན་རྫུན་བསྒྲིགས་བྱེད་པའི་སྤྱོད་ཚུལ་གཏན་ནས་འཛིན་མི་རུང་བའི་གནས་ལུགས་ཡང་དག་བསྟན་ཡོད།
(༢)རང་རང་གྲུབ་མཐའི་ཕྱོགས་ལྷུང་བྱེད་མི་རུང་བར་བསྟན་པ། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་རིག་པ་ནི་བོད་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་ཕྱོགས་ཀུན་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ཡིན་པ་དང་། ཕྱི་རོལ་ཡུལ་གྱི་བྱ་དངོས་ནི་མི་རྣམས་ཀྱི་འདོད་ཚུལ་ལྟར་འགྱུར་མི་འགྲོ་བའི་ཆོས་ཉིད་ལ་བསམ་ཚེ། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་ལྗགས་རྩོམ་དེར་ཡང་“གཉའ་ཁྲི་བཙན་པོ་གནམ་གྱི་ལྷ་ལས་བབས་པ་ཟེར་བའི་བཤད་ཚུལ་དེ་གནའ་དུས་བོན་གྱི་མཁས་པ་དག་གིས་སྤུ་རྒྱལ་གདུང་རབས་ཀྱི་འབྱུང་ཁུངས་དངོས་དེ་འགེབས་པའི་ཆེད་དུ་གསར་བཟོ་དང་ཁ་སྐོང་བྱས་ནས་བྱུང་བ་ཞིག་ཡིན་པ་སྨོས་མ་དགོས་” 【6】ཞེས་དང་། ཡང་“གཉའ་ཁྲི་བཙན་པོ་ཡར་ལུང་ཚོ་པའི་འགོ་དཔོན་མཛད་ནས་ཕས་རྒོལ་ཉེ་འདབས་ཀྱི་ཚོ་པ་གཞན་རྣམས་དཔའ་བཀོང་སྟེ་སྙན་གྲགས་དང་དབང་ཤུགས་ཇེ་ཆེར་གྱུར་པའི་རྗེས་སུ། ཁོང་གི་འབྱུང་རྩ་ནི་སྤོ་བོའི་ཡུལ་ནས་ཕྱིར་འབུད་བྱས་པའི་མི་ཞིག་ཡིན་ཞེས་བརྗོད་ན་མི་འཚམས་ལ། བརྗོད་ཀྱང་མི་ཕོད་པར་རིམ་བཞིན་འགྱུར་བ་ལས་དེ་ལ་ཡང་གསང་ཞེས་འབོད་” 【7】པར་བསྟན་པ་ལས། བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་བོན་ཆོས་དང་ནང་པའི་ཆོས་ལུགས་ཀྱི་ཤན་ཞུགས་ཤིན་ཏུ་ཆེ་ཞིང་། དེ་དང་འབྲེལ་བའི་ལོ་རྒྱུས་སོགས་རིག་གནས་ཐོག་ལ་ཆོས་དེ་གཉིས་ཀྱིས་གཙོས་གྲུབ་མཐའ་མི་གཅིག་པའི་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་མ་ཟད། སྐབས་དེའི་དབང་སྒྱུར་གྲལ་རིམ་གྱི་གཙོ་འགྱུར་འདུ་ཤེས་ཀྱིས་མི་རྣམས་ཀྱི་བསམ་བློ་རང་ཉིད་ཕྱོགས་སུ་སྐོང་སྒུག་དང་གཅིག་སྒྲིལ་བྱ་ཆེད་དྲག་ཐབས་ཀྱི་བཙན་ཤུགས་ལ་བརྟེན་པས་ཆབ་སྲིད་ཀྱི་དགོས་མཁོར་མི་བསྟུན་ཀ་མེད་ཡིན། དེས་ན་སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཚེ་དེའི་ཆབ་སྲིད་ཀྱི་གསང་རས་དེ་ཕུད་དེ་ལོ་རྒྱུས་ཀྱི་ངོ་གདོང་རྣལ་མ་དེ་མཚོན་པར་བྱེད་རྒྱུ་ནི་དེང་གི་ལོ་རྒྱུས་ཞིབ་འཇུག་པའི་ཕྱག་ལས་གཙོ་བོ་ཞིག་ཡིན་པ་ལས། དེ་ལས་ལྡོག་ནས་ད་དུང་ཡང་མ་ཡིན་ཡིན་པར་བཙན་ཤེད་བྱེད་པའི་རིགས་ཀྱི་གཏམ་བཤད་དང་། དཔྱད་རྩོམ་སྤེལ་བའི་ལས་བགྱི་བ་དེར་རོལ་ཚེ་དེ་ནི་གཡག་སྣར་ཁུ་ཚུར་ཞུ་བའི་བླུན་ཚུལ་ལས་མ་འདས་པ་ངང་ངམ་ཤུགས་ལས་བསྟན་པ་དེའང་ཤེས་ཐུབ་བོ།
༢. ལོ་རྒྱུས་དངོས་གཙོ་སྨྲ་བའི་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་དགོས་ཚུལ་བསྟན་པ།
བོད་ཡིག་གི་དུས་དེབ་ཕལ་ཆེ་བའི་ཐོག་སྤེལ་མྱོང་བའི་རྩོམ་མང་པོ་ཞིག་གི་ནང་། མཁས་དབང་གང་གིས་སྤྱིར་ན་༡༩༨༠ལོ་ནས་བཟུང་བོད་རིག་པའི་ཞིབ་འཇུག་གི་བྱ་བར་རྣམ་པ་གསར་པ་ཞིག་གཏོད་ཆེད་དངོས་གཙོ་རིང་ལུགས་ཀྱི་ལྟ་བས་ཞིབ་འཇུག་གི་བྱ་བར་མཛུབ་སྟོན་གནང་བ་དང་། གང་དེའི་ལངས་ཕྱོགས་དང་། ཐབས་ཤེས་ཡང་དག་བཅས་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་། ལྷག་དོན་བོད་ཀྱི་གནའ་རབས་ལོ་རྒྱུས། ད་ལྟའི་དོན་དངོས་སོགས་ལ་ཞིབ་འཇུག་རྒྱས་པར་གནང་ཡོད། དེ་ཡང་ཁོང་གིས་“བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་། མི་ཡུལ་དུ་བྱུང་བའི་རྒྱལ་པོའི་མི་རབས་དང་པོ་དེ་ལྷའམ་ཡང་ན་ལྷའི་དབང་པོའི་སྒྱུ་འཕྲུལ་ལས་སྲས་རྒྱུད་ཡིན་ཟེར་བ་ལ་སོགས་པ་ལྷ་སྒྲུང་དང་བསྲེས་པའི་གཏམ་རྒྱུད་དགོད་བྲོ་བ་” 【8】ཞིག་ཡིན་པར་དགོངས་པ་དེ་ནི་མར་ཁེ་སིའི་གྲལ་རིམ་གྱི་སྤྱི་ཚོགས་རིག་ལམ་བེད་སྤྱད་པ་ཞིག་དང་། ད་དུང་དཔྱད་གཏམ་དཔེར་ན། “དེང་རབས་ནི་འཛམ་གླིང་ཐོག་ཚན་རིག་ཞིབ་འཇུག་གི་རིག་པ་ཧ་ཅང་མྱུར་སྟབས་ཀྱི་དར་འཕེལ་འདི་འདྲ་བའི་དུས་སྐབས་ལ་སླེབས་པས། མི་རྣམས་ཀྱིས་བྱ་དངོས་ངོས་འཛིན་བྱེད་ཐབས་ཀྱང་དེ་བས་མཐོ་ཚད་དུ་གྱུར་དང་འགྱུར་བཞིན་པར་བརྟེན་དོན་དངོས་དང་ཁ་བྲལ་བའི་བཤད་ཚུལ་……” 【9】ཞེས་དང་། “དེ་དང་དེ་འདྲ་རྣམས་ལ་ངས་རང་སྒེར་གྱི་དད་ཞེན་དང་བག་ཆགས་རྙིང་པའི་གཞན་དབང་ལས་གཡོལ་ཅི་ཐུབ་ཐོག་ལོ་རྒྱུས་ཀྱི་དོན་དངོས་ལ་བསམ་གཞིགས་དང་དངོས་ཐོག་བདེན་འཚོལ་གྱི་ལྟ་སྟངས་འཛིན་གང་ཐུབ་བྱས་ནས་དཔྱད་རྩོམ་འདི་བྲིས་” 【10】ཞེས་མངོན་གསལ་དུ་གསུངས། དེ་ལས་ཁོང་ནི་དེ་སྔའི་དགོན་པ་དང་སྲོལ་རྒྱུན་དཔེ་ཆ་མཁས་པ་ཚོའི་བསམ་བློའི་བཀག་རྒྱ་ལས་གྲོལ་ནས་སྤྱི་ཚོགས་དང་། དོན་དངོས་ཁོ་ནར་རྐང་པ་འཛུགས་ཐབས་དང་། རིག་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་ལས་ལ་འཇུག་པ། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་གནང་མཁན་ཞིག་ཡིན་པ་རྟོགས་ཐུབ། ཁོང་གིས་བརྩམས་གནང་བའི་བརྩམས་ཆོས་མང་དག་གིས་བོད་ཀྱི་སྔར་འདས་ལོ་རྒྱུས་ཀྱི་དེབ་ཐེར་དང་ཆོས་འབྱུང་སོགས་ལ་ཞིབ་འཇུག་བྱེད་པའི་ཁྲོད་ཀྱི་སྟོང་ཆ་ཁ་གསབ་ཐུབ་ཡོད་ལ། བོད་ཀྱི་རྗེས་རབས་ཞིབ་འཇུག་པ་ཙམ་མ་ཟད། ཐ་ན་དེང་རབས་འཛམ་བུའི་གླིང་འདིར་སྨྲ་བའི་སྤོབས་པས་སྙེམས་པ་དག་ལའང་བཞེད་ཚུལ་གསར་པ་མང་པོ་ཞིག་སྦྱིན་པ་བཅས་ཀྱི་མཛད་པ་བསྐྱངས་ཡོད་དོ།
༣.དཔྱད་གཞིའི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་གལ་ཆེན་ཡིན་ཚུལ་བསྟན་པ།
ཞིབ་འཇུག་གནང་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་རང་ལ་དཔྱད་པར་བྱ་བའི་བརྗོད་གཞི་ཁ་གསལ་ཞིག་དགོས་ལ། དེ་ཉིད་ལ་རྒྱུས་མངའ་ཅུང་ཆེ་བ་དང་དེ་དང་འབྲེལ་བའི་རྒྱུ་ཆ་གང་མང་གསོག་འཇོག་དགོས་པ་ནི་མ་མཐའི་ཆ་རྐྱེན་ཞིག་ཡིན་ལ། བོད་ཀྱི་གདོད་མའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཡང་དགོས་ངེས་ཀྱི་རྒྱུ་ཆ་གསོག་འཇོག་དང་དེར་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་ལོས་ཡིན། དེ་ནས་ཆབ་སྤེལ་མཆོག་གིས་རང་ཉིད་ཀྱི་བཞེད་པ་གཉའ་ཁྲི་བཙན་པོ་དེ་བོད་མི་རང་ཡིན་པ་ལུང་དང་རིག་པ་གང་ཐད་ནས་ཁུངས་བཙན་པོ་ཡོང་ཆེད། གནའ་བོའི་བོད་ཀྱི་ལོ་རྒྱུས་འཁོད་སྔ་ཤོས་སུ་གྲགས་པའི་《ཅན་ལྔ》དང་། དེ་བཞིན་དུ་《རྒྱལ་པོའི་བཀའ་ཆེམས་ཤོག་དྲིལ་ལས་ངོས་བཤུས་པ།》《ལྡེའུ་ཆོས་འབྱུང་།》《མ་ཎི་བཀའ་འབུམ།》ལ་སོགས་མཐོང་དཀོན་པའི་རྩ་ཆེའི་ལོ་རྒྱུས་ཡིག་ཆ་འབོར་ཆེན་ཕྱག་སོན་ཐུབ་པ་གནང་ཡོད་ལ། དཀའ་ངལ་འཛེམས་མེད་ངང་ལྷོ་ཁ་དང་ཀོང་པོ་ལ་སོགས་པའི་གནའ་བོའི་ཤུལ་དངོས་གནས་ཡུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད། ད་དུང་གནའ་བོའི་འཇིག་ལ་ཁད་ཀྱི་རྡོ་རིང་ཡི་གེ་ཇི་སྙེད་པར་ཞིབ་གཟིགས་དང་། རླུང་ཁམས་དང་ས་གཤིས་རིག་པའི་གཞུང་ལུགས་ཤེས་བྱ་དང་ཞིབ་འཇུག་གི་ཐབས་ཤེས་དང་ལེན་གནང་བ། ཡུལ་དངོས་ཀྱི་རྒྱུས་མངའ་ཆེ་བའི་རྒན་རྒོན་དང་འབྲེལ་ཡོད་ཞིབ་འཇུག་མི་སྣར་བཅར་འདྲི་གནང་བ་སོགས། མདོར་ན་ཕྱོགས་གང་ཅིའི་ཐད་ཀྱི་ཟབ་ཅིང་ཕུན་སུམ་ཚོགས་ལ་ཚན་རིག་དང་མཐུན་པའི་རྒྱུ་ཆ་འཚོལ་ཞིབ་དང་དེ་དག་ལ་དཔྱད་ཞིབ་ཧུར་ཐག་གནང་བའི་ཁྱད་འཕགས་ཀྱི་འབྲས་བུ་དཔྱད་རྩོམ་འདི་ཉིད་བརྩམས་ཤིང་། ཕུལ་བྱུང་དཔྱད་རྩོམ་འདི་ཉིད་བཀླགས་པའི་ཚེ། རང་རེའི་བོད་མི་རིགས་ལ་མེས་པོ་ཚོས་རྗེས་ཤུལ་ངོ་མཚར་ཆེ་བ་དེ་འདྲ་མང་པོ་བཞག་གནང་བ་མངོན་སུམ་དུ་མཐོང་བའི་སྤྲོ་སྣང་འཕེལ་ཞིང་། དེ་བས་ལོ་རྒྱུས་ཞིབ་འཇུག་གི་ལས་དོན་ལ་འཇུག་པར་སྤྲོ་བའི་སེམས་ཤུགས་ལྡབ་བརྒྱ་འཕེལ་བར་གྱུར། དེ་ལྟའི་ཕུལ་བྱུང་ཆེད་རྩོམ་གྱི་ཡིག་དཀྱུས་ལས་ང་ཚོས་མཁས་དབང་ཆབ་སྤེལ་ལགས་ཀྱི་བློ་དཀར་སེམས་དཀར་དང་། དཀའ་སྤྱད་འབད་བརྩོན། གསང་རྒྱའི་མཐིལ་བརྟོལ་ནུས་པའི་སྙིང་སྟོབས་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་བོ།
༤ དཔྱད་བརྗོད་ཀྱི་རྩོམ་ཐབས་ལུགས་མཐུན་དགོས་ཚུལ་བསྟན་པ།
ཁོང་གིས་དུས་དེབ་ཕལ་ཆེ་བའི་ཐོག་སྤེལ་མྱོང་བའི་དཔྱད་བརྗོད་རྩོམ་ཡིག་གཞན་དང་འདྲ་བར་དཔྱད་བརྗོད་འདིར་ཡང་ཁ་བྱང་འོས་ཤིང་འཚམ་པ་དང་། བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་རིམ་བཅས་གང་ཅིའི་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་པ་བྱུང་འདུག་སྟེ། གཅིག་ནས་བསྒྲུབ་བྱ་ཁ་གསལ་ཅིང་གཏིང་ཟབ་པོ་བྱུང་ཡོད་པ་ནི། དཔྱད་བརྗོད་འདིར་བསྟན་པའི་རྩོམ་པ་པོའི་རང་ལུགས་སམ་ལྟ་བ་གསལ་པོ་ཡོད་པ་དཔེར་ན། མཇུག་བསྡུའི་ནང་རྩོམ་པ་པོས་“གཉའ་ཁྲི་བཙན་པོའི་”ཆད་ཁུངས་སྐོར་ལ་དབྱེ་ཞིབ་དང་དཔྱད་བསྡུར་བགྱིས་པའི་སྡོམ་ཚིག་དེ་ནི་“བོད་རྗེ་གཉའ་ཁྲི་བཙན་པོ་དེ་གནམ་ནས་བབས་པ་མ་ཡིན་ལ། ཡུལ་དང་རིགས་སོགས་གཞན་ལས་ཆད་པའང་མ་ཡིན་པར་གངས་ལྗོངས་སྤུ་བོའི་ཡུལ་ནས་བྱུང་བའི་བོད་རང་གི་མི་ཞིག་ཡིན་བྱ་བ་དེ་ལགས་སོ་” 【11】ཞེས་ཕྱོགས་བསྡུས་ཀྱི་ལྟ་བ་ཧ་ཅང་གསལ་པོར་བསྟན་ཡོད་ལ། དེའི་ཆ་ཤས་སུ་གཏོགས་པའི་ལྟ་བ་ཆུང་རིགས་ཏེ། ལྷ་ནས་བབས་པ་མ་ཡིན་པ་དང་། རྒྱ་གར་ཤཱཀྱའི་རིགས་ལས་ཆད་པ་མིན་པ། འཕན་མྱི་ལས་ཀྱང་མཆེད་པ་མིན་པའི་དོན་དེ་རྣམས་ཀྱང་ལྷོག་ལྷོག་ཏུ་འཕྱུར་བའི་ཚིག་འགྲོས་ལས་རེ་རེ་བཞིན་གསལ་བར་བྱས་མཐར། གཏིང་ཟབ་ཅིང་སྔོན་ཐོན་གྱི་བསམ་བློའི་ལྟ་བ་དེ་ཉིད་གང་གི་བདེན་དོན་མཐའ་འཁྱོངས་གནང་བའི་ཚིག་ཕྲེང་གི་བར་གསེང་ནས་ངང་ངམ་ཤུགས་ཀྱིས་མངོན་གྱིན་འདུག་སྙམ། གཉིས་ནས་སྒྲུབ་བྱེད་ཕུན་སུམ་ཚོགས་པོ་བྱུང་ཡོད་པ་ནི། མཁས་པ་གང་དེས་རང་ཉིད་ཀྱིས་ལོ་མང་རིང་བོད་ཀྱི་ལོ་རྒྱུས་རྒྱས་བསྡུས་ཀུན་ལ་དཔྱད་ཞིབ་གནང་བ་དང་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་འཚོ་བའི་རྨང་གཞིར་བརྟེན་པ། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ཡང་དག་པའི་འཇིག་རྟེན་ལྟ་བས་ཞིབ་འཇུག་ཐད་མཛུབ་སྟོན་གནང་སྟེ། སྔར་ཡོད་ལོ་རྒྱུས་ཀྱི་ཞིབ་འཇུག་བྱེད་ཐབས་ཉག་གཅིག་སྟེ་དཔྱད་ཡིག་ཞིབ་བསྡུར་བྱེད་པའི་བྱེད་ཐབས་སྟེང་། ད་དུང་དེང་རབས་ཚན་རིག་རིག་གཞུང་ཁག་གི་ཞིབ་འཇུག་བྱེད་ཐབས་གང་ལེགས་བསྡུ་ལེན་གནང་ཡོད་དེ། དེ་ཡང་དཔྱད་རྩོམ་དེའི་དོན་ཚན་གཉིས་པ་སྟེ་བརྗོད་དོན་དངོས་གཞིའི་ནང་དེ་སྔོན་གྱི་མཁས་པ་ཚོས་བཞེད་པའི་ལྟ་བ་གསུམ་ཏེ། ལྷ་ལས་བྱོན་པར་སྨྲ་བ་དང་། རྒྱ་གར་ལས་བྱུང་བར་སྨྲ་བ། འཕན་མྱི་ལས་མཆེད་པར་སྨྲ་བ་བཅས་རིམ་པར་བཀོད་ཅིང་། དེ་དག་ལའང་དཔྱད་ཡིག་མཐོང་ཤིན་ཏུ་དཀོན་ལ། ཁུངས་བཙན་པ་ཇི་སྙེད་ཅིག་ལུང་དུ་དྲངས་ནས་ཞིབ་བསྡུར་གནང་བ་དཔེར་ན། བོད་ཀྱི་གནའ་བོའི་ལོ་རྒྱུས་ཡིག་ཐོག་འཁོད་སྔ་ཤོས་སུ་གྲགས་པ་《ཅན་ལྔ་》 【12】དང་། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པ།》 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》བཅས་པ་ལས་བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་ནི་ལྷ་ལས་བྱོན་པའི་ལྟ་བ་དེ་ཐོག་མར་བྱུང་ནས་རིམ་བཞིན་ཁྱབ་ཚུལ་བཀོད་གནང་བ། དེ་རྗེས་《རྒྱལ་པོའི་བཀའ་ཆེམས་ཤོག་དྲིལ་ལས་ངོས་བཤུས་པ་》དང་། 《བཀའ་ཆེམས་ཀ་ཁོལ་མ།》《མ་ཎི་བཀའ་འབུམ་》སོགས་ལས་སྤུ་རྒྱལ་གྱི་འབྱུང་ཁུངས་ནི་རྒྱ་གར་ཤཱཀྱའི་རྒྱལ་རིགས་ལས་མཆེད་པར་འཁོད་ཡོད་དེ། ཕྱིས་སུ། 《ཆོས་འབྱུང་བསྟན་པའི་རྒྱལ་མཚན་》དང་། 《བུ་སྟོན་ཆོས་འབྱུང་།》《ཚལ་པའི་དེབ་དམར།》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སོགས་ལ་དུས་ཡུན་མང་པོའི་རིང་མ་དག་རྒྱུན་འབྱམས་བྱུང་བར་གསུངས་པ། གཞན་ཡང་། འཕན་མྱི་ལས་མཆེད་ཚུལ་འཛིན་པར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་མཛད་པའི་《དེབ་ཐེར་དཀར་པོའི་》ནང་རྒྱའི་རྒྱལ་རབས་ལས་དྲངས་པའི་དཔྱད་གཞི་ 【13】དང་། 《ཐང་ཡིག་གསར་རྙིང་》སོགས་ཀྱི་ལོ་རྒྱུས་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་ཁག་ཇི་མ་ཇི་བཞིན་དུ་དྲངས་ཡོད་པ་དེ་དག་ལས་སྔར་ཡོད་ཀྱི་རིག་གཞུང་གྲུབ་འབྲས་གསལ་བ་མ་ཟད། རང་ངོས་ཀྱི་སྒྲུབ་བྱེད་ཕུན་སུམ་ཤིན་ཏུ་ཚོགས་པོ་བྱུང་ཡོད་པ་རེད། གསུམ་ནས་སྒྲུབ་རིམ་གཏན་ཚིགས་དང་མཐུན་པོ་བྱུང་ཡོད་པ་ནི། གོང་གི་སྒྲུབ་བྱེད་དེ་རྣམས་ལ་སྒྲིག་གཞི་གནས་ལུགས་དང་མཐུན་པར་བྱུང་ཐོག མར་ཁེ་སེ་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བའི་གཞུང་ལུགས་ཀྱི་དགོངས་དོན་བཞིན་གསལ་བཤད་དང་དབྱེ་ཞིབ་ཁ་གསལ་བ་དང་། ཚད་དང་མཐུན་པ། ལུང་རིགས་དང་མཐུན་པ་བཅས་གནང་བས། གོང་སྨོས་བཙན་པོ་དེ་ཉིད་ནི་ལྷ་དང་རྒྱ་གར། རྒྱ་ནག་གསུམ་གང་རུང་ལས་ཆད་པར་འཛིན་པའི་ལྟ་བ་དེ་དག་གཞི་རྐང་ཆགས་ཐབས་གཏན་ནས་མེད་བྱས་ཐོག ལུང་རིགས་གང་ཐད་ནས་ཁོང་རང་ཉིད་ཀྱི་ལྟ་བ་དེ་ཡང་དག་གནད་སྨིན་དུ་བསྒྲུབས་པས། གཞན་ལུགས་པ་རྣམས་ཀྱང་ལྷ་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་དཔེ་ལས་མ་འདས་སོ། །
གསུམ་པ། མཇུག་བསྡུ་བའི་གཏམ།
མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གི་ཁུངས་ལྡན་ཁྱད་འཕགས་ཀྱི་བཞེད་པ་སྟེ་གཉའ་ཁྲི་བཙན་པོ་བོད་ཡུལ་རང་གི་མི་ཡིན་པར་གསལ་བར་བསྟན་པ་དེ་ལས། ང་ཚོས་ཤེས་རྟོགས་ཐུབ་པར་བོད་ཀྱི་ལོ་རྒྱུས་ཡིག་རིགས་ཁག་གི་ཁྲོད་དུ། རང་རང་ཁེར་རྒྱུགས་ཀྱི་ལྟ་སྟངས་དང་བཤད་ཚུལ་འདྲ་མིན་མང་པོ་ཞིག་ཨ་ན་ཨུ་ཚུགས་ཀྱི་ཚུལ་དུ་གླེང་བཞིན་ཡོད་ལ། ལོ་རྒྱུས་ཀྱི་དོན་གནད་འགའ་ཞིག་དུས་ཡུན་རིང་པོར་ལོ་རྒྱུས་ཞིབ་འཇུག་པའི་ཁྲོད་དུ་ཐག་གཅོད་མ་བྱུང་བར་ལུས་པ་དེ་རེད། ལྷག་དོན། མི་རིགས་ཤིག་གི་ངོས་ནས་བརྗོད་ཚེ། རང་རྒྱུད་སྔོན་ཐོན་ཡིན་ཚེ་དགའ་འོས་པ་ཞིག་ཡིན་མོད། འོན་ཏེ་བོད་ཀྱི་ལོ་རྒྱུས་ཐོག་རང་ཉིད་ཀྱི་མེས་པོ་དེ་ཡིན་གཅིག་ཨུ་ཚུགས་ཀྱིས་མི་རིགས་གཞན་ཞིག་གི་རྒྱུད་ལས་མཆེད་པར་ངོས་བཟུང་ལ། ད་དུང་དེ་ནི་རང་གི་གཟི་བརྗིད་ལ་ངོམས་པ་ནི་དེ་འདྲའི་ཐབས་སྡུག་ཅིག་མ་རེད་ཨང་། དེས་ན་ཁོ་བོའི་བསམ་པར། ད་ལྟ་བོད་རིགས་ཀྱི་རིག་གནས་ཁྱབ་གདལ་དུ་སོང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་པའི་སྐལ་བཟང་གི་དུས་འདིར། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བ་རྣམས་ཤུལ་འཛིན་དང་དར་སྤེལ་བཏང་སྟེ་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པ་བྱ་རྒྱུ་འདི་རང་རེའི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་གཡོལ་ཐབས་མེད་པ་ཞིག་ཡིན་ལ། ད་ཕན་དེ་འདྲའི་འགན་ལྕི་ཕྲག་ཐོག་ཏུ་བཟོད་དེ་ཕུལ་བྱུང་གྲུབ་འབྲས་གཏོད་མཁན་མཁས་དབང་སྤྱི་དང་བྲེ་བྲག་ད་ལམ་སྐབས་སུ་བབ་པ་མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ལ་དགའ་མགུ་ཡི་རང་ཞུ་རྒྱུ་དང་འབྲེལ་འབྱུང་འགྱུར་ཁོང་ལྟ་བུའི་བོད་ཀྱི་རྗེས་རབས་པ་ཚོར་ཕན་བསྐྱེད་གནང་མཁན་མཁས་པ་ཇེ་མང་དུ་འགྲོ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

མཆན་འགྲེལ།
【1】
ལྷག་པ་ཕུན་ཚོགས་དང་དགེ་ལེགས་ཀྱིས་གཙོ་སྒྲིག་བྱས་པའི་《དེང་རབས་བོད་རིག་པ་ཞིབ་འཇུག་གི་རིག་གཞུང་གནད་དོན་འགའ་》ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ལྕགས་པར་མའི་ཤོག་ངོས་8པར་གསལ།
【2】
ཀྲུང་གོའི་ཀུའི་མོ་རུའོ་ཞིབ་འཇུག་ཚོགས་པ་《ཀུའི་མོ་རུའོ་ཡི་ལོ་རྒྱུས་རིག་པ་ཞིབ་འཇུག་》ཞེས་པའི་ཤོག་ངོས་123ལས་དྲངས།
【6】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་344ལས་དྲངས།
【7】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་342ལས་དྲངས།
【3】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་349ལས་དྲངས།
【8】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་322ལས་དྲངས།
【9】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་349ལས་དྲངས།
【10】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་350ལས་དྲངས།
【11】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་348ལས་དྲངས།
【12】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་320ལས་དྲངས།
【13】
《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་333ལས་དྲངས།
【4】
《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པ་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ཤོག་ངོས་10ལས་དྲངས།
【5】
《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པ་ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་ངོས་174ལས་དྲངས།

༄༅། ན་གཞོན་རྩོམ་པ་པོ་སྟག་འབུམ་རྒྱལ་ལ་བཅར་འདྲི་ཞུས་པའི་ཟིན་བྲིས།

རྩོམ་པ་པོ། སྟག་འབུམ་རྒྱལ

མདོ་འཛིན་པ། 《ལྷིང་འཇགས་ཀྱི་རྩྭ་ཐང》ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་གི་སྒྲུང་རིང་ཐོག་མར་ངོས་འཛིན་པའི་ཆ་ནས། ཁྱོད་ལ་སྒྲུང་རིང་འབྲི་བའི་ཐད་བསམ་ཚུལ་ཅིང་འདྲ་འདུག ཁྱོད་ཀྱིས་བལྟས་ན་སྒྲུང་གཏམ་རིང་མོ་ཞེས་པའི་གོ་དོན་ཅི་འདྲ་རེད།
རྩོམ་པ་པོ། 《ལྷིང་འཇགས་ཀྱི་རྩྭ་ཐང》ནི་ང་རང་གི་སྒྲུང་རིང་ཐོག་མ་ཡིན་པའི་ཆ་ནས་དང་ཐོག་པར་སྐྲུང་བྱས་མ་ཐག་ཧ་ཅང་སྤྲོ་སྣང་ཆེ་བ་སྨོས་ཅི་དགོས། འོན་ཀྱང་རང་ཉིད་ལ་འཚོ་བར་ཟབ་ཞུགས་ཀྱིས་མྱོང་འདོན་བྱས་པའི་རྨང་གཞི་ཞན་པ་དང་རྒྱུ་ཆ་འཛོམས་པོ་མེད་པ། སྒྲུང་རིང་འབྲི་བའི་ཉམས་མྱོང་དབུལ་བ་བཅས་ཀྱིས་སྒྲུང་གཏམ་དེ་ལེགས་འགྲུབ་བྱུང་བའི་ཚད་དུ་བསླེབས་མི་འདུག་ངས་ནམ་རྒྱུན་དེ་ལྟར་བཤད་པའི་ཚེ་ན། གཞན་གྱི་ཟེར་སྒྲོས་ཐམས་ཅད་རང་ཉིད་ཀྱི་ལྟ་ཚུལ་དུ་སྒྲོས་པར་དགའ་བའི་མི་རེ་འགས་ངའི་སྐད་ཆ་དེར་སྒོ་བསྟུན་ཏེ་སྒྲུང་གཏམ་རིང་བོ་འདིའི་དོན་དངོས་རིན་ཐང་ལ་སྨད་ཅི་ཐུབ་བྱེད་པའི་སྣང་ཚུལ་ཡང་འདུག དེ་ནི་ཁོ་ཚོས་སྒྲུང་གཏམ་འབྲི་རྒྱུ་དེ་ནི་རྐང་གཟུག་ཡུལ་མེད་པའི་གཏམ་རྒྱུད་ཀྱི་བབ་ཅོལ་ཙམ་མིན་ལ་འཚོ་བའི་ཟང་ཟིང་ཨུ་ཚུགས་ཀྱིས་བྲིས་པའི་ཟིན་ཐོ་རྐྱང་བ་ཙམ་ཡང་མ་ཡིན་པར་གཏིང་མཐའ་བྲལ་པའི་རྣམ་ཤེས་ཀྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པར་གོ་བ་མ་ལོན་པས་རེད། དེ་ནི་ད་ལྟ་གཞུང་ལུགས་ཀྱི་ཤེས་བྱས་སྟོང་བའི་དཔྱད་བརྗོད་པ་འགའ་རེས“རྩོམ་པ་པོ་དང་བརྩམས་ཆོས་སོ་སོར་གྱེས་འདུག”ཅེས་ཀུ་ཅོ་འདོན་པ་དང་གཉིས་སུ་མ་མཆིས། སྤྱིར་བརྩམས་ཆོས་ཤིག་ཡིན་ཕྱིན་དེའི་བརྗེད་བྱ་དང་མཚོན་ཐབས། ཐ་ན་ཐ་སྙད་ཅིག་བཀོལ་སྤྱོད་བྱས་པའི་ཆ་ལའང་རྩོམ་པ་པོའི་གཤིས་ཀ་དང་བརྩེ་དུངས་ངེས་ཅན་ཞིག་འདྲེས་ཡོད་པས་ན་དེ་སོ་སོར་འབྱེད་པའི“ངང་བ”འམ“ཀེ་ཏ་ཀ”ཞིག་ཨེ་ཡོད་དམ། ངོ་མ་བཤད་ན《ལྷིང་འཇགས་ཀྱི་རྩྭ་ཐང》བྲིས་པ་བརྒྱུད་ནས་ང་ལ་སྒྲུང་རིང་འབྲི་བའི་ཉམས་མྱོང་ལེགས་པོ་ཞིག་ཐོབ་བྱུང་བར་མ་ཟད། སྒྲུང་གཏམ་རིང་བོ་ཞིག་ཡིན་ན་ངེས་པར་དུས་སྐབས་ངེས་ཅན་ཞིག་གི་ལོ་རྒྱུས་མཚོན་པར་བྱེད་པའི་མེ་ལོང་ལྟ་བུར་འགྱུར་དགོས་པ་སྟེ། གསོན་ཉམས་ལྡན་པའི་སྣང་བརྙན་རབ་དང་རིམ་པ་གསར་སློང་བྱས་པ་བརྒྱུད་ལོ་རྒྱུས་ཟིན་ཐོ་རུ་སྐྲུན་པ་དང་། སྣང་བརྙན་ལ་བརྟེན་ནས་ལོ་རྒྱུས་ལ་ངོས་འཛིན་དང་གོ་བ་སྐྱེས་པར་བྱེད་པ་ཞིག་ཡིན་པའི་ངེས་ཤེས་སྐྱེས་བྱུང་།
མདོ་འཛིན་པ། ཁྱོད་ལ་དེ་སྔ“སྦྲང་ཆར་རྩོམ་རིག་བྱ་དགའ”ཐེངས་གསུམ་དང་གཞན་ཡང་འབྲེལ་ཡོད་ཀྱི་བྱ་དགའ་ཐེངས་ཁ་ཤས་ཐོབ་པ་རེད། དེ་ནི་ཁྱོད་ཀྱི་གསར་རྩོམ་གྱི་གྲུབ་འབྲས་ལ་དགོས་ངེས་ཀྱིས་གདེང་འཇོག་ཐོབ་པ་ཡིན་ལ། དུས་མཚུངས་སུ་ཁྱོད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་པའང་རེད། གསར་རྩོམ་བརྒྱུད་རིམ་ཁྲོད་དུ་ཁྱོད་ཀྱིས་རང་ཉིད་ལ་རེ་བ་ཇི་ལྟར་བཏོན་པ་ཡིན།
རྩོམ་པ་པོ། གསར་རྩོམ་གྱི་བརྒྱུད་རིམ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་རིང་མོ་ཞིག་རེད་ལ་ཧ་ཅང་སྤྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་ཀྱང་རེད། གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་ཅི་ཚོར་འདི་ཚོར་མེད་པར་ལོ་ངོ་ཉི་ཤུ་ལྷག་འདས་སོང་ཡང་གྱེན་ལ་བཙུགས་འདུག་པ་ནི་ནམ་ཡང་ཡང་རྩེར་བུད་པ་མེད་པའི་དཀའ་ཚེགས་ཀྱི་སྐས་རིམ་ཁོ་ན་རེད། ཧུར་བརྩོན་བྱེད་དགོས་པ་ནི་དཀའ་ཚེགས་ཡོད་པའི་རྐྱེན་གྱིས་ཡིན་པས་ན་ངས་མུ་མཐུད་དུ་རང་ཉིད་ཀྱི་གོམ་པ་ལྕི་མོ་དག་བཀོད་དེ་སྡོད་པ་མེད་པར་ཨུ་ཚུགས་ཀྱིས་སྐས་རིམ་རེ་རེ་བཞིན་ཡར་འགོ་བར་ཧུར་བརྩོན་བྱས་པ་དང་། རང་ཚོད་ཀྱི་ཡར་སྐྱེད་ཅུང་ཙམ་བྱུང་ཚེ་དེ་ནི་རང་ཉིད་ཀྱི་ཆེས་སྒྲུན་དུ་མེད་པའི་བདེ་སྐྱིད་ཅིག་ཏུ་བརྩིས་པ་ཡིན། བྱ་དགའ་ནི་མ་གཞི་ནས་འབྱོལ་ཐབས་མེད་པའི་སྐུལ་ལྕག་ཅིག་ཡིན་པས་ན། ལན་རེར་རྒྱུ་དང་རྐྱེན་དུ་མའི་དབང་གིས་རྩོམ་ཡིག་འབྲི་ཐབས་མ་བྱུང་བའམ་འབྲི་རྒྱུ་མ་བྱུང་བ་དེ་ནི་ང་ལ་མཚོན་ན་ཧ་ཅང་བཟོད་དཀའ་བའི་སེམས་ངལ་ཞིག་གམ་རང་ཉིད་ཀྱིས་མ་གཏོགས་སུས་ཀྱང་མི་ཚོར་བའི་མནར་གཅོད་ཅིག་རེད། དེ་ནི་རང་གིས་རང་ལ་བཏོན་པའི་གསར་རྩོམ་གྱི་རེ་བ་ཞིག་ཡིན་ཀྱང་སྲིད།
མདོ་འཛིན་པ། ད་བར་དུ་ཁྱོད་ཀྱིས་གསར་རྩོམ་གྱི་ལས་ཀར་བཏང་ལྷོད་བྱས་མ་མྱོང་བས་བརྩམས་ཆོས་མང་བའི་རྩོམ་མཁན་དུ་བརྩིས་ཆོག་ཁྱོད་ཀྱིས་ཇི་ལྟར་བརྩམས་ཆོས་རེ་རེའི་སྤུས་ཀར་ཁག་ཐེག་བྱས་པ་ཡིན།
རྩོམ་པ་པོ། བརྩམས་ཆོས་རེ་རེའི་སྤུས་ཚད་ལ་ཁག་ཐེག་བྱེད་རྒྱུ་ཟེར་ན་དེ་ནི་ཧ་ཅང་སྒྲུབ་དཀའ་བ་ཞིག་རེད། འོན་ཀྱང་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་ངས་དུས་དང་རྣམ་པ་ཀུན་ཏུ་རྩོམ་ཡིག་སྔ་མ་སྔ་མའི་ཁྲོད་ནས་མི་འདང་སའམ་ཁ་བསྐང་དགོས་པའི་ཆ་དག་འཚོལ་ཞིབ་ཡང་ཡང་བྱས་པ་ཡིན་ལ། རྩོམ་ཡིག་ཕྱི་མ་ཕྱི་མ་འབྲི་དུས་རང་གིས་རྟོགས་པའི་གནད་དོན་དེ་རིགས་ལ་མཉམ་འཇོག་གང་ལེགས་བྱས་པ་ཡིན། དེ་ལྟར་བཤད་ན་རང་རེའི་ཧམ་པ་ཆེ་བའི་གྲོགས་པོ་འགའ་རེས“གནད་དོན་ཅི་ཞིག་རྙེད་བྱུང”ཞེས་སྐྱོན་རི་རང་ཙམ་དང་ཉམས་མྱོང་གསེར་རྡོག་འདྲ་བ་རེ་ཨེ་ལོན་གྱི་རེ་བ་ཆེ་མོད་ངས་ནམ་ཡང་ཁོ་ཚོའི་རེ་བ་སྐོང་ཐབས་བྲལ། རྒྱུ་མཚན་ནི་ང་ཚོས་ནམ་རྒྱུན་མི་ལ་གདེང་འཇོག་བྱེད་དུས་སུ“མི་དེའི་རྣམ་འགྱུར་ལ་བལྟས་ན་བཟང་བོ་ཞིག་མ་རེད”ཟེར་གྱིན་ཡོད་མོད། འོན་ཀྱང“རྣམ་འགྱུར་གང་ལ”ཞེས་དྲིས་ཚེ་ལན་ཧ་ཅང་འདེབས་དཀའ་བ་དང་གཉིས་སུ་མ་མཆིས་ཏེ། བརྩམས་ཆོས་ཤིག་གི་ལེགས་ཉེས་ཀྱང་དེའི་བརྗོད་བྱ་དང་རྒྱུ་ཆ། མཚོན་ཐབས། སྐད་ཆ་བཅས་ཕྱོགས་སོ་སོ་བའི་ཆ་ཕྲ་མོ་དག་ལའང་འབྲེལ་བ་དམ་པོ་ཡོད་པས་རེད། རང་རེའི་རྩོམ་སྟེགས་སུ་སྒྲུང་གཏམ་ལ་ལ་གླུ་བརྒྱ་གདངས་གཅིག་ཏུ་གྱུར་པ་དང་སྒྲུང་གཏམ་ལ་ལ་གླུ་གཅིག་གདངས་བརྒྱ་རུ་གོམས་པའི་སྣང་ཚུལ་ཡང་གདའ་བས། ངས་ནི་བརྗོད་བྱ་གཅིག་བསྐྱར་ཟློས་བྱེད་པར་མི་དགའ་ལ་མཚོན་ཐབས་སྣ་གཅིག་ཅན་དུ་འགྱུར་བར་ཡང་མི་སྤྲོ་བར། བརྗོད་བྱ་མི་འདྲ་བ་སྣ་ཚོགས་པར་དེ་མཚུངས་ཀྱི་མཚོན་ཐབས་མི་འདྲ་བ་བཀོལ་པ་ཡིན་ཏེ། བརྗོད་བྱའི་ཐད་དངོས་ཡོད་དང་འབྲེལ་ཞིང་གསར་བ་ཡིན་པ་དང་། མཚོན་ཐབས་ཀྱི་ཐད་བརྗོད་བྱ་མཚོན་ནུས་ཆེ་ཞིང་ལྟ་འདོད་ཀྱི་སྤྲོ་བ་སློང་ཐུབ་པའི་ཐད་གཞོལ་ཅི་ཐུབ་བྱས་པ་ཡིན།
མདོ་འཛིན་པ། ཁྱོད་ཀྱི་བརྩམས་ཆོས་ཁྲོད་དུ“ཁྱི”བརྗོད་བྱར་བྱས་པ་ཧ་ཅང་མང་བོ་འདུག་ལ་དེའི་ཁྲོད་སྣང་བརྙན་ལ་ལ་དྲང་ཕྱོགས་ཡིན་པ་དང་ལ་ལ་ལྡོག་ཕྱོགས་རེད། དེ་ལྟར“ཁྱི”འབྲི་རྒྱུར་དགའ་བའི་རྒྱུ་མཚན་ཅི་ཡིན།
རྩོམ་པ་པོ། ངའི་བརྩམས་ཆོས་ཁ་ཤས་ཀྱི་བརྗོད་བྱ“ཁྱི”ཡིན་པའམ“ཁྱི”དང་འབྲེལ་བ་ཡོད་པ་དངོས་གནས་ཡིན་ལ། དེའི་ཁྲོད་དུ་དྲང་ཕྱོགས་ནས་བྲིས་པ་དང་ལྡོག་ཕྱོགས་ནས་བྲིས་པའང་ཡོད། འོན་ཀྱང་དེ་ནི“ཁྱི”འབྲི་བར་དམིགས་བསལ་གྱི་སྤྲོ་བ་ཡོད་པ་མིན་ལ། དེ་ལས་གཞན་པའི་རྒྱུ་རྐྱེན་གང་ཞིག་ཆེད་དུ་བརྗོད་ཡོད་པའང་མིན། འོན་ཀྱང་ང་ཚོས་འཚོ་བའི་ཁྲོད་དུ་ལྟ་ཞིབ་རེ་བྱས་ན་ཁྱི་ནི་མིའི་རིགས་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཟེར་བ་ལྟར། ཁྱི་ནི་ནམ་རྒྱུན་དུ་མི་དང་འབྲེལ་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་པར་མ་ཟད། མི་ཡི་སེམས་དོན་རྟོགས་ཤིང་བདག་གཞན་གྱི་དབྱེ་བ་ཧ་ཅང་གསལ་བའི་སྲོག་ཆགས་ཤིག་ཀྱང་ཡིན་པ་རེད། དེ་བས་ན། ང་ཚོས་སྒྲུང་གཏམ་འབྲི་བའི་གོ་རིམ་ཁྲོད་དུའང་མི་ཡི་ཆགས་ཞེན་གྱི་ལྟ་བས་ཁྱི་ལ་གདེང་འཇོག་བྱེད་པའམ་ཁྱི་ཡི་རྣམ་པ་གཡར་ནས་མི་ལ་དཔྱད་འཇོག་དང་འཚོ་བར་རྒྱུས་ལོན་རེ་བྱས་ན་མི་འཚམ་པ་ཅི་ཡང་མེད་སྙམ།
མདོ་འཛིན་པ། ཁྱོད་ཀྱིས་དབྱང་ཀྲི་ཅུན་གྱི《ལ་ཁྱི》ཞེས་པར་བལྟས་ཨེ་མྱོང་། དེ་ལྟ་བུའི་སྒྲུང་རིང་ཞིག་འབྲི་བའི་བསམ་ཚུལ་ཨེ་ཡོད།
རྩོམ་པ་པོ། དབྱང་ཀྲི་ཅུན་གྱིས《ལ་ཁྱི》ཞེས་པའི་སྒྲུང་རིང་ཞིག་བརྩམས་ཤིང་ཚང་མ་དེ་ལ་བལྟ་རྒྱུར་དགའ་བའི་ཚུལ་མཐོང་མོད། ང་ལ་དེར་བལྟ་རྒྱུའི་གོ་སྐབས་མ་བྱུང་།ང་རང་ཉིད་ལ་མཚོན་ན་ད་ལྟ་སྒྲུང་ཐུང་འབྲི་བའི་དུས་ཚོད་ཙམ་ཡང་མེད་པའི་སེམས་ངལ་ཆེ་བས་ན་དེ་ལྟ་བུའི་སྒྲུང་རིང་ཞིག་སྨོས་ཅི་དགོས། འོན་ཀྱང་ལས་འཁྱུར་ངལ་གསོ་བྱས་རྗེས་ཁྱི་མ་ཟད་སེང་གེ་འབྲི་ཡང་སྲིད་དེ། ཇི་སྲིད་ཚེ་ཡི་འདུ་བྱེད་མ་སྟོང་བར་དུ། དབུགས་ཀྱི་རྒྱུ་བ་སྨྱུ་གུའི་གར་ལ་རོལ་ཆོག
མདོ་འཛིན་པ། མི་སྐོར་ཞིག་གིས་བཤད་པ་ལྟར་ན་ཁྱོད་ཀྱི་སྒྲུང་རིང་ནི་སྒྲུང་ཐུང་ལ་མི་དོ་ཟེར། དེར་ཁྱོད་ལ་ལྟ་ཚུལ་ཅི་འདྲ་འདུག
རྩོམ་པ་པོ། དེ་འདྲ་ཡིན་ཀྱང་སྲིད། སྤྱིར་སྒྲུང་གཏམ་འབྲི་རྒྱུ་དེ་ནི་འཚོ་བའི་རྨང་གཞི་ཅི་ཡང་མེད་པར་རང་ཉིད་ཀྱི་ཀུན་རྟོག་ཁོ་ནར་བརྟེན་ནས་བྲིས་ཡོང་བ་ཞིག་མ་རེད། ལྷག་པར་སྒྲུང་གཏམ་རིང་བོ་ཞིག་འབྲི་ན་ངེས་པར་འཚོ་བའི་རྨང་གཞི་ཧ་ཅང་མཐུན་པོ་ཞིག་ཡོད་དགོས་པ་མ་ཟད་དགོས་ངེས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ་དང་། རྒྱུས་མངའ་མེད་པའི་འཚོ་བའི་ཕྱོགས་འགའ་རེ་གཞན་གྱི་བཤེད་སྒྲོས་ཙམ་ལ་བརྟེན་པས་མི་ཆོག་པར་རང་ཉིད་ཀྱིས་དངོས་སུ་ཉམས་ལེན་ནམ་མྱོང་འདོན་བྱེད་དགོས་པ་རེད། ད་དུང་སྒྲུང་གཏམ་དངོས་འབྲི་བའི་གོ་རིམ་ཁྲོད་རྒྱུ་ཆ་གདམ་གསེས་བྱེད་པ་དང་བྱུང་རིམ་བཀོད་སྒྲིག་བྱེད་པ། མི་སྣ་སློང་སྐྲུན་བྱེད་པ་སོགས་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་ནི་ཧ་ཅང་རྒྱུན་རིང་བའི་བླ་སྲོག་གི་བཟོ་སྐྲུན་རིང་མོ་ཞིག་ཡིན་ཅིང་། དེ་ལ་རྒྱུན་མཐུད་རང་བཞིན་ལྡན་པའི་དུས་ཚོད་ཀྱི་ཆ་རྐྱེན་དགོས་པར་མ་ཟད་རྩེ་གཅིག“ཏིང་འཛིན”དུ་ཞུགས་ཆོག་པའི་ཁོར་ཡུག་གི་ཆ་རྐྱེན་ཡང་དགོས་པ་རེད། དེ་ལས་ལྡོག་སྟེ་དུས་ཚོད་བར་གསེང་གི་ཁོམ་སྐབས་ཙམ་པོ་བ་རེ་དང་ཟང་ཟིང་འདུ་འཛི་ཡི་བར་གྱི“དབེན་པ”ལྟར་སྣང་ཙམ་ལ་བསྟུན་ནས་སྒྲུང་གཏམ་རིང་མོ་ཞིག་འགྲུབ་ཏུ་འཇུག་རྒྱུ་སྙམ་ན་ཧ་ཅང་དཀའ་སྟེ། རྒྱུ་མཚན་ནི་མི་ཡི་བསམ་གཞིག་གཏོང་སྟངས་ཀྱང་དུས་ཚོད་དང་ཁོར་ཡུག་མི་འདྲ་བ་དང་བསྟུན་ནས་སྐད་ཅིག་དང་སྐད་ཅིག་ལ་འགྱུར་ལྡོག་འབྱུང་གིན་ཡོད་པས་རེད། དེ་བས་ང་ལྟ་བུའི་ཆ་རྐྱེན་ཅི་ཡང་མི་འཚོམ་པ་ཞིག་གིས་སྒྲུང་རིང་ལེགས་པོ་ཞིག་འབྲི་རྒྱུ་ནི་མིག་སྔའི་གནས་བབ་འོག་ཧ་ཅང་དཀའ་བར་སྣང་།
མདོ་འཛིན་པ། གཞི་རིམ་དུ་བྱ་བར་སྒྲུབ་པ་དེས་ཁྱོད་ཀྱི་གསར་རྩོམ་ཐད་དམིགས་བསལ་གྱི་ཁེ་བཟང་ཞིག་རེག་གིན་ཡོད་པ་ཨེ་རེད། དཔེར་ན་རོང་གྲོང་གི་འཚོ་བར་རྒྱུས་ལོན་བྱེད་པའི་ཐད་དུ་སྟབས་བདེ་ཅི་དང་ཅི་ཡོད།
རྩོམ་པ་པོ། ཚང་མས་དེ་ལྟར་སྙམ་གྱིན་འདུག་ལ། ང་ལ་དེ་ལྟར་འདྲི་མཁན་ཡང་མང་། ཡིན་ནའང་ངས་རང་ཉིད་གཞི་རིམ་དུ་ཡོད་པ་དེས་གསར་རྩོམ་ལ་ཕན་ཐོགས་ལེགས་པོ་ཡོད་མེད་བཤད་དཀའ་བར་འདུག རྒྱུ་མཚན་ནི་ད་བར་དུ་ངས་གཞི་རིམ་ཁོ་ན་ནས་མ་གཏོགས་བྱ་བ་སྒྲུབ་མ་མྱོང་བས་རེད། ཞིབ་ཏུ་བསམས་ན་ཁོ་ཚོའི་སྐད་ཆར་གནས་ལུགས་ཡོད་ཀྱང་སྲིད་དེ། གྲོང་ཁྱེར་ལ་གྲོང་ཁྱེར་གྱི་དགེ་མཚན་ཡོད་པ་བཞིན་དུ་གཞི་རིམ་ལའང་གཞི་རིམ་གྱི་ཁྱད་ཆོས་ཅི་ལ་མེད། དེ་སྔ་གྲོགས་པོ་ཞིག་གིས་ང་ལ་ཁྱོད་འབྲོག་ཕྱོགས་ནས་སྐྱེས་པ་ཡིན་ན་ཡང་སྒྲུང་གཏམ《སྡེ་དཔོན》ལ་བལྟས་ན་རོང་ཕྱོགས་ཀྱི་འཚོ་བར་ཆ་རྒྱུས་ཆེ་བར་མངོན་ཟེར། སྐབས་ཐོག་དེར་ངས་ཁོ་ལ་ཞིང་གྲོང་གི་འཚོ་བ་ཧ་ཅང་འབྲི་སླ་སྟེ། དེ་ནི་རྒྱ་མིའི་ཞིང་གྲོང་གི་འཚོ་བ་དག་ང་ཚོས་སྒྲུང་གཏམ་དང་བརྙན་འཕྲིན་དག་ལས་མཐོང་གིན་ཡོད་པ་དང་གཅིག་མཚུངས་རེད་ཅེས་རྫུན་ཡག་པོ་ཞིག་གཏམ་པ་ཡིན། དོན་དངོས་སུ་དེ་འདྲ་མིན་ཏེ། སྤྱི་ལོ༡༩༩༤ལོ་ནས༡༩༩༩ལོའི་བར་ངས་གཞི་རིམ་ཞིང་གྲོང་གི་སློབ་ཆུང་ཞིག་ཏུ་བྱ་བ་བསྒྲུབས་པ་ཡིན་ལ། ཧ་ཅང་བབ་ཆགས་པའི་ཁོར་ཡུག་དོག་མོ་དང་ཧ་ཅང་བབ་ཆགས་པའི་གྲོང་ཚོ་ཐར་ཐོར། ཧ་ཅང་བབ་ཆགས་པའི་ཞིང་པ་ཕོ་མོ་བཅས་ཀྱིས་ངའི་སེམས་ལ་ཚོར་སྣང་གསར་བ་ཞིག་བྱིན་སོང་། དེའི་ཁར་ལོ་དེ་དག་ལ་ལོག་གར་གྱི་རིན་གོང་ཧ་ཅང་མཐོ་བས་ཡུལ་ཚོའི་ལས་བྱེད་པ་དག་གིས་ནོར་སྲིད་དངུལ་བུན་བསྐྱི་རྩོད་བྱས་ཏེ་ཞིང་ས་གླས་ཤིང་ལོག་གར་བཏབ་ནས་ཕྱུག་པོར་འགྱུར་གྱིན་ཡོད་པ་དང་། ཞིང་པ་དག་ནི་དེ་ལས་ལྡོག་སྟེ་ལུད་རྫས་ཉོ་བྱེད་ཀྱི་དངུལ་བུན་མ་ཐོབ་པར་འུ་ཐུག་ངང་བྲེལ་ཟིང་ཆེ་བའི་སྐབས་ཀྱང་རེད། དེར་མ་ཟད་ཞིང་པ་འགའ་རེས་ལྐོག་ཏུ་ཡུར་རྐའི་ནང་གི་ཨར་འདམ་པང་ལེབ་ཁྱེར་ནས་ཕག་ཀང་ཞིག་གསོ་བྱེད་པ་སོགས་ནི་ངས་དངོས་སུ་མཐོང་བ་ཡིན། དེ་དག་ནི་སྒྲུང་གཏམ《སྡེ་དཔོན》འགྲུབ་བྱེད་ཀྱི་རྒྱུ་ཆ་ཡིན་ལ། ཕལ་ཆེར་ཁྱོད་ཀྱིས་བཤད་པའི་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཁེ་བཟང་ཡིན་ཀྱང་སྲིད། འོན་ཀྱང་གཞི་རིམ་ནས་དགེ་རྒན་གྱི་བྱ་བ་གཉེར་མྱོང་མཁན་ཞིག་ཡིན་ཚེ་གསལ་བོར་ཤེས་ངེས་ཏེ། ཉིན་བཞིན་རྩེ་གཅིག་གིས་གསར་རྩོམ་ཁོ་ནར་གཞོལ་བའི་གོ་སྐབས་མེད་པར་ནངས་སྔ་ལང་དང་དགོང་འཕྱི་ཉལ་བྱས་ཏེ་ཉི་མ་རེ་རེའི་སློང་ཁྲོད་ལ་གྲ་སྒྲིག་བྱེད་པ་དང་། རྫོགས་མཐའ་མེད་པའི་བསྐྱར་ཟློས་ཀྱི་སློབ་ཁྲིད་བྱེད་པ། རྔམས་མཐུག་པའི་ལས་བྱ་རྩེག་མ་རེ་རེ་གཟབ་ནན་གྱིས་ཞུ་དག་བྱེད་པ། ད་དུང་འཛིན་གྲྭའི་བདག་དམ་དང་སློབ་ཕྲུག་གི་སློབ་གསོ། སློབ་ཁྲིད་སྐབས་ཀྱི་དགེ་རྒན་དང་སློབ་གསེང་དུས་ཀྱི“ཕ་མ”ཡིན་དགོས་པ་ན། དེ་འདྲའི་ཁོར་ཡུག་དང་ཆ་རྐྱེན་འོག་ཏུ་གསར་རྩོམ་ཟེར་བ་ནི་མཛེས་སྡུག་གི་རྨི་ལམ་ཞིག་དང་བསླུ་བྲིད་ཀྱི་མནར་གཅོད་ཅིག་མ་རེད་དམ།
མདོ་འཛིན་པ། འོ་ན། དགེ་རྒན་གྱི་བྱ་བ་བསྐྱུར་ཏེ་གསར་རྩོམ་ཁོ་ན་གཉེར་བ་ཡིན་ཚེ། མིག་སྔའི་གནས་བབ་འོག་ཁྱོད་ཀྱི་འཚོ་བ་ཅི་འདྲ་ཞིག་ཡིན་རྒྱུ་རེད། དེའི་ཐད་ལ་བསམ་བློ་བཏང་ཨེ་མྱོང་།
རྩོམ་པ་པོ། ལོ་ན་གཞོན་པའི་དུས་སུ་དངོས་གནས་དེ་ལྟ་བུའི་བསམ་ཚུལ་སྐྱེས་མྱོང་མོད་དོན་འཁྱོལ་བྱེད་པའི་གདེང་ཚོད་ཅི་ཡང་མེད། ད་ལྟ་ཁྱིམ་དུ་བཟའ་མི་མང་བ་དང་བྱིས་པ་དག་སློབ་གྲྭར་འགྲོ་བཞིན་ཡོད་པས་ཁྱིམ་བདག་ལ་འགན་ཁུར་ལྕེ། དེ་ལྟར་ཕྱི་ནང་གང་གི་ཆ་རྐྱེན་ཡང་མི་འཛོམ་པ་དེ་ལྟ་བུའི་གནས་བབ་འོག་ཏུ་ངས་གཞུང་གི་བྱ་བ་བསྐྱུར་ཏེ་གསར་རྩོམ་ཁོ་ན་གཉེར་བ་ཡིན་ཚེ། ངའི་ཁྱིམ་ཚང་ནི་ཆེས་ཕུལ་དུ་བྱུང་བའི་སྒྲུང་གཏམ་རིང་མོ་ཞིག་ཡིན་རྒྱུ་རེད།
༢༠༠༧ལོའི་《སྦྲང་ཆར་》དེབ་བཞི་པ་ལས་བཤུས།

༄༅།། དབྱངས་ཀྱི་བླ་སྲོག
བོད་ཀྱི་གླུ་དབྱངས་དང་རྡུང་ལེན་རེ་གཉིས་ལ་དཔྱད་པ།
རྩོམ་པ་པོ། (མཚོ་ལྷོ)བླ་ནག་པ་ཡེ་ཤེས་བཟང་བོ།

སྤེལ་དུས། 2009-08-19 སྣ་རིང་ལྟར་ཀློག་པ། པར་དུ་འདེབས་པ། 【ཆེ། འབྲིང་། ཆུང་།】
གཞུང་དངོས་ཡིག་གཟུགས།
གླུ་དབྱངས་ནི་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་གཏིང་རོལ་ནས་བརྡོལ་བའི་འགྱུར་ཁུག་ཅིག་སྟེ། དེས་མིའི་རིགས་ལ་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་སྦྱིན་པར་བྱེད་ཅིང་། མི་རེའི་སེམས་ཁོངས་གི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་རེ་རེའང་སྐབས་ཐོག་ཏུ་སྟོན་པར་བྱེད།
མིའི་རིགས་ཀྱི་ལོ་རྒྱུས་བྱུང་བ་ནས་བཟུང་། དབྱངས་ཀྱི་སྒྱུ་རྩལ་ལ་མངའ་བརྙེན་པའི་སྐྱེས་བུ་རླབས་ཆེན་གང་མང་ཞིག་སྔ་ཕྱིར་བྱོན་མྱོང་ལ། དེ་དག་གི་ཡིད་ཀྱི་ཀུན་རྟོག་དང་སོར་མིའི་འདུ་བྱེད་ལས་བྱུང་བའི་དབྱངས་ཀྱི་སྒྱུ་རྩལ་དག་གིས་ནི། སྨྲ་ཤེས་ཤིང་དོན་གོ་བའི་རྐང་གཉིས་མི་ལ་སྨྲ་བསམ་བརྗོད་ལས་འདས་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་བསྟབས་དང་སྟོབ་བཞིན་ཡོད་དེ། དཔེར་ན། སྙན་པ་འཛམ་གླིང་ཁྱོན་ལ་འཕུར་བའི་འཇར་མན་གྱི་དབྱངས་མཁན་རླབས་ཆེན་པེ་ཏོ་ཧྥུན(贝多芬)གྱིས་དབུལ་པོའི་ཁྱིམ་དུ《ཟླ་འོད་ཀྱི་དབྱངས་སྙན》བརྩམས་ཤིང་དཀྲོལ་ནས་ལོང་བའི་བུ་མོར་ཟླ་འོད་ཀྱིས་ཁྱབ་པའི་མཚན་མོའི་རྒྱ་མཚོ་མཐོང་དུ་བཅུག་པ་བཞིན་ནོ། ། དབྱངས་མཁན་དག་གི་བཞེད་པ་ལྟར་ན། དབྱངས་ལ་ཁ་དོག་དང་དབྱིབས་གཟུགས་ཀྱང་ཡོད་དེ། དབྱངས་རྟ་དེ་བློ་ངོར་སྐྱེས་ཚེ་གསལ་བ་དང་དྭངས་པ། མུན་པ། ཕྲ་བ། སྦོམ་པ་སོགས་རིགས་མི་འདྲ་བའི་རྣམ་པར་སྐྱེས་པ་དེ་ལ་བྱ་ཞིང་། དེ་ལ་ནང་གསེས་ཀྱིས་རྒྱུད་སྐྱེས། རྡུང་སྐྱེས། ཁུང་སྐྱེས། སིལ་སྐྱེས། ཁྲོལ་སྐྱེས་སོགས་རིགས་ཤིན་ཏུ་མང་བར་སྣང་།
མཁས་པ་ལ་ལས་དབྱངས་ཀྱི་རིག་བྱེད་ཐད་ལ་རང་ཉིད་ཀྱི་ཉམས་མྱོང་དང་ལག་ལེན་ལས་རྙེད་པའི་སྡོམ་ཚིག་རྣམས་གུང་བསྒྲིགས་ཏེ་གཞུང་ལུགས་ཀྱང་གསར་བཏོད་གནས་ཞིང་། དེའི་སྐོར་གྱི་བརྩམས་ཆོས་ཀྱང་ལྗགས་རྩོམ་མཛད་ཡོད་དེ། དཔེར་ན་ས་པཎ་གྱི《རོལ་མོའི་བསྟན་བཅོས》ལྟ་བུའོ། །
གོང་དུ་བཤད་པ་ནི་གཙོ་བོ་སེམས་ཅན་དུ་མི་སྟོན་པའམ་རྒྱུད་ཀྱིས་མ་བསྡུས་པའི་དབྱངས་ཀྱི་དབང་དུ་བྱས་པ་ཡིན་ལ། འདིར་སྐབས་སུ་བབས་པའི་བརྗོད་གཞི་ནི། སེམས་ཅན་དུ་སྟོན་པ་སྟེ་རྒྱུད་ཀྱིས་བསྡུས་པའི་དབྱངས་ཀྱི་རིག་བྱེད་སྐོར་ཡིན་ལ། དེའི་ནང་ནས་ཀྱང་བྱེད་བྲག་རང་རེ་བོད་ཀྱི་གསར་དར་གླུ་དབྱངས་དང་རྡུང་ལེན་སྐོར་ཞིག་ལ་རང་ཉིད་ཀྱི་ལྟ་ཚུལ་རིགས་པའི་ལམ་དུ་དྲངས་ཏེ་བགྲོ་གླེན་ཅུང་ཟད་བྱ་རྒྱུ་དེ་ཡིན།
དེ་ལ་འདིར་བོད་ཀྱི་གླུ་དབྱངས་རེ་གཉིས་ཀྱི་དགེ་མཚན་གྱི་ཕྱོགས་དང་། རྡུང་ལེན་རེ་གཉིས་ཀྱི་སྔོན་གྱི་ཕྱོགས་གཙོ་བོར་གདོན་རྒྱུ་ཡིན། སྤྱིར་ང་ཚོས་རང་ཉིད་ཀྱི་སྐྱོན་ཆ་ངོན་ཟིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། ང་ཚོས་རང་ཉིད་ཀྱི་སྐྱོན་ཆ་ངོས་ཟིན་ཚེ་བཅོས་སྒྱུར་བྱེད་སྲིད་ལ། བཅོས་སྒྱུར་བྱེད་པ་ནི་རང་ཉིད་གོང་འཕེལ་དང་འཐུས་ཚང་དུ་འགྲོ་བའི་ཆ་རྐྱེན་ཉག་ཅིག་རེད། དེ་ལས་བཟློག་སྟེ་རྡུང་ལེན་དང་གླུ་དབྱངས་ཐོས་ཚད་ལ་འུད་བསྟོད་བྱས་ཏེ་“འདི་ཡང་ཡག་པོ་རེད།” “དེ་ཡང་སྙན་པོ་རེད”ཅེས་རང་མགོ་རང་གིས་གཡོགས་ཏེ་སྡོད་པ་ནི་ང་ཚོའི་དབྱངས་ཀྱི་སྒྱུ་རྩལ་འཕེལ་རྒྱས་འགྲོ་མི་ཐུབ་པའི་འགག་སྒོ་ཉག་ཅིག་ཡིན། དེས་ན་ལྷད་མེད་ཀྱི་ཀུན་སློང་སྔོན་དུ་བཏང་ནས་རང་རེ་ཁ་བ་ཅན་པའི་དབྱངས་ཀྱི་རིག་བྱེད་ཀྱི་སྐྱོན་ཡོན་ངོས་བཟུང་ནས་དེའི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་ནི་ང་ཚོ་རྩམ་ཟན་སྙུག་ཐོགས་པ་དག་གི་གཡོལ་དུ་མེད་པའི་འགན་འཁྲིའོ། །
《གངས་ཅན་པ》ནི་རྨ་ཁུགས་དང་པོའི་ལྷན་འཛོམས་སྟེང་གླུ་བ་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་གླུ་དབྱངས་ཤིག་སྟེ། དེ་ནས་ད་བར་དུ་ཕལ་ཆེར་ལོ་ངོ་གཅིག་ལྷག་འགོར་ལ་ཉེ་ཡང་། དེའི་བྲག་ཅ་ནི་ད་དུང་ཚོའི་རྣ་ལམ་ན་ཡལ་མེད་ལ། དེས་ཐོན་པའི་ནུས་པ་ནི། ང་ཚོས་ལོ་ངོ་ཉི་ཤུ་ལྷག་ལ་བླངས་པའི་རྡུང་ལེན་དག་ལས་ཆེས་ཆེར་འགོངས་ཏེ། མི་གང་མང་ཞིག་ལ་སེམས་ཤུགས་དང་ལ་རྒྱ། ཡང་ན་རྟོགས་སད་བྱུང་དུ་བཅུག་པའི་བྱས་རྗེས་ནི་སུ་ཞིག་གིས་བསྙོན་པར་ནུས་ཏེ་མི་ནུས་སོ། །
དེའི་དབྱངས་འགྲོས་ནི་རྒྱ་མཚོའི་རླབས་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འོངས་ཏེ། མཐར་འཕེལ་བའི་རྩེ་མོར་སོན་ཅིང་། ང་ཚོའི་གླི་སྙིང་སྟིག་སྟིག་ཏུ་ལྡིང་བ་དང་ང་ཚོའི་ཟུངས་ཁྲག་ལྷོག་ལྷོག་ཏུ་ཁོལ་བར་བྱས་ཏེ། རེ་ཞིག་སོས་དལ་དུ་སྡོད་མི་བཟོད་པ་ལྟ་བུའི་གནས་སུ་བསྐྱལ།
གླུ་དབྱངས་འདིར་ཉན་རྗེས། ང་ཚོས་རེ་ཞིག་རྟ་དམག་རྒྱང་དུ་བསྐྱོད་པ་དང་མངའ་ཁོངས་དར་ལ་དྲགས་པའི་བཙན་པོའི་རྒྱལ་རབས་སུ་བསླེབ་ཐུབ་ལ། ཡང་རེ་ཞིག་ཆབ་སྲིད་ཀྱི་བྱ་བཞག་ཅམ་གྱིས་བཞག་སྟེ་རིག་གཞུང་འཛུགས་སྐྲུན་ལ་གཅིག་ཏུ་གཞོལ་བའི་སིལ་བུའི་དུས་སྐབས་ལའང་འཆམ་འཆམ་བྱེད་ཆོག
བོད་ཀྱི་རིག་གཞུག་གི་སྲོག་ཤིང་ཉག་གཅིག་སྟེ་རང་ཉིད་ཡལ་བར་བོར་ནས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཐུགས་སུ་འཛིན་པའི་བླ་མེད་ཀྱི་སེམས་ཁམས་ཡངས་པོ་དེ་ནི། གནམ་སའི་འཇིག་རྟེན་ལས་ཀྱང་འགོངས་པའི་ངོ་མཚར་རྨད་བྱུང་གི་འཇིག་རྟེན་ཞིག་སྟེ། འདི་ཡོད་པས་ང་ཚོ་ད་གཟོད་ས་སྒང་འདིའི་སྟེང་ཡུན་རིང་དུ་གནས་ཐུབ་ལ། མ་འོངས་པར་ང་ཚོས་མིའི་རིགས་ཧྲིལ་བོའི་བདེ་སྐྱིད་ལ་བྱས་རྗེས་ཀྱང་འཇོག་ཐུབ།
ང་ཚོར་འདི་འདྲའི་ཡུན་རིང་གི་ལོ་རྒྱུས་དང་གཏིང་ཟབ་པའི་རིག་གཞུང་ཡོད་ནས་ཡང་། ང་ཚོས་གཞན་ལ་སྤེལ་མ་ཐུབ་ལ། ཐ་ན་རང་ཉིད་ཀྱིས་ཀྱང་ངོས་གསལ་བོ་ཞིག་ཟིན་ཐུབ་མེད། དེ་བས་ང་ཚོས་ད་སྔ་འདི་ཉིད་རྩོམ་རིག་དང་གླུ་གར་གྱི་ལམ་ནས་བརྒྱུད་སྒྲོག་དང་དར་སྤེལ་ཡག་པོ་ཞིག་བྱ་ཐུབ་མེད་པ་རེད། ལྟོས་འཇོག་གིས་བཤད་ན། བོད་ཀྱི་གླུ་བ་ཡར་དུང་དང་སྒྲོལ་མ་སྐྱབས་སོགས་ཀྱིས་འདིའི་ཐད་ལ་བྱས་རྗེས་ཆེ་ཙམ་བཞག་འདུག་པ་ནི་ངོ་མ་བསྔགས་པར་འོས་པ་ཞིག་གོ །
ང་ཚོའི་མང་པོ་ཞིག་གིས། “ང་ཚོའི་རྩོམ་རིག་ཁ་གསལ་དགོས།” “ང་ཚོས་མང་ཚོགས་སྐྱོབ་དགོས” ཞེས་འུར་རྒྱག་བཞིན་ཡོད་ནའང་། ཡིག་རྨོངས་པས་བརྒྱ་ཆའི་དགུ་བཅུ་ཟིན་པའི་མི་རིགས་ཤིག་རྩོམ་རིག་གིས་ཇི་ལྟར་སྐྱོབ་ཨང་། དེ་ལས་ཁ་བརྡ་བགྲོ་གླེང་དང་གླུ་བྲོ་སྒྱུ་རྩལ་གྱི་ཐབས་ལམ་འདི་ཤིན་ཏུ་ལེགས་ཏེ། ཁོ་ཚོ་ཚང་མ་འཇུག་བདེ་ཞིང་། ཉན་ཡང་སྤྲོ་བས་སོ། །
ཁམས་པའི་གླུ་བ་ཚེ་མགོན་གྱིས་བླངས་པའི་གླུ་དབྱངས《ཨ་རོག་ཁམས་པ》ལྟ་བུར་མཚོན་ན། རྫ་ཆུ་ལྷུང་ལྷུང་བཞུར་བ་བཞིན་རོལ་དབྱངས་འཇམ་ཞིང་ལྷོད་ཆགས་པ་དང་། དབྱངས་རྟ་ལ་སྐྱོ་ཤས་གཏིང་ནས་འདྲེན་པའི་འགྱུར་བ་ལྡན་ཞིང་། གླུ་ཚིག་གི་ཆ་ནས་བཤད་ན། ཁམས་པའི་འབྲོག་ཕྲུག་ཅིག (ཡང་ན་དྭ་ཕྲུག་ཅིག) གིས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་རྒྱང་རིང་གི་ས་མཐའ་འགྲིམས་ཏེ་རང་གི་སྨོན་པའི་ཞིང་ཁམས་བཙལ་བའི་བྱུང་བ་དེ་སྙིང་བསྡུས་ཀྱིས་བརྗོད་ཡོད། ད་དུང་ལམ་བར་གྱི་གནས་ཚུལ་ཏེ། ཁོ་རང་ལ་བཞོན་རྟ་མེད་པར་རྐང་བགྲོད་ཀྱིས་ཉིན་མཚན་དུ་མར་བསྐྱོད་པའི་དཀའ་ཁག་དང་། གནས་ཚང་མེད་པར་ལྕང་མའི་སྤྱིལ་བུར་ཞག་ཏུ་བསྡད་པའི་ངང་ཚུལ་སོགས་ལྷང་ངེར་མཚོན་ཡོད་པ་དང་། དེའི་ཤུགས་ལ་ཁམས་པའི་འབྲོག་ཕྲུག་ཁོས་ས་ཆེན་གོམ་པས་འཇལ་བའི་རྔམ་བརྗིད་ཀྱི་སྐྱོ་གར་དང་། རྟག་བརྟན་གྱི་གནས་ཚང་། ད་དུང་མ་རྙེད་པའི་གདུང་ཡུས་སོགས་མངོན་ཆུང་ངང་བསྟན་ཡོད།
གླུ་དབྱངས་འདིའི་དབྱངས་རྟའི་ཆ་ནས་འགྱུར་བ་ཕུན་སུམ་ཚོགས་ཤིང་། བརྗོད་བྱའི་ཆ་ནས་བོད་མི་མང་པོ་ཞིག་གི་མི་ཚེའི་རེ་སྙེག་དང་བབ་ཆགས་ཀྱི་འཚོ་བ་སྙིང་བསྡུས་སུ་མཚོན་ཡོད་པས། ཉན་པ་ཙམ་གྱིས་བོད་ཀྱི་གླུ་དབྱངས་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་འགོག་མེད་དུ་སྟེར་རོ། །
ཡིན་ན་ཡང་བོད་ཀྱི་གླུ་དབྱངས་མང་པོ་ཞིག་ནི་དེ་ལས་ལྡོག་པ་སྟེ། 《པེ་ཅིན་གསེར་གྱི་རི་ནས》 ཞེས་པ་དང《ཨ་མ་གཅིག་གི་བུ་མོ》ཞེས་པ་ལྟ་བུ་དག་ནི་གསོག་གསོབ་དང་ངོ་བསྟོད་ལས་མ་འདས་ཤིང་། དེ་ལས་གཞན་པ་སྟེ《ལྷ་སའི་བུ་མོ》དང་《སྙིང་ནས་དགའ་བའི་བུ་མོ》《སྒྲོལ་མ་ལགས》ལྟ་བུ་དག་ལ་མཚོན་ན། འཚོ་བ་དངོས་དང་རིང་ནས་བྲལ་ཞིང་བརྗོད་བྱའི་བུད་མེད་དེ་དག་ལ་གསོན་ཉམས་མེད་པར་རབ་རིབ་མག་མོག་ཏུ་སྣང་བས། སྙན་པའི་དབྱངས་ལ་ཅི་ཙམ་བཀུག་ཀྱང་། ཉན་མཁན་དག་ལ་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་གང་ཡང་བསྐྱེད་མི་ཐུབ་པ་ནི་མྱོང་བས་གྲུབ་བོ ། །
རྡུང་ལེན་སྒྱུ་རྩལ་གྱི་ཆ་ནས་ཅུང་ཙམ་གླེང་ན། བོད་ཀྱི་རྡུང་ལེན་པ་མང་པོ་ཞིག་གིས་རང་གཤིས་མེད་པར་གཞན་གྱི་ལད་ཟློས་བྱེད་བཞིན་ཡོད་ཅིང་། ཡང་མང་པོ་ཞིག་གིས་ཁ་ཕྱོགས་མེད་པར་མུན་མཆོང་བྱེད་བཞིན་ཡོད། དེ་བས་རྡུང་ལེན་གྱི་ཁ་གྲངས་དང་བསྡུར་ན། སྤུས་ཀ་ནི་ཧ་ཅང་ཚད་དམའ་མོ་ཞིག་ཏེ་ཡོད། རྡུང་ལེན་སྒྱུ་རྩལ་གྱི་ཁ་གཏད་ས་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཡིན་ལ། དེ་ཡང་དེ་དག་གི་རོལ་མྱོང་གི་ཆུ་ཚད་ང་བསྟུན་དགོས་མོད། རྡུང་ལེན་སྒྱུ་རྩལ་ལའང་རང་ངོས་ཀྱི་འཕེལ་རྒྱས་ཤིག་ཅིས་ཀྱང་ཡོད་དགོས་ཏེ། འཕེལ་མེད་རང་སོར་གནས་པ་ནི་རང་གི་ཚེ་སྲོག་ཉམས་པའི་རྒྱུ་ལས་མ་འདས་སོ། །
བདུད་བྷེའི《རི་དྭགས་སྐྱོ་གླུ》ནི་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པའི་རྡུང་ལེན་ཞིག་ཡིན་པས་ཅུང་ཙམ་དཔྱད་ན། རྡུང་ལེན་དེའི་དབྱངས་རྟ་ལ་སྐྱོ་བའི་ཆ་ཅུང་ཙམ་འདྲེན་ཀྱང་གླུ་ཚིག་གི་ཆ་ནས་སྐྱོ་ཤས་ཀྱི་འགྱུར་བ་ངང་གིས་འདྲེན་པའི་ཚིག་ཤིན་ཏུ་ཉུང་ཞིང་། ལྕགས་གོང་མེས་ཟིན་པ་ལྟར་གཏིང་ཟབ་པའི་གྱེས་བྲལ་དང་མ་བུའི་བརྩེ་གདུང་གིས་མགོ་མཇུག་ཡོངས་སུ་ཟིན་མེད་པར། དེ་ལས་ལྡོག་སྟེ། གནས་ལུགས་སམ་གཏན་ཚིགས་སྟོན་པའི་ཚིག་སྟེ། “སྐྱིད་ཆེ་ཡོད་རྫ་མགོའི་རི་དྭགས། །འདང་ལོས་ཡོད་མ་བུའི་བརྩེདུང་། །”ཞེས་པ་ལྟ་བུ་དང་། ཡང་། “ཁྱོད་དབང་ཆེན་མགོན་ནག་མི་རེད། །ང་དབང་མེད་དུད་འགྲོ་སྙིང་རྗེ། །”ཞེས་པ་ལྟ་བུ་རི་དྭགས་ཀྱི་སེམས་ཀམས་དང་མི་མཐུན་ཞིང་ཁ་ནས་ཀྱང་བརྗོད་མི་སྲིད་པའི་ཚིག་གང་མང་དུ་ཡོད་པ་རེད།
དེ་མིན་རྟ་མགྲིན་བཀྲ་ཤིས་ཀྱི《མཆོད་པ》ཞེས་པར་མཚོན་ན། ཉན་མཁན་མང་པོ་ཞིག་གིས་དགའ་བསུ་བྱེད་ཀྱིན་ཡོད་ནའང་། ཞིབ་ཏུ་བརྟག་ཚེ་ཁོང་ཚོས་གླུ་ཚིག་གི་བརྗོད་བྱ་ལ་བསམས་ནས་དུང་ཞེན་གྱི་དབང་དུ་གྱུར་བ་ཙམ་སྟེ། རྡུང་ལེན་དེའི་དབྱངས་རྟ་ལ་སྒྱིད་ལུག་གི་ཆ་ཧ་ཅང་ཆེ་ཞིང་། གླུ་ཚིག་ལའང་སྐྱོན་ཆེན་པོ་ཡོད་དེ། གལ་ཏེ་སེར་བོ་གསེར་ནི་བླ་མའི་ན་བཟའ་ཡིན་ན། བླ་མ་ནི་གསེར་གྱོན་མཁན་ཡིན་དགོས་ལ། དེ་ལྟར་བཤད་ན་བླ་མ་ལ་བསྟོད་པར་ཨེ་འགྲོ། དེར་སྐྱོན་མེད་དེ། བླ་མའི་ཆོས་གོས་ཀྱི་ཁ་དོག་སེར་བོ་ཡིན་པ་ལ་བསམས་པ་ཡིན་ཟེར་ན། འོ་ན་བླ་མའི་དབུ་སྐྲའི་ཁ་དོག་ནག་པོ་ཡིན་པ་ལ་བསམས་ནས“ནག་པོ་སོལ་འདི་བླ་མའི་དབུ་སྐྲ་ཡིན”ཞེས་བརྗོད་ན་བསྟོད་པར་ཨེ་འགྲོ་སོམས། སྤྱིར་བླ་མ་ལ་བསྟོད་ན་མཁྱེན་བརྩེ་ནུས་གསུམ་གྱི་ཆ་ནས་བསྟོད་དགོས་པ་ལས། ངའི་བླ་མའི་ན་བཟའ་སེར་བོ་ཡིན། ཞལ་ངོ་དཁར་བོ་ཡིན། སྐུ་གཟུགས་བརྗིད་པོ་ཡིན་ཞེས་པ་ཙམ་གྱིས་བསྟོད་པར་ག་ལ་འགྲོ །
འདི་ནི་ཕྱོགས་ཙམ་མཚོན་པ་སྟེ། འདིས་མཚོན་པའི་བོད་ཀྱི་རྡུང་ལེན་དག་ལ་དབྱངས་རྟ་དང་བརྗོད་བྱ་གཉིས་ཀའི་ཆ་ནས་ཞན་ཆ་བརྗོད་ཀྱིས་མི་ལང་ནའང་རེ་རེ་བཞིན་བརྗོད་པར་ནི་ཡི་གེ་མང་དོགས་ལ། འོན་ཀྱང་དགེ་མཚན་གྱི་ཆ་ཅུང་ཟད་རེའང་མེད་པ་མི་མོད། ཀློག་པ་པོ་དག་གིས་མཁྱེན་པར་ཟད་དོ། །
ཡིག་ཁུག་ནང་དུ་བསྡུ་བ།
ཤོག་ངོས་འདི་ཉར་ཚགས་བྱེད་པ།
Emailབརྒྱུད་ནས་བསྐུར་བ།
ཀློག་གྲངས།: 287
རུས་མིང་།
Email
དྲ་བ།
ཁ་བྱང་།
དཔྱད་བརྗོད།

ཡིག་སྒྲོམ་ཆུང་དུ་གཏོང་བ། | ཡིག་སྒྲོམ་ཇེ་ཆེར་གཏོང་བ།
Emailབརྒྱུད་ནས་སྔོན་མངག་བྱེད་པ(ཐོ་འགོད་བྱས་པའི་སྤྱོད་མཁན་མ་གཏོགས་གཞན་རྣམས་མི་ཆོག)
བཀླགས་ཟིན་པ་མ་ཟད་བརྩི་སྲུང་བྱ་རྒྱུ་ཡིད་འཐད་བྱུང་ཡོད། སྤྱོད་མཁན་གྱི་གསལ་བྱ།
དཔྱད་བརྗོད་སྤེལ་བ།སྔོན་ལྟ།

དཔྱད་བརྗོད་ཀྱི་ནང་དོན་གསལ་མངོན། ཡིབ་སྐུང་།
རྩོམ་སྒྲིག་འགན་ཁུར་བ། ངག་དབང་།
རྩོམ་ཡིག་ཡོང་ཁུངས། མཚོ་སྔོན་མང་ཚོགས་སྒྱུ་རྩལ། ༢༠༠༧ ལོའི་དེབ་དང་

བརྒྱུད་སྐུལ།

མཆན་སྤེལ།