སྣར་ཐང་གི་བཀའ་བསྟན་བྲིས་མའི་སྐོར།

༄༅།། སྣར་ཐང་གི་བཀའ་བསྟན་བྲིས་མའི་སྐོར།

སྐ་བ་ཤེས་རབ་བཟང་པོ།

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བཅོམ་ལྡན་རིག་པའི་རལ་གྲིས་ཕྱོགས་སྒྲིག་གནང་བའི་བོད་ཀྱི་བཀའ་བསྟན་གྱི་ཐོག་་མ་སྣར་ཐང་བཀའ་བསྟན་བྲིས་མའི་ལེའུ་དང་ཆོས་ཚན་གྱི་སྒྲིག་ཚུལ་དང་དབུས་པ་བློ་གསལ་གྱིས་བསྟན་འགྱུར་ཁ་སྐོང་ཇི་ལྟར་གནང་ཚུལ་ལ་རགས་གླེང་བྱས་ཡོད།

བརྡ་ཆད་གཙོ་བོ། བཅོམ་ལྡན་རིག་རལ། སྣར་ཐང་བཀའ་བསྟན་བྲིས་མ། བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད། དབུས་པ་བློ་གསལ། བསྟན་བཅོས་དཀར་ཆག མཆིམས་འཇམ་པའི་དབྱངས།

བོད་དུ་ཆོས་རྒྱལ་སྲོང་བཙན་དུས་སུ་ད་ཆ་སྤྱོད་པའི་ཡི་གེ་འདི་བྱུང་ཞིང༌། ཐུགས་རྗེ་ཅན་གྱི་སློབ་དཔོན་ཐུ་མིས་བོད་ཡིག་ཐོག་ཆོས་དང་རིག་གཞུང་ཐོག་མར་བསྒྱུར་བ་ནས་དབོན་སྲས་རྣམས་ཀྱི་སྐུ་རིང་ལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ཆོས་དང་རིག་གཞུང་དུ་མ་བསྒྱུར་ཅིང་དཀར་ཆག་ཏུ་ཡང་བཏབ་མོད། དེ་དུས་བླ་འབུམ་ལྟ་བུའི་ཕྱོགས་སྒྲིག་ལས་བཀའ་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་སྒྲིག་གི་དཔེ་ཚོགས་རྣམ་པ་དེ་འདྲ་མེད་ཚོད་རེད་ལ། བོད་སིལ་བུའི་དུས་སུ་བྱུང་བའི་མདོ་མང་དང་རྒྱུད་འབུམ། གཟུངས་འབུམ་སོགས་པ་དེ་ཚོ་ཡང་རིག་ཚན་སོ་སོའི་ཕྱོགས་སྒྲིག་ཙམ་ལས་ཕྱིས་ཀྱི་བཀའ་བསྟན་འགྱུར་གྱི་ཕྱོགས་བསྡུས་ཆེན་པོ་དེ་འདྲ་བྱུང་མེད།

དེང་དུས་བཀའ་བསྟན་འགྱུར་གྱི་ངོ་བོ་ལྡན་པའི་ཕྱོགས་སྒྲིག་ནི་དུས་རབས་བཅུ་བཞིའི་གཡས་གཡོན་དུ་བྱུང་བའི་སྣར་ཐང་བཀའ་བསྟན་ནས་དབུ་ཚུགས་པ་ཡིན། སྣར་ཐང་གི་བཀའ་བསྟན་འགྱུར་འདི་དུས་རབས་བཅོ་བརྒྱད་པ་སྟེ་སྤྱི་ལོ་༡༧༣༢ལོའི་སྐོར་ལ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་སྣར་ཐང་བཀའ་བསྟན་དཔར་མ་ཡོངས་གྲགས་ཡིན་ཡང་འདིར་བརྗོད་བྱའི་བཀའ་བསྟན་འགྱུར་ནི་དུས་རབས་བཅུ་གསུམ་པའི་དུས་སྨད་ནས་དུས་རབས་བཅུ་བཞི་པའི་དུས་འགོར་བྱུང་བའི་བཅོམ་ལྡན་རིག་རལ་གྱིས་གཙོ་སྒྲིག་ཞུས་པའི་བཀའ་བསྟན་འགྱུར་བྲིས་མ་དེ་ཡིན།

དང་པོ། སྐབས་དེའི་གནས་སྟངས།

བོད་སིལ་བུའི་དུས་མཇུག་དང༌། ས་སྐྱའི་ཆབ་སྲིད་དབུ་ཚུགས་ཙམ་གྱི་དུས་ཚོད་དེ་འདྲའི་ནང་བོད་ཁུལ་དུ་མདོ་མང་དང་རྒྱུད་འབུམ། གཟུངས་འབུམ་སོགས་ཕྱོགས་སྒྲིག་མཛད་ཅིང༌། འགའ་ཞིག་ལ་དེ་བཞིན་གཤེགས་པའི་བཀའ་འགྱུར་རོ་ཅོག་ལྟ་བུའི་མཚན་གསོལ་ཡང་ཞུས་ཡོད། དེ་དུས་དེ་དག་ལྷན་དུ་ཕྱོགས་གཅིག་ཏུ་སྡེབ་རྒྱུར་སྔོན་འགྲོའི་ཆ་རྐྱེན་ཡོངས་སུ་རྫོགས་པ་མ་ཟད། དེ་ལྟར་བསྒྲིག་རྒྱུ་ནི་དབུགས་ཐག་གཅིག་གི་ལས་ཀ་ལྟ་བུ་ཡིན་ན་ཡང༌། དོན་དམ་རྒྱལ་བའི་བཀའ་བོད་ཀྱི་ཡུལ་དུ་འགྱུར་རོ་ཅོག་དང་འཕགས་བོད་པཎ་གྲུབ་རྣམས་ཀྱི་བསྟན་བཅོས་བོད་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་སྡེབ་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལས་གྲྭ་ཆེན་པོ་ཞིག་ཡིན།

དེ་ཡང་སྐབས་དེ་དུས་བོད་དུ་མདོ་མང་དང་རྒྱུད་འབུམ་ནང་འཁོད་པ་ནི་གཙོ་བོ་བཀའ་ཡིན་ཞིང༌། དེ་ལས་ཀྱང་ཡོངས་གྲགས་ཀྱི་མདོ་རྒྱུད་ཡིན། འདི་གཉིས་ཕྱོགས་གཅིག་ཏུ་བསྒྲིགས་པས་བཀའ་བསྟན་བཅོས་བོད་དུ་བསྒྱུར་ཚད་ཅིག་སྒྲིག་ཐུབ་པ་མ་ཡིན་ལ། ལྷག་པར་ཕྱི་འགྱུར་བཀའ་བསྟན་གྱི་གཞུང་ཤིན་ཏུ་མང་ཞིང༌། དེ་དག་ཕལ་ཆེ་བ་ནི་ལོ་ཙཱ་བ་སོ་སོ་དང་ཆོས་རྒྱུད་སོ་སོས་བདག་ཏུ་བཟུང་རྐྱེན་ཕྱོགས་གཅིག་ཏུ་བསྡུ་རུབ་བྱ་རྒྱུར་གང་ཐད་ཀྱི་དཀའ་ངལ་ཡོད་ལ། དེ་དག་བསྡུ་རུབ་ཐུབ་དབང་དུ་བཏང་ཡང་བསྒྱུར་མི་འདྲ་བའི་ཆོས་ཚན་ཟློས་པ་དང་ཆད་པ་སོགས་དཔྱད་པ་ཐོན་པར་ངེས་པར་དུ་གཟིགས་རྒྱ་ཤིན་ཏུ་ཆེ་དགོས་པས་འདི་ནི་གནའ་དེང་དཀར་ཆག་མཁན་དང་ཞལ་ཏ་མཁན་གྱི་དཀའ་རྙོག་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན། གཞན་ཡང་མདོ་རྒྱུད་ཡང་དག་ཡིན་མིན་སོགས་ཀྱི་དཔྱད་པ་ནི་གནད་ཆེ་ཞིང་ཤིན་ཏུ་གཟབ་དགོས་ཀྱི་བྱ་བ་ཞིག་ཡིན་པས་མིང་དུ་གྲགས་པའི་མཁས་པ་ཚང་མས་སྒྲུབ་ཐུབ་པའི་བྱ་བ་ཞིག་མ་ཡིན་ནོ། །

ཡིན་ན་ཡང་བོད་དུ་བསྒྱུར་ཚད་ཀྱི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་སྒྲིག་ཐུབ་པ་བྱུང་ན་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་རྒྱལ་བའི་བསྟན་པ་ལ་དེ་ལྷག་གི་ཞབས་འདེགས་རླབས་ཆེ་བ་ཞིག་མེད་རྐྱེན། རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞེངས་རྒྱུ་ནི་གཟུར་གནས་ཀྱི་དམ་པ་མང་པོའི་ཐུགས་ཀྱི་གཏད་ཡུལ་ཡིན།

དེ་ལྟར་དཀའ་ཚེགས་ཆེ་ལ་དོན་སྙིང་ཆེ་བའི་བྱ་གཞག་འདི་ཐོག་མར་བརྩམ་པའི་བགོ་སྐལ་དེ་བཅོམ་ལྡན་རིག་པའི་རལ་གྲི་ (1227-1305) ལ་བབ་པ་ཡིན་ནོ། བཅོམ་ལྡན་པའི་བརྩམས་ཆོས་སྐོར་ལ་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དང་ལྷག་པར་མཁས་དབང་ཁམས་སྤྲུལ་བསོད་ནམས་དོན་གྲུབ་མཆོག་ནས་ཕྱོགས་སྒྲིག་ཞུ་མུས་དང་སྔ་ལོ་དུས་དྲན་གྱི་རྩོམ་ཡིག་ཀྱང་གནང་འདུག་པས་འདིར་གླེང་བར་མི་བྱ།

དེབ་སྔོན་དང་མཁས་དགའ་སོགས་སྔར་གྱི་ཆོས་འབྱུང་ཁག་དང་ཉེ་དུས་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་མི་ཉག་མགོན་པོ་སོགས་ཕལ་ཆེར་མཐུན་པར་བོད་རབ་བྱུང་ལྔ་པའི་ཆུ་ཁྱི་སྤྱི་ལོ་༡༣༡༢ལོའི་གཡས་གཡོན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་ཆབ་སྲིད་བཟུང་རིང༌། བཅོམ་ལྡན་རིག་རལ་གྱི་སློབ་མ་འཇམ་འགག་པཀི་ཞེས་པ་བླ་མར་གདན་དྲངས། ཁོང་རྒྱ་ནག་ཏུ་བཞུགས་རིང་རང་གི་བླ་མ་བཅོམ་ལྡན་རལ་གྲིར་སྣག་ཚ་དང༌། ཤོག་བུ། སྨྱུ་གུ་སོགས་ཀྱི་ཆ་རྐྱེན་བསྐུར་བ་ལ་བརྟེན་ནས་བཅོམ་ལྡན་རིག་པའི་རལ་གྲིས་སྐབས་དེར་དབུས་གཙང་མངའ་རིས་བཅས་པའི་བོད་ཀྱི་ས་ཕྱོགས་ཁག་ནས་བཀའ་བསྟན་མ་དཔེ་འཚོལ་བསྡུ་དང༌། རྙེད་ཚད་ཕྱོགས་བསྡུས་ཀྱིས་ཞུས་དག་དང་གོ་རིམ་བཅས་བསྒྲིགས་ཏེ། སྣར་ཐང་གི་གཙུག་ལག་ཁང་དུ་བོད་ཀྱི་ཡིག་མཁན་མཁས་པ་དག་བསྡུས་ཏེ་བཀའ་འགྱུར་དང་བསྟན་འགྱུར་གསར་དུ་བཞེངས། འདི་ནི་བོད་ལ་བཀའ་བསྟན་འགྱུར་ཕྱོགས་སྒྲིག་བྱེད་པ་ཐེངས་དང་པོ་དེ་ཡིན་ནོ།

གཉིས་པ། བཅོམ་ལྡན་པས་བསྒྲིགས་པའི་སྣར་ཐང་བཀའ་བསྟན།

བཅོམ་ལྡན་རིག་རལ་གྱི་སྐོར་ལ་ལས་ཆེན་ཆོས་འབྱུང་དང༌། ཆོས་བྱུང་མཁས་པའི་དགའ་སྟོན་སོགས་ཕྱིས་ཀྱི་ལོ་རྒྱུས་ཕལ་ཆེ་བར་དེབ་ཐེར་སྔོན་པོ་ཇི་བཞིན་བཀོད་ཅིང༌། དེ་ལྟར་ན་མཁས་པ་འདི་ནི་ཡུལ་ཕུ་ཐང་བ་ཡིན་པ་ལ་བསམ་ཡས་ དཀར་པོའི་བཙུན་པ་བྱས། དགའ་བ་གདོང་དུ་དབྱར་ཉི་མ་བརྩོན་འགྲུས་ཀྱི་དྲུང་དུ་ཕར་ཕྱིན་གསན་སྐབས་ནད་ཀྱི་རྣམ་རྟོག་བྱུང་བ་སྣར་ཐང་གི་སྐྱོ་སྟོན་དྲུང་ཁམས་འཆོས་སུ་ཕེབས། སྣར་ཐང་དུ་ཕེབས་པ་དང་རྟེན་འབྲེལ་བཟང་པོ་བྱུང་ཞིང་གྲོག་སུལ་ཞིག་ལ་རྣམ་ངེས་བསྐྱངས་པས་མཛེ་བུད། དེ་ནས་སྣར་ཐང་གི་ཆོས་གྲྭར་ཞུགས་ནས་མི་གཡོ་བའི་བསྙེན་པ་བསྐྱལ་བས་ཤེས་རབ་ཀྱི་ནམ་ལངས། སློབ་མ་མཁས་པ་མང་དུ་བྱུང་ཞིང༌། དེ་དུས་སྡེ་སྣོད་འཛིན་པ་སུམ་གཉིས་བསྡུས་པར་གྲགས། བསྟན་བཅོས་ཀྱང་པོད་བཅུ་དྲུག་བརྩམས། བཙུན་པ་འཇམ་དབྱངས་སྔར་རང་ཉིད་ཀྱི་སློབ་མ་ཡིན་པ་ཆོས་བར་འདྲེ་བརྫུ་བྱས་ནས་སློབ་དཔོན་ལ་སྡིགས་པས་ཤིན་ཏུ་བཀྱོན་ནས་དྲུང་དུ་འདུག་དབང་མ་བྱུང་བ་ཕྱིས་ཧོར་རྒྱལ་པོ་བུ་ཡན་ཐུའི་མཆོད་གནས་མཛད་པ་དེས་བཅོམ་ལྡན་པར་འབུལ་བ་མང་དུ་བསྐུར་ཡང་མཉེས་པ་མ་བྱུང་བར་མཐར་སྣག་ཤོག་སོགས་སྒམ་གང་བསྐུར་བར་མཉེས་ཤིང་ཐུགས་ཁྲེལ་ཡང་བསངས། དེའི་མཐུན་རྐྱེན་ལ་བརྟེན་ནས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་ལ་ངེས་ངེས་མཛད། བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བ་མཛད་ཅེས་འཁོད། སྔར་གྱི་ལོ་རྒྱུས་དག་ལ་བཅོམ་ལྡན་པའི་འཁྲུངས་འདས་མི་གསལ་བས་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བཅོམ་ལྡན་པ་འདི་དུས་རབས་བཅུ་བཞི་པའི་གཡས་གཡོན་དུ་བྱུང་བའི་མཁས་པ་ཞིག་ཏུ་བརྩི་བཞིན་ཡོད། ཉེ་དུས་ཁོ་བོར་བཅོམ་ལྡན་པའི་རྣམ་ཐར་ཞེས་ཞལ་བྱང་དུ་འཁོད་པའི་དཔེ་རྙིང་ཞིག་ལག་སོན་བྱུང་བ་འདི་ནི་དུས་རབས་བཅུ་བཞིའི་དུས་འགོར་བཅོམ་ལྡན་པའི་དབོན་པོའི་གསུང་བཞིན་བཅོམ་ལྡན་རལ་གྲིའི་སློབ་མ་བསམ་གཏན་བཟང་པོས་བཅོམ་ལྡན་པ་གཤེགས་རྗེས་ཀྱི་ཕྱི་ལོ་དེ་རང་ལ་མཛད་པ་ཞིག་ཡིན་པས་ཤིན་ཏུ་ཁུངས་ཐུབ་པ་ཡིན། རྣམ་ཐར་འདིའི་ནང་བཅོམ་ལྡན་པའི་འཁྲུངས་ལོ་མ་བཀོད་ཀྱང་དགུང་ལོ་སོ་དྲུག་ཐོག་སྣར་ཐང་ལ་ཕེབས་པ་དང༌། ལོ་བཞི་བཅུ་རྩ་བཞི་སྣར་ཐང་ལ་གདན་ཆགས། དགུང་ལོ་པརྒྱད་ཅུར་ཕེབས་པའི་ཤིང་སྦྲུལ་སྟོན་རའི་ཚེས་དགུ་ཉི་ཤར་གཏིང་ལ་གཤེགས་ཞེས་འཁོད་པ་ལ་གཞིགས་ན། བཅོམ་ལྡན་རིག་རལ་ནི་བོད་རབ་བྱུང་བཞི་པའི་མེ་ཕག་སྤྱི་ལོ་༡༢༢༧ལོར་སྐུ་འཁྲུངས་ནས་རབ་བྱུང་ལྔ་པའི་ཤིང་སྦྲུལ་སྤྱི་ལོ་༡༣༠༥ལོར་སྐུ་གཤེགས་པ་ཡིན། བཅོམ་ལྡན་རིག་རལ་གྱིས་མཛད་པའི་བཀའ་བསྟན་དཀར་ཆག་གི་ཐད། མི་ཉག་མགོན་པོ་ལགས་ནས་དེ་སྔོན་མི་རིགས་ཕོ་བྲང་ནང་བཞུགས་པའི་དཔེ་རྙིང་བསྟན་པ་རྒྱས་པ་རྒྱན་གྱི་མེ་ཏོག་ཅེས་པ་ཞིག་ཁོང་གི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བོད་དུ་བྱུང་ཚུལ་ཞེས་པའི་རྩོམ་ཡིག་ནང་དུ་ལུང་དྲངས་ཤིང༌། ཕྱིས་དཔེ་རྙིང་འདི་བོད་དུ་དབོར་བ་ད་ལྟ་གང་དུ་བཞུགས་མིན་ཆ་མི་འཚལ་བ་ཡིན། ཉེ་དུས་ཁོ་བོས་བཅོམ་ལྡན་རིག་རལ་གྱི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བྱ་བའི་དཔེ་རྙིང་ཞིག་མཇལ་བ་འདི་ནི་ཞྭ་དམར་དྲུག་པའི་དཀར་ཆག་ནང་བཀོད་པའི་མཚན་བྱང་དང་བརྗོད་བྱ་དང་ཡོངས་སུ་མཐུན་པར་འདུག ༢༠༠༣ལོའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཏུ་དེ་སྐོར་ཕྱི་གླིང་གི་བཀའ་བསྟན་དཀར་ཆག་མཁས་པ་འགའ་དང་གླེང་མོལ་བྱུང་བར་དེ་དག་གིས་འདི་གཉིས་དཔེ་གཅིག་ལ་མཚན་མི་འདྲ་བ་ཡིན་པར་གསུངས་ཀྱང༌། བཅོམ་ལྡན་པའི་རྣམ་ཐར་ནང་འདི་གཉིས་ཀའི་མཚན་སོ་སོར་བྱུང་བས་མ་ཕྱི་གཉི་ཀ་འཛོམ་མཚམས་ཕན་ཚུན་དཔྱད་བསྡུར་བྱ་འོས་པ་ཡིན།

མཁས་དབང་དུང་དཀར་རིན་པོ་ཆེའི་བོད་ཀྱི་དཀར་ཆག་རིག་པའི་ནང་བཅོམ་ལྡན་པའི་བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པ་ཞེས་པ་ཞིག་དང་དེ་ལས་བསྡུས་པ་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་པ་གཉིས་ཡོད་སྐོར་བྱུང༌། ཡིན་ཡང་ཚིག་འདི་དཔེ་ཁུངས་གང་ནས་འདྲེན་མིན་མ་འཁོད་པས་ཞིབ་ཆ་ཇི་ཡིན་མ་ཤེས། ཁོ་བོས་འདིར་དོ་གལ་ཆེན་པོས་དཔེ་ཁུངས་བཙལ་འཚོལ་ཞུས་ཤིང་མཁས་དབང་འགའ་ཞིག་ལ་སློབ་སྟོན་ཞུས་ཀྱང་ད་བར་དེ་འདྲའི་སྐོར་གྱི་དཔྱད་གཞི་གཞན་ཞིག་མ་མཐོང་ལགས། འོན་ཏེ་འདི་ནི་བཅོམ་ལྡན་པའི་རྣམ་ཐར་ནང་འཁོད་པའི་བསྟན་བཅོས་དེ་གཉིས་ལ་གོ་རྒྱུ་ཡིན་ནམ་སྙམ་སྟེ། ཁོང་གིས་གསུངས་པའི་བཀའ་བསྟན་དཀར་ཆག་བསྟན་པ་རྒྱས་པ་ནི་བསྟན་པ་རྒྱས་པ་རྒྱན་གྱི་མེ་ཏོག་དང་དཀར་ཆག་ཉི་མའི་འོད་ཟེར་ནི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བྱ་བ་དེ་གཉིས་ཀྱི་མཚན་གྱི་འབོད་ཚུལ་གཞན་ཞིག་ཡིན་པའང་སྲིད།

བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་འདིའི་བརྗོད་བྱ་དག་ལེའུ་སུམ་ཅུ་རྩ་གཉིས་ལ་ཕྱེ་ནས་གསུངས་ཡོད་དེ། དེ་ཡང་ལེའུ་༡ བོད་ཇི་ལྟར་བྱུང་བ་དང༌། ༢ བོད་དུ་ཆོས་ཇི་ལྟར་བྱུང་བ། དེ་ནས་བཀའ་བསྟན་གྱི་དཀར་ཆག་དངོས་ལས་མདོ་ཁོངས་ལས་བཀའ་ཡི་སྐོར། ༣ ཤེར་ཕྱིན་གྱི་སྐོར། ༤ ཕལ་ཆེན། ༥ དཀོན་བརྩེགས། ༦ ཐེག་ཆེན་མདོ་སྡེ། ༧ཐེག་ཆུང་མདོ་སྡེ། ༨ གཟུངས་ཀྱི་སྐོར། ༩ མཚན་དང་སྨོན་ལམ་བཀྲ་ཤིས་ཀྱི་སྐོར། འདི་ནས་བསྟན་བཅོས་ཀྱི་སྐོར། ༡༠ མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པ། ༡༡ རྒྱ་དང་ལི་ལས་བསྒྱུར་བ། ༡༢ འདུལ་བའི་ལེའུ། ༡༣ མངོན་པའི་ལེའུ། ༡༤ དབུ་མའི་བསྟན་བཅོས། ༡༥ སེམས་ཙམ་པའི་བསྟན་བཅོས། ༡༦ བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྒོམ་རིམ། ༡༧ བསྟོད་པ་སྣ་ཚོགས་ཀྱི་ལེའུ། ༡༨ གསང་སྔགས་ཀྱི་ལེའུ། ༡༩ རྟོག་གེའི་ལེའུ། ༢༠ སྒྱུར་འཕྲོ་དང་ཞུས་ཆེན་མ་བྱས་པའི་ལེའུ། ༢༡ ལོ་པཎ་དང་རྒྱལ་པོ་རྣམས་ཇི་ལྟར་བྱོན་པའི་ལེའུ། ༢༢ ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའི་ལེའུ། ༢༣ རིན་བཟང་གི་སློབ་མས་བསྒྱུར་བའི་ལེའུ། ༢༤ནག་ཚོས་བསྒྱུར་བའི་ལེའུ། ༢༥ ཇོ་བོ་འདས་མ་ཐག་ཏུ་བསྒྱུར་བའི་ལེའུ། ༢༦ འབྲོག་མི་ལ་སོགས་པས་བསྒྱུར་བའི་ལེའུ། ༢༧ལོ་ཆེན་རྔོག་བློ་ལྡན་ལ་སོགས་པས་བསྒྱུར་བའི་ལེའུ། ༢༨ པ་ཚབ་ཉི་མ་གྲགས་ལ་སོགས་ཀྱིས་བསྒྱུར་བའི་ལེའུ། ༢ཁོ མདོ་རྐྱུད་ཀྱི་བསྟན་བཅོས་ཡང་དག་དང་ལྟར་སྣང་གི་དབྱེ་བའི་ལེའུ། ༣༠ རྒྱལ་པོ་ཁྲི་རལ་པ་ཅན་ཡན་ཆོད་དུ་བརྩམས་པའི་ལེའུ། ༣༡ རྔོག་བློ་ལྡན་གྱིས་བརྩམས་པའི་ལེའུ། ༣༢མཇུག་གདམས་པའི་ལེའུ་བཅས་ལེའུ་སུམ་ཅུ་རྩ་གཉིས་ལ་རྒྱ་གར་དང་རྒྱ་ནག ལི་ལ་སོགས་པ་ནས་བསྒྱུར་བའི་ཆོས་ཚན་ཉིས་སྟོང་བདུན་ཅུ་རྩ་གཅིག་དང༌། བོད་ཀྱི་ལོ་པཎ་དང་ཆོས་རྒྱལ་རྣམས་ཀྱི་མཛད་པ་ལ་བསྟན་བཅོས་བརྒྱ་དང་དྲུག་ཅུ་རྩ་བརྒྱད། ཁྱོན་ཆོས་ཚན་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་ཙམ་བཞུགས་སོ།།

བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་འདིའི་རྩ་བའི་གོ་རིམ་དང་ལེའུ་ཚན་སོགས་ཀྱི་སྒྲིག་ཚུལ་ནི་བོད་བཙན་པོའི་དུས་ཀྱི་དཀར་ཆག་རྣམ་གསུམ་གཞིར་གནང་བ་ཞིག་ཡིན་འདུག་པ། ལེའུ་གསུམ་པའི་གླེང་གཁིའི་ཚུལ་དུ་དཀར་ཆག་རྣམ་གསུམ་གྱི་ཚིག་ཟུར་བཀོད་ཡོད་པ་ནས་ཀྱང་མཚོན་ཐུབ་ལ། ཤེར་ཕྱིན་དང་ཕལ་ཆེན། དཀོན་བརྩེགས། གཟུངས་བསྡུས། རྒྱུད་འབུམ་བཅས་པའི་ལེའུའི་འཇོག་སྟངས་ནི་བོད་སིལ་བུའི་དུས་ཀྱི་ཕྱོགས་སྒྲིག་བྱ་ཚུལ་དེ་རང་ཡིན།

བཅོམ་ལྡན་པའི་དཀར་ཆག་འདི་བཙན་པོའི་སྐབས་ཀྱི་དཀར་ཆག་སྔ་མ་གསུམ་དང་བསྡུར་ན་ཆོས་ཚན་ལྡབ་གསུམ་ལྷག་ཙམ་གྱི་མང་བ་ཡོད་དེ། དེའི་རྒྱུ་མཚན་ཡང་གཙོ་བོ་འདིའི་ནང་ལོ་ཆེན་རིན་བཟང་དང་རྔོག་ལོ་ཆེན་པོ་སོགས་གསར་འགྱུར་མང་པོ་ཞིག་བཞུགས་པས་རེད། འོན་ཏེ་འདི་ནི་བཅོམ་ལྡན་པའི་སྐུ་ཚེའི་སྨད་ཀྱི་བརྩམས་ཆོས་ལ་ཁོ་བོས་མི་སེམས་ཏེ། འདིའི་ནང་སྔ་འགྱུར་རྒྱུད་སྐོར་ལ་བཀག་ཅིང་དཀར་ཆག་ནང་བཀོད་མེད་པས་སོ།། ཡོངས་གྲགས་ཀྱི་ལོ་རྒྱུས་ལའང་བཅོམ་ལྡན་པས་ཐོག་མར་སྔ་འགྱུར་རྒྱུད་དག་རྒྱུད་ཡང་དག་ཅིག་ལ་མ་བརྩིས་པར་བཀག་ཅིང༌། ཕྱིས་ཤངས་སྲེག་ཞིང་དང་བསམ་ཡས་སོགས་ནས་རྒྱ་དཔེ་རྙེད་པས་གསར་རྙིང་གྲུབ་པ་རྒྱན་གྱི་མེ་ཏོག་བརྩམས་ནས་རྒྱུད་ཡང་དག་ལ་གསུངས་ཞེས་པ་ལ་ལྟོས་ན་དཀར་ཆག་འདི་བཅོམ་ལྡན་པ་ཉུང་མཐར་དགུང་ལོ་བདུན་ཅུའི་གོང་གི་བརྩམས་ཆོས་ཡིན་དགོས། གཞན་ཞིག་ནི་སྔར་གྱི་ཡིག་ཆ་མང་པོར་བཅོམ་ལྡན་པས་དུས་འཁོར་བཀག་གི་ཡོད་ཚུལ་བཤད་ཀྱང་དཀར་ཆག་འདིའི་ནང་དཔལ་དུས་ཀྱི་འཁོར་ལོའི་ཆོས་ཚན་ཡང་ཇི་སྙེད་ཅིག་བཞུགས་ཡོད།

དེ་ལྟར་ན་དུང་དཀར་རིན་པོ་ཆེ་སོགས་ནས་བཅོམ་ལྡན་པས་སྤྱི་ལོ་༡༣༡༢ལོར་སྣར་ཐང་བཀའ་བསྟན་བཞེངས་ཞེས་བྱུང་བ་ནི་མཁས་པ་དེ་དག་གིས་དེ་སྐབས་བཅོམ་ལྡན་པའི་རྣམ་ཐར་མ་གཟིགས་པའི་རྐྱེན་གྱིས། བཅོམ་ལྡན་པ་༡༣༠༥ལོར་གཤེགས་པའི་ཆ་འཕྲིན་མ་ཐོབ་པས། དེའི་སློབ་མ་འཇམ་འགག་པཀི་ནི་གོང་མ་བུ་ཡན་ཐུས་གདན་དྲངས་ཤིང་དེ་ཉིད་ཁྲི་བཟུང་བའི་དུས་ནི་༡༣༡༢ལོར་ཡིན་རྐྱེན་དེ་འདྲའི་རྒྱུ་མཚན་གྱིས་གསུངས་པ་ཡིན་པར་མཐོང༌། དོན་དུ་འཇམ་འགག་འདི་འགྲོ་མགོན་འཕགས་པ་རྒྱ་ནག་ཏུ་ཐེངས་གཉིས་པ་ཕེབས་དུས་ཕྱག་ཕྱིར་ཕེབས་པ་ཞིག་ཡིན་པས་སྣག་ཤོག་སོགས་པེསྐུར་དུས་དུས་རབས་བཅུ་གསུམ་གྱི་དུས་སྨད་ལ་ཡིན་དགོས་པ་ཞིག་འདུག་ལ། སླར་ཡང་སྣག་ཤོག་སོགས་ཀྱི་མཐུན་རྐྱེན་སྒྲུབ་དུས་ནི་དབུས་པ་བློ་གསལ་སོགས་ཀྱིས་བཀའ་བསྟན་ཕྱོགས་སྒྲིག་བྱེད་པའི་དུས་ཡིན་ནོ།།

དེས་ན་བཅོམ་ལྡན་རིག་རལ་གྱིས་ཐོག་མར་སྒྲིག་པའི་སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པ་ནི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དཀར་ཆག་ཏུ་མཛད་ཡུལ་གྱི་བཀའ་བསྟན་དེ་རང་ཡིན་དགོས་ལ་བཀའ་བསྟན་འདི་ཉིད་ཕྱོགས་སྒྲིག་བྱེད་པའི་དུས་ཚོད་ཀྱང༌། དུས་རབས་བཅུ་གཉིས་པའི་དུས་སྨད་དེ་འདྲར་ཡིན་དགོས་སོ། བཅོམ་ལྡན་པས་བསྒྲིགས་པའི་བཀའ་བསྟན་འདི་༡༩༥༩ལོའིགོང་སྣར་ཐང་གི་འཇམ་དབྱངས་ལྷ་ཁང་དུ་བཞུགས་སུ་གསོལ་ཡོད་ཀྱང་ལོ་བཅུའི་གོད་ཆགས་ནང་གཏོར་སྐྱོན་གྱིས་ད་ཆ་རྨེག་མེད་སོང་ཞིང་སྔར་ནས་འདི་ལ་ཕྱི་མོ་བྱས་པའི་བུ་དཔེ་གཞན་ཞིག་མེད་པར་གྲགས་པས་ཤིན་ཏུ་ཕངས་པའི་གནས་སོ།།

གསུམ་པ། ཞལ་སྐོང་མཛད་པའི་སྣར་ཐང་བསྟན་འགྱུར།

རྒྱལ་བའི་བཀའ་བོད་དུ་འགྱུར་རོ་ཅོག་གི་ཆོས་ཚན་ནང་དོན་བཅས་པ་ཕྱིས་ཀྱི་ཚལ་པ་བཀའ་གྱུར་སོགས་ཕལ་ཆེར་བཅོམ་ལྡན་པའི་བཀའ་འགྱུར་ཇི་བཞིན་པ་ཙམ་ལ་གནས། དེའི་དབང་གིས་ད་ལྟའི་ཆར་སྣར་ཐང་བཀའ་འགྱུར་ཞལ་སྐོང་གསབ་སྣོན་བྱས་པའི་སྐོར་ད་ལྟ་མཇལ་དུ་མེད་པ་ཡང་རྒྱུ་མཚན་དེ་འདྲའི་དབང་གིས་ཡིན་རྒྱུ་རེད།

སྣར་ཐང་གི་བསྟན་འགྱུར་ཞལ་སྐོང་གསབ་སྣོན་གྱིས་ཡོངས་སུ་རྫོགས་པའི་དུས་བཅོམ་ལྡན་རིག་རལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་ཚོད་རེད་ན་ཡང་དོན་དུ་བྱ་བ་འདི་དམ་པ་འདི་ཉིད་ཀྱི་འཕྲིན་ལས་ཀྱི་ཆ་ལས་གྲུབ་པར་རྟོགས་དགོས་ཏེ། མཆིམས་ནམ་མཁའ་གྲགས་ཀྱི་དཔེ་བསྡུས་སྟེང་བཅོམ་རལ་བས་ཆོས་ཚན་མང་དུ་ཁ་གསབ་ཅིང༌། དེར་མ་བསྡུས་པ་དག་ཀྱང་དབུས་པ་བློ་གསལ་དང་རྒྱང་རོ་བྱང་ཆུབ་འབུམ་སོགས་ལ་འཚོལ་བསྡུ་གནང་དགོས་པར་བཅོམ་ལྡན་པས་ཞལ་ཏ་མཛད་པ་ཡིན་ནོ།

དབུས་པ་བློ་གསལ་རྩོད་པའི་སེང་གེས་ ( ཁོ་བོས་བྲིས་པའི་དབུས་པ་བློ་གསལ་དང་ཨར་བྱང་ཆུབ་ཡེ་ཤེས་མི་གཅིག་ཡིན་མིན་སྐོར་ལ་དཔྱད་པ་ཞེས་པའི་རྩོམ་ཐུང་ལ་གཟིགས ) ) མཛད་པའི་བསྟན་བཅོས་དཀར་ཆག་ཏུ་གྲགས་པའི་བརྩམས་ཆོས་འདི་ཉེ་དུས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཞིག་དང་ཡང་སྔར་དཔེ་མཛོད་དེ་རང་གི་དཔེ་ཆའི་ཁོངས་ཕྱིས་པེ་ཅིན་མི་རིགས་ཕོ་བྲང་ནང་བཞུགས་པ་ཁག་གཉིས་སོན་པ་འདིའི་ནང་སྣར་ཐང་གི་བསྟན་འགྱུར་ཇི་ལྟར་བཞེངས་ཚུལ་སྐོར་ལ་ཐོག་མར་གླེང་གཞིར་ལྷ་དང་བཅས་པའི་སྟོན་པ། ཡོངས་སུ་རྫོགས་པ་མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱིས་བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་འགྱུར་རོ་ཅོག་ཏུ་གྲགས་པ་རྣམས་ཇི་ལྟར་བཞེངས་པ་ལས་བསྟན་བཅོས་རྣམས་ཀྱི་རིམ་པ་ནི་དཀར་ཆག་ཏུ་བྲི་བར་བྱའོ་ཞེས་དང༌། དཀར་ཆག་འདི་ཉིད་ཀྱི་མཇུག་བྱང་ཐོག་ཏུ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་དགོངས་པ་ཇི་ལྟ་བར་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ་དབུས་པ་བློ་གསལ་རྩོད་པའི་སེང་གེ་དང༌། རྒྱང་རོའི་བཙུན་པ་བྱང་ཆུབ་འབུམ་ལ་སོགས་པས་རྐྱེན་དམ་པར་བགྱིས་ཏེ། བླའི་དཀར་ཆག་ཆེན་མོ་ཉིད་གཞིར་བྱས་ནས་རྣམ་པར་དག་པར་བཞེངས་ཤིང༌། རབ་ཏུ་གནས་པ་བཟང་པོ་དང༌། དེ་དག་གི་དགའ་སྟོན་རྒྱ་ཆེན་པོ་དང་བཅས་པ་ལེགས་པར་གྲུབ་པའི་རྗེས་ལ། དཔལ་སྣང་ཐང་གི་ཆོས་གྲྭ་ཆེན་པོར་དབུས་པ་བློ་གསལ་གྱིས་དཀར་ཆག་ཏུ་བཀོད་ནས་ཕྱག་ཏུ་ཕུལ་བའོ་ཞེས་འཁོད་པ་ལ་བརྟག་ན། སྣར་ཐང་བསྟན་འགྱུར་འདི་ནི་བཅོམ་ལྡན་རིག་རལ་གཤེགས་རྗེས་མཆིམས་འཇམ་པའི་དབྱངས་ཀྱིས་ཞལ་ཏ་མཛད་ནས་བཞེངས་པ་ཞིག་ཡིན་ཞིང༌། བསྟན་འགྱུར་ནང་དོན་དང༌། ལེའུའི་འཇོག་སྟངས་ཆ་ནས་ཀྱང་བཅོམ་ལྡན་རིག་རལ་གྱི་བསྟན་བཅོས་ཕྱོགས་སྒྲིག་སྟེང་ལ་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་རྟོགས་ཐུབ།

ཞལ་ཏ་མཁན་གྱི་འཇམ་པའི་དབྱངས་འདི་ནི་དུང་དཀར་རིན་པོ་ཆེའི་ཚིག་མཛོད་དུ་མཆིམས་ནམ་མཁའ་གྲགས་སུ་གསུངས་ཤིང༌། བསྟན་རྩིས་ཀ་ཕྲེང་ལག་དེབ་ཏུའང་མཆིམས་ནམ་མཁའ་གྲགས་དང་གཅིག་ཏུ་བྲིས་མོད། དོན་དམ་མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་པའི་བླ་མ་དང་སྣར་ཐང་གི་མཁན་རབས་མཆིམས་ཐམས་ཅད་མཁྱེན་པ་རུ་གྲགས་པ་དེ་ཡིན་ཞིང༌། དབུས་པ་བློ་གསལ་གྱིས་སྣར་ཐང་བསྟན་འགྱུར་སྒྲིག་སྐབས་དམ་པ་འདི་ཉིད་གཤེགས་ཚར་བ་ཡིན། གཞན་ཡང་ཉེ་དུས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དབུས་པ་བློ་གསལ་དང་ཨར་བྱང་ཆུབ་ཡེ་ཤེས་གཉིས་སྐྱེས་བུ་གཅིག་ཏུ་ངོས་འཛིན་པ་སོགས་ཁོ་བོས་དཔྱད་པ་བྱས་ཚུལ་གྱི་ཡི་གེ་ཟུར་དུ་ཡོད་པས་འདིར་རྒྱས་གླེང་མི་ཞུ།

མདོར་ན་ཞལ་ཏ་མཁན་གྱི་འཇམ་པའི་དབྱངས་འདི་ནི་མཆིམས་འཇམ་པའི་དབྱངས་སུ་གྲགས་པ་སྟེ། ཡོངས་གྲགས་སུ་འཇམ་འགག་པཀི་ཞེས་སོག་པོའི་འབོད་ཚུལ་ཟུར་ཆག་པ་དེ་ཉིད་ཡིན་ཞིང༌། འདི་ཡང་མཆིམས་མཛོད་ཅེས་ཡོངས་སུ་གྲགས་པའི་བསྟན་བཅོས་ཀྱི་མཛད་པ་པོ་ཡིན་གཤིས། དཀར་ཆག་འགའ་ཞིག་དང་གསན་ཡིག་སོགས་མང་པོར་མཆིམས་ནམ་མཁའ་གྲགས་སུ་གསུངས་མོད། དོན་དུ་མཇུག་བྱང་ཐོག་གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པའི་སྤྱི་བོས་ལེན་པ། མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏོའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ། ཞེས་འཁོད་པ་ལས་ཀྱང་རྟོགས་ནུས་པ་ཡིན་ནོ། འདིས་ཧོར་རྒྱལ་པོ་བུ་ཡན་ཐུས་ཆབ་སྲིད་བཟུང་སྐབས་དབུའི་མཆོད་གནས་གནང་བ་སོགས་གོང་དུ་བརྗོད་པ་བཞིན་ཡིན་ལ་བཅོམ་ལྡན་པར་བཀའ་བསྟན་བཞེངས་པའི་བདག་རྐྱེན་སྦྱར་རྗེས་དེའི་འཕྲོ་སྐྱོང་རྒྱུར་མུ་མཐུད་ཉིད་ཀྱི་སློབ་མ་དབུས་པ་བློ་གསལ་སོགས་ལ་ཞལ་ཏ་དང་མཐུན་རྐྱེན་ཕུལ་བ་ཞིག་ཡིན་པ་མཚོན་ཐུབ་བོ།

དེ་ལྟར་སྣར་ཐང་གི་བསྟན་བཅོས་འདི་ལ་ཁྱོན་ལེའུ་ཉེར་གཅིག་དང༌། ཆོས་ཚན་ཉིས་སྟོང་སུམ་བརྒྱ་ལྔ་བཅུ་ལ། པོད་བརྒྱ་དང་ལྔ་བཅུ་ང་བཞི་བཞུགས་ཡོད།

དེ་དག་གི་ཆོས་ཚན་ནང་དོན་སྒྲིག་ཚུལ་ནས་མཐོང་ཐུབ་པར། ལེའུ་བཅོ་བརྒྱད་ཀྱི་བཀྲ་ཤིས་དང་སྨོན་ལམ་ལེའུ་ཡན་ནི་བཅོམ་ལྡན་རིག་རལ་གྱིས་བསྒྲིགས་པའི་སྔར་གྱི་བསྟན་འགྱུར་གྱི་ནང་དོན་གཙོ་བོར་བཀོད་པ་དེ་ཡིན་ཞིང༌། དེ་མཇུག་གི་ལེའུ་གསུམ་ནི་བསྟན་བཅོས་དེ་ཡི་འཕྲོ་མཐུད་དང་ཁ་སྐོང་ཞིག་ཡིན་པས། ལེའུ་འདིའི་མཇུག་ཏུ་གླེགས་བམ་འདི་ན་བཞུགས་པ་རྣམས་དཀར་ཆག་ཏུ་རེ་ཞིག་ལེགས་པར་གྲུབ་པའོ་ཞེས་མཇུག་བསྡུའི་ཚིག་བྱུང་བ་ཡིན་ནོ། དེ་འདྲའི་མ་ཕྱིར་གྱུར་པའི་བསྟན་འགྱུར་ནི་ཏན་ཏན་བཅོམ་ལྡན་རིག་རལ་གྱིས་བསྒྲིགས་པའི་བསྟན་འགྱུར་དེ་ཡིན་དགོས་ཏེ། གཅིག་ནས་བཅོམ་ལྡན་པས་དབུས་པ་བློ་གསལ་ལ་བཅོམ་ལྡན་པའི་སྐུ་དུས་བཞེངས་པའི་བཀའ་བསྟན་ལ་དཀར་ཆག་འགོད་འཇུག་པ་དང༌། འཇམ་འགག་པལྷིས་ཀྱང་བཅོམ་ལྡན་པའི་འཕྲིན་ལས་ཀྱི་འཕྲོ་སྐྱོང་རྒྱུར་སྣག་ཤོག་ཐེངས་གཉིས་པ་བསྐུར་ནས་ཞལ་ཏ་མཛད་པས་ཀྱང་མཚོན་ནུས་པ་ཡིན་ནོ།

དཀར་ཆག་འདི་བརྒྱུད་བཅོམ་ལྡན་རིག་རལ་དུས་ཀྱི་བཀའ་བསྟན་གྱི་རྣམ་པ་རྟོགས་ཐུབ་པས་འདི་ནི་དཀར་ཆག་འདི་རང་ལས་འདས་པའི་ལེགས་སྐྱེས་ཤིག་ཡིན།

ལེའུ་བཅུ་དགུ་པར་ཤིན་ཏུ་དཀོན་པའི་དཔེ་ཕྱིས་བཙུན་པ་མཆོག་གིས་རྙེད་ནས་བྲིས་པ་ཡིན་ཞིང༌། འདིར་བཀའ་བསྟན་དཔེ་བསྡུར་ཁང་གིས་གསང་སྔགས་ཤ་སྟག་ཏུ་གསུངས་ཀྱང་དཀར་ཆག་དངོས་དང་བསྡུར་སྐབས་མདོ་སྔགས་གཉིས་ཀ་བཞུགས་འདུག མཇུག་གི་ལེའུ་གཉིས་ནི་སླར་ཡང་དཔེ་དཀོན་རྙེད་པ་རྒྱང་རོ་བྱང་ཆུབ་འབུམ་གྱིས་གནང་བའི་ཁ་སྐོང་ཡིན་ཞིང༌། གཞན་ཡང་དཀར་ཆག་འདིའི་ནང་ལོ་ཙཱ་བ་བསོད་ནམས་འོད་ཟེར་གྱིས་བཏབ་པའི་ལེགས་སྦྱར་མཆན་བུ་བཞུགས་ཡོད་ཅིང༌། ལོ་ཙཱ་བ་འདི་ནི་སྣར་ཐང་བཀའ་བསྟན་སྒྲིག་མཁན་གཞན་ཤོས་ཤིག་ཡིན་པ་དཀར་ཆག་གཞན་ཀུན་ལ་གསུངས་སོ། ཕྱིས་སུ་བསྣན་པའི་ལེའུ་གསུམ་ལ་ཆོས་ཚན་བཞི་བརྒྱ་ལྷག་པ་ཡོད་པ་དེའི་ནང་གཙོ་བོ་བོད་སིལ་བུའི་དུས་ཀྱི་གསར་འགྱུར་མང་དག་ཅིག་ཡོད་ལ་སྔ་འགྱུར་གསར་དུ་རྙེད་པའི་ཆོས་ཚན་འགའ་ཞིག་ཡོད་པ་མ་ཟད། ལྷག་པར་རྙིང་མའི་རྒྱུད་ཀྱི་ཆོས་ཚན་ཡང་འགའ་ཡོད་པ་བཅས་བཅོམ་ལྡན་པའི་དགོངས་པའི་འཕྲོ་མཐུད་ཅིག་ཡིན་པ་དཀར་ཆག་དངོས་ལ་བལྟས་ན་ཤེས་ཐུབ།

དེའི་དབང་གིས་བཅོམ་ལྡན་པའི་བསྟན་འགྱུར་འདིར་ཆོས་ཚན་ཆིག་སྟོང་དགུ་བརྒྱ་སུམ་ཅུ་སོ་གཅིག་དང་པོད་བརྒྱ་དང་ཞེ་བདུན་ཡོད་པ་དང༌།

དབུས་པ་བློ་གསལ་དང་རྒྱང་རོ་བྱང་ཆུབ་འབུམ་གྱིས་ཕྱིས་གསར་དུ་བསྣན་པའི་ཆོས་ཚན་བཞི་བརྒྱ་བཅུ་དགུ་ལ་པོད་བདུན་བཞུགས་པ་དཔོག་ནུས་སོ།

མཇུག་བསྡུ།

སྣར་ཐང་གི་བཀའ་བསྟན་འདི་ནི་བོད་དུ་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་ཆོས་རིག་གཞུང་ངམ་མདོ་སྔགས་དང་ཕྱི་ནང་རིག་གནས་ཀྱི་དཔེ་ཚོགས་ཆེན་པོ་དེ་དངོས་སུ་ཕྱོགས་སྒྲིག་བྱས་པ་ཐོག་མ་དེ་ཡིན་ཞིང༌། འདི་འདྲའི་བཀའ་བསྟན་ཕྱོགས་སྒྲིག་བྱས་པ་དེས་ཕྱིས་ཀྱི་བཀའ་འགྱུར་བསྟན་འགྱུར་ཞེས་པའི་དཔེ་ཚོགས་དེ་ལ་རྩ་བའི་སྒྲོམ་གཞི་དང་མ་ལག་ཅིག་ཆགས་ཐུབ་པ་མ་ཟད། བོད་དུ་བཀའ་བསྟན་ཕྱོགས་སྒྲིག་བྱེད་པའི་མཐོ་རླབས་ཤིག་ཀྱང་འཕྱུར་ཐུབ་པ་བྱུང་ངོ༌། མདོར་ན་གྲུབ་ཐོབ་ཨོ་རྒྱན་པའི་ཕུ་བྲག་བཀའ་འགྱུར་ཕུད་ཕྱིས་ཀྱི་བཀའ་བསྟན་འགྱུར་ཇི་འདྲ་ཞིག་ཡིན་ཀྱང་དེ་དག་ཀུན་གྱི་ཕྱི་མོ་ནི་སྣར་ཐང་གི་བཀའ་བསྟན་འགྱུར་དུ་གྲགས་པ་འདི་ཉིད་ཡིན་ནོ། །

༢༠༠༦ལོའི་鉄བོད་ལྗོངས་ཞིབ་འཇུག鉅དེབ་གཉིས་པ་ལས་བདམས།

 

བརྒྱུད་སྐུལ།

མཆན་སྤེལ།