ལོ་རྒྱུས་གཡུ་ཡི་ཕྲེང་བའི་སྐོར་གྱི་དྲི་ལན།

—མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།

དེ་ཡང་《རླངས་ཀྱི་པོ་ཏི་བསེ་རུ》ལས། “ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་”ཞེས་གསུངས་པ་བཞིན་ཁྱིམ་ཚང་བྱེ་བྲག་པ་དང་། ལྷག་པར་རང་རེ་བོད་མི་རིགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་བཅས་ཀྱི་བྱུང་བ་དང་། འཕེལ་འགྲིབ་ཀྱི་ལོ་རྒྱུས་གཏན་ཚིགས་དང་མཐུན་པ་ཞིག་མ་ཤེས་ན་གཞན་སྡེའི་ཁྲོད་དུ་དགུན་གྱི་ཁུ་བྱུག་བཞིན་སྨྲ་བའི་སྤོབས་པ་དང་ཡོངས་སུ་འབྲལ་བར་ངེས་ན་ཁྱིམ་ཚང་ཆེན་པོ་འདིའི་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀྱང་དྲང་དོན་གྱི་བཞེད་ཚུལ་ལྟར་མ་ཡིན་པར་ཅི་ནས་ཀྱང་དོན་ངོ་མའི་ཐོག་རྐང་ཚུགས་ཐུབ་བྱེད་དགོས་པ་དེ་རེད།

དེ་ལྟར་འོང་བ་ལའང་“མཁས་པ་རྩད་ཅིང་མ་དྲིས་པར། དེ་ཡི་བར་དུ་གཏིང་མི་དཔོག་”ཅེས་གསུངས་པ་ལྟར་གཅིག་ནས་སྔོན་བྱོན་བོད་ཀྱི་ལོ་པཎ་ཚོའི་གསུང་རྩོམ་དག་ལ་ཕུལ་ཕྱིན་པའི་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ། གཉིས་ནས་གསར་རྙིང་གང་ཅིར་ཐུགས་རྒྱུས་ཟབ་ཅིང་མཁྱེན་པ་རྒྱས་པ་རིག་གཞུང་ཞིབ་འཇུག་གི་ཐབས་དང་ནུས་པ་རྩེ་མཐོར་སོན་པའི་མཁས་དབང་འཚོ་ཞིང་གཞེས་པའི་གཡར་སྔ་ནས་ལེགས་བཤད་ཀྱི་བདུད་རྩིའི་བགོ་སྐལ་མྱོང་བ་བརྩོན་པ། གསུམ་ནས་རིག་གཞུང་ཞིབ་འཇུག་གི་ཐད་ངང་པས་ཆུ་ལས་འོ་མ་ལེན་པ་ལྟ་བུ་ལས་བྱ་ཟིན་ཉ་ཟིན་གྱིས་འབུ་བླ་མ་མ་ཎི་ཆུའི་སྟེང་དུ་ལྡིང་བ་ལྟ་བུ་མ་ཡིན་པ་ཞིག་དགོས་པ་འདི་དག་ནི་ངེད་ཕྱི་རབས་གཞོན་སྐྱེས་རྣམས་ཀྱིས་ངེས་པར་དུ་ཡིད་གཟབ་དགོས་པའི་གནད་དོན་གལ་པོ་ཆེ་ཞིག་ལགས། རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟར་འཚོ་ཞིང་གཞེས་པའི་མཁས་དབང་རྣམས་ལས་སློབ་སྦྱོང་དང་ཞིབ་འཇུགཐབས་ཤེས་སོགས་ཀྱི་ལེགས་བཤད་ཀྱི་བདུད་རྩི་མྱོང་བར་འབད་རྒྱུ་ནི་སྐྱ་ཟད་སྔོ་ལ་མ་ཐུག་པ་དང་། མཁས་ཟད་བླུན་ལ་མ་རག་པའི་སྒོ་ནས་བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་རིག་གཞུང་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ཐབས་ལམ་གལ་ཆེ་ཞིག་ཡིན་གཤིས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་གིས་བཀའ་བསྩལ་སྤྱི་བོའི་རྒྱན་དུ་ཕེབས་པ་བཞིན་ཁོ་བོའི་སློབ་དཔོན་བཀའ་དྲིན་ཅན་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ལ་《གཡུ་ཕྲེང་》གཙོ་བོར་བྱས་པའི་བོད་རིག་པའི་ཞིབ་འཇུག་དང་འབྲེལ་བའི་གནད་དོན་འགའ་ཞིག་ཐད་ངོ་བཅར་བཀའ་འདྲི་ཞུས་པ་ལ་བསྩལ་པའི་གསུང་མཆིད་དག་བོད་ཀྱི་ཤེས་རིག་ལ་སྤྲོ་བའི་མཁྱེན་ལྡན་གཟུར་གནས་རྣམས་ཀྱི་སྙན་ལམ་དུ་འབུལ་བ་ལགས།

ཞབས་ཤར་ཟླ་བ་ཚེ་རིང་། དེ་ཡང་ཐོག་མར་སློབ་དཔོན་མཆོག་ལ་བཀའ་འདྲི་ཞུ་རྒྱུར། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་འདི་ཉིད་ལ་《གཡུ་ཕྲེང་》ཞེས་འདོགས་པར་མཛད་པའི་དགོངས་གཞི་གང་ལགས་སམ།

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དེ་ནི་དཔེར་ན་ཏུན་ཧོང་གི་བོད་ཡིག་ཤོག་དྲིལ་ལས་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་སྐོར་འཁོད་པའི་ཤོག་དྲིལ་ནང་། སྲོང་བཙན་སྒམ་པོའི་གཅུང་མོ་སད་མ་ཀར་ཞང་ཞུང་གི་རྒྱལ་པོ་ལི་མིག་རྒྱའི་བཙུན་མོར་གཤེགས་མོད་ཀྱང་རྒྱུ་རྐྱེན་ངེས་ཅན་གྱིས་བུ་སྲིད་མི་མཛད་པར་བཞུགས་ཡོད་པ་ལ་དེ་ལྟར་མུ་མཐུད་བགྱིས་ཚེ་ཆབ་སྲིད་ཀྱི་དཀྲུག་མར་འགྱུར་དོགས་པའི་རྐྱེན་གྱིས་བཙན་པོ་སྲོང་བཙན་སྒམ་པོས་གཅུང་མོའི་དྲུང་དུ་ཕོ་ཉ་མངགས་པ་ལས་ཕྱིར་ལོག་པའི་ཚེ་བཙན་མོས་གཅེན་པོར་ཕྱག་རྟེན་གྱི་ཚུལ་དུ་ཞུ་གཡག་ཞུ་གཅིག་གི་ནང་གཡུ་རྙིང་བཟང་པོ་སུམ་ཅུ་སོ་གྲངས་ཤིག་ཕྱག་རྒྱས་བཏབ་སྟེ་བསྐུར་བ་ལས་ཕོ་ཉ་ཕྱིར་འཁོར་ཏེ་བཀའ་ལན་ཡི་གེ་བསྩལ་བ་ནི་མ་མཆིས། མགུར་བཞེས་པ་འདི་ལྟ་བུ། ཕྱག་རྟེན་གནང་བ་འདི་མཆིས་ཞེས་བཙན་པོར་ཕུལ་བ་ལས། བཙན་པོས་དགོངས་དགོངས་པ་ལས་ཕྱག་རྟེན་གྱི་དོན་ནི། ལི་མིག་རྒྱར་རྒོལ་ཕོད་ན་གཡུ་འདི་རྒྱན་དུ་ཐོགས་ཤིགརྒོལ་མ་ཕོད་ན་བུད་མེད་དང་འདྲ་བས་ཞུ་(ཞྭ་)འདི་གྱོན་ཅིག་ཅེས་པ་ཡིན་པ་མཐར་རྗེ་བློན་གྲོས་བྱས་ཏེ་ལི་མིག་རྒྱ་བརླག་གོ་ཞེས་པའི་གཏམ་དུམ་བུ་འདི་ལས་གཡུ་ཡི་ཕྲེང་བ་མགུལ་དུ་འདོགས་པ་ནི་སྐབས་དེ་ཤེད་དུ་བོད་རིགས་སྐྱེས་པའི་རྒྱན་ཆ་འཁྲུལ་མེད་ཅིག་ཡིན་པ་གང་ཞིག་དེས་ཕོ་ཁྱོ་གའི་མཛངས་པའི་ལས་ཐབས་མཚོན་པ་ཡིན་པའི་རྒྱུ་མཚན་དང་འདྲ་བར་དེབ་ཐེར་དེ་ཉིད་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣལ་མ་ཞིག་དང་། དེ་ཉིད་ལག་རྗེས་ཤིག་ཡིན་པར་རེ་བའི་ཆ་ནས་མིང་དེ་འདྲ་ཞིག་བཏགས་པའོ།

ཞབས་ཤར་ཟླ་བ་ཚེ་རིང་། 《གཡུ་ཕྲེང་》འདི་ཉིད་ན་བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་ཁོག་གཞི་རྩའི་ཆ་ནས་འཁོད་འདུག་པ་མ་ཟད། དཔྱད་ཡིག་ཕུན་སུམ་ཚོགས་ལ་ལྷག་པར་མཐོང་དཀོན་པའི་དཔྱད་ཡིག་མི་ཉུང་བ་ཞིག་རྒྱབ་རྟེན་དུ་མཛད་པ་སོགས་ལས་གྲུབ་པའི་པོད་གསུམ་ཅན་གྱི་དེབ་ཐེར་འདི་ཉིད་རྩ་བའི་ཆ་ནས་རྒན་ལགས་སྐུ་ཉིད་དང་ནོར་བྲང་ཨོ་རྒྱན་ལགས་རྣམ་གཉིས་ནས་རྩོམ་འབྲི་མཛད་པར་གསུངས་པས་དེབ་ཐེར་དེ་ཉིད་མཛད་དགོས་པའི་དམིགས་ཡུལ་དང་ལས་འགན་བསྩལ་བཞེས་མཛད་ཚུལ་སྐོར་རགས་ཙམ་ཞིག་གསུང་བར་ཞུ།

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དེ་ནི་ཐོག་མར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་ལྗོངས་དྲིལ་བསྒྲགས་པུའུ་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ལྗོངས་སྲིད་གྲོས། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་ལ་ཁ་བྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་ཀྱི་མཛད་ཕྱོགས་སྲིད་ཇུས་ལྟེ་བར་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བྱེད་ཀྱི་རླུང་འཕྲིན་དྲིལ་བསྒྲགས་སློབ་གཞི་ཞིག་འབྲི་དགོས་པའི་ཐོག་དྲིལ་བསྒྲགས་གྱི་འགན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་འགན་འཁྱེར་དགོས་པའི་བཀའ་ཕེབས་པ་བཞིན་ལས་ཁུངས་ཁག་གསུམ་དུ་ལས་བགོས་ཀྱིས་རྩོམ་འབྲི་ཚར་རིམ་བཞིན། ངེད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་བཟོ་བཅོས་ཞུས་དག་སོགས་བྱས་ཏེ་ངེད་ཚན་པའི་སྐལ་བཟང་ཡེ་ཤེས་ལགས་སོགས་ཀྱིས་རླུང་འཕྲིན་ནས་བརྒྱུད་བསྒྲགས་མཛད་པ་རེད། འོན་ཀྱང་སློབ་གཞི་དེ་ཉིད་དྲིལ་བསྒྲགས་མ་ཚར་གོང་ལྗོངས་དྲིལ་བསྒྲགས་པུའུ་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ལ་ལས་འགན་གནང་སྟེ་སྔར་གྱི་རྨང་གཞིའི་ཐོག་དེ་ཉིད་དཔེ་དེབ་ཅིག་ཏུ་བསྒྲིག་དགོས་པ་མ་ཟད། གཙོ་འགན་རྩོམ་སྒྲིག་གི་འགན་དེ་ངས་འཁྱེར་དགོས་པའི་བཀའ་གནང་བྱུང་། དཔེ་དེབ་ཅིག་དགོས་ན་གོང་གསལ་གྱི་སློབ་གཞི་རྩོམ་སྒྲིག་བྱས་པ་ནང་བཞིན་སྟབས་བདེ་པོ་ཞིག་མ་ཡིན་པར་དེ་ནི་ལས་ཚོགས་ཆེ་ལ་ཡིག་ཆ་དཀོན་པའི་ཁར་རང་ཉིད་ཀྱིས་མི་རིགས་གཞན་གྱི་སྐད་ཡིག་མི་ཤེས་པ་དང་། ལྷག་པར་དུ་སྲིད་དོན་གྱི་ཐད་རྙོག་འཛིང་ཆེ་ལ་ཕྱི་ནང་གནའ་དེང་གི་ཡིག་ཆའི་བཞེད་སྲོལ་འདྲ་མིན་ཅི་རིགས་ཤིག་ཡོད་པ་ཁུངས་གང་ལ་བརྟེན་མིན་སོགས་ཀྱི་དཀའ་ངལ་རྣམས་སྙན་སེང་ཞུས་པ་ལ། གོང་རིམ་ནས་བོད་ཀྱི་སྔར་ཡོད་ཡིག་ཆ་གཙོར་བྱས་ཏེ་བྲིས་ན་འགྲིག་འཐུས་དང་ཁ་མི་གསལ་བའི་ཐད་མི་རིགས་གཞན་གྱི་ལོ་རྒྱུས་དཔྱད་ཡིག་བེད་སྤྱད་ཀྱང་འཐུས་པར་གསུངས། ལྷག་པར་དུ་སྐབས་དེའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ལྷག་པ་ཕུན་ཚོགས་མཆོག་གིས། མི་ཞིག་ཡིན་ཕྱིན་ལག་རྗེས་ཤིག་འཇོག་དགོས་པ་རེད། ཁྱེད་ཀྱིས་དེ་ལྟར་འགྲུབ་པའི་ཡིད་ཆེས་ཡོད། ཁྱེད་ལ་རོགས་རམ་གང་དགོས་ཀྱང་བསྒྲུབ་ཆོག་གསུངས་པས་ངས་གང་ཅིར་བསམ་བློ་བཏང་རྗེས་ནོར་བྲང་ཨོ་རྒྱན་ལགས་བྱུང་ན་འཐུས་པ་དང་བཀའ་བསྩལ་ལེགས་གྲུབ་བྱུང་མཚམས་ཞུས་དག་གཙང་བཤུ་སོགས་ལ་རོགས་པ་དགོས་གལ་བྱུང་ཚེ་སྐབས་མཚམས་སུ་སྙན་གསན་ཞུས་ཆོག་པ་ཞེས་ཞུས་པ་ཡིན། མདོར་ན་《གཡུ་ཕྲེང་》འདིའི་དམིགས་ས་ནི་ཕྱི་ཕྱོགས་ཞྭ་སྒབ་པའི་《སྲིད་དོན་རྒྱལ་རབས་》དང་། ནང་ཁུལ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཡིན་ལ་ཐོག་མའི་ལས་འགན་བཀོད་སྒྲིག་གནང་སྐོར་རགས་པ་ཙམ་ནི་གོང་དུ་བཤད་པ་ལྟར་ཡིན།
ཞབས་ཤར་ཟླ་བ་ཚེ་རིང་། གོང་ཞུས་ལྟར་《གཡུ་ཕྲེང་》འདིའི་དཔྱད་ཡིག་ཕུན་སུམ་ཚོགས་པ་མ་ཟད། འགའ་ཞིག་ད་ལྟ་ཡང་མཇལ་བར་དཀའ་བས་དེ་ལྟ་བུ་ལ་སོགས་པའི་དཔྱད་ཡིག་གི་ཡོང་ཁུངས་ཅུང་ཟད་ཅིག་གསུང་བར་ཞུ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། རྩོམ་འབྲི་དངོས་ཀྱི་བརྒྱུད་རིམ་ནང་དཔྱད་ཡིག་དཀོན་ཁར་དཔྱད་ཡིག་དོ་དམ་སྡེ་ཚན་ཁག་ནས་དམ་དོན་ཆེ་བ་དང་ལྷག་པར་སྐབས་དེར་དེང་རབས་ཀྱི་གློག་འཕྲུལ་ཡོ་བྱད་དཀོན་པ་ཡིན། 《གཡུ་ཕྲེང་》ནང་བེད་སྤྱད་པའི་ཡིག་ཆའི་ནང་ནས་མང་པོ་ཞིག་མདོ་ཁམས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གང་སར་འབྲེལ་གཏུགས་ཀྱིས་གཡར་པོ་བྱུང་ཞིང་། དེའི་ཁར་རྩེ་ཕོ་བྲང་དང་། ལྗོངས་སྲིད་གྲོས་སོགས་ནས་ཀྱང་རྒྱབ་སྐྱོར་མི་དམན་པ་ཐོབ། ལྷག་པར་སྔར་གཙུག་ལག་ཁང་གི་ལོ་རྒྱུས་འབྲི་སྐབས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱབ་སྐྱོར་འོག་གྲོང་ཁྱེར་སྲིད་གྲོས་ལ་འབྲས་སྤུངས་དགོན་ནས་དཔེ་ཚན་རྙིང་མ་ལྔ་ཙམ་གཡར་པོ་བྱུང་བ་དེ་དང་། དེ་ཁར་ནོར་བྲང་ཨོ་རྒྱན་ལགས་གཞན་དང་འབྲེལ་ལམ་ཟབ་པའི་བཀའ་དྲིན་གྱིས་ཕྱོགས་གང་ས་ནས་དཔྱད་ཡིག་མང་པོ་གཡར་པོ་བྱུང་བ་རྣམས་དང་། དེ་བཞིན་བོད་ཀྱི་སྔར་གྱི་ལུས་རྩལ་བྱེད་སྒོ་དང་། སྨན་གྱི་སྐོར་ལ་སོགས་པའི་ཐད་དཔྱད་རྩོམ་ཕྱོགས་བསྒྲིགས་དང་། དུས་དེབ་ཁག་གི་ཕུལ་བྱུང་རྩོམ་ཡིག་ཁག་དཔྱད་གཞིར་བྱས་པ་སོགས་ནི་མདོ་ཙམ་ཞིག་ཡིན་གྱི་དཔེ་ཚན་རེ་རེ་ནི་བརྗོད་ཀྱིས་མི་ལང་ངོ་།

ཞབས་ཤར་ཟླ་བ་ཚེ་རིང་། 《གཡུ་ཕྲེང་》འདི་ཉིད་རྩོམ་འབྲི་གནང་སྐབས་ལས་བགོས་མཛད་ཚུལ་ཇི་ལྟར་ལགས་སམ།

ཆབ་སྤེལ་ཚར་བརྟན་ཕུན་ཚོགས། སྤྱི་ལོ་༡༩༨༨ལོར་《གཡུ་ཕྲེང་》འདི་ཉིད་ཀྱི་སུག་འབྲིའི་བྱ་བ་དངོས་སུ་འགོ་ཚུགས་རྗེས། ཉིན་ལྟར་ཆུ་ཚོད་༧-༨བར་དུ་རྩོམ་འབྲི་བྱས་ཏེ་ཐ་ན་རེས་གཟའ་ཉི་མར་ཡང་ངལ་གསོ་མེད། རྩོམ་འབྲིའི་ནང་དོན་གྱི་ལས་བགོས་ཐད་ངས་བོད་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དང་། དེ་བཞིན་ཡོན་རྒྱལ་རབས། ཆིང་རྒྱལ་རབས་(ཏཱ་ལའི་བཅུ་གསུམ་པའི་སྐོར་ཕུད་)སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རྣམས་ཀྱི་འགན་བླངས་ཤིང་། ཨོ་རྒྱན་ལགས་ཀྱིས་བོད་སིལ་བུའི་སྐབས་དང་། མིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རྩོམ་འགན་བཞེས། ཏཱ་ལའི་བཅུ་གསུམ་པའི་ལོ་རྒྱུས་ཐད་བོད་ཀྱི་དེབ་ཐེར་རྣམས་སུ་ནི་ཆོས་ཕྱོགས་ཀྱི་སྐོར་ལས་ཆབ་སྲིད་ཀྱི་སྐོར་སྤྱིར་ན་མི་གསལ་ལ་ངེད་གཉིས་ཀྱིས་རྒྱ་ཡིག་མི་ཤེས་རྐྱེན་དེ་སྐོར་མཁས་དབང་ཕུན་ཚོགས་ཚེ་རིང་ལགས་ལ་སྐྱབས་འཇུག་ཞུས་པ་བཞིན་དུ་རེ་སྨིན་བྱུང་། སྤྱིར་ན་ཏཱ་ལའི་བཅུ་གསུམ་པའི་སྐོར་འདི་མ་གཏོགས་ཆབ་སྲིད་དང་འབྲེལ་བའི་གནད་འགག་རྣམས་ངས་བྲིས་པ་དང་། ཆོས་ལུགས་ཀྱི་ལྟ་བ་དང་འབྲེལ་བ་རྣམས་ཨོ་རྒྱན་ལགས་ཀྱིས་ཕྱག་བྲིས་མཛད། དེ་ལྟར་དེབ་ཐེར་འདི་ཉིད་འབྲི་བའི་བརྒྱུད་རིམ་ནང་། སྤྱིར་བོད་འདི་མེས་རྒྱལ་གྱི་མངའ་ཁོངས་བསྙོན་དུ་མེད་པ་ཞིག་ཡིན་མོད་ཀྱང་། ཡིག་འབྲུ་རེ་རེས་ཁུངས་སྐྱེལ་རྩ་འདེད་བྱེད་དགོས་ན་དཀའ་ཚེགས་ཆེ་བ་དང་། དེ་བཞིན་ཆོས་ལུགས་ཀྱི་ལྟ་ཚུལ་དབར་གྱི་རྙོག་འཛིང་དང་སྤྱི་ཚོགས་གསར་རྙིང་དབར་གྱི་ལྟ་བའི་འགལ་ཟླ་ཆེ་བ་སོགས་ཀྱིས་དེབ་ཐེར་འདི་ཉིད་འབྲི་བ་ནི་དཀའ་ཚེགས་ཆེ་ལ་གཟབ་ནན་དགོས་པ་ཞིག་ཡིན། དེ་ལྟར་དེབ་ཐེར་འདི་ཉིད་སུག་བྲིས་ཟིན་རྗེས། ང་རང་གཙོ་འགན་རྩོམ་སྒྲིག་པ་ཡིན་པའི་ངོས་ནས་ཐོག་མའི་མ་ཟིན་ལ་བཟོ་བཅོས་དང་ཞུ་དག་ལེགས་པར་བྱས་ཏེ་ཡོན་ཀྲང་སྐུ་གཞོན་མ་ཅིག་ལགས་སུ་འགྲིག་མིན་སྤྱན་བསྟར་དུ་ཕུལ་ཡང་བཟོ་བཅོས་དང་དགོངས་འཆར་གནང་བ་ནི་མ་མཆིས་པ་བཅས་དེ་ལྟར་རེ་ཞིག་ལེགས་པར་གྲུབ་པའི་ཁུལ་གྱིས་སྤྱི་ལོ་༡༩༨༩ལོར་དེབ་དང་པོ་ཉིད་དཔེ་སྐྲུན་བྱས་ཏེ་༡༩༩༡ལོར་དཔེ་སྐྲུན་མཇུག་སྒྲིལ་འགྲེམས་སྤེལ་བྱས་པ་དང་། སྤྱི་ལོ་༡༩༩༤ལོར་《གཡུ་ཕྲེང་》ལ་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའི་གཟེངས་བསྟོད་ལག་འཁྱེར་དང་དྲན་རྟེན། བྱ་དགའི་དངུལ་བཅས་བསྩལ་ཐོབ་བྱུང་།

ཞབས་ཤར་ཟླ་བ་ཚེ་རིང་། སྐུ་ཉིད་ལྟར་ན་《གཡུ་ཕྲེང་》འདིར་ཁྱད་ཆོས་གང་དང་གང་ཡོད་སྐོར་ཅུང་ཟད་ཅིག་གསུང་བར་ཞུ།
ཆབ་སྤེལ་ཚར་བརྟན་ཕུན་ཚོགས། ང་རང་གི་བསམ་ཚུལ་བྱས་ན་ཁྱད་ཆོས་འདི་འདྲ་འགའ་ཞིག་ཡོད་སྙམ་སྟེ། (༡)བོད་ཀྱི་ལོ་རྒྱུས་ཀྱི་ངོས་ནས་ཅུང་ཆ་ཚང་བ། དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་གི་ནང་དུས་ཀྱིས་བསྐལ་བ་ལ་སོགས་ཀྱི་རྐྱེན་པས་བོད་ཀྱི་ས་ཁམས་འདི་ཉིད་ཐོག་མར་ཆགས་པ་ནས་ད་ལྟའི་བར་གྱི་ལོ་རྒྱུས་བྲིས་པ་དཀོན་པ་དང་། མང་པོ་ཞིག་ནི་ཆོས་འབྱུང་ཁོ་ན་ལྟར་སྣང་བ་སོགས་ནང་དོན་གྱི་ཆ་ནས་ཕྱོགས་རེ་བར་སོང་བའི་སྣང་ཚུལ་ཤས་ཆེ། དཔེར་ན་《ལྷོ་བྲག་ཆོས་འབྱུང་》ལྟ་བུ་ཤིན་ཏུ་ལེགས་པར་ཡང་བཀའ་བརྒྱུད་པའི་ཆོས་ཕྱོགས་བྲིས་ཤུགས་ཆེ་བ་སོགས་སྔར་གྱི་དེབ་ཐེར་མང་པོ་ཞིག་ནི་གསོ་རིག་ལས་བཤད་པའི་ལུས་གྲུབ་པའི་གནས་སྐབས་ཀྱི་མེར་མེར་པོ་ལ་སོགས་པ་དང་འདྲ། 《གཡུ་ཕྲེང་》འདི་ཉིད་ནི་ཁ་མིག་ཅུང་གསལ་བར་གྲུབ་པའི་མི་ལུས་ཤིག་དང་འདྲ་བར་སེམས་སོ། ། (༢)དོན་དངོས་དང་ཅུང་མཐུན་ཙམ་ཡོད་པ། དེ་ཡང་བོད་ཀྱི་སྔར་ཡོད་ཆོས་འབྱུང་དང་། དེབ་ཐེར་ཕལ་མོ་ཆེའི་ནང་ལོ་རྒྱུས་ཀྱི་གནད་དོན་ལ་ལྷ་སྒྲུང་གིས་ཤན་ཞུགས་ཆེ་བ་ཚང་མས་མཁྱེན་གསལ་མོད་《གཡུ་ཕྲེང་》འདི་ཉིད་ནི་ལོ་རྒྱུས་དངོས་ལ་རྐང་ཚུགས་ཐབས་ཀྱི་དམིགས་ཡུལ་གཙོ་བོར་བྱས་ཏེ་བརྩམས་པ་ཞིག་ཡིན་པས་དོན་དངོས་དང་ཅུང་མཐུན་ཚབས་ཆེ་བར་སེམས། (༣)ཁུངས་ལུང་ཅུང་བཙན་པ། དེ་ནི་དཔེར་ན་ལོ་རྒྱུས་ཀྱི་ནང་དོན་གལ་འགངས་ཆེ་སར་ཞྭ་སྒབ་པའི་《སྲིད་དོན་རྒྱལ་རབས་》བཞིན་ཚིག་སྣ་འབྲུ་སྒྲུག་གི་ལུང་འདྲེན་བྱེད་ཐབས་ལྟར་མ་ཡིན་པར་མ་ཕྱིའི་ཡི་གེ་གང་ཡོད་ཇི་བཞིན་དུ་ཕབ་པས་ལུང་ཁུངས་དག་ལ་སུས་ཀློག་ཀྱང་ཁས་ལེན་མི་བྱེད་མཐུ་མེད་ལྟ་བུ་ཞིག་བྱུང་ཡོད་པ་ལྟར་རེད། (༤)ཀློག་པ་པོར་ཕན་ཐོགས་ཅུང་ཆེ་བ། དེ་ཡང་གནའ་དེང་གི་ལོ་རྒྱུས་དང་ཆོས་འབྱུང་དང་ཆོས་འབྱུང་དེབ་ཐེར་མང་པོ་ཞིག་རྩོམ་པ་པོ་རང་ཀྱི་ངག་ལྟ་བུར་བྲིས་པ་ལས་ལུང་ཁུངས་ལ་དཔེ་མཁྱུད་བྱས་པ་ལྟ་བུ་མང་ལ་《གཡུ་ཕྲེང་》འདི་ནི་ལུང་འདྲེན་གྱི་ཁུངས་དཔེ་མིང་ཤོག་ལྷེ་དང་བཅས་པ་དྲངས་པས་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ཀྱིས་ལུང་ཁུངས་ཀྱི་ཡི་གེ་རྣམས་ལ་ཞིབ་ལྟ་བྱེད་དགོས་ན་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོབ་ཐུབ་པར་སེམས།
ཞབས་ཤར་ཟླ་བ་ཚེ་རིང་། སློབ་དཔོན་མཆོག་གིས་《གཡུ་ཕྲེང་》འདིར་ད་དུང་མི་འདང་བའི་ཆ་ཡོད་གསུངས་པ་ལགས་ན། ཕྱོགས་གང་ཞིག་གི་ཐད་འཐུས་སྒོ་ཚང་དུ་གཏོང་དགོས་པ་ལགས་སམ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ལོ་རྒྱུས་ཀྱི་དེབ་ཐེར་འདི་ཉིད་ད་དུང་ཆ་ཚང་དུ་གཏོང་དགོས་ན་བོད་ཀྱི་ས་ཁམས་དང་གནམ་གཤིས། སྐྱེ་ཁམས་སོགས་གྲུབ་ལུགས། དེ་བཞིན་བོད་ཀྱི་ཐོན་སྐྱེད་ཞིང་འབྲོག་བརྗེ་ལེན་སོགས་ཚོང་ལས་དང་འབྲེལ་བའི་རིགས་དང་། ཡུལ་སྲོལ་གོམས་གཤིས་སོགས་གང་ཅི་ནས་ཁ་སྐོང་དགོས་པ་ཡོད། རབ་བྱུང་ན་བོད་བཙན་པོའི་དུས་སྐབས་ནས་བོད་ས་གནས་སྲིད་གཞུང་ལ་སོགས་པའི་དུས་རབས་མི་འདྲ་བའི་སྲིད་འཛིན་སྒྲིག་གཞིའི་སྐོར་རྣམས་བཙལ་འཚོལ་གྱིས་ཁ་གསབ་བྱེད་ཐུབ་ན་ལྷ་རབ་ཡིན་པ་བཅས་དེ་ལྟར་བསྒྲུབ་པ་ལ་འགོ་ཁྲིད་ཀྱི་ཐུགས་འཁུར་དང་མི་དངོས་རྒྱུ་གསུམ་སོགས་ཕྱོགས་གང་ཅིའི་རྒྱབ་སྐྱོར། ནུས་ཤུགས་ཀྱི་མཐུན་རྐྱེན་ལྷག་པར་ཆེ་བ་ཞིག་འཛོམས་དགོས་ཡིན་པས་ཁྱེད་ཕྱི་རབས་པ་རྣམས་ཀྱིས་དེ་ལྟར་བསྒྲུབ་ཐུབ་པའི་རེ་བ་འཆང་བཞིན་ཡོད་དོ། །
ཞབས་ཤར་ཟླ་བ་ཚེ་རིང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ལྷ་ལྡན་གཙུག་ལག་ཁང་ནམ་བཏབ་མིན་ཐད་བཞེད་ཚུལ་ཅི་རིགས་ཤིག་འདུག་པས་《གཡུ་ཕྲེང་》ལྟར་ན་ལོ་ཚིགས་དེ་གང་ལ་ཚད་བཟུང་བ་ལགས།
ཆབ་སྤེལ་ཚར་བརྟན་ཕུན་ཚོགས། 《གཡུ་ཕྲེང་》དུ་ཏུན་ཧོང་གི་ཤོག་དྲིལ་དང་《ཐང་ཡིག་》གི་བཤད་སྲོལ་གཉིས་གཞིར་བྱས་པ་ཡིན་ཏེ་དེ་ཡང་དཔྱད་ཡིག་དེ་གཉིས་ཀྱི་ནང་རྒྱ་བཟའ་འུན་ཤིང་ཀོང་ཇོ་སྤྱི་ལོ་༦༤༡ལོར་བོད་དུ་ཕེབས་པ་དང་། སྤྱི་ལོ་༦༥༠ལོར་སྲོང་བཙན་དགོངས་པ་རྫོགས་པར་གསལ་བའི་ལོ་བཅུ་ཚན་དེའི་ནང་གཙུག་ལག་ཁང་ཕྱག་བཏབ་པ་ཞིག་ཡིན་པ་ནི་ངེས་ཐུབ། འོ་ན་ལོ་བཅུ་ཚན་དེའི་ལོ་བྱེ་བྲག་པ་གང་ཞིག་ཡིན་ནམ་ཞེ་ན། དེ་ནི་དགེ་འདུན་ཆོས་འཕེལ་གྱིས་ལོ་ངོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་ཀྱི་ཞེས་གསུངས་པ་དང་འདྲའོ། སྤྱིར་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་མཛད་པའི་སྐབས་ཆོས་འབྱུང་དེབ་ཐེར་དང་ལོ་རྒྱུས་དེབ་ཐེར་གཉིས་ཀྱི་ཁྱད་པར་འབྱེད་གལ་ཆེ་ལ། ཡང་སྒོས་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ལ་རྟོག་གེའི་རིགས་པ་འགྲོ་ས་མེད་པས་བཏང་སྙོམས་སུ་བཞག་ན་ལེགས་པར་སེམས།
ཞབས་ཤར་ཟླ་བ་ཚེ་རིང་། བོད་ཀྱི་གནའ་དེར་གི་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་གིས་《སྦ་བཞེད་》འདི་ཉིད་ཁུངས་ལུང་འགངས་ཆེན་ཞིག་ཏུ་འཛིན་གྱི་འདུག་ན། ཡང་སྙིང་དེབ་ཐེར་འདི་ཉིད་ཇི་ལྟ་བུ་ཞིག་ལགས་སམ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དེའི་རྗེད་བྱེད་ཀྱི་ཐད་ནས་བོད་སིལ་བུའི་སྐབས་ཀྱི་ཡིན་པ་གསལ་པོ་འདུག་ལ་བརྗོད་བྱའི་ཐད་ནས་ཀྱང་གནའ་ཡིག་ཐོར་བུ་དང་ཐོར་བུ་གཅིག་ཏུ་བསྲེས་པ་ལས་གྲུབ་པའི་ཡིག་ཆ་ཞིག་ཡིན་པས་ང་ཚོ་འདི་ཉིད་བེད་སྤྱོད་སྐབས་རྫུན་སྤོང་བདེན་སྒྲུབ་བྱེད་དགོས་པ་གལ་ཆེ། གཞི་རྐང་《སྦ་བཞེད་》ལ་སྔར་ཡིག་ཚགས་ཅུས་ནས་སྦ་བཞེད་རྒྱས་འབྲིང་སྣ་ཚོགས་དང་། མིང་ལ་ཡང་སྦ་བཞེད། བླ་བཞེད། རྒྱལ་བཞེད། ཞབས་བཏགས་མ་སོགས་མང་ཞིང་པོ་ཏི་ཡང་ཆེ་ཆུང་སྣ་ཚོགས་ཤིག་ཡོད་པས་ཁྱེད་ཚོས་ཡིག་ཚགས་ཅུས་ནས་དེ་དག་བལྟ་ཀློག་ཐུབ་ན་ལེགས་པར་སེམས།
ཞབས་ཤར་ཟླ་བ་ཚེ་རིང་། ཏུན་ཧོང་གི་བོད་ཡིག་ཤོག་དྲིལ་ལ་སོགས་པའི་ཡིག་ཆ་འདི་དག་ནི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་གསེར་གྱི་ས་གཞི་དང་འདྲ་བ་བ་ཞིག་ཏུ་གསུངས་མོད་ཀྱང་། དེ་དག་བལྟ་ཀློག་བྱེད་སྐབས་ཤིན་ཏུ་དཀའ་ཚེགས་ཆེ་བས་དེ་ཉིད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་སྐབས་ཐབས་ལམ་ཇི་འདྲ་ཞིག་ལེགས་ཤོས་ལགས་སམ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དེ་ནི་“མེས་འཚིག་པ་མེ་ལ་གཏུགས་”ཞེས་པའི་བོད་ཀྱི་གཏམ་དཔེ་ཇི་བཞིན་ད་ཡོད་གནའ་ཡིག་རྣམས་ཕྱོགས་བསྡུས་དང་། དེ་དག་ཕན་ཚུན་ཞིབ་བསྡུར་གྱིས་གཅིག་གནད་གཅིག་གིས་འགྲོལ་བར་བྱེད་པའི་བྱ་ཐབས་ཀྱིས་སློབ་སྦྱོང་དང་། ཞིབ་འཇུག་བྱ་རྒྱུ་ནི་ཐབས་ལམ་ཉག་ཅིག་ཡིན། དེ་ཡང་གནའ་ཡིག་གི་སློབ་སྦྱོང་དང་ཞིབ་འཇུག་དེ་དང་ཐོག་མ་ནས་ཆ་ཚང་བ་དང་འཐུས་སྒོ་ཚང་བ་ཞིག་ཡོང་མི་ཐུབ་པས་གོམ་པ་རེ་རེ་ནས་རེ་རེ་བཞིན་ཟབ་འཇུག་བྱེད་དགོས་པ་མ་ཟད། དེའི་ཐད་གོང་རིམ་དང་འབྲེལ་ཡོད་སྡེ་ཚན་ནས་མི་དངོས་རྒྱུ་གསུམ་གྱི་རྒྱབ་སྐྱོར་མཛད་དེ་ཆེད་ལས་མི་སྣ་གསོ་སྐྱོང་དང་། ཆེད་དུ་དམིགས་ཏེ་ཞིབ་འཇུག་བྱེད་དུ་བཅུག་ན་ད་གཟོད་གནའ་ཡིག་གི་སློབ་སྦྱོང་དང་ཞིབ་འཇུག་ལ་གོམ་གང་མདུན་སྤོས་ཀྱི་འབྲས་བུ་བཟང་པོ་ཐོབ་ཐུབ།
ཞབས་ཤར་ཟླ་བ་ཚེ་རིང་། བོད་ཀྱི་ལོ་རྒྱུས་དཔྱད་ཡིག་ནང་《བཀའ་ཐང་སྡེ་ལྔ་》ལ་སོགས་པའི་གཏེར་མ་ཡིན་སྐོར་མང་དག་ཅིག་མཆིས་ལགས་པས་དེ་དག་ཡང་སྙིང་ཇི་འདྲ་ཞིག་ཡིན་ནམ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། དེ་ནི་གཏེར་སྟོན་རྒྱལ་པོ་ལྔ་དང་། མཆོག་གི་སྤྲུལ་སྐུ་རྣམ་གསུམ་སོགས་སུ་གྲགས་པ་ལས་བོད་སིལ་བུའི་སྐབས་སུ་བྱུང་བའི་ཉང་གཏེར་ལ་སོགས་པ་ནི་སྔ་གྲས་ཡིན་ཅིང་། དེ་དག་ཡང་སྙིང་ཅི་འདྲ་ཞིག་ཡིན་པ་ཤེས་དགོས་ན། བོད་སིལ་བུའི་དུས་ཀྱི་བླ་མའི་རྣམ་ཐར་གང་ཡོད་བསྡུ་རུབ་ཀྱིས་ཞིབ་འཇུག་བྱེད་ཐུབ་ན། གཏེར་མའི་སྐོར་སོགས་ཀྱི་གནད་དོན་མང་པོ་ཞིག་ཐག་ཆོད་ཐུབ། གང་ཡིན་ཞེ་ན། བོད་སིལ་བུའི་དུས་རབས་ནི་རང་ཤེད་ཤིན་ཏུ་ཆེ་བའི་ཁྲིམས་མེད་ལུགས་མེད་ཀྱི་དུས་སྐབས་ཤིག་ཡིན་པས་བོད་ཀྱི་རིག་གནས་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་དེ་དུས་རྩ་འཐོར་ཕྱིན་ལ་གསར་གཏོད་ཀྱང་དེ་དུས་བྱུང་བའི་ཡོ་ལང་ཤིན་ཏུ་ཆེ་བའི་དུས་རབས་ཤིག་ཡིན་པས་སོ། །
ཞབས་ཤར་ཟླ་བ་ཚེ་རིང་། དུས་རབས་ཉི་ཤུའི་དུས་འགོར་ཏུན་ཧོང་གི་ཕུག་པ་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་དཔྱད་ཡིག་ཤོག་དྲིལ་འགངས་ཆེན་མང་པོ་ཐོན་པ་བཞིན་དུ་ཕྱིས་སུ་བོད་ཀྱི་ཡུལ་ནས་དེ་ལྟ་བུའི་དཔྱད་ཡིག་འདྲ་ཐོན་སྲིད་པ་ལགས་སམ།
ཆབ་སྤེལ་ཚར་བརྟན་ཕུན་ཚོགས། ངའི་བསམ་ཚུལ་ལྟར་ན་ལོ་རྒྱུས་དངོས་ལ་མཁོ་བའི་གནའ་བོའི་ཡིག་ཆ་ཧ་ལམ་རྙེད་དཀོན། གལ་ཏེ་ད་ཡོད་བང་སོ་དེ་དག་གི་ནང་ནས་ཅུང་ཟད་རེ་ཐོན་སྲིད་པའི་དབང་དུ་བཏང་ཡང་དེ་དག་ཕལ་ཆེར་ཆོས་ལུགས་དང་འབྲེལ་བ་ཤ་སྟག་ཡིན་ཤས་ཆེ། སྔར་གྱི་ཡིག་ཆ་རྣམས་བསམ་ཡས་སོགས་ཀྱི་ཡིག་ཚང་དུ་འཇོག་མོད་ཀྱང་ཆོས་ལུགས་དར་ཕྱིན་ཆད་སྔར་ཡོད་ལ་ཁྲུ་སློག་མ་བཏང་ན་གསར་པ་དར་མི་སྲིད་པས་དེ་དག་ཧ་ལམ་རྩ་འཐོར་དུ་ཕྱིན་ཟིན་པ་འདྲ། དེའི་ཕྱིར་གང་ཅིའི་ཐད་ནས་ད་ཡོད་གནའ་ཡིག་རྣམས་ལ་ཞིབ་འཇུག་བྱེད་ཐུབ་ན་དགེ་མཚན་ཆེ་བར་སེམས།
ཞབས་ཤར་ཟླ་བ་ཚེ་རིང་། སློབ་དཔོན་མཆོག་ནས་བོད་རིག་པའི་ཞིབ་འཇུག་ཐད་མཛད་རྗེས་བླ་ན་འཕགས་པ་ཞིག་འཇོག་གནང་མཛད་པ་ནི་བདག་ཅག་ཕྱི་རབས་པ་རྣམས་ཀྱི་ཡིད་དགའི་གསོས་དང་མིག་གི་དཔེར་ནི་ཅི་ནས་ཀྱང་འོས་པར་ལགས་མོད། འོན་ཀྱང་བོད་ཀྱི་རིག་གནས་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཡངས་པའི་མཁས་པ་རྣམས་ནི་དགུན་གྱི་རྦབ་ཆུ་བཞིན་དུ་བྲི་བ་དང་། ཕྱི་རབས་པ་རྣམས་ཀྱིས་ནི་དེ་ཤུལ་རྗེས་འཛིན་བྱེད་པ་ལ་ཁྱུང་ཤུལ་བྱིའུས་གཅོད་པ་དང་འདྲ་ལགས་ན་ཕྱི་རབས་པ་རྣམས་ལ་དེ་དག་ཇི་ལྟར་བགྱི་བའི་བཀའ་མཆིད་བསླབ་སྟོན་ཚིག་གསུམ་གནང་བར་ཞུ།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། རྗེས་རབས་པ་རྣམས་ལ་ཞུ་འོས་འགའ་ཞིག་ནི་ངའི་རྩོམ་ཡིག་རྣམས་སུ་ཡང་ཟུར་ཙམ་རེ་ཡོད་པ་དེ་དག་ལ་ལྟ་རྟོག་གནང་རྒྱུ་དང་། འདིར་ཞུ་དགོས་པ་ཞིག་ནི་བོད་ཀྱི་རིག་གནས་སློབ་སྦྱོང་དང་ཞིབ་འཇུག་ལ་སྤྲོ་བ་རྣམས་ཀྱིས་ཐོག་མར་ཅི་ནས་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པར་སློབ་གཉེར་དཔྱིས་ཕྱིན་པ་ཞིག་གནང་གལ་ཆེ་བ་དེ་ལྟར་མ་བྱུང་ཚེ། ཞིབ་འཇུག་ནི་དེ་བས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་རྨང་གཞི་འདི་ཉིད་ལེགས་པར་བཏིངས་ཏེ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མཛད་དགོས། རྒྱལ་ཕྱི་རྒྱལ་ནང་དུ་བོད་རིག་པར་ཞིབ་འཇུག་མཛད་མཁན་ཤིན་ཏུ་མང་མོད་རང་ལྗོངས་ནི་བོད་རིག་པའི་གཤིན་ས་ལྟ་བུ་ཡིན་པས་མཐུན་རྐྱེན་གང་ལེགས་འཛོམ་པའི་དུས་བབ་དང་བསྟུན་ཏེ་ཕྱི་རབས་པ་ཚོས་གྲོག་མ་རུས་ཐོགས་ཀྱི་དཔེ་ཇི་བཞིན་དུ་འབད་འབུངས་ལྷོད་མེད་མཛད་པའི་རེ་བ་ཞུའོ། །
ཞབས་ཤར་ཟླ་བ་ཚེ་རིང་། སློབ་དཔོན་གང་ཉིད། མཁྱེན་པ་དང་སྐུ་ཚེ་ལྷུན་པོའི་སྤོ་ལ་བསྙེགས་པ་ལགས་ཀྱང་བོད་མི་རིགས་ཀྱི་ཤེས་རིག་དང་ངེད་ཕྱི་རབས་པ་རྣམས་ལ་སྨན་པའི་ཕྱིར་ཐུགས་སྣང་གཤིན་པོས་བཀའ་མཆིད་སློབ་སྟོན་མཛད་པ་དེ་དག་ནི་“དཔེ་དེབ་ལོ་བཅུ་བཀླགས་པ་ལས། དམ་པའི་གསུང་གཅིག་ཉན་པ་ལྷག”ཅེས་པའི་ལེགས་བཤད་དང་གཉིས་སུ་མ་མཆིས་ན་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་དང་སྦྲགས། བདག་དང་བདག་འདྲ་བའི་གཞོན་སྐྱེས་རྣམས་ཀྱི་ཚབ་བགྱིས་ཏེ་སློབ་དཔོན་གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཡར་ཆབ་ཀྱི་གཙང་པོའི་དཔལ་ལ་འགྲན་པའི་སྨོན་འདུན་ཞུ་བ་ལགས།

 

 

བརྒྱུད་སྐུལ།

མཆན་སྤེལ།