བོད་མིའི་མིང་འདོགས་ཚུལ་སྐོར་བརྗོད་པ།

༄༅།།བོད་མིའི་མིང་འདོགས་ཚུལ་སྐོར་བརྗོད་པ།

བསྟན་པ་ཡར་འཕེལ་གྱིས།

རང་ཅག་བོད་མི་རིགས་ནི་དུས་ཡུན་རིང་པོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ཀྱིས་ཕྱུག་པའི་གནའ་བོའི་མི་རིགས་ཤིག་ཡིན་ལ།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མདོ་དབུས་ཁམས་གསུམ་དུ་འཚོ་བའི་མི་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་སྐྲུན་ཡོད། དེ་དག་ཚང་མ་རེ་རེ་བཞིན་སྨྲ་བར་མ་སྤོབས་ན་དེ་ལས་བོད་ཀྱི་རིག་གནས་དང་འབྲེལ་བའི་བོད་མིའི་མིང་འདོགས་ཚུལ་ཅུང་ཟད་བརྗོད་པར་འདོད། དེ་ཡང་ཇི་སྐད་དུ། ལང་ཀར་གཤེགས་པའི་མདོ་ལས་ “མིང་དུ་གདགས་པར་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོའི་མིང་དུ་བཏགས་པར་མཛད་”ཅེས་གསུངས་པ་ལྟར་སྲིད་པ་འཁོར་བ་དང་འི་བ་
མྱང་འདས་ཀྱི་བརྟན་པ་དང་གཡོ་བའི་མཐའ་ཡས་པའི་དངོས་པོ་ཡོད་དོ་ཅོག་ལ་རང་རང་གི་ཁྱད་ཆོས་དང༌། བཟོ་ལྟ། འབྱུང་ཁུངས་སོགས་ལ་བརྟེན་ནས་མིང་བཏགས་ཡོད་པ་སྟེ། ཤིང་གཅོད་བྱེད་ལ་སྟ་རེ་དང༌། བཏུང་བྱའི་ཇ་དང་ཆང༌། རྟ་ནོར། ར་ལུག་ལ་སོགས་པ་བགྲང་ལས་འདས་ཀྱང་སྐབས་སུ་མ་བབ་པས་རེ་རེ་བཞིན་འཆད་པར་མི་བྱའོ།
འདིར་སྐབས་བབ་ཀྱི་བརྗོད་པར་འདོད་པ་ནི། བོད་མིའི་མིང་གི་འདོགས་ཚུལ་ཅུང་ཟད་བརྗོད་པར་བྱ་བ་ལ། སྤྱིར་མི་རིགས་གང་ཞིག་ཡིན་རུང་མིའི་མིང་འདོགས་ཚུལ་གྱི་ཆ་ནས་བཤད་ན་མི་རིགས་དེ་གནས་པའི་ཁོར་ཡུག་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པ་ནི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པར་སྣང༌། མི་རྣམས་ཀྱིས་ཐོག་མར་མིའི་མིང་འདོགས་སྐབས། ཁོར་ཡུག་གམ་རིག་གནས་ཀྱི་ཆ་ནས་བསམ་བློ་བཏང་སྟེ། བྱ་དངོས་གང་ཞིག་ལ་མོས་པ་དང་བརྩེ་དུང་གི་སྒོ་ནས་བྱིས་པའི་མིང་གདགས་པ་ཡིན།
བོད་མིའི་མིང་འདོགས་ཚུལ་ནི། བན་བོན་གྱི་ཆོས་ལུགས་དང་རོང་འབྲོག་གང་རུང་དུ་གནས་པའི་རང་བྱུང་ཁོར་ཡུག་དག་མིང་གི་གདགས་གཞིར་གྱུར་ཡོད། དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། ཆོས་ལུགས་དད་མོས་ཀྱི་སྒོ་ནས་བཏགས་པའི་མིང་དང༌། རང་བྱུང་ཁོར་ཡུག་ཏུ་གནས་པའི་སྲོག་ཆགས་རི་དྭགས་སོགས་ཡིད་དུ་འོང་བའི་བྱ་དངོས་གང་རུང་ལ་བལྟོས་ནས་བཏགས་པའི་མིང༌། གཟའ་སྐར་གྱི་སྒོ་ནས་བཏགས་པའི་མིང༌། གཞན་ཡང་ཤིས་ཚིག་དང་སྨོན་ཚིག་གི་སྒོ་ནས་བཏགས་པའི་མིང༌། ཕ་མས་གཅེས་མིང་དུ་བཏགས་པའི་མིང༌། ཆུང་སྲི་བཟློག་ཆོས་སུ་བཏགས་པའི་མིང་སོགས་རིགས་མང་བས། དེ་དག་རེ་རེ་བཞིན་དཔེ་མཚོན་དང་བཅས་པ་འཆད་པར་བྱ་བ་ལ།
ཆོས་གང་རུང་ཞིག་ལ་དད་མོས་ཡོད་པའི་མིའི་མིང་འདོགས་ཚུལ་ལ།

༡ བོན་ཆོས་ལ་དད་མོས་ཡོད་པའི་མིའི་མིང་འདོགས་ཚུལ་ནི། དཔེར་ན། ནམ་མཁའ་ཡོན་ཏན་དང༌། གཡུང་དྲུང་བཀྲ་ཤིས། གཡུང་དྲུང་ཉི་མ།
ནམ་མཁའ་རྒྱལ་མཚན་ལྟ་བུ་དང༌།
༢ རྙིང་མའི་ཆོས་དད་པའི་མིའི་མིང་འདོགས་ཚུལ་ནི། དཔེར་ན། པད་མ་ཆོས་འཕེལ་དང༌། ཨོ་རྒྱན་རྡོ་རྗེ། རྡོ་རྗེ་དཔལ་བཟང་ལྟ་བུའོ།
༣ བཀའ་རྒྱུད་ཆོས་དད་པའི་མིའི་འདོགས་ཚུལ་ནི། དཔེར་ན། ཀརྨ་འཕྲིན་ལས་དང༌། ཀརྨ་ཆོས་འཕེལ། ཀརྨ་སྨོན་ལམ་ལྟ་བུའོ།
༤ ས་སྐྱ་ཆོས་དད་པའི་མིའི་མིང་འདོགས་ཚུལ་ནི། དཔེར་ན། ཀུན་དགའ་ཡོན་ཏན་དང༌། ཀུན་དགའ་དོན་གྲུབ། བསོད་ནམས་མཚོ་མོ། བསོད་ནམས་བཀྲ་ཤིས་ལྟ་བུའོ།
༥ དགེ་ལུགས་ཆོས་དད་པའི་མིའི་མིང་འདོགས་ཚུལ་ནི། དཔེར་ན། བློ་བཟང་མཁས་དང༌། བློ་བཟང་དོན་གྲུབ། དགེ་འདུན་རྒྱ་མཚོ། དགེ་འདུན་སྨོན་ལམ་ལྟ་བུའོ།
༦ ཆོས་ལུགས་མཚོན་བྱེད་ཀྱི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། རྡོ་རྗེ་དང་རྒྱལ་མཚན། ལྟ་བུའོ།
༧ མཐོ་རིམ་ལྷའི་མིང་ངམ་རིག་བྱེད་གཏམ་རྒྱུད་ཀྱི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། སྒྲོལ་མ་དང༌། དབང་ཕྱུགརྟ་མགྲིན། མགོན་པོ།
འཇམ་དབྱངས། མཁའ་འགྲོ་ལྟ་བུའོ།
༨ རང་བྱུང་ཁམས་ཀྱི་སྣང་ཚུལ་གྱི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། མེ་ཏོག་དང༌། རྒྱ་མཚོ་ལྟ་བུའོ།
༩ གཅན་གཟན་དང་རི་དྭགས་རིགས་ཀྱི་མིང་གི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། སེང་གེ་དང༌། བློ་ལྡནལྟ་བུའོ།
༡༠ ཤིས་པར་བརྗོད་པའི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། བཀྲ་ཤིས་དང༌། ཕུན་ཚོགས། དཔལ་ལྡན་ལྟ་བུའོ།
༡༡ སྨོན་ཚིག་གི་སྒོ་ནས་བཏགས་པའི་ནི། དཔེར་ན། ཚེ་རིང༌། དོན་གྲུབ། ཡར་འཕེལ། དར་རྒྱས་ལྟ་བུའོ།
༡༢ ཕ་མའི་གཅེས་མིང་གི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། ཨ་དཀར་དང༌། ཨ་བཀྲ། གཡང་གཡང༌། བདེ་བདེ། དགའ་དགའ། སྐྱིད་སྐྱིད་ལྟ་བུའོ།
༡༣ གཟའ་ཚེས་ཀྱི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། ཟླ་བ་ཚེ་རིང་དང༌། ཉི་མ་བུ་ཁྲིད། ཚེས་ལྔ། ཚེས་བཅུ། ཚེས་གསུམ་ལྷ་མོ། བཅོ་ལྔ་ཚེ་རིང་ལྟ་བུའོ།
༡༤ ཚིག་རྒྱན་དང་ཆེ་བར་བརྗོད་པའི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། པད་མ་འོད་འབར་དང༌། ཉི་མའི་འོད་ཟེར། སངས་རྒྱས། རྒྱལ་པོ་ལྟ་བུའོ།
༡༥ ཁྱིམ་ཚང་མིང་གི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། ཡར་གྲོང་བུ་ཆུང་དང༌། མར་གྲོང་བུ་མོ། ཧོར་ཁང་བསོད་ནམས་དཔལ་འབར་ལྟ་བུའོ།
༡༦ ཆུང་སྲི་བཟློག་ཆོས་ཀྱི་སྒོ་ནས་བཏགས་པའི་མིང་ནི། དཔེར་ན། སྲི་ཐར་ཚེ་རིང་དང༌། ཤི་ལོག་སྒྲོལ་མ། ཁྱི་ཕྲུག ཕག་སྐྱག་ལྟ་བུའོ།
༡༧ བླ་མའི་མཚན་ནས་ཕྱེད་ཀ་འདོགས་ཚུལ་ཡང་ཡོད་དེ། དཔེར་ན། བླ་མ་ཞིག་གི་མཚན་ལ་བློ་བཟང་བསྟན་འཛིན་ཞུ་བ་ཡིན་ན་ཁོང་གིས་བཏགས་པའི་ཕྲུ་གུ་ཡོད་དོ་ཅོག་ལ་“བློ་བཟང་”ཞེས་པ་འབྲལ་མེད་གཅིག་མཐུན་དུ་ཡོད་པ་དཔེར་ན། བློ་བཟང་རྒྱལ་མཚན་དང༌། བློ་བཟང་ཐབས་མཁས་ལྟ་བུ་དང༌། ཕ་མའི་མིང་ནས་ཕྱེད་ཀ་འདོགས་པ་ཡང་དེང་སྐབས་དར་ཁྱབ་ཆེ།
༡༨ སྤྱི་ཚོགས་འགྱུར་བ་དང་དུས་བབ་ཀྱི་སྒོ་ནས་བཏགས་པའི་མིང་ཡང་ཡོད་དེ། དཔེར་ན། རིག་གནས་གསར་བརྗེའི་སྐབས་སྐྱེས་པའི་ཕྲུ་གུ་ལ་རིག་གནས་སྒྲོལ་མ་དང༌། གསར་བརྗེ་མཚོ་མོ་དང༌། བཅིངས་འགྲོལ་སྐབས་བཏགས་པའི་མིང་ལ་བཅིངས་འགྲོལ་ཕུན་ཚོགས་ལྟ་བུའོ།
༡༩ ཁྱིམ་གྱི་བུ་རྒྱུད་ལས་ཆུང་བའམ་ཡང་ན་མཐའ་མ་ཡིན་པའི་རྟེན་འབྲེལ་གྱི་ཚུལ་དུ་བཏགས་པའི་མིང་ཡང་ཡོད་དེ། དཔེར་ན། བུ་ཆུང་དང༌།
མཚམས་གཅོད། ཆུང་བདག་ལྟ་བུའོ།
༢༠ སྐྱེ་བའི་དུས་ཚོད་ཀྱི་མིང་བཏགས་པ། དཔེར་ན། ལམ་ལངས་སྒྲོལ་མ་དང༌། ཉི་ཤར་ཚེ་རིང༌། ལྟ་བུའོ།
གཞན་ཡང་མི་ནར་སོན་རྗེས་ཕ་ཡུལ་དང༌། ལས་སྒོ། ཡོན་ཚད་སོགས་མིང་གི་ཟུར་དུ་བཏགས་ཚུལ་ཡང་འགའ་ཞིག་ཡོད་པ་སྟེ།
༡ ཡུལ་གྱི་ཆ་ནས་བཏགས་པའི་མིང་ལ། དཔེར་ན། ཨ་མདོ་བྱམས་པ་དང༌། ཁམས་པ་དགྲ་འདུལ། སྨར་ཁམས་ཤེས་རབ་ལྟ་བུའོ།
༢ ལས་སྒོ་དང་གོ་ཐོབ་ཀྱི་ཆ་ནས་བཏགས་པའི་མིང་ནི། དཔེར་ན། ཚོང་དཔོན་ནོར་བུ་བཟང་པོ་དང༌། ཚོང་གཡོག་ཀརྨ་བཀྲ་ཤིས། ཤིང་བཟོ་ཀུན་དགའ། སྨན་པ་བློ་བཟང༌། དམག་དཔོན་རིན་ཆེན་ལྟ་བུ་དང༌། དེང་དར་ཁྱབ་ཆེ་བའི་ཀྲུའུ་རེན་པད་མ་དང༌། ཅུས་ཀྲང་ཚེ་རིང༌། རྫོང་དཔོན་ཐུབ་བསྟན་ལྟ་བུའོ།།

༣ ཡོན་ཚད་ཀྱི་སྒོ་ནས་བཏགས་པའི་མིང་ནི་དཔེར་ན། པཟླིཏ་ཀུན་དགའ་རྒྱལ་མཚན་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ། ལྷ་རམས་པ་ཤེས་རབ་རྒྱ་མཚོ། བཀའ་བཅུ་བ་དར་མ་རིན་ཆེན། ལྟ་བུའོ།
གཞན་ཡང་鉄མི་ལ་རས་པའི་རྣམ་ཐར་鉅དུ་ཡབ་ཆེན་ཚོང་ལ་སོང་རྗེས་གཞིས་སྡོད་ཨ་མ་ལ་བུ་ཞིག་བཙལ་པའི་གཏམ་གསར་དེཆོང་འགྲུལ་དུ་ཡོད་པའི་ཡབ་ཀྱིས་ཐོས་པས་ཤིན་ཏུ་དགའ་བར་གྱུར་ནས་བུའི་མིང་ལ་ཡབ་ཀྱི་བསམ་དོན་མཚོན་བྱེད་དུ་“ཐོས་པ་དགའ་”ཞེས་བཏགས་པའི་ལོ་རྒྱུས་ཡོད་པས། བོད་ཀྱི་དམངས་ཁྲོད་དུ་བྱིས་པར་དེ་ལྟ་བུའི་མིང་འདོགས་སྟངས་ཡོད་མེད་དཔྱོད་ལྡན་རྣམས་ཀྱིས་བཏགས་པར་རིགས་སོ།
གོང་དུ་བོད་མིའི་མིང་འདོགས་ཚུལ་ལ་རང་བློའི་གད་དཔོགས་ཀྱིས་དབྱེ་ཞིབ་བྱེད་ཁུལ་བྱས་པ་དག་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་རང་བྱུང་ཁོར་ཡུགསེམས་ཁམས་ཀྱི་ཁྱེར་སོ་བཅས་ལས་གྲུབ་པའི་མིང་གི་ཁྱད་ཆོས་འབའ་ཞིག་ཏུ་སྣང་ལ། དེ་དག་ཕུད་པའི་མིང་འདོགས་ཚུལ་འགའ་ཞིག་ཡོད་པ་ནི་སྨོས་མེད་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་ཞིབ་འཇུག་བྱ་རྒྱུའི་གྲོས་འགོའི་ཚུལ་དུ་བོད་མིའི་མིང་འདོགས་ཚུལ་གྱི་ཁྱད་ཆོས་སྐོར་རགས་བསྡུས་བྲིས་པ་རེ་ཞིག་རྫོགས་པར་བྱས་སོ།

བརྒྱུད་སྐུལ།

མཆན་སྤེལ།