གཙང་གི་ཁ་བྱང་གཅིག་པའི་སྙན་རྩོམ་འདོན་ཐེངས་བཅུ་བདུན་པ།

གཙང་གི་ཁ་བྱང་གཅིག་པའི་སྙན་རྩོམ་འདོན་ཐེངས་བཅུ་བདུན་པ།
༄༅།  །གཙོ་སྒྲིག་པའི་གཏམ།

དེ་ཡང་དད་མོས་དང་དགའ་ཞེན་གཅིག་ཏུ་ཕྱོགས་པའི་གཙང་ཕྱོགས་སྨྱུག་འཛིན་པ་མང་པོས། རང་རང་གི་བསམ་བློའི་ཚོར་འདུ་མང་པོ་བཙོ་སྦྱངས་གང་ལེགས་གནང་བ་བརྒྱུད་ནས་གྲུབ་པའི་༼དབྱར་དུས་ཀྱི་སྣང་བ།༽ཞེས་པ་ཁ་བྱང་གཅིག་པའི་མཉམ་བྲིས་སུ་སྤེལ་པ་ལ། སྤྱིར་ན་དབྱར་དུས་ནི་རྩོམ་འབྲི་བ་ཚོར་སྙན་ངག་གི་རྒྱུ་ཆ་ཕུན་སུམ་ཚོགས་པའི་དུས་ཤིག་ཡིན་ཏེ། ཕྱི་དངོས་པོའི་ཤུགས་རྐྱེན་ལ་བརྟེན་ནས་ནང་སེམས་ལ་ཚོར་འདུའི་སྣང་བ་རྒྱས་པར་བྱེད་ཅིང་། ཆར་ཞོད་དང་འབྲེལ་ནས་རིག་པ་གསལ་བའི་དུས་ཤིག་ཀྱང་ཡིན་དུ་ངེས། དེས་ན་ད་ཐེངས་ང་ཚོས་གཙང་ཕྱོགས་ཀྱི་སྨྱུག་འཛིན་པ་ཚོས་མཛད་པའི་སྙན་རྩོམ་མང་པོ་གཅིག་ཏུ་བསྡུ་སྒྲིག་བྱས་ཤིང་། རྒན་རིག་པའི་རྗེས་འགྲོ་ལགས་དང་། འབྲོག་བུ་ཡོན་ཏན་ལགས། གུས་སྨིན་རུང་འབྲས་བུ་བཅས་གསུམ་ནས་ཕན་ཚུན་གྲོས་བསྡུར་གྱིས་སྒོ་ནས་ཅུང་ཟད་ཞུ་དག་བྱས་པ་བརྒྱུད། སྙན་རྩོམ་དག་བརྒྱ་ཆ་བརྒྱ་ཡི་བསྟོད་འོས་སུ་མ་འགྱུར་ཡང་། སྨད་དགོས་པའི་སྐྱོན་ཆ་དེ་ཙམ་རང་མི་སྣང་བས་དགའ་ཚོར་ཆེན་པོས་རྗེས་སུ་ཡིད་རངས་ཞུ་བཞིན་མཆིས།

ཐེངས་འདིའི་རྩོམ་ཡིག་གི་གོ་རིམ་ནི་ཐོག་མར་མཆོག་དམན་གྱི་གོ་རིམ་ལྟར་བཀོད་སྙམ་ནའང་། གཅིག་ནས་རང་ཉིད་ཤེས་རབ་དམན་པས་མཆོག་དམན་གྱི་དབྱེ་བ་འབྱེད་དཀའ་ཞིང་། ཡང་སྒོས་ཞིབ་ཏུ་དཔྱད་པའི་དུས་ཁོམ་མི་གདའ་བས། གཙོ་སྒྲིག་པ་གསུམ་སྔོན་ལ་བཀོད་ནས་ལྷག་མ་སྐུར་དུས་སྔ་རིམ་སོགས་གང་གབ་ཀྱི་སྒོ་ནས་བཀོད་པའོ། ། ཞེས་སྨིན་རུང་འབྲས་བུས་བོད་ཟླ་ ༧ པའི་ཚེས་ ༡ ཉིན།

སྤྱིའི་འགན་འཁུར་བ།                རིག་པའི་རྗེས་འགྲོ།

རྩོམ་སྒྲིག་འགན་འཁུར་བ།          འབྲོག་བུ་ཡོན་ཏན།

ལག་བསྟར་རྩོམ་སྒྲིག་པ།             སྨིན་རུང་འབྲས་བུ།

དབྱར་དུས་ཀྱི་སྣང་བ།

རིག་པའི་རྗེས་འགྲོ། རྣམ་གླིང་རྫོང་།

དབྱིག་འཛིན་སྒེག་མོའི་དཀྱིལ་འཁོར་དུ་ཆགས་པའི་ལྷོ་འཛམ་བུ་གླིང་འདི་བྱམས་དང་སྙིང་རྗེ། ཡ་རབས་གུས་ཞབས། ཕྱག་དང་ཞེ་ས། ལས་རྒྱུ་འབྲས། དྲང་བདེན། ལྷག་བསམ། ཤེས་རིག་སོགས་ལེགས་པའི་རྒྱན་གྱིས་ཡོངས་སུ་མཛེས་པར་བྱས་ཏེ་བཟང་གསུམ་གྱི་དགའ་བའི་དཔལ་ཀུན་ནས་འཛོམས་པར་བྱས། ཉེ་བའི་ཆར་ཡུལ་གྲུ་འདིའི་ལེགས་ཚོགས་ཕལ་མོ་ཆེ་འདོད་ཆགས་དང་ཞེ་སྡང་། ང་རྒྱལ། གཏི་མུག་ཅེས་པའི་མུན་པ་སྟུག་པོ་ཞིག་གིས་ཡོངས་སུ་འཐིབས་ཏེ་གནམ་རྒན་མ་ཡང་རེ་ཞིག་སྐྱོ་བའི་སྤྱན་ཆབ་བསིལ་རྒྱུ་མེད་པར་ངག་བསྡམས་ནས་ཧོན་ཐོར་ཏེ་བཞུགས་དགོས་ཙ་ན་འཇིག་རྟེན་སྐྱེ་འགྲོ་ཀུན་ཚ་སྡུག་གི་གདུང་བས་རབ་ཏུ་མནར། རྩྭ་རྩི་ཤིང་ཐམས་ཅད་ཀྱི་ཞལ་ནས་སྐྱོ་བའི་ཉོབ་མདངས་སྟོན་ཞིང་རེ་རེ་བཞིན་རྙིད། ཚེ་སྲོག་གི་འབྱུང་རྩར་འབོད་པའི་དལ་འགྲོའི་རྒྱུན་ཆད་ལ་ཉེན།

ཨ་ཁ་ཁ། སྐྱ་ཐེར་ཐེར་གྱི་དབྱར་དུས་འདི་ཇི་འདྲའི་སྐྱོ་སྣང་དང་རེ་བའི་འབྲས་བཟང་གིས་དབེན་པ་ཞིག་རེད་ཨང་།

དུས་ཀྱི་འཁོར་ལོའི་བགྲོད་དང་བསྟུན་ནས་གནམ་རྒན་མ་རིམ་བཞིན་དྲན་པ་གསོས་བྱུང་ཡང་། ནང་སེམས་ནི་ཇེ་སྐྱོ་ནས་ཇེ་སྐྱོར་ལྷུང་ཞིང་ཡིད་སྐྱོ་བའི་གདུང་བས་འགོག་ཐབས་བྲལ་ཏེ་སྤྱན་ཆབ་རྦབ་ཆུའི་རྒྱུན་མི་ཆད།

ཨ་ཙི་ཙི། འཇིགས་སུ་རུང་བའི་ཤྭ་འོད་ཁམ་པ་དེས་སྐྱེ་འགྲོའི་སྲོག་གི་དབང་པོ་སྐད་ཅིག་ཏུ་ཕྲོགས། གྲོང་ཁྱིམ་དང་ཡུལ་སྡེ། འཕྲུལ་འཁོར། ལམ། ཟམ་པ་སོགས་རྨིག་མེད་དུ་བཅོམས། ཤུལ་དུ་ལུས་པའི་སྨྲ་ཤེས་སྨྲ་མི་ཤེས་པའི་སྲོག་ཆགས་ཀུན་སྐྱོ་བའི་སྨྲེ་ངག་འདོན་ཞིང་སྤྱན་ཆབ་ལྷུང་ལྷུང་དུ་བསིལ།

ཀྱི་ཧུད། སྨུག་ཐིང་ཐིང་གི་དབྱར་དུས་འདི་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་།

དབྱར་དུས་ཀྱི་སྣང་བ།

འབྲོག་བུ།    ངམ་རིང་རྫོང་།

དབྱར་གཞུང་འདིར།

ཆར་པ་བབས་བྱུང་།

རི་ཀླུང་སྣུམ་སོང་།

ཞིང་འབྲོག་རྒད་པོའི་བཞིན་ལས་འཛུམ་མདངས་འཕྱུར་བྱུང་།

དབྱར་གཞུང་འདིར།

ཆར་པ་བབས་བྱུང་།

ཉིན་དང་མཚན་མོ་དབྱེ་བ་མེད་པར།

ཆར་པ་བབས་དྲགས་པའི་རྐྱེན་གྱིས།

ཤྭ་འོད་རྒྱུགས་བྱུང་།

ས་ཞིང་བསྣུབས་སོང་།

ལམ་བུ་འཁྱེར་སོང་།

ཐ་ན་ཟམ་པའང་ལིང་ལིང་དུ་འགྱེལ་འགྲོ།

ད་དུང་རི་ཉིལ་ཞིང་རྒྱུ་དངོས་ཀྱང་མང་པོར་བཅོམས་སོང་།

ད་ནི། ཆར་པ་བབས་དྲགས་པས།

ཞིང་འབྲོག་པ་ཙམ་མ་ཟད།

མི་ཚོགས་ཀུན་གྱི་དོ་འཁུར་དང་གླེང་གཞིར་གྱུར་སོང་།

དེ་བས།

མི་ཚོགས་ཀུན་གྱི་སེམས་ཁྲལ་དང་སྡུག་བསྔལ་ལ་གྱུར་སོང་།

དབྱར་གཞུང་འདིས།

མི་ཀུན་གྱི་སྣང་བར།

ཁྲ་ཆིལ་ཆིལ་གྱི་མེ་ཏོག་དག་དང་།

སྣུམ་ཤིག་ཤིག་གི་འཇིག་རྟེན་དག་མིན་པར།

དགའ་ལྷང་ལྷང་གི་དབྱར་དུས་ཤིག་དང་།

ཟས་ཞིམ་ཞིམ་གྱི་དབྱར་དུས་ཤིག་མིན་པར།

ཚང་མའི་སེམས་སུ།

འཇིགས་སྐྲག་དང་སང་ཉིན་ལ་མནོ་བསམ་གཏོང་དགོས་པའི།

སྣང་བ་འཇིག་ཡེར་རེ་བ་ཞིག་བཞག་སོང་།

དབྱར་དུས་ཀྱི་སྣང་བ།

སྨིན་རུང་འབྲས་བུ། ངམ་རིང་རྫོང་།

དུས་བཞིའི་འགྱུར་ལྡོག་ནི་མི་རྟག་པ་འབའ་ཞིག་སྟོན་པར་བྱེད་པའི་སློབ་དཔོན་ལྟ་བུ་ཞིག་ཡིན་ཏེ། ཡུད་ཙམ་ཞིག་ལ་དབྱར་ཁ་ཞེས་པའི་ནམ་དུས་དེ་སླེབས་བྱུང་། དབྱར་དུས་ནི་རི་ལུང་ཐམས་ཅད་སྔོ་ཞིང་ཆར་རླུང་ལྡང་བའི་དུས་ཤིག་སྟེ་དུས་འདི་ན་ང་རང་ཕ་ཡུལ་དང་ཁ་བྲལ་ནས་རྒྱང་ཐག་རིང་བའི་ཡུལ་གྲུ་ཞིག་ན་རང་དགོས་ལས་ཚུལ་ཞིག་ལ་འབད་པ་ཅི་ཐུབ་བྱེད་བཞིན་ཡོད། ལོ་འདིར་ངས་སྔོན་དུས་ཀྱི་སྒྲུབ་ཐབས་དཀའ་བའི་འདུན་པ་རྙིང་ཧྲུལ་ཅན་མང་པོ་ཞིག་བསྐྱུར་ནས་སེམས་ཀྱི་ཁང་བཟང་ནང་དུ་རེ་འདུན་གྱི་ཁྱེའུ་གསར་པ་ཞིག་སྐྱེད་སྲིང་བྱེད་ཅིང་ཡོད་ལ་ངའི་མ་འོངས་པའི་རེ་བ་དང་ཡིད་ཆེས་ཐམས་ཅད་གསར་སྐྱེས་ཀྱི་ཁྱེའུ་དེ་ལ་བཅོལ་ནས་ཡོད། དེས་ན་ངས་རང་གི་འདོད་པ་དང་མཐུན་པའི་ཁེར་རྐྱང་གི་འཚོ་ཐབས་ཤིག་བཟུང་སྟེ་མི་ཚེའི་ལམ་འཕྲང་རིང་མོ་དེར་ངལ་བ་དུ་མ་ཁྱད་དུ་བསད་ནས་ངའི་ཡབ་མེས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ལག་ཏུ་ལེན་ཐུབ་ན་ཅི་མ་རུང་སྙམ་པའི་སྣང་བ་ཞིག་འཆར་ཞིང་དེའི་ཚུལ་ལ་འབད་པའི་ལས་འགོ་ཞིག་བརྩམས་བཞིན་མཆིས།

དབྱར་དུས་ཀྱི་ནམ་ཟླ་ནི་ཆར་པ་འབབ་པའི་དུས་སྐབས་ཤིག་ཡིན་ལ་ད་ལོའི་ལོ་འདིར་ལྷག་པར་དུ་ཆར་ཞོད་ཆེ་ཞིང་ག་དུས་ཡིན་ནའང་འབབ་ཤག་ཤག་གི་ཆར་པའི་ཁྲོད་དུ་ངའི་ཉག་ཕྲ་བའི་ཚེ་སྲོག་གི་རྟེན་གནས་ལུས་གཟུགས་དེའང་ཆར་གྱིས་ཡང་ཡང་དུ་སྦངས་ནས་བྱུང་། དབྱར་དུས་འདི་ན་མི་ཐམས་ཅད་ལས་བྲེལ་གྱིས་གཏུགས་ནས་མི་ཚེའི་རིན་ཐང་དང་། འཚོ་བའི་ཐབས་ལམ། འཕྲལ་ཕུགས་ཀྱི་མདུན་ལམ་གང་ལའང་བསམ་གཞིགས་བྱེད་ཁོམ་མེད་པ་ལྟ་བུ་ཞིག་རེད་འདུག ཡིན་ནའང་ང་ནི་དེ་ལས་ལྡོག་སྟེ་དབྱར་དུས་འདི་ན་ང་རང་བསམ་གཞིགས་ཀྱི་དྲ་བ་ཞིག་མགོ་ལ་གྱོན་ནས། སྣང་བའི་ན་བུན་སྟུག་པོ་ཞིག་མདུན་ཕྱོགས་སུ་བསུས་ཏེ་ཡང་ནས་ཡང་དུ་རང་གི་མི་ཚེའི་རིན་ཐང་ལ་རྟོག་དཔྱོད་བྱེད་ཅིང་ངའི་མི་ཚེ་ཧྲིལ་པོ་འདི་དཔེ་ཀློག་དང་འགྲོགས་ཏེ་རང་གི་མྱོང་བ་དང་བཤད་འདོད་པའི་སེམས་ཀྱི་ཚོར་སྣང་དག་རྩོམ་འབྲིའི་ལམ་དུ་འཇུག་པའི་ལས་ཚུལ་ཞིག་ལ་འབད་བརྩོན་ཅི་ཐུབ་བྱེད་པ་ནི་ངས་དགའ་ཞེན་གྱིས་བདམས་པའི་མི་ཚེའི་མདུན་ལམ་ཞིག་ཡིན་ལ་ནང་ཆོས་ཀྱི་ལམ་ནས་དྲང་བདེན་གྱི་འཚོ་ཐབས་རེ་ལ་ལག་སྙོབ་བྱེད་ཅིང་ནམ་ཡང་ཞུམ་མེད་དུ་མདུན་སྐྱོད་བྱེད་པ་ནི་ངའི་ཡོད་ཚད་དུ་རློམ་པའི་མི་ཚེ་རིན་ཐང་ཞིག་ཀྱང་ཡིན་པར་བསམ་བཞིན་ཡོད།།    །།

ཅེས་པ་འདིའང་བོད་རབ་བྱུང་བཅུ་བདུན་རྣམ་འཕྱང་ས་ཁྱི་ལོའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་བཟང་པོར་བྲིས་པའོ།  །

དབྱར་དུས་ཀྱི་སྣང་བ།

ཞང་ཞུང་བུ་རྒྱུད་ཀྱིས།   རྣམ་གླིང་རྫོང་།

གཅིག

ངེད་ཚོའི་སྣང་བའི་ཞིང་ཁམས་སུ་ཉར་བའི་དབྱར་ཁ་ནི་ཆར་ཆུ་ཡིས་ཞིང་ཐང་ལ་བདུད་རྩི་སྩོལ་ཞིང་། མེ་ཏོག་གིས་སྤང་ཐང་ན་སྐོར་བྲོ་འཁྲབ། མེ་ཏོག་གི་སྐར་ཚོམས་གོ་ལའི་ཡང་རྩེ་ན་འཕོས། རི་ཀླུང་གཡུ་གཤོངས་འདྲ་ལ་ནམ་མཁའ་ན་སྤྲིན་པའི་མཛུབ་རིས་མངོན། སོ་ནམ་པ་རྣམས་ཀྱི་ཞལ་ནས་ཤུ་གླུ་ལེན་ཞིང་། བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་ཞོར་ཞིང་ཐང་ན་རྔུལ་ཆུ་ཡིས་ལུས་ཕུང་འཚོས་ཤིང་ལས་ལ་བྲེལ། རྐང་གཉིས་ཡོངས་རྫོགས་དགའ་བདེའི་དཔལ་ལ་རོལ། ཇ་ཆང་གི་རྒྱ་མཚོ་འཁྱིལ། ཟས་ནོར་གྱིས་རི་བོར་འགྲན། གླུ་གར་གྱི་སྒོ་མོ་ཕྱེ། རང་རིགས་རྣམས་ཞོགས་སྔ་ལངས་ཐོ་རེངས་སྐར་ཆེན་དང་འགྲན་ལ། དགོང་ཕྱི་ཉལ་སྲིན་བྱ་འུག་པའི་ཚོགས་ལ་འགྲན། གླེགས་བམ་ཚ་རུའི་ནང་དུ་བཏུམ་སྟེ་རང་དགོས་ཀྱི་ཤེས་བྱའི་གནས་ལ་བརྩོན། གང་ལྟར་སྐྱེ་འགྲོ་ཀུན་ལ་དགའ་བ་དང་བདེ་བ་བྱིན་ནུས་པའི་དུས་ཚིགས། འདས་མ་ད་གསུམ་དུ་རེ་འདོད་བྱེད་ནུས་པའི་དུས་ཚིགས། བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་པའི་དུས་ཚིགས་སོ།

གཉིས།

ད་སྐབས་ངའི་དྲན་འཆར་ནང་དུ་ལུས་པའི་དབྱར་དུས་ནི་ཆར་ཆུ་ཚ་དྲག་མི་སྙོམས་ལ་འབྱུང་བཞི་ཡི་མཁན་པོ་ཁྲུག ཡུལ་མང་པོར་འཇིགས་པ་བྱུང་སྟེ་ཚེ་སྲོག་ལ་རང་དབང་དབེན། ཡུལ་ལྗོངས་ཀྱི་བཀོད་པ་སྣུབས། ལྷུང་ལྷུང་དུ་རྒྱུགས་བཞིན་པའི་དྭངས་གཙང་ཆུ་མོ་རྣམས་ལྟ་བས་མི་བཟོད་པའི་ངོ་མདོག་ཁམ་པར་གྱུར། ཉམས་ཆུང་ཚེ་སྲོག་གི་འཕྲེང་ཐག་ལ་བརྟན་རྩ་ཞིག་མ་བྱུང་། དེས་ན་དབྱར་དུས་ལ་ཞེན་ཆགས་བྱེད་མི་སྲིད་ལ་རེ་སྒུག་ནི་དེ་བས་ཀྱང་མི་བྱེད། འོན་ཏེ་འབྱུང་བཞིའི་འཇིགས་པ་ཡོང་དོན་ལ་མནོ་བསམ་བཏང་ཨེ་མྱོང་། ཡོད་ཚད་དེ་ང་ཚོ་རང་རིགས་ཀྱི་བཟོས་པ་ཨེ་ཤེས་ལགས།

གསུམ།

མཇུག་དེར་ངས་ལྕགས་སྨྱུག་ཤོག་བུའི་ཞིང་ཐང་ངོས་སུ་འཁྱུག་སྟེ་བརྗོད་འདོད་པ་ནི། ང་ཚོར་སྔོ་ཞིང་བསངས་བའི་ནམ་མཁའ། མཛེས་ཤིང་མཚར་བའི་མེ་ཏོག མེ་ལོང་ལྟར་དྭངས་པའི་ཆུ་མོ་ཞིག་དགོས་ཚེ་རང་བྱུང་ཁམས་ལ་གནོད་ཚེ་བྱེད་ག་ལ་རུང་། ང་ཚོར་དབང་བའི་གཞིས་ཁྱིམ་དྲོན་མོ་དེ་རང་བྱུང་ཁམས་ཀྱི་ལེགས་སྐྱེས་ཡིན། འབའ་སྒྲ་ཡི་ལུག་འཁྱུའི་ཁྲོད་ན་རྫི་བོའི་གླུ་སྐད་ཀྱི་གྲེ་འགྱུར་དེ་རང་བྱུང་ཁམས་ཀྱི་ལེགས་སྐྱེས་ཡིན། དེ་བས་ཅི་ཕྱིར་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པར་མི་ནུས། ད་བར་དུ་སྐྱེ་འགྲོ་ཡོང་གིས་མགྲིན་གཅིག་བསྔགས་བརྗོད་བྱེད་བཞིན་པའི་བོད་ཡུལ་འདི་ལ་ད་བར་དུ་དེ་ཙམ་གྱི་འབྱུང་བཞི་ཡི་འཇིགས་པ་བྱུང་ཨེ་མྱོང་། རྟོགས་པར་འཚལ། འདི་ནི་ངེད་ཅག་གི་ལས་འབྲས་ལས་འཁྲུངས་པའི་མཐའ་འབྲས་སོ། །

དབྱར་དུས་ཀྱི་སྣང་བ།

རྡོ་ཐང་།   རྣམ་གླིང་རྫོང་།

ཐྲིག་ཐྲིག་གི་ཆར་སྒྲ །

ཞིབ་ཏུ་ཉན་ན་བུད་མེད་མཛེས་མ་ཞིག་གི་རྡོག་སྒྲ་རེད།

ཡང་མིན་ན་ལྷ་ཡིས་བསྩལ་བའི་བདུད་རྩིའི་ཆབ་རྒྱུན་རེད།

ཐྲིག་ཐྲིག་གི་ཆར་སྒྲ །

ཞིབ་ཏུ་ཉན་ན་དུས་ཚོད་ཀྱི་འཁོར་མདའ་ལ་ཁེན་པའི་འཆི་བདག་རེད།

ཡང་མིན་ན་མི་ཁའི་རྒྱ་རུ་ཚུད་པའི་ལག་དམར་བ་རེད།

གང་ལྟར་དབྱར་དུས་ཀྱི་སྣང་བ།

མི་ཚེའི་འགྲུལ་བཞུད་ཅིག་སྟེ།

ཟད་ཐབས་མེད་པའི་འཁོར་བའི་རྙོག་དྲ་དེའོ།

2018、7、24

དབྱར་དུས་ཀྱི་སྣང་བ།

ཁ་བའི་གླང་པོ། རྣམ་གླིང་རྫོང་།

དབྱར་དུས་རྫིང་བུའི་ངོགས་ན།

བྱིས་པས་འདམ་རྩེར་རོལ་དུས།

བདག་གི་བྱིས་དུས་འཚོ་བ།

ཡིད་ལ་ཝ་ལེར་འཆར་བྱུང་།

དབྱར་དུས་སྤང་རིའི་འདབས་ནས།

འབྲོག་མོས་གླུ་དབྱངས་འཐེན་དུས།

བདག་གི་དྲིན་ཆེན་ཨ་མའི།

ངག་གི་འགྱུར་ཁུག་དྲན་བྱུང་།

དབྱར་གྱི་རྫ་རྔ་གྲགས་བྱུང་།

སྦྲང་ཆར་སིམ་སིམ་བབས་སོང་།

ནེའུ་གསིང་འཛིན་མའི་ཁྱོན་ལ།

མེ་ཏོག་མལ་གདན་བཏིངས་བཞག

དབྱར་ཆུ་ཁམ་པ་རྒྱས་ནས།

ཟམ་ལམ་འབིལ་པ་རྒྱག་རྒྱག

ལམ་བཟོ་ཨ་ཁུའི་ལས་ལ།

ཚར་བའི་དུས་ཤིག་མིན་འདུག

དབྱར་གཞུང་འོང་ཁའི་ཁྲོད་ནས།

པད་ཞིང་མེ་ཏོག་མཛེས་བྱུང་།

འོང་བསྐོར་དུས་ཆེན་དགའ་སྤྲོས།

སོ་ནམ་བག་ལ་ཕེབས་སོང་།

དབྱར་ཟླ་དྲུག་པ་ཤར་སོང་།

བེའུ་ལུག་གར་མཆོངས་བྱེད་ཀྱིས།

སྦྲ་ནག་གྲུ་བཞིའི་འདབས་ནས།

འོ་ཞོའི་ངད་ཁ་འཐུལ་བྱུང་།

དབྱར་གྱི་བར་སྣང་དབྱིངས་ནས།

འཇའ་ཚོན་གུར་ཁང་ཕུབས་བྱུང་།

འགྲོ་དྲུག་སྐྱེ་བོའི་ཡིད་ལ།

དགའ་བའི་ས་བོན་འཁྲུངས་སོང་།

དབྱར་གྱི་བསིལ་ལྗོངས་མཛེས་སོང་།

སུམ་རྩེན་ཡུལ་དུ་སླེབས་འདྲ།

ཕྱོགས་བཅུའི་ཡུལ་སྐོར་ཚོགས་པའི།

ཡིད་སེམས་དབང་མེད་འཕྲོག་སོང་།

དབྱར་དུས་ཀྱི་སྣང་བ།

གངས་ཕྲུག་རྒྱལ།  མཐོང་སྨོན་རྫོང་།

ཉི་འོད་ཀྱི་ཐིགས་པ་ས་ཆེན་པོའི་ཕང་བར་ཟགས་པས།

གོས་མཐུག་པོ་དག་ཀྱང་རིམ་བཞིན་གོས་སྒམ་ནང་བསྡུས་སོང་།

ས་སེར་པོའི་ངོས་ན་རྩྭ་ལྗང་ཁུའི་ཚོན་དོག་མཐོང་དཀའ་བས།

དབྱར་ཁ་འདི་ཉི་མ་ཁོ་ནར་དབང་བ་འདྲ།

ཞིང་ཐང་ནས་འོད་དུ་འཚེར་བ།

གསེར་ས་འོག་གི་འོད་ནམ་མཁར་ཁྱབ་པ་མ་ཡིན།

ཉི་འོད་ཁེམ་ལ་ཕོག་པ་མིག་ལ་གཟན་མོད།

རྒྱུས་མེད་ཅིག་གིས་ཞིང་ཐང་གི་ལས་གླུ་ཁོ་ན་མ་གཏོགས་གོ་མི་སྲིད།

འབྲུག་སྒྲ་གྲགས་ཉེས་ཤིག་གིས།

མི་རྣམས་ཀྱང་རྨ་བྱ་བཞིན་དགའ་སོང་།

ཆར་ཐིགས་ལ་བར་ཆད་མེད་པའི་དུས་དེ་ནས།

དམོད་མོའང་འདེབས་མི་ཤེས་པའི་མི་རྣམས།

མི་སྨྲའི་བརྟུལ་ཞུགས་འཛིན་རྒྱུ་ལས་ཐབས་ཅི།

ཤྭ་འོད་ཀྱིས་ལ་ལུང་བརྫི་དུས།

དབྱར་དུས་འདི་ཆར་པ་ཁོ་ནར་དབང་བ་འདྲ།

དབྱར་དུས་ཀྱི་སྣང་བ།

མྱང་གོ་ཐལ།   ༼ཁང་དམར་རྫོང་།༽

དབྱར་དུས་ཀྱི་སྣང་བ་དེ་ཐོག་མདེལ་བསམ་ནག་ཅིག་རེད།

རི་ཉིལ་བའི་ཆུ་སྙིགས་ཀྱིས་ལུང་གཞུང་བཀྲུས།

ཚ་གདུང་གི་ལྕེ་དྲེག་དེས་ལ་བཙས་ཀྱི་ཁ་དོག་བརྗེས།

ས་འོག་རི་འོག་ཏུ་དུ་བ་མཇུག་རིང་འདྲ་བ་འགའ་འཛུལ་གྱིན་པའང་མཐོང་།

ཡིན་ཡང་། གསར་བུ་དེ་ཚོ་ཐོ་ཡོར་ལའང་འདར་བཞིན་འདུག

ང་ལ་འདི་ནི་སུ་ཞིག་གི་ཁམས་ཡིན་པའི་ཡིད་ཆེས་མ་རྙེད།

དབྱར་དུས་ཀྱི་སྣང་བ་དེ་མི་རྒན་བསམ་བཟང་ཞིག་རེད།

སྤང་ཁའི་མེ་ཏོག་དེ་ཚོས་སྡུག་བསྔལ་གྱི་གཞི་རྒྱུ་བཞོས།

བྱ་ཚོགས་དེ་ཚོའི་ཀྱུ་རུ་རུའི་མགུར་རྟས་སྨྱུག་རྩེ་ལ་བྱིན་རླབས་བསྐུས།

འོང་སྐོར་གྱི་མདའ་དར་དེ་ཚོས་ཕྱྭ་དང་གཡང་དང་བཀུག

ཡིན་ཡང་།

གསར་མོ་དེ་ཚོས་སྲོལ་རྒྱུན་ཁྲོད་གཅེར་ཆས་སྐོན་བཞིན་འདུག

ང་ལ་འདི་ནི་ལྷིང་འཇགས་བཅས་པའི་ཁམས་ཤིག་ཡིན་པའི་ཆ་མ་རྙེད།

དོན་ངོ་མར་ངས་དབྱར་དགུན་སྟོན་དཔྱིད་ཚང་མར་མཉམ་འཇོག་གིན་ཡོད།

ལྷག་ཏུ་དགུན་དུས་ལ་བསུ་བ་ཞུ་གིན་ཡོད།

དུས་ཚིགས་དེར་ཨ་མས་བཏགས་པའི་བཙུགས་ཕྲུག་སོགས་དང་མཇལ་ཆོག་པས་ཡིན།

དབྱར་དུས་ཀྱི་སྣང་བ།

གངས་འཁྱམ་གསར་བུ། ས་སྐྱ་རྫོང་།

མྱང་ཆུའི་བཞུར་སྒྲ་སྙན་མོས་ཡུལ་གྱི་རྣ་བ་རབ་ཏུ་མྱོས།།

སྤང་ལྗོངས་མེ་ཏོག་སྡུག་གུས་དུས་ཀྱི་རྣམ་པ་ཡོངས་སུ་བརྗེས།།

བྱིའུ་ཆུང་ཅོ་ཀའི་སྙན་པའི་གྲེ་འགྱུར་དྲི་ཟའི་དབྱངས་ལ་འགྲན།།

གངས་ལྗོངས་དབྱར་གྱི་དུས་འདི་འཆོར་སྒེག་བུ་མོའི་ལང་འཚོ་འདྲ།།

ཆུ་འཛིན་དུས་ཀྱི་ང་རོས་དབྱར་གྱི་བུ་མོར་བསུ་མ་བྱེད།།

སྦྲང་ཆར་ཟིལ་མས་སྨྲ་བས་སྒྲིབ་པའི་འཇིག་རྟེན་གཙང་མར་བཀྲུས།།

ཡུལ་གྱི་འོང་ཁར་ཨ་མས་བཞེངས་པའི་མྱུ་གུས་བདུད་རྩི་འཐུང་།།

གངས་ལྗོངས་དབྱར་གྱི་དུས་འདི་དྲིན་ཅན་ཨ་མའི་སྨོན་འདུན་ཡིན།།

དབང་པོའི་གཞུ་རིས་དབྱར་གྱི་པང་གདན་འཛིན་མའི་ཁྱོན་ན་བཀྲ།།

རི་རྩེའི་སྨུག་པ་དབྱར་གྱི་སང་རས་སྐྱིད་པའི་དགའ་ཚལ་གཡབ།།

རྟ་ནོར་ལུག་གསུམ་རྩྭ་ཆུར་རོལ་ཞིང་དུས་བཟང་ལོངས་སྤྱོད་ཀྱིས།།

གངས་ལྗོངས་དབྱར་གྱི་དུས་འདི་འདོད་ཡོན་ཕུན་ཚོགས་ཡོངས་སུ་རྫོགས།།

རྩྭ་རྩེའི་ཟིལ་བས་མི་བུའི་རེག་བྱར་དབྱར་གྱི་ཟིལ་ཤུགས་སྟེར།།

གཙང་པོའི་ཀུ་ཅོས་མི་འཇིགས་དཔའ་སྟོབས་དབྱར་གྱི་དབང་རྩར་བཞུད།།

གདོང་དམར་ཕྱུགས་སྐྱོང་སྙན་མོའི་ལ་གླུས་དབྱར་གྱི་དུས་སྟོན་བསུ།།

གངས་ལྗོངས་དབྱར་གྱི་དུས་འདིར་གསར་སྐྱེས་གཞོན་ནུར་བློ་གྲོས་ལྡན།།

ཕྱུགས་རྫི་བུ་མོའི་ཟོལ་མེད་བརྩེ་བས་བསྐྱངས་བའི་རྩྭ་ཐང་དང་།།

ཨ་ཁུ་ཞིང་པའི་གཞུང་དྲང་བསམ་བློས་བཏབ་པའི་ཞིང་ཐང་སོགས།།

དབྱར་གཞུང་ཕྲ་མོའི་བྱམས་བརྩེའི་ཆབ་རྒྱུན་ཕབ་པས་ཡུལ་ལུང་མཛེས།།

གངས་ལྗོངས་དབྱར་གྱི་དུས་འདི་ཨ་མས་བསྐྱངས་པའི་བུ་ལོའོ།།

ཚིག་རྒྱན་སྡེབ་སྦྱོར་དབུལ་བའི་བློ་དམན་ཨོ་ལོའི་དབྱར་སྣང་འདི།།

གྲུ་ཆར་དུས་ཟླའི་བདུད་རྩིས་འབྲོག་མོའི་དབྱངས་ལ་རམ་བུ་འདེགས།།

ཨ་མའི་པང་ཁར་ལོག་པའི་ལོ་ལོའི་མིག་ཟུང་ཕ་སར་སྡིར།།

རྐང་དྲུག་བུང་བ་དིར་དིར་སྒྲོག་ཅིང་དབྱར་གྱི་རྩི་བཅུད་ལེན།།

དབྱར་དུས་ཀྱི་སྣང་བ།

གཉལ་བཀྲ་ཤིས་བསྟན་པ།   ལྷུན་རྩེ་རྫོང་།

རྩེ་མོར་གསེར་གྱི་རྣ་རྒྱན་རབ་བཏགས་ས་མཐོའི་པད་ཁས་ལུས་པོ་དཀྲུག་དཀྲུག་ལན་གསུམ་གནང་ནས་སྐྱིད་སྡུག་འདྲེས་མའི་ལོ་ཟླར་སྡུག་ཡུས་གྲངས་མེད་ཕྱེ་མ་ལེབ་ལ་དྲངས་པ་ཡིས། །

གཤོག་པའི་ཚོན་མདངས་རིམ་གྱིས་ཉམས་པའི་ས་མཐོའི་ཕྱེ་ལེབ་དག་ཀྱང་གཤོག་ཟུང་གང་དགར་ཕྱོགས་འདོད་བློ་ནི་ཡོད་མོད་རྣང་ཞིང་རྒྱ་ཁྱོན་ཇེ་ཆུང་འཕུར་བའི་རེ་ཐག་གཏིང་ནས་ཆད། །

རྟ་བདུན་དབང་པོའི་ཟེར་རྒྱས་འགྲོ་དྲུག་མ་ལུས་བསྲེག་འདོད་བློ་ཡིས་མཆེ་བ་བགྲད་བཞིན་ཨམ་གཙིགས་བསྡམས་ཏེ་འཕྲོས་པས་ལུས་ཀྱི་བུ་སྤུ་དག་ཀྱང་ཡིབ་ཚུལ་དེ་ནི་ཨ་མ་ཝེ། །

དབྱར་གྱི་དལ་འགྲོའི་རང་རྒྱུའི་རང་གཤིས་བཅོམས་པས་སྒོ་འགྲམ་རྐང་འཐུང་འགའ་ཞིག་མ་གཏོགས་མཐའ་འཁོར་སྐྱེ་དངོས་སྐོམ་པས་བཟི་སྟེ་འཁྲུག་འཁྲུག་འདར་བའི་ངང་ཚུལ་འདི་ཡིས་སྐྱོ་ཤས་སྟེར། །

བཞའ་ཚན་ཆེ་བའི་བྲག་རི་བདེ་ལ་གནས་ཀྱང་གསང་བའི་འབར་གས་ལན་མང་རྒྱབ་པས་བྲག་ཁུང་ནང་ནས་ཆིལ་ཆིལ་ཆུ་ནི་ཉིན་གསུམ་བཞུར་རྗེས་སྙིང་ཁྲག་སྐམ་པས་ཟུག་རྔུ་འབྱིན། །

དབྱར་གྱི་རང་གཤིས་བོར་བའི་ས་མཐོའི་གནམ་གཤིས་འདི་ཡང་ལན་རེར་མི་འདོད་བློ་ཡིས་སད་དང་དྲག་ཆར་ཤུགས་ཀྱིས་བབས་པས་མགོ་ཐོག ་གནམ་ནི་བརྡོལ་འདྲའི་འཇིགས་རུང་སྣང་བ་སྟེར། །

ཆུ་ལོག་སེང་གེ་མཆོངས་འདྲས་ཤུལ་དུ་ལུས་པའི་མ་ཞིང་ཆུང་ངུ་དེ་ཡང་རྡོག་པས་བརྫིས་ཏེ་ཟད་པས་ཨ་མའི་སེམས་ལ་གས་ཁ་ཤོར་ཡང་ན་ཆུང་སེམས་པ་རྡོ་བཞིན་མཁྲེགས། །

དབྱར་གྱི་ཁང་བྱེའུ་སྒྲོལ་མའི་སྐད་ཀྱང་མི་ཐོས་གཟུགས་ཀྱང་མྱུལ་བར་དཀའ་བ་གནས་སྤོ་མང་བའི་རྐྱེན་ནི་ཡིན་མོད་དེ་ལ་མཐེ་བོང་བསྒྲེང་མཁན་མང་བས་མཚམས་རེ་དགོད་ཀྱང་བྲོ། །

རེ་འགར་ཁང་སྟེང་དར་ལྕོག་དལ་གྱིས་གཡུགས་ཏེ་སྐུལ་ཀྱང་དབྱར་གྱི་སྣང་བ་སྐྱོ་ཤས་ཆེ་བ་ང་དང་དབྱར་གྱི་བརྩེ་ལྡན་མ་མས་མ་གཏོགས་ཤེས་པར་དཀའ་བ་དངོས་དོན་ལགས། །

ད་ལྟ་ཨ་མའི་ཁང་གསར་མདུན་དུ་མིག་གི་ཡོལ་བ་སྨུག་དང་སྤྲིན་གྱིས་སྒྲིབ་ཏེ་དབྱར་གྱི་སྣང་འཆར་གང་བསམ་བྲིས་མོད་སེམས་ལ་ཆར་པ་ཡང་སེ་བབས་པས་གྲང་ཤུར་ཤུར།

༢༠༡༨ལོའི་བོད་ཟླ་༦ཚེས་༡༨ཉིན།

གཉལ་ཤོ་ནུབ་ཆོས་འཁོར་ཐང་དུ།

དབྱར་དུས་ཀྱི་སྣང་བ།

རིག་ཞེན་སྲི་ཐར།   ས་སྐྱ་རྫོང་།

ཆར་པ་འབབ་དུས།

སུ་ཞིག་གིས་ངུ་ཤུམ་རྒྱག་གིན་འདུག

ངས་སྒེའུ་ཁུང་གི་འགྲམ་དུ་ལངས་ནས།

མིག་ཆུ་ལྟ་བུའི་ཆར་གྱི་འབབ་ཚུལ་ལ་བལྟས།

སྒེའུ་ཁུང་ཕྱི་རོལ་དུ་འགྲེང་བའི་སྡོང་བོ་ཁེར་རྐྱང་དེས།

ངུ་ཤུམ་རྒྱག་མཁན་སླད་དུ་མིག་ཆུ་གཏོང་བཞིན་འདུག

ཆར་པས། བསམས་གཞིག་གི་སྣེ་མོ་རྒྱང་ལ་བསྲིངས།

ཆར་པས། འདས་དོན་རེ་རེ་གློག་བརྙན་བཞིན་འཁྲབ།

ཆར་པ་འབབ་པའི་སྒྲ་ཡང་རོལ་དབྱངས་ཤིག་སྟེ།

སུ་ཞིག་གི་རྣ་རྩར་ལྗིད་ཏིག་གེར་ལྷུང་ཞིང་།

ཁེར་རྐྱང་གི་གདུང་བ་དང་འདྲེས་སོང་ངམ།

སྙིང་ཉེ། སྙིང་ཉེ།

ཁྱོད་ཀྱི་ཕ་མ་དང་མིང་སྲིང་གང་ན་ཡོད།

ངས་མནོ་བསམ་གྱི་འཁྲབ་རྨོག་གྱོན་ནས།

དགྲ་འདུལ་གཉེན་སྐྱོང་གི་གཡུལ་སར་ཐོན་ཡོད།

གློ་བུར་དུ། གློག་འཁྱུག འབྲུག་སྐད་གྲག་འོང་།

དེ་དུས་ངས་ཕ་མ་དྲན་བྱུང་།

ཆར་པས་གཙེས་པའི་མིང་སྲིང་དག་དྲན་བྱུང་།

དབྱར་དུས་ཀྱི་སྣང་བ།

རྨི་ལམ་བུ།  གཞིས་ཀ་རྩེ།

ཆར་རླུང་ལྡང་རྗེས།

ཉི་ཟེར་གྱི་འཛུམ་ཞལ་ལས།

འཇའ་ཚོན་བཞིན་བཀྲ་བའི་དབྱར་གཞུང་ནི།

ཆུ་ཐིག་དང་ཉི་ཐིག་གི་བར་ན་ཡོད་ཟེར།

མེ་ཏོག་ཅིག་བཞད་རྗེས།

བུང་བ་དག་གི་གཤོག་རླབས་ཁྲོད།

རྨི་ལམ་བཞིན་འཁོར་ཡོང་བ།

དུས་ཚིགས་འདིའི་རྣམ་ཤེས་ཡིན་སྐད།

དབྱར་ཁ།

སྙེ་རླབས་ཁྲོད་ན་སྐུང་བའི་རྨི་ལམ་ལྗང་ཁུ་དེ།

དབྱར་ཁ།

ཞིང་ཐང་གི་སྒལ་ཚིག་ལྡེམ་པའི་ནས་འབྲུ་རྡོག་ཅིག

དུས་ཚིགས་འདིའི་ཁ་དོག་ཡོད་ཚད།

སོ་ནམ་བུ་མོའི་འཛུམ་ཞལ་ཁྲོད་ན་ཡོད།

ནམ་ཟླ་འདིའི་གཏམ་རྒྱུད་ཡོད་ཚད།

སྟོན་ཁ་ཞེས་པའི་བགྲེས་པོ་ཞིག་གི་ཕྱི་ནང་ཡིན།

རླུང་བུ་དང་དྲག་ཆར་གྱི་ཀློང་དུ།

ང་རང་ཡང་དུས་ཚིགས་འདིའི་མགྲོན་པོ་སྟེ།

ཕྱེ་ལེབ་ཞིག་གི་གཤོག་ཟུང་ལ་ཐོག་པའི་རྨི་ལམ་ཁྲ་ཁྲ་དེ་ཡིན།

ལོ་འདབ་དང་དྲི་བསུང་གི་དབུས་སུ།

ཁྱེད་རང་ཡང་གཏམ་རྒྱུད་ཞིག་གི་ཡོད་ཚད་དེ།

མི་ཚེ་ཞེས་པའི་དབྱར་གཞུང་གཞན་ཞིག་གི་སྟ་གོན་ཡིན།

2018.7.30

དབྱར་དུས་ཀྱི་སྣང་བ།

སྨིན་སྐྱིད་བསོད་ནམས་བདེ་སྐྱིད། སྣེ་གདོང་རྫོང་།

དགུན་གྱི་གྲང་རླུང་མྱོང་དུས།

ངས་དབྱར་ཁའི་ཚ་དུབ་ལ་རེ་ལྟོས་བྱེད།

སྟོན་ཁའི་བྲེལ་ཚུབ་ལ་རོལ་དུས།

ངས་དབྱར་ཁའི་རང་བྱུང་ཁམས་དང་ཉེ་བར་བཅར་བའི་ཚོར་སྣང་དེར་དྲན་གསོ་བྱེད།

དཔྱིད་ཀྱི་དཔོག་དཀའ་བའི་གནམ་གཤིས་ལ་འཚོ་དུས།

ངས་དབྱར་ཁའི་རྟག་བརྟན་གྱི་གཤིས་རྒྱུད་ལ་སེམས་ཀྱིན་ལུས།

ང་རང་དབྱར་ཁར་འཚོ་དུས།

ངས་ཁོ་པའི་རང་གཤིས་ངོ་མར་རྒྱུས་ལོན་མི་ཐུབ་ལ།

ངས་མགོ་ནག་མི་བུའི་འདོད་པར་ཧང་རེ་སངས།

དབྱར་དུས།

ཐལ་མདོག་གི་ས་འཛིན་ཆར་ཆུས་བརླན་ནས་གསོན་ཤུགས་བདོ།

ཞོགས་པར་རི་རྩེའི་སྨུག་པ་ཧ་ལམ་བསངས་དུད་འཐུལ་དང་མཚུངས།

ཞིང་ཐང་ན་ལོ་ཏོག་གི་སྙེ་མ་ལྡེམ་ལྡེམ་བྱེད་ཀྱིན།

མཐའ་འཁོར་གྱི་མེ་ཏོག་དང་གསང་གཏམ་བརྗོད་བཞིན་གདའ།

ལྕང་མས་ཡལ་ག་ལྷུག་པོར་བཀྲམ་སྟེ།

ཚ་བས་མནར་བའི་སྐྱེ་བོར་བསིལ་ལྗོངས་ཤིག་བསྐྲུན།

ཤམ་ཆུའི་གཤིས་རྒྱུད་སྔར་ལྟར་ངར་ཤུགས་རྒྱས་ནས།

ཟམ་ཆེན་འོག་རྣམ་འགྱུར་ངན་མདོག་གིས་རྒྱུག་འགྲོ།

མི་བུ་དག་དབྱར་གྱི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཅིང་།

ཚ་དུབ་ཆེ་བའི་ཉི་འོད་ལ་འཁང་ར་བྱེད་ཞོར།

ཆར་རྗེས་ཀྱི་གྲང་ཟུག་ལ་སྐད་ཅོར་ཡང་ཡང་འདོན།

དབྱར་ཁ།

ངས་ཡུན་རིང་རེ་སྒུག་བྱེད་པའི་ནམ་དུས་ཤིག

ངས་ཁོ་པའི་དྲོད་རླུང་ལ་ལོངས་སྤྱོད་བྱེད་འདོད་ལ།

ངས་ཆར་ཆུས་བཀྲུས་པའི་ཁ་རླུང་རྔུབ་འདོད།

ངས་རྩྭ་དང་རྩི་ཤིང་མེ་ཏོག་གི་ཞིང་ཁམས་ལ་བརྩེ་བ་ཡང་བཅངས་འདོད།

དབྱར་དུས་ཀྱི་སྣང་བ།

ཞིམ་མྱོས། ངམ་རིང་རྫོང་།

རི་ཀླུང་སྔོ་ལྗང་ལྗང་།

མེ་ཏོག་ཁྲ་ཆིལ་ཆིལ།

ས་གཞི་སྣུམ་ཤིག་ཤིག

སྤང་ལ་རྩི་ཏོག་བཀྲ།

ཞིང་ལ་ལོ་ཏོག་སྨིན།

འབྲོག་ལ་དཀར་ཆུ་འཕེལ།

མཁའ་དབུགས་དྭངས་ཤིང་གསོས།

ཉམས་དགའ་བའི་དུས་ཚིགས།

རེ་བས་ལྟེམས་པའི་དུས་ཚིགས།

རྐང་དྲུག་ཚོགས་སྦྲང་རྩི་ལེན་པར་བྲེལ།

བྱ་བྱིའུ་ཡིས་སྙན་པའི་གསུང་དབྱངས་སྒྲོག

སུག་བཞིའི་ཁྱུ་རྩྭ་མཆོག་ལོངས་སུ་སྤྱོད།

སྐྱེ་བོ་རྣམས་དབྱར་གྱི་དགའ་སྟོན་སྣ་ཚོགས་ལ་རོལ།

འདི་དག་ཚང་མ་དབྱར་གྱི་དཔལ་མོས་མི་ཡུལ་འདིར་སྦྱིན་པའི།

སྤྲོ་སྣང་ཞིག་དང་གཏོད་པའི་མཛེས་སྡུག་ཡིན།

འོན་ཀྱང་།

ཁྱེད་ནི་འགྱུར་སླ་བའི་མཛེས་མའི་རང་གཤིས་དང་ཀུན་ནས་མཚུངས།

ཡུད་ཙམ་ཞིག་གི་རིང་།

སྔོ་སང་སང་གི་ནམ་མཁའ།

དཀར་ཕུང་ཕུང་གི་སྤྲིན་པའི་འདབ་མ་མངོན་ལ།

བཟོད་དཀའ་བའི་ཚ་ཟེར་གྱི་མནར་གཅོད་རེ་སྟེར།

ཡུད་ཙམ་ཞིག་ལ།

ངམ་ནག་ནག་གི་ཆུ་འཛིན་སྟུག་པོ་གཡོས་ཏེ།

ངུ་ཤག་ཤག་གི་ཆར་པ།

ཁམ་ལོང་ལོང་གི་ཆུ་བརྡོལ་སོགས་ཀྱིས།

ཆེས་མཛེས་སྡུག་གི་ཁོར་ཡུག་རྨིག་མེད་དུ་བཅོམས།

མེས་པོ་ཚོས་དབྱར་ཁའི་གནམ་གཤིས་ཟེར་བའི་སྡོམ་ཚིག་འདི།

ཅིས་ཀྱང་བདེན་པར་མངོན།

རྐང་རྗེས་ལག་བསུབ་ཀྱི་ཚུགས་ཀ་འདི་དབྱར་གྱི་ངོ་བོ་ཡིན་ནམ།

ད་དུང་། ཉེ་འཁོར་གྱི་མི་བུ་འགའ་ཞིག

དབྱར་དུས་ཀྱི་སྣང་བ།

ལྷུན་གྲུབ། ངམ་རིང་རྫོང་།

བརླན་ན་ཀླུ་རྒྱལ་ལ་དམོད་ཅིང་།

ཐང་ན་ཀླུ་རྒྱལ་ལ་བཏུད་ཀྱིན།

མེ་ཏོག་དག་པར་ལེན་བྱེད་ཀྱིན།

རྩྭ་ཕྲན་དག་རྡོག་པས་སྣོན་གྱིན།

ལྦུ་ཆང་གིས་ཆར་ལྟར་བརླན་ཡང་།

ཆགས་སྲེད་ཀྱིས་ཐན་ལྟར་བསྲེགས་ཀྱང་།

གནོད་སེམས་དེ་ཐོག་ལྟར་རྒོད་ཀྱང་།

ཁ་ནང་གི་སོ་ཡོད་ཚད།

ཁུག་ནང་གི་དངུལ་ཡོད་ཚད།

སྣོད་ནང་གི་སྐྱུར་ཡོད་ཚད།

གང་ལྟར།

དབྱར་གནམ་དེ་དང་ལྷན་ཅིག

ལང་ཚོ་དག་དབྱར་རི་བཞིན་ཉིལ།

དྲང་སེམས་དག་དབྱར་ཆུ་བཞིན་ཉོག

མདུན་ལམ་དག་དབྱར་ལམ་བཞིན་འགག

དབྱར་དུས་ཀྱི་སྣང་བ།

སྨྱུག་སྨྱོན།   ས་སྐྱ་རྫོང་།

ཆར་པ་ཟིམ་ཟིམ་དུ་བབས།

ས་འཛིན་ན་བུན་དང་སྨུག་པས་ནོན་ཞིང་ཉེ་སར་བཅར།

ཐམས་ཅད་སྣུམ་ཐིང་ངེར། ཁུ་སིམ་མེར།

ལྗིད་ཏིག་གེར་གནས་བཅའ།

སྔོ་ལྗང་སྤང་རིའི་ལོགས་ཀྱི་གཡང་དཀར་གྱི་དྲིལ་དབྱངས།

གསལ་ཞིང་རྣ་བར་སིམ།

ཞིང་གསེབ་ཀྱི་རྐང་ལམ་ཀྱ་ཀྱུའི་ཐོག་གི་ཆུ་ལེན་ན་ཆུང་མ་དེ་ཡང་།

ཏོབ་སྒྲ་དང་བཅས་རྐང་པའི་འདེགས་འཇོག་འགྱུར་ཞིང་ལྟ་ན་སྡུག

ཁང་ཁྱིམ་དང་སྦྲ་གུར་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར།

ཕ་རྒན་གྱིས་གཞེས་ནིང་ལོའི་འབྲུ་ཆང་འཐུང་བཞིན་སེམས་རྣལ་དུ་དབབ།

རྒྱལ་སྒོའི་མདུན་ངོས་ཀྱི་འདོགས་ཁྱི་རྔམ་པོ་དེ་བར་མེད་དུ་འབ་པ་ནི།

སྦྱིན་བདག་ལ་ཤ་ཚ་བས་ཟུག་པ་འདྲ།

ཆར་པ་ཟིམ་ཟིམ་དུ་འབབ།

སྐྱེ་དངོས་ཀྱི་རྩ་བ་ལོ་འདབ་མུ་ནས་རྒྱས།

ཆར་རྗེས་ཀྱི་འཇིག་རྟེན་ལ་གཞིག་ན།

བག་ལ་ཉལ་བའི་ཡོལ་བ་ཞིག་གིས་ཀུན་ནས་བཀབ།

ཆར་པའི་ཁྲོད།

ཆར་གདུགས་མེད་ན་མི་རྣམས་བགྲོད་དབང་བསྐུངས་བ་རང་གཤིས་སུ་རློམ།

ཆར་པའི་རྗེས།

ནུབ་ཚར་བའི་རྐང་ལམ་ལ་སླར་གསལ་ཁ་བཏོད་པའི་བློ་སྤོབས་ཡེ་ནས་བྲལ།

དབྱར་དུས་ཀྱི་སྣང་བ།

སྲད་འདབ་གསར།  ས་སྐྱ་རྫོང་།

ཆུ་འཛིན་རྒྱལ་པོའི་རྐུབ་ལ་གདང་བཙུམ་ཞིག་མེད་པས།།

སྤྲིན་བཅུད་སིམ་སིམ་སིམ་ལ་རྒྱུན་ཆད་རེ་མིན་འདུག །

འགའ་རེས་གནམ་དེ་བརྡོལ་ནས་ལྷན་ཐབས་ཤིག་མེད་ཟེར།།

འགའ་ཡིས་ཀླུ་དབང་རྒྱལ་པོ་སྨྱོན་པ་རུ་འགྱུར་སྐད།།

དུས་ཚིགས་རྒྱལ་པོའི་སྲས་མོ་རིགས་བཞི་ཡི་ནང་ནས།།

མི་སེམས་ལྕགས་ཀྱུར་བཀོན་མཁན་དབྱར་དུས་ཀྱི་སྒེག་མ།།

ཁྱེད་ལ་ལྟ་བས་མི་ངོམས་མཛེས་ཆ་ཞིག་ཡོད་ལ།།

ཁྱེད་ལ་བརྗོད་ཀྱི་མི་ལང་སྙིང་གཏམ་ཞིག་ལོས་ཡོད།།

རིང་ལ་ཉོབ་མདངས་ཆེ་བ་དཔྱིད་ཉི་ཡི་ཟོག་རོ།།

མི་རྟག་དུས་ཀྱི་ཕོ་ཉས་གཙང་པོ་རུ་གཡུགས་ནས།།

གཡུ་ལོ་འདབ་སྟོང་གྲོལ་བ་དབྱར་དུས་ཀྱི་བུ་མོ།།

ནོར་འཛིན་སྟག་ཤར་ཞིག་གི་ཆུང་མ་ལ་བསུས་སོང་།།

དབྱར་སྐྱེས་ཕོ་སྟོང་གཡུ་འབྲུག་ལྡིར་ལྡིར་གྱི་སྐད་སྒྲས།།

ལྗང་ནེམ་ཆར་ལྡན་བག་མར་དགའ་བསུ་ཞིག་ཞུས་ཤིང་།།

མཛེས་སྡུག་གདོངས་མཐའ་ཅན་པོས་ལྡེམ་ལྡེམ་གྱི་གར་གྱིས།།

རྟགས་བརྒྱད་རི་མོ་གསལ་བའི་སེམས་པ་དེ་སྐྱིད་ཐལ།།

མཐོ་ལ་གཡང་གཟར་ཆེ་བ་བྲག་རི་ཡི་སྤོ་ནས།།

ཐང་དཀར་རྒོད་པོའི་མགུར་གླུ་དབྱར་དུས་ལ་ལེན་ཞིང་།།

དམའ་བ་གཙང་ཆབ་སྔོན་མོའི་རྦ་རླབས་ཀྱི་ཀློང་ནས།།

གསེར་མིག་ཉ་ཡི་རྫུ་འཁྲུལ་དབྱར་དུས་ལ་སྟོན་གྱིས།།

སྤང་རྒྱན་མེ་ཏོག་བཞད་ས་ལྷུན་པོ་ཡི་འདེབས་ན།།

གཡང་དཀར་མ་མོའི་བདེ་ལྕག་དྲག་རྩལ་དེ་དོད་ལ།།

མུ་མེད་ནིའུ་གསེང་གཡུ་གཞོང་རྩྭ་ཐང་གི་ཐོག་ན།།

གྱི་ལིང་རྟ་ཕོའི་འཚེར་སྒྲའི་མདངས་འགྱུར་དེ་སྙན་པ།།

རྩྭ་ལྗང་རླུང་གིས་བསྐྱོད་པའི་ཞིང་ས་ཡི་ཐང་ན།།

ནས་ཞིང་སྐྲ་ལོ་རིང་པོ་ལྡེམ་ལྡེམ་དུ་གཡུགས་ལ།།

ཁྱོད་ལས་ང་མཛེས་ཟེར་བའི་ཕྲག་དོག་གི་དུ་བ།།

ལྷ་དབང་བརྒྱ་བྱིན་ཕོ་བྲང་ནང་དུ་ཡང་འཕྱུར་སྲིད།།

སེར་སེར་པད་ཁའི་ཡིད་འོང་མེ་ཏོག་གི་འདབ་མར།།

འུར་འུར་རྐང་དྲུག་བུང་བའི་སྟོན་མོ་ཞིག་འཁྱིལ་ཞིང་།།

ཤག་ཤག་ཆར་པ་ཞིག་གི་འཁྲུག་ཆ་ཡི་ཁྲོད་ན།།

རྩི་ཤིང་ལང་ཚོ་དར་བའི་ཁོ་ལག་ཀྱང་རྒྱས་སོང་།།

ཅོ་ཀའི་གསུང་གཞས་སྙན་པ་དབྱར་དུས་ཀྱི་འདུ་འཛོམས།།

འགྲོ་དྲུག་ནང་མི་འཛོམས་པའི་སྐལ་བཟང་ཞིག་རེད་ལ།།

ངོ་མཚར་དབང་གཞུ་འཆར་བའི་དབྱར་དུས་ཀྱི་ཟླ་ཚེས།།

སྟོན་པ་གང་དེར་མཆོད་པའི་བྱིན་རླབས་ཀྱི་དུས་ཆེན།།

རྟོག་འཆར་གཤོག་ཟུང་ཡངས་པ་དབྱར་དུས་ཀྱི་སྣང་བ།།

སྙན་ངག་ཚིག་གིས་བཤད་ཀྱང་མཚོན་ཐབས་ཤིག་མེད་ཀི །

མི་རྟག་དགྲ་བོའི་དཔུང་ལ་འགོག་ཐབས་རེ་ཟད་པས།།

དམ་འཛིན་དབྱར་གྱི་པང་དུ་གཉིད་ཐེངས་གཅིག་ལོག་འགྲོ།།

དབྱར་དུས་ཀྱི་སྣང་བ།

ལྷག་པ།  རྣམ་གླིང་རྫོང་།

རབ་མཛེས་གོ་ལར་ལྗང་མདོག་ན་བཟའ་བཀླུབས།།

རབ་འཚེར་ཉི་འོད་ཟེར་བརྒྱ་ལྷག་ཏུ་དཀོན།།

རབ་གསལ་ཁང་བཟང་ནང་དུ་མལ་གཟིམ་དུས།།

རབ་སྙན་ཆར་སྐད་ཟིམ་སྒྲ་རྣ་བར་ཐད། །

ལྗང་ལྗང་ལོ་ཡག་ལྗང་པ་བསེར་བུས་བསྐྱོད།།

ཁྲ་ཁྲ་མིག་ལ་མཚར་བའི་མེ་ཏོག་བཀྲ།།

ལྡེམ་ལྡེམ་སྡོང་ལོའི་གསེབ་ནས་བྱིའུ་སྐད་སྙན།།

སེར་སེར་ཤ་མོ་སྤང་ལ་ལན་མང་འཁྲུངས།།

རྩྭ་ཐང་ལེབ་མོར་དཀར་ནག་ཕྱུགས་ཀྱིས་ཁེངས།།

ཟོག་རྫིའི་བུ་མོ་སྣང་སྐྱིད་འབྲོག་གླུ་ལེན།།

གཡང་དཀར་ལུག་གུའི་བལ་རྩ་བྲེག་དུས་སུ།།

སྦྲ་ནག་འབྲོག་མོའི་བཞོ་ཟེའུ་འོ་མས་བསྐངས།།

རྩྭ་ཐང་སྣུམ་པོས་ས་གཞིའི་རྒྱན་དུ་ཕེབས།།

འབྲོག་རའི་པང་དུ་བེའུ་ཆུང་མཆོངས་རྒྱུགས་རྩེད།།

འབྲི་མོ་མ་བུ་འཕྲད་པས་ངུར་སྒྲ་སྒྲོག །

ཞོལ་གཡག་རོག་པོའི་རྭ་རྩེ་སྤང་ལ་བསྣུན།།

ལྷ་ལམ་མཐོངས་ནས་སྤྲིན་བཅུད་འཛད་མེད་འཇོ།།

ཟླུམ་གཟུགས་གོ་ལ་ཟབ་རྒྱས་བྱབས་ཁྲུས་ཞུས།།

རི་རོང་ཀུན་ཏུ་གཙང་ཆབ་ངར་གྱིས་བབ།།

མི་གཙང་ནག་ནོག་གཡའ་དག་རྒྱང་དུ་སྤུར།།

གཡུ་འབྲུག་སྔོན་མོས་འཕྱི་བའི་རྨི་ལམ་དཀྲོག།

འབུ་སྦྲང་གཤོག་ཟུང་སྡེབ་ནས་སྐྱིད་གླུ་ལེན།།

རྩྭ་ཤིང་ཕུ་ནུ་ས་གཞིར་གཟིགས་མོར་བྱོན།།

དབྱར་གྱི་མགྲོན་པོ་མ་བོས་ངང་གིས་འཁོར།།

གདོད་མའི་ས་འཛིན་དཀར་པོ་སྤྲིན་རུམ་ཉལ།།

སྨུག་རྒོད་རྫ་རིར་དར་དཀར་ཡོལ་བ་བསྒྲོན།།

ནགས་ཀྱི་དབུས་ན་འདབ་ཆགས་གར་ལ་རྩེན།།

རྟ་ནོར་ལུག་སོགས་སྔོ་ལྗང་རྩྭ་ཆུར་སྤྱོད།།

ཞིང་གྲོང་རྒད་པོས་ལོ་ཡག་རྟེན་འབྲེལ་གླེང་།།

ཞིང་ཚིགས་མཐའ་ན་ཡིད་འཕྲོག་སྒེག་མོ་མཚར།།

ཞིང་ནང་འཇོལ་མོས་དབྱར་གྱི་པི་ཝང་དཀྲོལ།།

བདེ་ལྡན་ཞིང་འདིར་དབྱར་དུས་ལྷག་པར་སྤྲོ།།

ཉམས་མྱོང་རྒད་པོས་དབྱར་གྱི་ཆར་ཚེས་གླེང་།།

གཞོན་ནུའི་བརྩེ་འཛུམ་ཆར་གདུགས་འོག་ནས་འཕྲོ།།

ལོ་ཆུང་བྱིས་པ་མེ་ཏོག་འཐུ་བར་བྲེལ།།

རྒན་དར་གཞོན་གསུམ་དབྱར་ལ་དུང་བ་ཟབ།།

དབྱར་གསུམ་མཐོང་ཐོས་ལེགས་ཚོགས་བྲིས་གྱུར་ན།།

སྙན་ངག་མཁན་པོའི་སྨྱུག་རྩེ་དབྱར་དུས་རྫོགས།།

དབྱར་གྱི་ངོ་མཚར་དབང་པོར་གཤོང་མི་ནུས།།

དབྱར་སྐྱིད་དགེ་མཚན་གླེང་ན་སྨྲ་སྒོ་ངལ།།

དབྱར་དུས་ཀྱི་སྣང་བ།

སྤེན་ཚེ་གཞོན་པ།   པ་སྣམ་རྫོང་།

མཐོ་མཐོ་ཀུན་གསལ་ལམ་ནས་དབྱར་རྔ་དེ་གྲགས་པས། །

ཟིམ་ཟིམ་འཛད་མེད་དངོས་གྲུབ་གྲུ་ཆར་དེ་འཇོ་བས། །

ཆུང་ཆུང་སྐྱེ་དངོས་ཚོགས་ཀྱི་ཡན་ལག་དག་རྒྱས་པའི། །

ཡངས་ཡངས་ནོར་འཛིན་མཛེས་པའི་དབྱར་དུས་འདི་སྐྱིད་པ། །

མཛེས་མཛེས་མེ་ཏོག་སྟོང་གི་འཛུམ་ཞལ་དག་དགོད་ཅིང་། །

ཆུང་ཆུང་ཕྱེ་ལེབ་བུང་བ་འཕུར་ལྡིང་ལ་བྲེལ་བ། །

མངར་མངར་བཅུད་ལྡན་སྦྲང་རྩིའི་རོ་བཅུད་དག་ལེན་པའི། །

དིར་དིར་གསུངས་སྙན་སྒྲོག་པའི་དབྱར་དུས་འདི་སྐྱིད་པ། །

ལྗང་ལྗང་ཕ་མཐའ་མི་མངོན་ནས་ཞིང་གི་སྐྲ་ལོ། །

འཇམ་འཇམ་དྲི་བཞོན་བུ་མོས་ཤིག་ཤིག་ཏུ་སྒུལ་བས། །

ཡངས་ཡངས་ཀླུང་ཆེན་རླབས་གཉེར་གཡོ་བ་ལ་འགྲན་པའི། །

བཟང་བཟང་ལོ་ལེགས་ལྟས་བཟང་དབྱར་དུས་འདི་སྐྱིད་པ། །

མང་མང་འབྲས་ཤིང་མི་གཅིག་སྣ་ཚོགས་ཀྱི་རྭ་བར། །

མཐོ་མཐོ་སྡོང་པོའི་ཡལ་འདབ་སྟུག་པོ་ཡི་གསེང་དུ། །

བྱུར་བྱུར་བཏགས་པའི་མ་སྨིན་ཤིང་ཏོག་དག་མཐོང་ཡང་། །

ཆུང་ཆུང་སྨྲ་སྒོར་ཟ་འདོད་དབྱར་དུས་འདི་སྐྱིད་པ། །

ལྗང་ལྗང་ན་ཁའི་སྟེང་གི་ཕྱུགས་རྫི་ཡི་བྱིས་པ། །

ལ་ལ་གྱོན་གོས་ཕུད་དེ་ཆུ་རྐྱལ་ལ་རོལ་ཞིང་། །

ལ་ལ་གོས་ཐུང་ཕུད་དེ་བང་རྩལ་ལ་འགྲན་པའི། །

སྐྱིད་སྐྱིད་རྩེད་མོར་རོལ་བའི་དབྱར་དུས་འདི་སྐྱིད་པ། །

མཛེས་མཛེས་སྤུ་སྣ་མི་གཅིག་ཡིད་འོང་གི་འདབ་ཆགས། །

མཐོ་མཐོ་སྡོང་མགོའི་རྩེ་ནས་སྐད་སྙན་ལ་འགྲན་པས། །

ནག་ནག་འགྲོ་བའི་རྣ་བའི་རོ་བཅུད་དུ་གཏམས་ཤིང་། །

དམར་དམར་སེམས་ལ་དཔལ་སྟེར་དབྱར་དུས་འདི་སྐྱིད་པ། །

ལྗང་ལྗང་ནེའུ་གསིང་བཏིང་བའི་སྐྱེད་ཚལ་གྱི་རྭ་བར། །

མང་མང་སྐྱེ་བོས་ཁ་ཟས་སྣ་མང་ལ་སྤྱོད་བཞིན། །

དགའ་དགའ་གཞས་དང་ཞབས་བྲོའི་སྟངས་སྟབས་ལ་རྩེན་པའི།།

སྐྱིད་སྐྱིད་གླིང་ག་གཏོང་བའི་དབྱར་དུས་འདི་སྐྱིད་པ། །

༢༠༡༨༠༨༠༡

དབྱར་དུས་ཀྱི་སྣང་བ།

སྤོས་ཁང་པ་དོན། ཁང་དམར་རྫོང་།

ས་གཞི་པད་མོས་ཁམ་བུའི་མེ་ཏོག་རྒྱན་ཆར་བཏགས་ནས་ཡུན་རིང་སོང་།།

སྤང་ཐང་ཡངས་མོས་སྔོ་ལྗང་རྩྭ་ཁེབས་ལུས་ལ་གྱོན་ནས་ཡུན་རིང་སོང་།།

རི་མགོའི་དབུ་སྐྲ་དཔྱིད་རླུང་བསིལ་བུས་ལན་བརྒྱར་བཞད་ནས་ཡུན་རིང་སོང་།།

གཟི་བྱིན་ཆེན་པོས་གངས་དང་འཁྱག་པའི་བཙོན་རྭ་བཤིག་ནས་ཡུན་རིང་སོང་།།

སྒྲ་བརྒྱ་པ་དེས་ནམ་མཁའི་དགུང་ནས་ལན་གཅིག་དེ་དག་གཟིགས་པའི་ཚེ།།

ད་ནི་ཁོ་བོ་བཅས་ཀྱིས་ནམ་དང་གུང་གི་གར་སྟོན་བྱེད་ལ་རན།།

སྙམ་ཞིང་དེ་མུར་ལས་གྲོགས་སྤྲིན་པ་གློག་དམར་དྲག་ཆར་ཐོག་ལ་སོགས།།

གཉིད་ལས་བསླང་ཕྱིར་སྐད་ཤུགས་ཆེན་པོས་ལན་གསུམ་གྲགས་པས་ས་ཡང་བེར།།

ས་ཡི་མ་མ་སྐྲག་ཅིང་དངངས་ཤིང་གདུང་བའི་རྔུལ་ཆུ་ལྷུང་ལྷུང་བཞུར།།

ཚ་བའི་རྔུལ་ཆུས་ལུས་ཀྱི་རྩྭ་ཁེབས་བ་སྤུ་སེར་ཙམ་གྱུར།།

ཞིང་ཐང་ཨ་ཕས་ཚུལ་དེ་རིག་སྐབས་རྣམ་རྟོག་ལྟས་ངན་ཅུང་ཙམ་སྐྱེས།།

ད་ནི་མ་ཞིང་གྲུ་བཞིའི་སྐུ་ལུས་བདེ་སྡུག་ཅི་ཡོང་ཆ་མེད་སེམས།།

སེམས་པའི་མོད་ལ་གློ་བུར་སྔོ་བསངས་བཞིན་རས་ཆུ་འཛིན་སྟུག་པོས་བསྒྲིབས།།

ས་ཡི་ལྷ་མོ་ལན་ཅིག་མུན་པའི་གཏིང་རུམ་མ་འདོད་བཞིན་དུ་འཐིབས།།

སྒྲ་བརྒྱ་པ་དེས་གློག་གར་འཁྱུག་དང་ལྷན་ཅིག་འཇིགས་པའི་ངར་སྒྲ་སྒྲོག།

ས་འོག་ས་སྟེང་མ་ལུས་སེམས་ཅན་སོས་དལ་ཁུ་སིམ་དཀྲོག་པར་བྱས།།

གློག་དང་རོལ་དབྱངས་བརྩམས་པས་ཡུན་རིང་འཁྲབ་སྟོན་རེ་སྒུག་བྱེད་པ་ཡི།།

སྤྲིན་གྱི་མེ་ཏོག་གར་མཁན་མ་དག་དེ་མུར་དྲག་པོའི་སྟང་སྟབས་འགྱུར།།

མཛེས་པ་རབ་འཕྲོག་ནོར་འཛིན་སྒེག་མོར་སྡང་བའི་གཡུལ་གྱི་མདའ་ཆར་བཤམས།།

རོང་ཐང་རི་ཀླུང་སྒང་ཤོད་མ་ལུས་གཙེས་པའི་སྡུག་བསྔལ་རབ་ཏུ་མྱངས།།

གླུ་བུར་རྐྱེན་ངན་སྡུག་གི་འཁུན་སྒྲའི་ཤ་འོད་ཕྱོགས་མཚམས་ཀུན་ནས་རྒྱུགས།

ཨ་མའི་ཞིང་ཁ་གྲུ་བཞིའི་ཟུར་ནས་འཇབ་བུས་རྐུ་འཕྲོག་རྐྱལ་ལ་བཅུག།

ཨ་ཕའི་ཁང་ཐོག་གྲུ་བཞིའི་དབྱིབས་ལེགས་ནུར་ནུར་ལུག་པའི་ངན་ཇུས་བརྩམས།།

ཁམ་མདོག་ལང་ལོང་ཆུ་ལོག་འཇིགས་པས་སྐྱེ་བོ་མང་དག་མནར་གཅོད་མྱོང་།།

རྩྭ་དང་རྩི་ཤིང་ཡོད་ཚད་ལན་གཅིག་ཉེས་མེད་བཀོལ་རྡུང་དྲག་པོ་བྱས།།

ལ་ལའི་རྩ་བ་འཐུ་ཞིང་སྲོག་གི་རྒྱུ་བ་འཕྲོག་པའི་ལས་ངན་སྦྱར།།

ཐོལ་བྱུང་རི་ཉིལ་ལམ་འགག་གཡང་སར་རླངས་འཁོར་འདམ་ནང་ཉ་མོར་བྱས།།

གནམ་མཁའ་རྒན་མོའི་སྡུག་རྐུབ་བརྡོལ་བར་མང་པོས་དམོད་མོའི་འཕྱ་སྨོད་བྱེད།།

དབྱར་ཁ་འདི་ལ་དབྱར་གྱི་སྐྱིད་སྣང་ཤྭ་འོད་ཆེན་པོས་ཀུན་ནས་དཀྲོག།

རྩྭ་ཐང་མེ་ཏོག་ལྗོན་ཤིང་རྦབ་ཆུ་ཞིང་ཐང་ལ་སོགས་མེད་པ་དེ།།

ནམ་མཁའི་ལྷ་མོས་ས་གཞིའི་མཛེས་པ་ཡིད་དུ་མ་འཐད་དཔུང་ཚོགས་ཡིན།།

ཡང་ན་འདིར་ཚོགས་སྐྱེ་བོས་མ་མའི་གློ་སྙིང་བཏོན་པའི་ཆད་གཅོད་དམ།།

དབྱར་དུས་ཀྱི་སྣང་བ།

བདུད་རྩིའི་ཉིང་བཅུད།  ས་སྐྱ་རྫོང་།

དབྱར་མེ་ཏོག་གི་ཕང་བ་རུ།

སྐྱིད་ཟེའུ་འབྲུ་འོད་འབར་མ།

དེ་ལ་འཁོར་བའི་རྐང་དྲུག་བུང་བ་དེ།

ང་རང་ཉིད་ཡིན་པའི་བློ་ཞིག་འཁྲུངས།

མཐོ་ནམ་མཁའི་མཁའ་དབྱིངས་སུ།

མཚར་འཇའ་ཚོན་རབ་ཏུ་བཀྲ།

དེ་ལ་འཁོར་བའི་རི་མོ་སྤུན་བདུན་དེ།

ང་རང་ཉིད་ཡིན་པས་སེམས་ཞིག་བྱུང་།

དབྱར་འབྲུག་སྒྲས་ནམ་མཁའ་དཀྲོགས།

ནག་ཆུ་འཛིན་ལང་ལོང་འཁྲིགས།

དེ་ཡི་ཁྲོད་དུ་གློག་དམར་འཁྱུགས།

ས་ནམ་མཁའ་སྦྲེལ་བའི་དངངས་ཤ་ལངས།

མཐའ་མུ་མེད་རྩྭ་ཐང་ལྗང་ཁྲ་ཅན།

བར་ཆུ་ཕྲན་དྭངས་མའི་བསིལ་གླུ་ལེན།

ལུག་གཡང་དཀར་བག་ཡངས་རྩྭ་ཆུར་སྤྱོད།

དབྱར་སྣང་བའི་སེམས་རྒྱུ་རྒོད།

བཅུད་བདུད་རྩིའི་སྦྲང་ཆར་བསིལ་མ།

དབྱིགས་འཛིན་མའི་གསོས་སུ་སྨིན།

རྩྭ་ལྗོན་ཤིང་སྣང་བ་དགུང་ལ་འགྲན།

དུས་དབྱར་ཁ་མི་སྐྱིད་ག་དུས་སྐྱིད།

དབྱར་དུས་ཀྱི་སྣང་བ།

ཤེས་བརྩོན། ས་སྐྱ་རྫོང་།

སྔོ་ལྗང་དེས་ཁྱེར་ཡོང་གི།

ཆར་སིམ་དེས་ཁྱེར་ཡོང་གི།

བསིལ་རླུང་དེས་ཀྱང་ཁྱེར་ཡོང་གི།

དབྱར་དུས་སྣང་བ་དེ་ཞོགས་པའི་ཉི་གཞོན་རེད།

དེ་ཚ་སོབ་སོབ་ཅིག་འདུག སེམས་ལ་སྐྱིད་པོ་ཞིག་འདུག

བརྗོད་མི་ཐུབ་པའི་ཚོར་བ་མངར་མོ་ཞིག་སྟེར་གྱི།

ཚོར་མི་ཐུབ་པའི་རྣམ་ཤེས་གསར་པ་ཞིག་བསྩལ་གྱི།

དབྱར་དུས་ཀྱི་སྣང་བ་དེ་དགུན་ཁའི་ནམ་མཁའ་རེད།

དེ་གྲང་ཤུར་ཤུར་ཞིག་འདུག སེམས་པ་ཟན་པོ་ཞིག་འདུག

དེ་ཁེར་རྐྱང་གི་ནམ་ཟླ་ཞིག་རེད། རྩོམ་རིག་གི་ས་བོན་ཞིག་རེད།

གཏམ་རྒྱུད་མང་པོ་ཞིག་དེ་ནས་སྟིམས་ངེས།

ལོ་རྒྱུས་མང་པོ་ཞིག་དེ་ནས་གསོན་ངེས།

དེས་ཚོར་བ་སྐྱུར་མོ་ཞིག་སྦྱིན་ཉེན་ཆེ།

དེ་དག་དབྱར་དུས་ཀྱི་ནམ་མཁའ་ནས་ཟགས་ངེས།

གྲོང་མཐའ་ནས་འཁོར་ངེས།

ས་གཞི་ནས་མྱུལ་ངེས། རྣམ་ཤེས་ནས་འཁྱམས་ངེས།

དབྱར་དུས་ཀྱི་སྣང་བ།

སྤྲོ་ཁང་གིས།  རྒྱལ་རྩེ་རྫོང་།

མཐོ་སྒང་གི་སྙི་ལ་ལ་མོ་ནི་ལ་ཐག་དེ་ཙམ་གྱི་རིང་མོ་མེད་རུང་ས་ཁམས་ཆེས་མཐོ་བས་ཟླ་བ་དྲུག་པའི་ནམ་དུས་དེ་ཙམ་ལའང་གྲང་རླུང་བསིལ་བསིལ་དུ་ལྡང་ལ་ཁ་བ་སིབ་སིབ་ཡང་ནས་ཡང་དུ་བབ་པར་བྱེད། རྒྱང་ནས་ལྟས་ཚེ་རི་འགོའི་དར་ཚོན་སྣ་ལྔ་ལྷབ་ལྷུག་ཏུ་གཡོ་བའི་རྨུ་ཐག་རིང་མོ་དེ་ཡང་བདག་གི་འདྲེན་བྱེད་ཡུལ་དུ་ཡིད་དབང་འཕྲོག་པའི་འཇའ་གུར་ཕུབ་པ་ལྟ་བུར་སྣང་། རི་འགོ་གངས་ཐུལ་སྐྱ་ཆིལ་ཆིལ་དུ་སྣང་བ་དེ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མེ་ཏོག་གངས་ལྷ་ཞིག་ཞལ་ཁ་ཕྱེ་མ་ཐག་པ་དང་ཀུན་ནས་མཚུངས་ལ་ལྷ་མོ་ཚེ་རིང་མཆེད་ལྔས་དར་དཀར་གྱི་ན་བཟའ་ལེགས་པར་བརྒྱན་ལ་ཕྱག་ཏུ་དར་ཚོན་སྣ་ལྔའི་བཀྲ་ཤིས་མདའ་དར་བསྣམས་ཏེ་གངས་རིའི་ལྗོངས་ཀྱི་ཕྱོགས་དང་ཕྱོགས་མཚམས་སུ་ཞི་བདེའི་ཚན་ཁ་འབར་ཞིང་། བསོད་ནམས་ཀྱི་བདེ་རྩ་འཕེལ་བ། ལོ་ཕྱུགས་ཀྱི་འཕེལ་ཁ་བཟང་བའི་བཀྲ་ཤིས་གཡང་འགུག་གི་རྨད་བྱུང་དྲི་ཟའི་སྟངས་སྟབས་རྩེན་པ་ཞིག་དང་ཡང་གཉིས་སུ་མ་མཆིས། བདག་གིས་ས་མཐོའི་འབྲོག་ས་འདིར་མི་ཚེའི་སྐྱིད་སྡུག་གི་གོམ་ཁ་དང་པོ་དེ་སྤོས་པ་ལས་ངེད་རང་དང་མཐོ་སྒང་གི་འབྲོག་ས་འདི་དུས་ནམ་ཡང་ལས་འབྲེལ་གྱི་འཆིང་ཐག་ཡོངས་སུ་བཅིངས་པར་ལྷད་མེད་ཀྱི་ཡིད་ཆེས་དང་དྭངས་སྣང་བཟང་པོའི་སེམས་སྐྱེད་ཅིག་རང་བཞིན་དུ་ཤར་ལ་བདག་གི་ཡོད་ཚད་དང་ཡོད་ཚད་འབྲོག་ས་འདིར་སྐྱེས་སུ་འབུལ་རྒྱུའི་བློ་ཁ་དང་སྙིང་སྟོབས་ཟབ་མོ་ཡང་བཅངས་མྱོང་། དེ་བས་རྫོགས་རྒྱུ་མེད་པའི་གྲང་བསིལ་བསིལ་གྱི་རྡུལ་རླུང་དང་སྐྱ་ཐལ་ཐལ་གྱི་ཁ་བས་མཐོ་སྒང་གི་ཡུལ་ལུང་འདིར་རབ་ཏུ་འཚེ་བའི་རང་བྱུང་གི་འབྱུང་བ་ལའང་འཁང་ར་དང་དམའ་འབེབས་ནི་བྱེད་མ་མྱོང་ལ་སུན་སྣང་ཡང་དེ་བས་བྱེད་མ་མྱོང་། འོན་ཀྱང་སྤང་རྡོག་ལས་གྲུབ་པའི་ཆང་ཁང་ནག་མུན་མུན་དེ་ཚོའི་ནང་མེ་ལྕེ་ལྷབ་ལྷབ་ཏུ་འབར་བའི་རྫ་ལའི་མཐའ་འཁོར་ནས་ཆང་དང་ཨ་རག་ལ་ལོངས་སུ་སྤྱོད་པའི་གཞོན་ནུ་ཕོ་མོ་དེ་ཚོས་སྐབས་རེ་རང་རེ་བོད་པའི་ཆང་གླུ་ལེན་པ་དང་སྐབས་རེ་ནེ་པ་ལའི་གཞས་དང་ཞབས་བྲོའི་དབྱིངས་སུ་ཞུགས་ཤིང་། སྐབས་རེ་སྔ་རྒྱུས་དང་ད་རྒྱུས་གླེང་ཞོར་སུམ་རྩེན་གྲོང་ཁྱེར་འཇིག་རྟེན་མི་ཡུལ་ལ་འཕོས་པ་ལྟ་བུའི་ཡུལ་གྱི་བཀོད་པར་བསྟོད་ཚིག་གི་མེ་ཏོག་ཡང་ནས་ཡང་དུ་གཏོར་བ་དང་རང་ཡུལ་སྐྱིད་པའི་ཞིང་ས་གཤིན་པོའི་ཁོར་ར་དང་ཁོར་ཡུག་གི་ལྗང་མདོག་གཡུ་ཡི་གཞོང་པ་ལྟ་བུའི་དབྱར་དུས་ཀྱི་རྣམ་པར་བསྟོད་པ་དང་ཡིད་སྨོན་ཡང་བྱེད། རེད་ཨང་། དེ་ནི་ཁོ་ཚོས་མུ་མཐའ་དང་བྲལ་བའི་ཞིང་ས་ཆེན་པོའི་ཀློང་དུ་རྒྱ་མཚོའི་རྦ་རླབས་ལང་ལོང་དུ་འཕྱུར་བ་ལྟ་བུའི་སྙེ་རླབས་དང་གསེར་མདངས་ལམ་ལམ་འཕྲོ་བའི་པད་ཁའི་མེ་ཏོག་གིས་བུང་བ་གཡུ་སྦྲང་མགྲོན་དུ་བསུ་བར་བྱེད་པའི་མཛེས་སྡུག་ཡིད་དབང་འཕྲོག་པའི་སྐལ་བཟང་དབྱར་དུས་ཀྱི་སྣང་བ་སྐྱིད་པོ་ཞིག་འཆར་རྒྱུར་རེ་སྒུག་དང་འདུན་པ་བྱེད་པ་ནི་གོར་མ་ཆག དེ་བས་ལྗང་གཞོན་ལོ་འདབ་རྒྱས་པའི་རི་ཀླུང་གཙང་མའི་ངོས་སུ་གཡང་དཀར་མ་མོའི་འབའ་སྒྲ་ལིང་ལིང་དང་། འདོ་བ་རྟ་ཡི་འཚེར་སྐད་བསངས་བསངས། ནོར་གཡག་འབྲི་མོའི་ངུར་སྒྲ་ལྡིར་ལྡིར། ཨ་ལ་ཐ་ལ་ཨ་ཁུ་འབྲོག་པའི་གྱེར་གླུ། རྟ་དབྱངས་སྙན་མོ་སེང་ལྕང་འབྲོག་མོའི་མགྲིན་དབྱངས། དཀར་ཆུ་འོ་མའི་རྒྱ་མཚོ་འཁྱིལ་འདྲའི་འབྲོག་ས་གཡུ་ཡི་གཞོང་པ་འདིའི་དབྱར་དུས་ཀྱི་རྣམ་པ་སྐྱིད་པོ་དེ་སེམས་དབུས་སུ་ཡང་ནས་ཡང་དུ་འཁོར་བར་བྱེད་པའི་དགའ་བའི་ཉམས་སྣང་དང་ཡང་ན་དབྱར་དུས་ཀྱི་སྣང་བ་སྐྱིད་པོ་དེ་ལྷད་མེད་ཀྱིས་བསུ་བར་བྲེལ་བའི་རྣམ་པ་ཞིག་རང་བཞིན་དུ་མངོན། བདག་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲོག་སར་བསྐྱོད་དེ་འབྲི་གཡག་དང་ར་ལུག་གི་ཁ་གྲངས། རྩྭ་ཐང་གི་རྒྱ་ཁྱོན་སོགས་ཀྱི་འབྲོག་སའི་གནས་ཚུལ་ལ་ཤེས་རྟོག་བྱེད་མུར། རྟ་བདུན་དབང་པོའི་ཟེར་བརྒྱས་ས་དྲོད་ཡོངས་སུ་རྒྱས་ཤིང་སྔོ་བསངས་མཁའ་ལམ་དབྱིངས་ནས་ཁུ་བྱུག་དང་འཇོལ་མོ། ཀ་ལ་པིང་ཀ་སོགས་འདབ་ཆགས་ཀྱིས་གཤོག་འགྱུར་སྟངས་སྟབས་དང་གྲེ་འགྱུར་དགོད་པའི་སྙན་འཇེབས་དབྱངས་སྒྲ་སྒྲོག་ཞོར་དུ་ཆ་དང་ཆ་རུ་བྱས་ནས་རིང་མོའི་སེམས་གཏམ་གླེང་རེས་བྱེད་པའི་ངང་ཚུལ་དེ་དག་མཐོང་ཚེ་སྔ་དགོང་སེམས་ལ་གཟན་པའི་ཁྱུང་ནག་གི་སྐད་སྒྲ་དང་གདོང་ལ་ཟུག་གཟེར་སྟེར་བའི་བུ་ཡུག་གི་སི་སྒྲ། རྒྱང་རིང་ནས་གྲགས་པའི་ཁྱི་སྤྱང་གི་ངུ་སྒྲ་དག་རེ་ཞིག་གཏིང་རྗེས་སུ་སོང་སྟེ་མཐོ་སྒང་གི་འབྲོག་ས་འདིར་གཞི་ནས་བདག་སེམས་ལྷོད་དུ་བབས་པའི་དབྱར་དུས་ཀྱི་སྣང་བ་སྐྱིད་པོ་ཞིག་མངོན་པར་བྱས་བྱུང་། དེ་དུས་འབྲོག་སའི་མུ་མཐའ་དང་བྲལ་བའི་ནོར་འཛིན་དགའ་མའི་ཞལ་རས་ལའང་སྲབ་འཇམ་དར་དཀར་གྱི་ན་བཟའ་མཛེས་ཤིང་ལྗང་མདོག་གི་འཆོར་སྒེག་དང་སྣ་ཚོགས་མེ་ཏོག་གི་ཕྲ་ཚོམ་རྒྱན་ཆ་ངོ་ཚའི་ཟོལ་དུ་རེ་ཞིག་སྦས་པར་བྱེད་པའི་ངང་ཚུལ་དང་། བཻ་ཊཱུ་རྱ་སྔོན་མོའི་པ་ཊའི་རི་མོ་བརྐོས་པ་ལྟ་བུའི་གངས་རི་གླང་པོ་རྩེ་ལྔའི་གངས་ཆབ་བཞུར་རྒྱུན་གྱི་ཆུ་སྒྲ་སྙན་མོའི་དབྱངས་དང་བསྡེབས་ཏེ་སེར་བྱ་ངང་པ་དག་གིས་ཀྱང་རྐྱལ་རྩལ་ལ་ངོམས་ཤིང་དགའ་བའི་བྲོ་གར་འཁྲབ་པའི་ངང་ཚུལ་ལས་འབྲོག་སའི་ཡུལ་ལུང་ཀུན་ལ་ཡང་ཡང་བདག་སེམས་ལྷོད་དུ་བབས་པའི་དབྱར་དུས་ཀྱི་སྣང་བ་སྐྱིད་པོ་ཞིག་རང་བཞིན་དུ་མངོན་པར་བྱས་བྱུང་། དེ་ནི་བདག་གི་སེམས་དབུས་ཀྱི་རེ་བ་ཡིན་ལ་འབྲོག་སའི་མི་རྣམས་ཀྱི་འདུན་པའང་ཡིན་སྲིད། ཁོ་ཚོས་ཁལ་གཡག་དང་ཁྱུང་དཀར་མཛོ་ལ་བརྟེན་ཏེ་སོ་སོའི་མི་ཚེའི་སྐྱིད་སྡུག་གི་གོམ་ཁ་རེ་རེ་ལ་དཀའ་སྡུག་གི་རྐང་རྗེས་རེ་རེ་འཇོག་ལ་གངས་ལྷགས་ཀྱི་གྲང་ངད་དང་རྫ་རོང་གི་གཡང་གཟར་ལས་མི་ཚེའི་བདེ་སྐྱིད་ཀྱི་འདུན་པ་ཡང་འཚོལ་བར་བྱེད། དེས་ན་བདག་གིས་འབྲོག་ས་འདིའི་ཁྱོན་ལ་དྲོ་སྐྱིད་ཉི་མའི་འོད་ཟེར་ཆེམ་ཆེམ་དང་གཡུ་འབྲུག་སྔོན་མོའི་རྔ་བསངས་ལྡིར་ལྡིར། ཆུ་འཛིན་ལང་ལོང་འཁྲིགས་པའི་སྦྲང་ཆར་ཟིམ་ཟིམ། རྒྱ་མཚོའི་གོས་ཅན་ངོས་སུ་སྤང་རྒྱན་མེ་ཏོག་ཕྲ་ཆིལ་ཆིལ། རྐང་དྲུག་བུང་བའི་མགྲིན་གདངས་དིར་དིར་གྱི་དབྱར་དུས་ཀྱི་སྣང་བ་སྤྲོ་པོ་དེ་དུས་ནམ་ཡང་འགྱུར་མེད་གནས་པར་སྨོན་ལ་འབྲོག་སའི་ཕྱོགས་དང་ཕྱོགས་མཚམས་ཀུན་ལ་ཕྱུགས་རྣམས་ཤ་ཤེད་རྒྱས་ཤིང་ཟད་དུ་མེད་པའི་དཀར་ཆུ་འཛོམས་པ། འབྲོག་ཟོག་བྱུར་བུར་བཀངས་བའི་སྦྲ་ནག་གྲུ་བཞི་གཡང་དུ་ཆགས་པ། གངས་ཆུ་དང་རྫ་ཆུའི་རླབས་སྒྲ་སྙན་མོའི་ཁྲོད་དུ་ཚེ་བསོད་དང་བག་ཕེབས་སུ་གནས་པའི་འབྲོག་སའི་སྐྱེ་འགྲོ་དག་ལ་དུས་ནམ་ཡང་དབྱར་དུས་ཀྱི་སྣང་བ་སྐྱིད་པོ་དེས་འགྲོགས་ན་བསམས་བྱུང་།

དབྱར་དུས་ཀྱི་སྣང་བ།

ཁ་བའི་ལས་དབང་།  ངམ་རིང་རྫོང་།

དབྱར་སྟོད་དེར། ཚ་བ་ཆེ་བས། གཞིས་རྩེའི་བུ་མོ་བུ་ཁྲིད་ཚ་གདུག་མ་བཟོད་པར། ཆར་པ་ཏོག་ཙམ་འབབ་པའི་ཆེད་དུ་ཀླུ་དབང་རྒྱལ་པོར་ཞུ་བ་འབུལ་གྱི་འདུག

དབྱར་སྟོད་དེར། ཆར་པ་དཀོན་པས། ལྷོ་ཁའི་ཨ་ཕོ་བསམ་གྲུབ་འུ་ཐུག་ཐབས་ཟད་ནས་ཐན་པ་ཅུང་ཙམ་སེལ་བའི་ཆེད་དུ་གནམ་རྒན་མར་གདུང་དབྱངས་འཐེན་གྱི་འདུག

དབྱར་སྟོད་དེར། ཐན་པ་བསྟན་པས། སོ་ནམ་ཞིང་པ་རྣམས་ཡིད་ཐང་ཆད་ནས། དབྱར་སྟོད་ཆར་པ་མ་བབས།། སྤང་རི་ཞེན་པ་ལོག་སོང་།། ཞེས་པའི་ངལ་གླུ་རིང་མོ་ལེན་ཞིང་ཐན་སྐྱོབ་ཀྱི་ལས་ལ་བརྩོན་གྱི་འདུག

དབྱར་སྟོད་དེར། ཉི་མ་མེ་ལྟར་ཚ་བ་དང་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པས། ཨ་ཁུ་འབྲོག་པ་རྣམས་ཁོང་ཁྲོའི་སྡང་མིག་གནམ་ལ་ལྡིར་ཞིང་། ཁ་ནས་སྐྱག་གནམ་སྡུག་གནམ་ཤི་གནམ་ཞེས་སོགས་ཀྱིས་དམོད་མོ་གཏོང་བཞིན་གདའ།

ཟླ་ལྔ་པའི་ཟླ་དཀྱིལ་ལ་བསླེབས་སོང་། དབྱར་གྱི་རྔ་སྒྲ་ལྷང་ལྷང་དུ་གྲགས་ཤིང་། སྦྲང་ཆར་རམ་གྲུ་ཆར་སིམ་སིམ་དུ་བབས་པས། ཞིང་པའམ་འབྲོག་པ་རྣམས་དགའ་སྤྲོས་ཁེངས་ལ། རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་བྱུང་། རྩྭ་ཐང་དང་ནགས་ཚལ་སྔོ་ཐིང་ངེར་གྱུར་ཞིང་། རྩི་ཤིང་དང་མེ་ཏོག་ཁྲ་ཆིལ་ལེར་བཞད་བྱུང་། དགའ་བའི་གླུ་དབྱངས་ལེན། སྐྱིད་པའི་བྲོ་གར་འཁྲབ། དགའ་དགའ་སྤྲོ་སྤྲོའི་ངང་འོང་སྐོར་དུས་ཆེན་ལ་རོལ་སོང་།

ཟླ་དྲུག་པའི་ཟླ་དཀྱིལ་ལ་བསླེབས་སོང་། ཆར་པ་མུ་འཐུད་ནས་འབབ་ཀྱིན་འདུག དབུས་ཀྱི་ཨ་ཅག་གཡང་ཅན་ལྷ་མོ་ལགས་ཨར་མ་བརྟེན་པར་ཆར་གདུགས་གནམ་ལ་ཀེར་ནས། ཀླུ་དབང་རྒྱལ་པོ། ད་ཆར་པ་འགྲིག་སོང་། ད་ག་མཚམས་བཞག་རོགས། ལུང་པ་ཆུ་ཡིས་འཁྱེར་བ་འདུག ཅེས་བརྗོད་བཞིན་འདུག དེ་ལྟར་དབྱར་དུས་དེ་ཁ་ལོ་མེད་པའི་རྟ་རྒོད་ཅིག་དང་འདྲ་བར་དགའ་སྐྱོ་ཆགས་སྡང་དང་མཉམ་དུ་བཞུད་སོང་།

དབྱར་དུས་ཀྱི་སྣང་བ།

ས་སྨྱོན-གཏམ་ལགས།   ས་སྐྱ་རྫོང་།

དབྱར་དུས་འདིར་ང་ཆར་པར་ཞེ་མེར་ལང་བཅུག

མཚམས་རེ་ལམ་འགྲམ་དུ་གཟུགས་པོ་འཁྲུ་དགོས།

སྐྱེས་པ་དང་བུད་མེད་མང་པོ་ཞིག་གི་དབུས་སུ།

ང་ནི་དབྱར་དུས་དང་ཁ་རྩོད་བཞིན་པ་དེ།

ངས་ཆང་རག་དང་འགྲོགས་བཞིན་དུ།

བཟི་མེད་ཚུལ་གྱི་གཏམ་མང་པོ་གླེང་གིན།

ངས་ནམ་མཁར་བལྟ་བཞིན། མེ་ཏོག་ལ་གླེང་མོ་བྱེད།

དབྱར་དུས། མི་མང་པོ་ཞིག་གི་རེ་སྒུག་བྱེད་བཞིན་པ་དེ།

ཚེ་སྲོག་མང་པོ་ཞིག སྒོར་མོ་མང་པོ་ཞིག

ཆུ་ནང་བརྔུབས་ཟིན་པ་ཨེ་ཤེས།

ལོ་ཏོག མེ་ཏོག མི་མང་པོས་སྒུག་བཞིན་པ།

ཕལ་ཆེར་དབྱར་དུས་འདིར་ངས་སྒུག་བཞིན་པ་ཁོ་ཚོ་མ་རེད།

ཡུལ་མཐར་འཁྱམས་པའི་གངས་ལྷ་མེ་ཏོག

ངས་རིག་མ་སོང་། འཕྲད་མ་སོང་།

ཡིན་རྒྱུ་རེད། གངས་ལྷ་མེ་ཏོག་དགུན་དུས་བཞད་པས་རེད།

དབྱར་དུས་ཆར་པ་བབས་སོང་། མེ་ཏོག་བཞད་སོང་།

ཆུ་ལོག ཆུ་ལོག ལམ་སྙིགས་སོང་།

དབྱར་དུས་ཀྱི་སྣང་བ།

གཙང་སྒྲ་སྙན། མཐོང་སྨོན་རྫོང་།

ཞོགས་ཆར་ཟམ་ཟིམ་དག་གི་ཁྲོད་ནས། རྨོངས་གཉིད་ཀྱི་སྣང་བ་བན་བུན། མཁའ་དབུགས་གཙང་མའི་རླབས་རྒྱུན་དང་འདྲེས་ཏེ་མཆེད་ཡོང་བའི་ཨ་ཅེའི་ཞོགས་ཇའི་དྲི་ངད་ཀྱིས་དལ་བུར་བསངས་ཤིང་ལུས་སེམས་ཡོངས་བདེ་ལྷོད་ཤིག་ཤིག་ཏུ་འགྱུར།

ཁང་པའི་བྱ་འདབ་ནས་ཟགས་ཡོང་བའི་མུ་ཏིག་ལྟ་བུའི་ཆུ་ཐིགས་དག ཅི་འདྲའི་དྭངས་ཤིང་གཙང་ལ་ཅི་འདྲའི་མི་སེམས་ལྟར་ལྐོག་འགྱུར་མིན་པར་ཕྱི་གསལ་ནང་གསལ་ཞིག་རེད་ཨང་།

ལྕང་མའི་ལོ་འདབ་དག ལྗང་ནེམ་ནེམ་གྱིས་ཐུར་དུ་གཞོལ་ཞིང་མཐའ་བཞིའི་རི་བོ་དག སྣུམ་ཤིག་ཤིག་གིས་མཁའ་རུ་འགྱིང་ལ་སེ་བའི་མེ་ཏོག་རྣམས་དཀར་བོང་བོང་དུ་འཕུར་བཞིན་པའི་ཤུལ་ན། སྨིན་ལ་མ་སྨིན་པའི་སེའུ་འབྲུ་དག་གི་སྟེང་ནས་ཆུ་ཐིགས་རྣམས་ཐུར་དུ་ཟགས་ཀྱིན་གདའ།

ཆུ་ཀླུང་ནས་རི་གཤམ་དང་རི་གཤམ་ནས་རི་སྒང་དུ་རྡུལ་ལྟར་འཕྱུར་ཡོང་བའི་ན་བུན་དག ཉི་ཟེར་ལ་སྐྲག་སྟེ་མཐར་རི་སྐེད་དང་རི་འགོ་དག་ནས་མི་སྣང་བར་འགྱུར།

སྐས་ཞིང་ལྡེམ་ལྡེམ་དག་གི་བྲང་གཞུང་ན། ཨ་ཅེ་དང་འདྲ་བའི་རོང་མོ་ཚོས་རྡུལ་ཆུས་བརླན་མྱོང་བའི་ཞིང་ཁུད་རེ་རེ་ནས། པད་ཁའི་མེ་ཏོག་རྣམས་སེར་ཐིང་ཐིང་དུ་བཞད་ཅིང་སྲན་མའི་མེ་ཏོག་རྣམས་ཁྲ་ཆིལ་ཆིལ་དུ་འཛུམ། གཞན་ཡང་ནས་ཞིང་གི་མགོ་ལྕོག་རྣམས། ཞོགས་རླུང་བསིལ་པོ་ཞིག་གི་རྒྱུ་ཕྱོགས་ན། ཤིག་ཤིག་ཏུ་འགུལ་ཞིང་རྒྱ་མཚོའི་རླབས་རིས་ལྟར་དམའ་ས་ནས་མཐོ་སར་འཕྱུར།

སྐྱ་ཆིལ་ཆིལ་དུ་འདུར་འོང་བའི་རྫ་ཆུ་དྭངས་མོ་ནི་ཆར་ཞོད་དང་བསྡོངས་ཏེ་བྲུག་པས། བཞུར་རྒྱུན་གྱ་གྱུའི་རྗེས་ན་རླབས་ཀྱི་ཟིལ་པ་དཀར་པོ་ཞིག་དགུང་ལ་འཐོར་ཞིང་མཆིས།

མཁའ་དབུགས་སོ་མ་ཞིག་གི་རྒྱུ་ཕྱོགས་ནས། དྲི་ཞིམ་མང་དག་ཅིག ངའི་སྣོམ་བྱེད་ཀྱི་བུ་ག་རུ་ལྷོད་ཀྱིས་འཚང་འོང་དུས། དྲན་པ་འདི་གཞན་ལས་གསལ་ཞིང་རྣམ་རིག་འདི་གཞན་ལས་བཀྲ།

དབྱར་དུས་ཀྱི་སྣང་བ།

དབང་ཕྲུག་བཀྲ་ཤིས། གམ་པ་རྫོང་།

ལྷེབ་ལྷེབ་ཕྱེ་ལེབ་གར་གྱིས་རྩེན་པའི་དུས།།

ལྗང་ལྗང་ལྗོན་ཤིང་གོས་ལྗང་གྱོན་དུས་སུ།།

མཚར་མཚར་མེ་ཏོག་སྡུག་གུར་བཞད་པའི་གསེབ།།

མང་མང་བུང་བས་གེ་སར་བཅུད་ལེན་སྐྱིད།།

འུར་འུར་འཁོར་སྒུལ་བརྡར་བའི་ཙེར་སྐད་ཁྲོད།།

འཚུབ་འཚུབ་ཐལ་རྡུལ་ཁྲོད་ནས་ངལ་རྩོལ་པས།།

ཁྲུམ་ཁྲུམ་རྔུལ་ཆུ་ཕྱིས་ཞོར་དབྱར་དུས་ཀྱི།།

ཚ་ཚའི་ཉི་ཟེར་སྤྲིན་པས་སྒྲིབ་རེ་བྱེད།།

སྐྱིད་སྐྱིད་གླིང་ག་གྲུ་བཞིའི་གུར་ཁང་ནང་།

འཐིབ་འཐིབ་སྐྱུར་རྩིས་རོས་པའི་དགའ་གཏོང་བས།།

ཡང་ཡང་སྟོད་གོས་ཕུད་གྱོན་མིག་ཟུར་ལས།།

ཟིམ་ཟིམ་སྦྲང་ཆར་མེད་པའི་དྭངས་གནམ་རེ།།

སྟོད་སྟོད་ཡངས་པའི་རྩྭ་ཐང་རི་མ་ཀླུང་།

ཡང་ཡང་བབས་པའི་ཆར་རྒྱུན་དེས་མི་ངོམས།།

སྐམ་སྐམ་དབྱར་སྟོད་སྐོམ་པའི་གདུང་བ་དེ།།

བསིལ་བསིལ་དབྱར་དཀྱིལ་ཆར་པས་སེལ་བ་བཞིན།།

བར་བར་དབུས་གཙང་རི་བོ་ཆར་དྲག་གིས།།

མཚམས་མཚམས་མེད་པར་བཞུར་བའི་ངང་ཚུལ་ནི།།

སྨྱོ་སྨྱོ་ཚད་མེད་ཆང་གིས་མྱོས་པའི་མི།།

སྐབས་སྐབས་སྐྱུགས་ཏེ་འཚབ་ཤ་སློང་བ་བཞིན།།

སྨད་སྨད་ཡར་ཆབ་འགྲོ་བའི་མདོ་སྨད་རྒྱུད།།

ཟིལ་ཟིལ་སྟོབས་ཀྱིས་བགྲོད་པའི་གཙང་པོ་དེས།།

འདར་འདར་ཆུ་སྒྲོམ་ཟགས་པའི་ཞེད་སྣང་གིས།།

དལ་དལ་མི་ལ་འཚབ་འཚུབ་སྣང་བ་སྟེར།།

དྲོ་དྲོ་ཆར་ལྡན་དུས་ཀྱི་སྣང་བ་ནི།།

རང་རང་ལྟ་ཕྱོགས་དབང་གིས་ཅིར་སྣང་ཡང་།

བརྟན་བརྟན་ཡིད་ལ་དགའ་བའི་རྟགས་ཡོད་ན།།

རྒྱུན་རྒྱུན་དབྱར་དུས་སྣང་བ་དགའ་སྐྱིད་མཚར།།

དབྱར་དུས་ཀྱི་སྣང་བ།

ཟླ་བ་བཀྲིས།     ངམ་རིང་རྫོང་།

ལེབ་མོ་གཡུ་བཞུན་མའི་ལྗང་གསེབ་ན།།

སྒོར་མོ་རྩྭ་སྤུ་ཡི་ཚང་གསེབ་ནས།།

སྙན་མོ་གྱ་གྱུ་ཡི་གྲེ་འགྱུར་མཁན།།

འཇོལ་མོ་ཡིད་འོང་མའི་བདེ་སྐྱིད་ཚོར།།

ལོང་ལོང་མཁའ་ཡི་གླང་པོས་དགུང་སྔོན་སྒྲིབ།།

ལྡིར་ལྡིར་དབྱར་གྱི་རྔ་སྒྲས་ཡུལ་ཀླུང་གྲགས།།

ཤག་ཤག་སྤྲིན་པའི་བཅུད་ཀྱིས་དབྱིག་འཛིན་བརླན།།

ཤང་ཤང་གང་གའི་རྒྱུན་གྱིས་དབྱར་མཚོ་རྒྱས།།

སྔོ་སངས་སངས་ཞོགས་པའི་ནམ་མཁའ་དང་།།

ཚ་ལུམ་ལུམ་ཉིན་གུང་ཉི་ཟེར་གཉིས།།

ནག་འཁྲིག་འཁྲིག་དགོང་དྲོའི་སྤྲིན་ནག་དང།།

གྲང་ལྷང་ལྷང་རླུང་གིས་ཅིག་ཅར་བཅོམས།།

རྐང་དྲུག་བུང་བ་འཕུར་ལྡིང་གར་ལ་བརྩེན་བྱེད་ཅིང་།།

རྟ་བདུན་དབང་པོ་ནམ་མཁའི་དབྱིངས་ནས་དགོད་ཚེར་བས།།

འདབ་བརྒྱད་པད་མ་རྫིང་བུའི་ནང་ནས་ལྷུག་པར་གྲོལ།།

འདོད་དགུ་ལོངས་སྤྱོད་འཛོམས་པའི་དབྱར་དུས་སྣང་བ་སྐྱིད།།

ལྗོན་ཤིང་གཡུ་ལོ་རྒྱས་པའི་ཡལ་སྟེང་ནས།།

ཁུ་བྱུག་གསུང་སྙན་སྒྲོག་པའི་དབྱར་གྱི་དུས།།

ལོ་ཐོག་ལྗང་པ་རྒྱས་པའི་མཁའ་ལྡིང་ནས།།

འཇོལ་མོ་འཕུར་ལྡིང་རྩལ་གྱིས་གླུ་དབྱངས་ལེན།།

ཞིང་ཐང་གྲུ་བཞིར་སྙེ་མའི་རྦ་རླབས་གཡུགས།།

རྩྭ་ཐང་ཡངས་པོར་རྟ་ནོར་ལུག་ཁྱུས་རྒྱན།།

ཞིང་འབྲོག་ཟུང་གི་དབྱར་ཀའི་ཉམས་བཟང་ལས།།

བོད་ཡུལ་ཕྱུག་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ།།

སྟོད་གངས་དཀར་ཏེ་སིས་སྤྲིན་གྱི་གུར་ཁང་ཕུབ།།

བར་དབུས་གཙང་རུ་བཞིས་ཆར་གྱི་བདུད་རྩི་བཞེས།།

སྨད་མདོ་ཁམས་སྒང་དྲུག་མེ་ཟླུམ་ཁྲོས་ལྟར་འཚིག།

བོད་ཆོལ་ཁ་གསུམ་པོ་དབྱར་གྱི་དཔལ་མི་གཅིག།

གཡའ་ནག་པོའི་དབུ་ལ་ན་བུན་དཀྲིས།།

རྫ་སྨུག་པོའི་མགུལ་ལ་མེ་ཏོག་རྒྱན།།

སྤང་ལྗང་གུའི་ལུས་ལ་གཡང་དཀར་རྒྱུ།།

རི་མཐོན་པོའི་དབྱར་ཁ་ལྷ་ཡུལ་བཞིན།།

སེར་མོ་བ་དག་ཐུབ་པའི་བསྟན་པ་དར་བས་དབྱར་ཆོས་སྤྲོ།།

སོ་ནམ་པ་དག་སྙེ་མའི་དབུ་འཕང་མཐོ་བས་འོང་སྐོར་སྤྲོ།།

ཕྱུགས་སྐྱོང་བ་དག་སྤང་གཞོང་ནོར་གྱིས་ཁེངས་པས་རྟ་རྒྱུག་སྤྲོ།།

མདོར་ན་རྐང་གཉིས་ཚོགས་རྣམས་དབྱར་གྱི་དུས་སྟོན་ཤར་བས་སྤྲོ།།

དབྱར་དུས་ཀྱི་སྣང་བ།

རླངས་ཌཱ་ཀི་ཀ།  གྲ་ནང་རྫོང་།

རྨི་ལམ་གྱི་ལྗོངས་རྒྱུ་ལས་ཡོངས་སུ་ལོག་ཟིན་དུས།

འདྲེན་བྱེད་ཀྱི་ལམ་དུ།

སྨུག་སྤྲིན་རི་ཞོལ་བར་འཁོར་བས།

སྤྲིན་པའི་ནང་སྙིང་ཆུ་ལ་བརྫུས་ནས།

ཉི་ནུབ་ཀྱི་གྲིབ་སོར་རྐང་དྲུག་གི་འཕུར་ལྡིང་བྱེད་འདྲའི།

སྦྲང་ཆར་བདུད་རྩི།

ས་ལ་བར་མེད་དུ་ཟགས་པས།

དགུན་གསུམ་རླུང་པོས་ལྡང་དྲག་པའི།

ཐལ་བའི་རྡུལ་གྱིས་གཏུམས་པའི་ས་གཞི་ཆེན་མོ།

ལན་གཅིག་གཙང་མར་བཀྲུས་ནས།

སྦྲང་ཆར་བདུད་བརྩིའི་ཤ་གསོས་སྐྱ་ཐལ་ཐལ་གྱི་ས་གཞིར་གཏོར་བས།

ས་གཞིའི་ངོ་གདོང་སྣུམ་ཤིག་ཤིག་བྱས།

དུས་དེར།

སྤང་རིས།

གསེར་གྱི་ན་བཟའ་ལྟ་བུའི་ཚོས་གཞི་དག

རུམ་གྱི་སྦུག་སུ་བཅུག་ནས།

གཡུ་ཡི་གོས་བཟང་མགོ་ལུས་མེད་པ་གཏུམས།

སྦྲང་ཆར་ཁ་སྐྱེངས་དང་ངོ་ཚའི་ཟོལ་གྱི་སྤྲིན་རུམ་དུ་སིམ་པ་ན།

ཚངས་པས།

ཁ་མདོག་ལྔ་ལྡན་གྱི་ཡོལ་བ་གནམ་དང་སའི་བར་འཐེན་ནས།

ངོ་ཚའི་བཞིན་རས་བསྒྲིབས་དང་འདྲ།

ཨ་སྔོན་ལས་བདུད་བརྩི་བར་མེད་དུ་འཇོ་བས།

ས་གཞི་ལས་ཚ་དྲོད་ལམ་ལམ་དུ་འབར་བས།

ས་གཞི་ལ་རྩི་ཏོག་དཀར་སེར་དམར་ལྗང་ཚོམ་ཚོམ་སུ་འཁྲུངས།

ཞིང་ཐང་ལ་འབྲུ་དྲུག་སྨིན།

ས་གཞི་ལ་རྩི་ཏོག་རྒྱས་པས།

ཨ་ཅེ་འབྲོག་མོའི་ལྷས་འདབས་ནས།

འབྲི་ཡི་འོ་མས་ཟོམ་གྱི་ཁར་ལུད་ཅིང་།

ཞིང་ཡུར་ནང་གནམ་ནས་བབས་པའི་ཆུ་ཡི་བདུད་རྩི་ལུད་པས།

ཨ་ཁུ་ཞིང་པའི་འབྲུ་མཛོད་ཀུན་ནས་ཁེངས།

དབྱར་ཁ་འདི།

གཞན་དང་མི་འདྲ་བའི་ནམ་དུས་ཤིག

 

བརྒྱུད་སྐུལ།

མཆན་སྤེལ།