མགར་ཁྲི་འབྲིང་བཙན་བྲོད་ཅེས་པའི་མིང་ལ་རགས་ཙམ་དཔྱད་པ།

༄༅། །མགར་ཁྲི་འབྲིང་བཙན་བྲོད་ཅེས་པའི་མིང་ལ་རགས་ཙམ་དཔྱད་པ།

བན་དེ་སྒོམ།

ཁོ་བོས་ཉེ་ཆར་ལོ་ཁ་ཤས་ནང་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱས་པར། སྤྱིར་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ནི་ཧ་ཅང་དུས་ཡུན་རིང་ཞིང་རྙོག་འཛིང་ལྡན་པ་ཞིག་ཏུ་འདུག་ནའང་། དེ་དང་མཚུངས་པར་གོ་རིམ་ལྡན་པའི་དངོས་དོན་ལོ་རྒྱུས་ཀྱི་རང་བཞིན་ཞིག་མཆིས་པ་ཡང་སུས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་བདག་གི་མིག་འོག་ཏུ་ཚུད་པའི་སྔོན་རབས་ཀྱི་དེབ་ཐེར་ཡིན་ནའང་འདྲ། དེང་སང་གི་ལོ་རྒྱུས་ཀྱི་ཞིབ་འཇུག་དཔྱད་གཏམ་ཡིན་ནའང་འདྲ། ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་སོཊ་ལ་མགར་སྟོང་བཙན་གཡུལ་ཟུང་གི་བུ་གཉིས་པའི་མཚན་ལ་བློན་ཆེན་ཁྲི་འབྲིང་བཙན་བྲོད་དང་། ཁྲི་འབྲིང་དང་བཙན་བྲོད་ཅེས་མིང་གཉིས་སུ་གྱེས་ཏེ་འཁོད་འདུག་པ་ལས་གཅིག་གྱུར་གྱི་ཚད་གཟུང་འོས་པ་ཞིག་ད་ཕན་མཐོང་མ་མྱོང་སྟབས། བདག་ལྟ་བུའི་ལོ་རྒྱུས་ཀྱི་ཆུ་ཚད་དམའ་བའི་སྐལ་མཉམ་རྣམས་ལ། འདི་འགྲིག་གང་ལགས་ཀྱི་གསལ་ཆ་གཏན་འཁེལ་བྱེད་དཀའ་བའི་གནས་ལ་བརྟེན་རྙོག་འཛིང་གི་འདམ་རྫབ་ལ་མི་འབྱིང་བའི་ཕྱིར་བོད་རྒྱ་གཉིས་ཀྱི་དེབ་ཐེར་འགའ་བསྡུར་ནས་ཅུང་ཙམ་ཡིད་རྟོན་རུང་བའི་སྡོམ་ཚིག་ཅིག་ཐོབ་ཁུལ་དུ་བྱས་ནས་ཅུང་ཟད་གླེང་བར་བྱ་བ་ལ།

དེ་ཡང་ཐོག་མར་མགར་སྟོང་བཙན་གཡུལ་ཟུང་(སྲོང་བཙན་སྒམ་པོའི་དུས་སུ་ཕུལ་བྱུང་གི་བློན་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ཞིང་། ཁོས་ཡི་གེ་འབྲི་ཀློག་མི་མཁྱེན་ནའང་རང་བཞིན་གྱི་བློ་དང་རིག་པ་གསལ་ཞིང་ངང་ཚུལ་བརྟན་པ་མ་ཟད། གཡུལ་གྱི་ཐབས་ལ་བོད་ལ་མེད་དུ་མི་རུང་བའི་མཁས་པ་ཞིག་རེད། ཁོང་གིས་བོད་གཅིག་གྱུར་དང་རྒྱལ་ཁབ་སྟོབས་ཆེར་འགྱུར་བར་མཛད་རྗེས་བླ་ན་མེད་པ་བཞག་ཅིང་། ཆབ་སྲིད་ཀྱི་ཆེད་དུ་ཐང་གི་ཕོ་བྲང་དུ་སླེབས་ནས་ཐེ་ཙུང་རྒྱལ་པོས་ནུབ་ཕྱོགས་ཀྱི་སྐུ་སྲུང་དམག་དཔོན་ཆེན་པོ་བྱ་བའི་གོ་གནས་ཀྱང་བསྩལ་ཅེས་དེབ་དཀར་སོགས་ཀྱི་ཁྲོད་ན་གསལ་བར་འཁོད་པ་གཞིར་བྱས་)ནས་འགོ་བརྩམས་ཏེ་གླེང་དགོས་པར་ཐུག་ལ། ཁོ་བོས་བཀླགས་མྱོང་པའི་རྒྱ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ན་ཁོ་ལ་བུ་ཅི་ཙམ་ཡོད་པར་འདོད་ཚུལ་ཐ་དད་པ་ཅི་རིགས་མཆིས་པ་ནི། 《ཤིན་ཀྲང་།》ནང་དུ་སྟོང་བཙན་ལ་“བུ་ཁྲི་འབྲིང་དང་ཟི་མདོ་ཡེ། འབལ་ལོན་ཟེར་བ་གསུམ་ཡོད། ཡབ་སྟོང་བཙན་འདས་རྗེས་གཅེན་གཅུང་དག་རྒྱལ་སྲིད་ལ་ཞུགས་”ཞེས་བཀོད་འདུག་པར་བཙན་གཉན་ལྡོམ་བུ་དང་མགར་བཙན་བྲོད་གཉིས་མི་སྣང་བས་བུ་གསུམ་དུ་འདོད་པ་དང་། 《བོད་ཀྱི་སྲིད་དོན་རྒྱལ་རབས་》དང་《དེབ་ཐེར་དཀར་པོ་》སོགས་དེབ་ཐེར་ཁ་ཅིག་ཏུ་“མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང་བཙན་བྲོད། མགར་བློན་ཟི་མདོ་ཡེ། མགར་བཙན་གཉན་སྲུང་སྟོན་(མགར་བློན་འབལ་ལོན་)”ཞེས་མགར་ཁྲི་འབྲིང་དང་བཙན་བྲོད་གཉིས་མཚན་གཅིག་ཏུ་སྦྱར་ནས་བུ་བཞིར་བཞེད། ཡང་རྒྱའི་དེབ་ཐེར་《ཚེ་ཧྥུའུ་ཡོན་ཀོས་》སུ་“མགར་སྟོང་བཙན་ལ་བུ་ལྔ་ཡོད་དེ། ཆེ་བ་བཙན་གཉན་ལྡོམ་བུ། གཉིས་པ་ཁྲི་འབྲིང་། གསུམ་པ་བཙན་བྲོད། བཞི་པ་ཟི་མདོ་ཡེ་དང་ལྔ་པ་འབལ་ལོན་”ཞེས་འཁོད་ཅིང་《ཐང་ཡིག་རྙིང་མའི་》ནང་དུ་“ཆེ་བ་བཙན་གཉན་བྱ་བ་སྔར་ནས་འདས་”ཞེས་གཞན་དག་གོང་དང་མཚུངས་པར་བྱུང་ལ། གོང་གི་འདི་གཉིས་དང་རྗེས་མཐུན་དེང་གི་མཁས་པ་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་《དེབ་དམར་མཆན་འགྲེལ་》དུའང་བུ་ལྔར་བཞེད་པ་བཅས་ཡིན། དེ་ལྟར་བསམ་ན་བཞེད་ཚུལ་མི་གཅིག་པ་ཆེ་ཁག་ཏུ་དབྱེ་ན་གསུམ་མཆིས་ཏེ། བུ་གསུམ། བུ་བཞི་དང་བུ་ལྔ་ཅན་དུ་འདོད་མཁན་བཅས་ཡིན། དེས་ན་《བོད་ཀྱི་ལོ་རྒྱུས་མདོར་བསྡུས་》ནང་“མགར་སྟོང་བཙན་གཡུལ་ཟུང་འདས་རྗེས་ཁྲི་འབྲིང་གིས་ཆབ་སྲིད་ཀྱི་དབང་བཟུང་། བཙན་བྲོད་ཟི་མདོ་ཡེ་དང་འབལ་ལོན་གསུམ་གྱིས་ས་མཐར་ཕྲུ་བཏབ་ནས་བསྡད་”ཅེས་པར་བཙན་གཉན་ལྡོམ་བུ་མི་མངོན་པར་གཞིགས་ན་གོང་གི་“ཆེ་བ་བཙན་གཉན་ལྡོམ་བུ་སྔར་ནས་འདས་”ཞེས་པར་འབྲེལ་བ་ཡོད་ངེས་སུ་སྙམ་སྟེ། བུ་བཞི་ཡོད་པའི་བཞེས་ཚུལ་གྱི་ཐད་ལོ་རྒྱུས་དེབ་ཐེར་ཁ་ཤས་ནང་ཁྲི་འབྲིང་དང་བཙན་བྲོད་གཉིས་མི་གཅིག་ཏུ་འདོད་པ་ལས་གཞན་དག་རྣམས་བུ་ལྔ་ཅན་གྱི་བཞེད་ཚུལ་དང་མཐུན་པས་སོ། །

ཁ་ཅིག་གིས་ཁྲི་འབྲིང་བཙན་བྲོད་ཅེས་པ་མི་གཅིག་གི་མཚན་དུ་འདོད་པ་ནི་བོད་རང་ཉིད་ཀྱི་འདོད་ཚུལ་རྣམ་དག་དང་། ཁྲི་འབྲིང་དང་བཙན་བྲོད་ཅེས་སོ་སོར་གྱེས་ནས་མི་གཉིས་ཀྱི་མཚན་དུ་གསོལ་བ་ནི་རྒྱ་རིགས་ཀྱི་ལོ་རྒྱུས་མཁན་པོའི་བཞེད་དགོངས་ཁོ་ན་རེད་ཅེས་ཟེར་ནའང་། ཁོ་བོས་བལྟས་ན་དེ་ལ་སྒྲུབ་བྱེད་ཁུངས་ལུང་བཙུན་པ་ཞིག་འཇོག་རྒྱུ་མེད་པར་སེམས་ཏེ། རྒྱ་བོད་གང་རུང་གིས་མཛད་པའི་ལོ་རྒྱུས་དེབ་ཐེར་ཁྲོད་ན་མཚན་དེ་ཉིད་ཕར་འདྲེས་ཚུར་འདྲེས་ཀྱིས་བཀོལ་སྤྱོད་བྱས་ཡོད་པ་མཐོང་ཐུབ་ཅིང་། ཁྲི་འབྲིང་བཙན་བྲོད་ཅེས་པ་མི་གཅིག་གི་མིང་ཡིན་མིན་སྐོར་ལ་《ཐང་ཡིག་རྙིང་མའི་》ནང་དུ་“ཁྲི་འབྲིང་སྤུན་མཆེད་ཀྱིས་དམག་གི་བྱ་བ་གཉེར་བ་ནས་བཟུང་། ཁྲི་འབྲིང་ནི་རྒྱལ་པོའི་ཕོ་བྲང་དུ་སྲིད་ཀྱི་ལས་ལ་བྲེལ་ཞིང་། ཁོང་གི་མཆེད་ཟླ་རྣམས་ཕྱོགས་ཀྱི་དམག་དཔོན་ལ་བསྐོས། བཙན་བྲོད་ཀྱིས་ཀྲུང་གོ་དང་འབྲེལ་བའི་ཤར་ཕྱོགས་ས་ཆ་བདག་ཏུ་གཉེར་ཏེ། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཐང་རྒྱལ་ཁབ་ཀྱི་ས་མཚམས་གེགས་སུ་གྱུར། ཁྲི་འབྲིང་སྤུན་མཆེད་རྣམས་དེས་ཤིང་མཛངས་དཀྱེལ་ཆེ་བས་བྷོད་པ་རྣམས་ཀྱང་འཇིགས་པ་ཡིན་”ཞེས་འཁོར་འདུག་པ་དང་། ཡང་། “བཙན་པོ་ཁྲི་འདུས་སྐུ་གཞོན་ནུ་ལས་སོན་ཏེ། བློན་ཆེན་ལོན་ལན་དང་ལྐོག་ཏུ་བློ་བསྡུར། དེ་དུས་ཁྲི་འབྲིང་ཕྱི་རོལ་ཏུ་མཆིས་པས། བཙན་པོས་རི་དྭགས་རྔོན་པར་ལྗགས་གཡར་ཏེ་དམག་བསྡུས་ཤིང་། ཁྲི་འབྲིང་ལ་གློ་བ་ཉེ་བ་ཉིས་སྟོང་ལྷག་བཟུང་ནས་བསད། ཕོ་ཉ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་གཉིས་ལ་སྐད་བཏང་ཡང་། ཁྲི་འབྲིང་དམག་ཤུགས་ལ་བརྟེན་ནས་བཀའ་མ་བརྩིས། དེར་བཙན་པོས་རུ་སྣ་དྲངས་ཏེ་རྒོལ་དུ་ཕྱིན་པ་ལ། གཡུལ་མ་སྤྲད་པར་ཁྲི་འབྲིང་གི་དཔུང་འཐོར་བས་ཁྲི་འབྲིང་གིས་རང་སྲོག་བཅད། ཁོའི་བློ་ཐུབ་སྙིང་ཉེ་བ་བརྒྱ་ལྷག་ཀྱང་རང་སྲོག་བཅད་དེ་ཤི། བཙན་བྲོད་ཀྱིས་རང་གི་འཁོར་སྟོང་ཕྲག་གཅིག་ལྷག་དང་གཅེན་པོའི་སྲས་མང་པོ་རྗེ་སོགས་ཁྲིད་དེ་ཐང་ལ་མགོ་འཛུལ་”ཞེས་དང་།  ད་དུང་མུ་མཐུད་དུ་ཝུའུ་ཙེ་ཐེན་གྱིས་བཙན་བྲོད་ཀྱི་འཁོར་ལ་སྐུ་སྲུང་ཆིམས་དམག་མངགས་ཏེ་བསུ་མ་བྱས་ཚུལ་དང་། བཙན་བྲོད་རང་ཉིད་ལ་ཧྥུའུ་གོ་དམག་དཔོན་ཆེན་མོ་(辅国大将军)དང་ཞིན་ཡུལ་ཝེ་དམག་དཔོན་ཆེམ་མོའམ་(宪右卫大将军)ཀོས་ཏེ་ཅུན་ཝང་(归德郡王)སོགས་ཀྱི་ཆོ་ལོ་སྦྱར་བའི་གནས་ཚུལ་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་གསལ་ལ།  གཞན་དུ་《དེབ་དམར་གྱི་མཆན་འགྲེལ་》དང་《ཀྲུང་གོའི་ལོ་རྒྱུས་མདོ་བསྒྲིགས་》སོགས་དེབ་ཐེར་མང་པོའི་ནང་དུ་ཁྲི་འབྲིང་དང་བཙན་བྲོད་ཀྱི་མཛད་པ་སྣ་ཚོགས་བཀོད་འདུག་པ་འདིར་གཅིག་གཅིག་གཉིས་གཉིས་ཀྱི་སྒོ་ནས་མ་དྲངས་ཤིང་། ཁྱད་པར་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པའི་དེབ་འདི་དེང་གི་མཁས་པ་ཚོས་ངེས་པར་མཐོང་ཆེན་གྱི་གྲས་སུ་རྩི་བཞིན་པའི་ལོ་རྒྱུས་ཀྱི་གཞུང་དྲི་མས་མ་གོས་པ་ཞིག་ཡིན་པ་དེར་སྐབས་འགར་ཁྲི་འབྲིང་བཙན་བྲོད་ཅེས་དང་། སྐབས་འགར་ཁྲི་འབྲིང་ཁོ་ན་ལས་བཀོད་མེད་པ་སྣ་ཚོགས་འབྱུང་བ་དཔེར་ན། “བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འོང་ཀེར་ཞང་ཤེ་གཉིས་”ཞེས་དང་།  ཡང་“འབྲུག་གི་ལོ་ལ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཁྲི་འབྲིང་གྱིས་རུང་སུ་བསྡུ་སྟེ་”ཞེས་མང་ཙམ་མཆིས་པ་ལྟ་བུའོ། །

དེར་བརྟེན། སྐབས་འདིར་ང་ཚོས་བསམ་གཞིགས་བྱ་དགོས་པ་ཞིག་ནི། བོད་བཙན་པོའི་དུས་སུ་ལོ་རྒྱུས་ཀྱི་སྟེགས་བུའི་སྟེང་ན་དབང་སྙན་ཟུང་དུ་འབྲེལ་བའི་བློན་ཆེན་ཁྲི་འབྲིང་དང་བཙན་བྲོད་ཅེས་པའི་མཚན་འདི་གཉིས་མི་སྣ་གཅིག་གི་མིང་ཡིན་ཟེར་ན། དེ་ལ་འགལ་བཅུ་ཟད་ཤུགས་ཀྱིས་འབབ་པ་འདི་ལྟ་སྟེ། ཁྲི་འབྲིང་དང་བཙན་བྲོད་ཅེས་པའི་བློན་ཆེན་འདི་གཉིས་ཀ་བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་སུ་ཆབས་སྲིད་ལ་མཁས་ཤིང་དམག་གི་ཁ་ལོ་སྒྱུར་པའི་དབང་པོ་ལྟ་བུ་ཡིན་སྟབས། འདུས་སྲོང་མང་བཙན་གྱིས་ཕྲག་དོག་གིས་བཀྱོན་ཕབ་སྟེ། མགར་ཁྲི་འབྲིང་གིས་རང་སྲོག་རང་གིས་བཅད་པར་བཤད་པ་ལྟར། ཁྲི་འབྲིང་དང་བཙན་བྲོད་གཉིས་ཨུ་ཚུགས་ཀྱིས་མི་སྣ་གཅིག་ཏུ་བཞེད་ན། 《ཐང་ཡིག་རྙིང་མ་》སོགས་དེབ་ཐེར་ཕལ་མོ་ཆེའི་ནང་ན་འཁོད་པའི་ཐང་ལ་མགོ་འཛུལ་མཁན་གྱི་མགར་བཙན་བྲོད་ཅེས་པའི་བློན་པོ་དེ་དྲུང་ནས་མེད་པར་འགྱུར་དགོས་ལ། ཐང་གིས་བྱ་དགའ་དང་བློན་ཆེན་དམག་གི་ཁ་ལོ་སྒྱུར་བའི་གཙོ་བོར་དབང་བསྐུར་པ་དེ་ཡང་མི་གཞན་པ་ཞིག་ཡིན་དགོས་ཤིང་། དེ་ལས་ལྡོག་སྟེ་མགར་བཙན་བྲོད་ཅེས་པ་དེ་ཁྲི་འབྲིང་དང་མི་གཅིག་ཏུ་འདོད་ན། བོད་ཀྱི་ལོ་རྒྱུས་སྟེང་ཁྲི་འབྲིང་ཞེས་པ་རང་སྲོག་རང་གིས་ལེན་མཁན་གྱི་མི་སྣ་ཞིག་ཀྱང་གཏན་ནས་མ་བྱུང་བར་ཁས་ལེན་དགོས་སོ། དེ་བས་ན་མགར་སྟོང་བཙན་གཡུལ་ཟུང་ལ་བུ་ལྔ་ཡོད་པ་གདོན་མི་ཟ་ཞིང་། དེ་ལས་གསལ་འདེབས་ཀྱི་ཚུལ་གྱིས་བཤད་དགོས་པ་ཞིག་ནི། བློན་པོ་ཆེན་པོ་མགར་ཁྲི་འབྲིང་དང་མགར་བཙན་བྲོད་ཅེས་པ་ལོ་རྒྱུས་ཀྱི་མི་སྣ་གཉིས་ཡིན་པ་མ་ཟད་སྤུན་མཆེད་ཀྱང་རེད་ཅེས་རང་ལུགས་ཀྱི་ཚུལ་དུ་བསྒྲུབ་ན་འགལ་བ་མེད་པར་སྙམ་མོ། །

 

བརྒྱུད་སྐུལ།

མཆན་སྤེལ།