བོད་ཀྱི་གདོད་མའི་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།

བོད་ཀྱི་གདོད་མའི་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།

རིན་ཆེན་ནོར་བུ།
གཅིག ལོ་རྒྱུས་ཤེས་དགོས་པའི་གལ་ཆེན་རང་བཞིན།

བསིལ་ལྡན་ཁ་བའི་ལྗོངས་དང་ལྷན་ཅིག་ཏུ།། བྱུང་བ་མེས་པོའི་ལོ་རྒྱུས་ཤེས་རིག་ཀུན།། རིན་ཆེན་མཛོད་ན་འཚེར་བའི་ནོར་བུ་བཞིན།། འཛམ་གླིང་མཛེས་པའི་རྒྱན་དུ་ཅིས་མི་འོས།། དེ་ཡི་ཆ་ཤས་དྲི་བྲལ་ཟླ་བ་བཞོན་ནུར་སྐྱེངས་སྟེར་ལོ་རྒྱུས་མུ་ཏིག་དཀར་པོའི་ཚོམ་བུ་འགའ།། གངས་ཅན་ཤེས་བྱ་དབྱིག་གི་གཏེར་སྒོ་ལེགས་པར་ཕྱེ་སྟེ་ལག་ཟུང་འདབ་མས་རེ་རེ་བཞིན།། འཁྲུལ་མེད་ལོ་ཚིགས་དར་སྐུད་རིང་མོར་ཡོངས་སུ་བརྒྱུས་ནས་བློ་གསལ་གཞོན་ནུའི་དོ་ཤལ་དུ།། མཛེས་པར་བཀོད་ན་ཚན་རྩལ་བློ་གྲོས་འཇོ་སྒེག་ཉམས་འགྱུར་སྐལ་ལྡན་མིག་གི་དཔྱིད་དུ་འགྱུར།། ཞེས་སྙན་ཚིག་མེ་ཏོག་ཕྲེང་བས་མདུན་བསུས་ཏེ་ལོ་རྒྱུས་སྨྲ་བའི་དགོས་པ་ཅུང་ཙམ་གླེང་ན། 《རླངས་ཀྱི་པོ་ཏི་བསེ་རུ》ལས། ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན།། ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ།། རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན།། གཡུ་འབྲུག་ཟོལ་མ་བཅས་པའི་དབྱིབས་དང་འདྲ།། ཡབ་མེས་རྣམ་པའི་ཡིག་ཚང་མ་ཤེས་ན།། མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ།། ཞེས་གསུངས་པ་ལྟར་འཇིག་རྟེན་འདིར་སྐྱེས་པའི་མི་ཞིག་ཡིན་ཙ་ན་རང་ཉིད་སྐྱེས་རྒྱུད་ཀྱི་ཡབ་མེས་སུ་ཡིན་པ་དང་། དེ་རྣམས་ལ་མཛད་རྗེས་རླབས་ཆེན་དང་། ཉམས་མྱོང་བསླབ་བྱ། བླང་དོར་གྱི་བློ་གྲོས་ཇི་འདྲ་ལྡན་པ་སོགས་མ་ཤེས་ཚེ་ངོ་གནོང་བའི་རྒྱུ་རུ་འགྱུར་བར་མ་ཟད། མི་རུ་སྐྱེས་པའང་དོན་མེད་དུ་འགྱུར་རོ།། ཅིའི་ཕྱིར་ཞེ་ན། མདོ་དབུས་མཐོ་སྒང་གི་བདག་པོར་གྱུར་བའི་བོད་མི་རིགས་ལ་མཚོན་ན། གནའ་དུས་ཀྱི་མེས་པོ་རྣམས་ནི་སྲིད་པའི་གངས་དང་ལྷན་ཅིག་ཏུ་སྐྱེས་ཤིང་ཆེས་སྔ་མོ་ནས་བཟུང་འུ་ཅག་གི་འཚོ་གནས་ཁོར་ཡུག་འདིར་འཐབ་རྩོད་སྣ་ཚོགས་བྱས་པ་བརྒྱུད་དེ་ད་གཟོད་འཚོ་སྡོད་ཐུབ་པ་བྱུང་པ་དང་། རང་གི་བུ་རབས་ཚ་རྒྱུད་ཕྱི་མ་རྣམས་ཀྱི་དོན་དུ་དཀའ་སྡུག་སྣ་ཚོགས་མྱངས་ཡོད་པར་མ་ཟད། རང་སྲོག་ཀྱང་ཕངས་མེད་དུ་དོར་བའི་མཛད་པ་རླབས་པོ་ཆེ་མང་བར་གདའ་བས། མེས་པོ་སྔ་མ་རྣམས་མེད་ན་ད་ལྟའི་འུ་ཅག་ཡོད་མི་སྲིད་ལ། ཁོང་ཚོའི་དཀའ་སྤྱད་ཀྱི་འཐབ་རྩོད་དང་སྙིང་སྟོབས་མེད་ཚེ་ད་ལྟའི་དཔལ་ཡོན་དུས་བཟང་གི་བདེ་སྐྱིད་འདི་ག་ལ་ཡོད། ཁོང་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཤེས་རིག་གི་ཉིང་བཅུད་མེད་ན་ད་ལྟའི་ཤེས་རིག་གི་འཕེལ་མཚམས་འདི་འདྲ་ཞིག་ལ་བསླེབ་མི་སྲིད་ཕྱིར། བདག་ཅག་གཅེས་པར་བསྐྱངས་པའི་དྲིན་ལྡན་ཡབ་མེས་རྣམ་པའི་བཀའ་དྲིན་རྟག་ཏུ་དྲན་པར་རིགས་པ་དང་། འུ་ཅག་མི་རབས་འདིས་ཀྱང་མི་རབས་ཕྱི་མ་རྣམས་ཀྱི་དོན་དུ་རང་རང་གི་ཡོད་ཚད་འབུལ་བའི་སྤོབས་སེམས་བསྐྱེད་དགོས། བོད་མི་རིགས་འདི་གནའ་ནས་བཟུང་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ་བ་དང་། དཀའ་སྡུག་ཐེག་ལ་གཤིས་རྒྱུད་བཟང་བའི་མི་རིགས་ཤིག་ཡིན་པ་མ་ཟད། འོད་སྟོང་རབ་ཏུ་འཕྲོས་བའི་གནའ་རབས་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཀྱང་ཡིན་ཏེ། དཔེར་ན། ད་ལྟ་མདོ་དབུས་ཁམས་གསུམ་དུ་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་དུ་མའི་སྔོན་གྱི་གནའ་ཤུལ་རིག་དངོས་སྣ་ཚོགས་ཐོན་རྙེད་བྱུང་བ་དང་། གཞན་གནའ་རབས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཡིག་རིགས་སོགས་ཀྱང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་གཞན་དང་བསྡུར་ན་འབོར་ཆེ་ཤོས་དང་ཕུན་སུམ་ཚོགས་ཤོས་ལག་པས་ཀྲུང་གོའི་ཤེས་རིག་བང་མཛོད་དུ་རིན་ཐང་བྲལ་བའི་ནོར་བུ་ཞིག་བསྣན་ཡོད་ཅིང་། ད་ལྟ་འཛམ་གླིང་དུ་བོད་རིགས་པ་ཞེས་སྙན་པའི་གྲགས་པ་འབར་བཞིན་ཡོད་སྟབས་འུ་ཅག་གིས་མེས་པོ་ཚོས་དཀའ་སྡུག་གི་འཐབ་རྩོད་ཁྲོད་བསྐྲུན་པའི་ཤེས་རིག་གི་རིན་ཐང་གཞལ་བར་དཀའ་བ་དེའི་ཁྲོད་དུ་ཉམས་མྱོང་བསླབ་བྱ་རྣམས་བསྡུ་ལེན་དང་། ཤེས་རིག་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ། སྙིང་སྟོབས་དང་བརྩོན་སེམས་བཅས་ལ་སློབ་སྦྱོང་སྒོས་གནའ་བཟང་དེང་སྤྱོད་བྱས་ཚེ་རང་རེའི་མི་རིགས་འདི་ཙམ་མ་ཟད་ས་ཆེན་པོའི་ཐོག་ཏུ་གནས་པའི་མིའི་རིགས་ཀུན་ལ་སྨན་པས་གཅེས་པར་འཛིན་འོས་ལ། འདས་པའི་ལོ་རྒྱུས་རྣམས་གཞི་བྱས་ན་ད་ལྟའི་གནས་བབ་ལ་ངོས་འཛིན་དང་། མ་འོངས་པའི་འཕེལ་ཕྱོགས་ཚོད་དཔག་བྱེད་ཐུབ་པར་མ་ཟད། འདི་ལ་རྟེན་ནས་བོད་མི་རིགས་ཀྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་གོ་རྟོགས་ཟམ་མི་ཆད་པར་མཐོ་རུ་འདེགས་པ་དང་མེས་རྒྱལ་གྱི་བོད་ཡུལ་གསར་བ་འཛུགས་སྐྲུན་བཅས་ལ་རང་ནུས་དོན་སྤེལ་དང་བྱས་རྗེས་གསར་བ་འཇོག་པར་སྐུལ་ལྕག་བགྱི་བའི་དོན་སྙིང་རླབས་ཆེན་ལྡན། དེ་ལས་གཞན་འཇིག་རྟེན་སྟེང་གི་བྱ་དངོས་ཀྱི་འགྱུར་བ་སྣ་ཚོགས་དང་ཤེས་བྱ་ཐམས་ཅད་ཀྱང་ལོ་རྒྱུས་ཀྱི་བྱུང་འཕེལ་དང་མ་འབྲེལ་བ་གཅིག་ཀྱང་མ་མཆིས་པས། བློ་དང་ལྡན་པ་སུ་ཞིག་ཤེས་བྱའི་རྒྱ་མཚོའི་གླིང་དུ་བགྲོད་དེ་དོན་ལྡན་གྱི་ནོར་བུ་ཞིག་ལེན་པར་བརྩོན་ཚེ། ངེས་པར་དུ་ལོ་རྒྱུས་རིག་པའི་གྲུ་གཟིངས་འདི་ལ་ལེགས་པར་བརྟེན་དགོས་ཤིང་། ལྷག་པར་དུ་དེང་གི་དུས་ལ་འཛམ་གླིང་དུ་ལོ་རྒྱུས་སྨྲ་བའི་གཞུང་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་བསྡུས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ལས་ལ་གཞོལ་གྱིན་ཡོད་པ་དང་། སྔོན་བྱུང་གཟུགས་སུ་འཆར་བའི་མེ་ལོང་ལྟ་བུར་སྣང་བཞིན་ཡོད་པས་དྲང་བདེན་ཁུངས་དག་གི་ལོ་རྒྱུས་ཤིག་ཁོང་དུ་ཆུད་པར་འབད་འོས་སོ།།

གཉིས། བོད་ཀྱི་གདོད་མའི་ལོ་རྒྱུས།
༡.བོད་གངས་ཅན་གྱི་ཡུལ་གྲུ་ཆགས་ཚུལ་བཤད་པ།
ད་ལྟའི་བོད་ཡུལ་འདི་ནི་འཇིག་རྟེན་འདིར་ཆགས་སྔ་ཞིང་དེང་དུས་གོ་ལ་ཧྲིལ་པོ་འདི་ཉིད་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། འདི་སྐམ་སར་གྱུར་པ་ནས་བཟུང་སྟེ་བོད་ཀྱི་འཚོ་གནས་སུ་གྱུར་ཡོད་སྟབས། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་སྤྱི་མིང་ལ་བོད་ཡུལ་ཞེས་གྲགས་པའི་རྣམ་པ་འདི་བྱུང་། འོ་ན་མདོ་དབུས་མཐོ་སྒང་འདིའི་ཐོག་མའི་རྣམ་པ་ཇི་འདྲ་ཞིག་ཡིན་ཞེ་ན། དེ་ཡང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།། ཅེས་བོད་ཁམས་འདི་དང་ཐོག་ཆུ་ཡི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་བསྟན་ཡོད་ཅིང་། ཕྱིས་སུ་ཆུ་བྲི་ནས་རིམ་གྱིས་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ་བ་དང་། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་བའི་ལྟ་ན་སྡུག་པའི་ཡུལ་གྲུ་འདི་བྱུང་ལ། སྟོད་གཡའ་རི་དང་བྲག་རི། བར་བྲག་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་སོགས་ཀྱིས་གང་ཡོད་པར་གསུངས་ཤིང་། ལོ་ངོ་ཁྲི་ཕྲག་དུ་མའི་མཚོ་བྲི་ནས་ཡུལ་ལྗོངས་ཆགས་པའི་ཐོག་མའི་དུས་སུ་ཡུལ་གྲུ་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨིས་ཆིག་སྟོང་ཡས་མས་ལས་མེད་པས་རླན་ཞིང་གཤེར་ལ། རི་བོ་ཧི་མ་ལ་ཡའི་རི་རྒྱུད་མཐོ་རུ་སོང་མེད་སྟབས་རྒྱ་གར་ཕྱོགས་ཀྱི་རྒྱ་མཚོའི་རླན་གཤེར་དང་ཚ་དྲོད་ལ་བཀག་འགོག་མེད་པར་ཡུལ་འདི་ཡང་ཚ་བ་ཆེ་བའི་ས་ཁུལ་གཞན་དང་འདྲ་ལ། ཆར་ཆུ་དུས་སུ་འབབ་པ་དང་། རླན་དྲོད་ཉིས་འཛོམས་ཀྱི་གནས་ཤིག་ཡིན་ཕྱིར་ཚ་ཁུལ་སྐྱེ་དངོས་ཀྱི་རིགས་དང་སྲོག་ཆགས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་བྱུང་བར་མངོན་ཏེ། སྟོད་ཁམས་སུ་ཤ་བ་དང་དགོ་བ་ལ་སོགས་རི་དྭགས་ཀྱིས་ཡུལ་འཛིན་པ་དང་། བར་ཁམས་སུ་སྤྲེའུ་དང་བྲག་སྲིན་ལ་སོགས་པས་ཡུལ་འཛིན། སྨད་ཁམས་སུ་གླང་བོ་ཆེ་དང་འདབ་ཆགས་ལ་སོགས་ཀྱིས་ཡུལ་བཟུང་ནས་བཅུད་ཀྱི་སེམས་ཅན་མང་པོ་འཚོ་གནས་ཀྱི་ཡུལ་གྲུ་མཆོག་ཏུ་གྱུར་པ་ཞིག་ཏུ་གྱུར། རིམ་གྱིས་སའི་གོ་ལའི་འགུལ་སྐྱོད་དང་གནམ་གཤིས་འགྱུར་ལྡོག་བཅས་ཀྱི་དབང་གིས་གངས་རི་མཐོན་པོ་ཇོ་མོ་གླང་མ། གངས་དཀར་ཏི་སེ། གཉན་ཆེན་ཐང་ལྷ། གངས་དཀར་ཕྱོགས་ལས་རྣམ་རྒྱལ། ཤར་དུང་རི་དཀར་པོ། གདང་ལ་རི་བོ། བ་ཡན་ཧ་རི། རྨ་ཆེན་སྤོམ་ར། མདོ་ལ་རིང་མོ། ཁུ་ནུ་རི་བོ། ཙོང་ཁའི་སྐྱེས་རི་སོགས་གནམ་གྱི་ཀ་བ་ལྟ་བུའི་གངས་རི་དང་། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་མཚོ། ཁྲི་ཤོར་རྒྱལ་མོ་སོགས་གཡུ་ཡི་མེ་ལོང་ལྟ་བུའི་མཚོ་མོ་དང་། གཙང་བོ་ཆེན་པོ་སྟོད་མངའ་རིས་ཀྱི་ཁ་འབབ་རྣམ་བཞི་དང་། བར་གྱི་ཡར་ཀླུང་གཙང་བོ། སྐྱིད་ཆུ། ཉང་ཆུ། སྨད་ཀྱི་རྫ་ཆུ་དང་། རྒྱལ་མོ་དངུལ་ཆུ། རྨ་ཆུ། ཙོང་ཆུ་སོགས་ཡན་ལག་བརྒྱད་ལྡན་གྱི་གཙང་བོ་རྣམས་ཀྱི་འབྱུང་ཁུངས་ཀྱང་གངས་ཅན་གྱི་ཡུལ་གྲུ་འདི་ཡིན་ལ། རི་མཐོ་བ་དང་ས་གཙང་བ། ཆུ་དྭངས་པ། རང་བྱུང་གཏེར་གྱིས་ཕྱུག་པས་མི་རྣམས་ལ་གནའ་ནས་མུ་གེ་དང་ནད་ཡམས་སོགས་ཀྱི་སྡུག་བསྔལ་ཉུང་ལ་སའི་དགེ་བཅུ་ཡོངས་སུ་རྫོགས་ཤིང་། ད་ལྟ་གངས་ཅན་འཛིན་མའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་ལྔ་བརྒྱ་ལྔ་བཅུ་ལྷག་ཡོད་ལ། བོད་ཀྱི་མེས་པོ་སྔ་མ་རྣམས་འདིའི་པང་དུ་ནར་སོན་ཅིང་། འུ་ཅག་དང་མ་འོངས་པའི་བུ་རབས་ཚ་རྒྱུད་རྣམས་ཀྱང་མ་ཡུམ་འདི་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པས་ང་ཚོས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་མིའི་རིགས་སྤྱིའི་འབོད་སྐུལ་དང་དུ་བླངས་ཏེ་རང་རེའི་ཡུལ་ལྗོངས་ཆེན་པོ་འདིའི་རི་ཆུ་ནགས་གསུམ་དང་། གཏེར་རྫས་སྐྱེ་དངོས། རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས།
༢.བོད་ཡུལ་དུ་མིའི་འགྲོ་བ་ཐོག་མར་བྱུང་ཚུལ།
རང་རེའི་བོད་མི་རིགས་ལ་གནའ་སྔ་མོ་ནས་རང་གི་རིགས་རྒྱུད་ཀྱི་ཐོག་མ་སྤྲེའུ་དང་བྲག་སྲིན་མོ་བྱ་བའི་སྤྲ་རིགས་ཀྱི་སྲོག་ཆགས་གཉིས་འདུས་པ་ལས་འཕེལ་བའི་གཏམ་རྒྱུད་གྲགས་ཆེ་བ་ཞིག་ཡོད་དེ། 《མ་ཎི་བཀའ་འབུམ》དང《བཀའ་ཆེན་ཀ་ཁོལ་མ》སོགས་ལས་གསུངས་པ་ལྟར་ན། གནའ་སྔ་མོའི་ཡུལ་དབུས་གཙང་གི་ཕྱོགས་སྤྲ་དང་སྤྲེའུ་བཀང་བའི་དུས་ཤིག་ལ་ཡར་ཀླུང་གཙང་བོའི་འབབ་རྒྱུད་ལྷོ་ཁ་སྟེ་གདོང་གི་ཕྱོགས་ཀྱི་བྲག་མགོན་པོ་རི་ལ་གནས་པའི་སྤྲེའུ་བྱུང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་དྲུག་བྱུང་བ་དང་། སྤྲེའུ་ཕྲུག་རྣམས་ནགས་ཚལ་དུ་གནས་བཅས་ཏེ་ཤིང་ཐོག་གི་འཚོ་བ་ལ་བརྟེན་ནས་བསྡད་པས་མང་དུ་འཕེལ་གསུངས།
དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། དེ་ནས་མི་ཡི་འགྲོ་བ་བྱུང་ཚུལ་ནི།། སྤྲུལ་བའི་སྤྲེའུ་བྲག་སྲིན་འདུས་པ་ལས།། རུས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཅིག་བྱུང་།། ཅེས་དང་། ཡང་དེ་ཀུན་ཕ་ཡིས་ཤིང་ཏོག་གིས་བཀང་བ།། ནགས་མ་བྱ་ཚོགས་ཅན་ཞེས་བྱ་བར་བསྐྱལ།། ལོ་འགའ་ལོན་ནས་བལྟ་རུ་ཕྱིན་པའི་ཚེ།། དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱར་འཕེལ།། ཤིང་ཏོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད།། ཅེས་པ་ལྟར་སྤྲེའུ་དེ་དག་གིས་དང་ཐོག་རོ་བཅུད་ཕུན་སུམ་ཚོགས་པའི་ནགས་མ་བྱ་ཚོགས་ཅན་སོགས་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་དུ་ཤིང་ཏོག་དང་རྒོད་སྐྱེས་ཀྱི་འབྲས་བུ་ལོངས་སུ་སྤྱད། རྩེད་ཐང་ཞེས་པའི་ས་ཆ་དེ་ནི་སྤྲེའུ་ཕྲུག་རྣམས་ཐང་དུ་བབས་ནས་རྩེད་ས་ཡིན་པའི་སྟབས་ཀྱིས་རྩེད་ཐང་ཞེས་གྲགས་པ་དང་། བར་སྐབས་ཤིག་ལ་བོད་ཀྱི་ཡུལ་ཕྱོགས་འདིའི་ནམ་ཟླ་ལ་འགྱུར་ལྡོག་བྱུང་བས་ཤིང་ཏོག་སོགས་ཟས་རིགས་ཉུང་དུ་སོང་སྟེ་འཐབ་ཅིང་རྩོད་པ་བྱུང་མོད། ཡིན་ན་ཡང་། རིམ་གྱིས་ས་བོན་འདེབས་པའི་རིག་པ་རྙེད་པ་དང་ལྷན་དུ་སྤྲེའུ་ཚོས་རྩེད་ཐང་གི་ས་དེར་ས་བོན་བཏབ་སྟེ་འབྲུ་རིགས་འཁྲུངས་སྐབས། ཕན་ཚུན་ཟོ་དང་ཞེས་པའི་མིའི་སྐད་སྨྲ་ཤེས་པར་གྱུར་པས། ཞིང་དེ་ལ་ཟོ་དང་ཞིང་ཞེས་འབོད་པ་དང་། ཞིང་ལ་སྔ་ཟོ་དང་རིང་མོ་ཞེས་གྲགས། དེ་ནས་ས་ཆ་དེ་ཡར་ཀླུང་ཁོག་གི་མི་རྣམས་འཚོ་གནས་བྱེད་སའི་ཡུལ་གཙོ་བོ་ཞིག་ཏུ་གྱུར་སྟབས། ཡུལ་ལ་སྔ་བ་ཡར་ཀླུང་སོག་ཀ་ཞེས་གྲགས་སོ།།
སྤྲེའུ་ཕྲུག་དེ་རྣམས་ལས་ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་དང་། ཁོག་གྲིམ་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་རྔམ་ཞིང་རོ་གྱོང་བ། དེ་དག་ལས་རིམ་པར་འཕེལ་བ་ཚོས་ཟས་སུ་མ་རྨོས་པའི་འབྲུ་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པ། ནགས་ན་རི་དྭགས་ལྟ་བུའི་འཚོ་བ་རོལ་བཞིན་ཡོད་པར་གྲགས། རིམ་གྱིས་འཚོ་བའི་མཁོ་འདུན་གྱིས་རྡོ་ཆས་དང་དབྱུག་པ་སོགས་ཡོ་བྱད་གསར་བཟོ་བྱེད་པའི་རིག་པ་རྒྱས་ཏེ་ཡུལ་ལུང་མང་བོར་ཚོགས་པའི་སྟོབས་ཀྱིས་འཚོ་བ་བསྐྱལ། ཡུན་རིང་བའི་རང་བྱུང་ཁམས་ལ་ངོས་འཛིན་དང་འཐབ་རྩོད་བྱས་པ་བརྒྱུད་དེ་ཤེས་རིག་ལག་རྩལ་ལ་འཕེལ་རྒྱས་བྱུང་སྟེ། དབྱིབས་མི་འདྲ་བའི་རྡོ་ཆས་དང་། རྫ་ཆས། རུས་ཆས། མཚོན་ཆ་སོགས་ཡོ་བྱད་སྣ་ཚོགས་ཤིག་ལས་བཟོ་དང་བཀོལ་སྤྱོད་བྱེད་ཤེས་པར་གྱུར། བྲག་ཕུག་དང་རྩི་ཤིང་གི་སྤྱིལ་བུ་སོགས་སྡོད་ཁང་དུ་སྤྱོད་པའི་ཐབས་ཀྱིས་ཁ་བ་དང་། ཆར་བ། ཚ་གྲང་དང་གཅན་གཟན་གྱི་གནོད་པ་སོགས་འགོག་པར་བྱས། སྐབས་དེར་མི་རྣམས་ལ་ད་དུང་ཐུན་མོང་གི་སྐད་ཆ་ལེགས་པོ་ཞིག་མེད་པར་བརྟེན་ལུས་དང་ལག་པའི་རྣམ་འགྱུར་ལ་བརྟེན་ནས་ཕན་ཚུན་ལ་བརྡ་སྤྲོད་ཀྱིན་ཡོད་པ་རེད།
༣.བོད་ཀྱི་གནའ་མི་ཚོ་ངལ་རྩོལ་ཁྲོད་འཕེལ་རྒྱས་བྱུང་བ།
གནའ་མི་ཚོས་ལྟོ་གོས་ཀྱི་དོན་དུ་ངལ་རྩོལ་སྣ་ཚོགས་བྱས་པར་བརྟེན་མི་རྣམས་ཀྱི་ཤེས་རིག་འཕེལ་རྒྱས་སུ་སོང་སྟེ། སྐད་ཆ་ཅུང་ཕུན་སུམ་ཚོགས་པོར་གྱུར་པ་དང་འཇིག་རྟེན་གྱི་བྱ་དངོས་མང་བོ་ཞིག་ལའང་བསམ་བློ་ཅུང་ལེགས་པོ་ཞིག་གཏོང་ཤེས་པར་གྱུར། སྔོན་གྱི་ལག་ཆ་རྣམས་གསར་བརྗེ་བྱས་པ་དང་ཐོན་སྐྱེད་ལ་འཕེལ་འགྱུར་བྱུང་སྟེ། ཐོན་རྫས་ལྷག་མ་ཡོད་པའི་མགོ་བརྩམས་ཤིང་སྒེར་དབང་རྒྱུ་ནོར་གྱི་འདུ་ཤེས་ཇེ་ཆེར་འཕེལ་སྟབས་མིའི་བཙན་གཉོམ་ལྟར་ཐོབ་འབྲས་ལ་མང་ཉུང་ཤོར་ཞིང་མི་རྣམས་ལ་དབུལ་ཕྱུག་དང་བཙན་གཉོམ་གྱི་ཁྱད་པར་བྱུང་། གནས་ཚུལ་དེ་འདྲའི་འོག་བཙན་པོས་གཉོམ་ཆུང་གི་རྒྱུ་ནོར་ཕྲོགས་ཏེ་རང་གིས་ལོངས་སུ་སྤྱོད་ཅིང་། ཁྱད་པར་དུ་ཐོན་སྐྱེད་ཁེར་རྐྱང་ཅན་དུ་གྱུར་པ་དང་། ཐོན་རྫས་ལ་ལྷག་མ་མང་བོ་བྱུང་བ། ཐོན་རྫས་བརྗེ་རེས་དར་བའི་ཚེ་བཙན་པོའི་དབང་ཆའི་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་པ་དང་། གཉོམ་ཆུང་གིས་བཙན་པོར་ངོ་ལོན་རྒྱབ་རྟེན་བཅོལ་ནས་འཚོ་བ་རོལ་ཕྱིར་རང་གི་རྒྱུ་ནོར་རྣམས་སྐྱེས་སུ་ཕུལ་ཏེ་གནོད་མེད་བདེ་འཇགས་ཀྱི་འཚོ་ཐབས་ལ་འབད། དེ་བཞིན་བཙན་པོ་དང་བཙན་པོའི་བར་དུ་འགལ་བ་དང་འཐབ་རྩོད་སྣ་ཚོགས་བྱུང་བར་བརྟེན་སྔོན་རུས་རྒྱུད་གཅིག་པའི་ཚོགས་པ་དེ་རིམ་གྱིས་ཐོར་ཞིང་གཅིག་འོག་གཅིག་ལ་མི་འདུ་བར་བཙན་པོའི་མངའ་འོག་གི་ཚོགས་པའི་ནང་དུ་ཁྲག་རྒྱུད་མི་གཅིག་པའི་ཁོངས་མི་མང་བོ་བྱུང་སྟེ་ཚོ་སྐོར་གསར་དུ་གྲུབ་པ་དང་མངའ་ཁོངས་སོགས་ལའང་འགྱུར་ལྡོག་བྱུང་བས་སྤྱི་ཚོགས་སུ་འཕེལ། དེ་ལྟར་སྤྲེའུ་དང་བྲན་སྲིན་ལས་བྱུང་བའི་གདུང་རྒྱུད་གཅིག་པའི་རུས་ཆེན་བཞི་སྟེ་སྒ་འབྲུ་སྦྲ་ལྡོང་དང་། མིའུ་རུས་དྲུག་སྟེ་གོང་གསལ་བཞིའི་སྟེང་དབས་དང་ཟླ་གཉིས་བསྣན་པས་དྲུག་བཅས་སོ་སོར་གྱེས་ཤིང་བོད་གངས་ཅན་གྱི་ཡུལ་གྲུ་མང་བོ་བདག་གིར་བཟུང་།
དེ་ཡང་ལོ་རྒྱུས་ལས་བྱུང་བ་ལྟར་ན། གདུང་རྒྱུད་དེའི་བསེ་ཡི་ནང་གི་བཟང་བོ་དང་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ་ཡི་རུས་དང་། དམུ་ཡི་ནང་གི་བཟང་བོ་དང་གཙོ་བོ་རྣམས་ལ་དམུ་ཚ་སྒ་ཡི་རུས། ལྡོང་གི་ནང་གི་བཟང་བོ་དང་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་གི་རུས། སྟོང་གི་ནང་གི་བཟང་བོ་དང་གཙོ་བོ་རྣམས་ལ་ཨ་ཐང་འབྲུ་ཡི་རུས་ཞེས་བརྗོད། དེ་ཡང་ཨ་སྤོ་ལྡོང་གི་རུས་ལ་ཡང་ལྡོང་དཀར་པོ་དང་། ལྡོང་ནག་པོ། ལྡོང་སེར་པོ། ལྡོང་སྨུག་པོ། ལྡོང་དམར་པོ་སོགས་ཀྱི་དབྱེ་བ་མང་དུ་མཆེད་ཅིང་། ལྡོང་དཀར་པོ་ལ་ལྷ་ལྡོང་དཀར་པོ་དང་། ལྡོང་སེར་བོ་ལ་ཉི་ལྡོང་སེར་པོ། ལྡོང་དམར་པོ་ལ་བོད་ལྡོང་དམར་པོ་ཟེར། ལྡོང་དེའང་ཐོག་མར་མཆེད་དྲུག་དང་། བར་དུ་བཙུན་དྲུག ཐ་མཆེད་ནི་ང་ཆེན་བཅོ་བརྒྱད་དམ་རུས་ཆེན་བཅོ་བརྒྱད་དང་། ཤུལ་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད་དང་། ཡང་མཆེད་དམུ་སྤྱང་སྡེ་བཞི་ཡིན་པར་གྲགས་སོ།། དེའི་སྡོད་གནས་མཐོན་པོ་འབྲོག་ལས་གཉེར་ས་ཡིན་སྟབས་ལོ་རྒྱུས་ལས་རིའི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ། ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན་ཞེས་གྲགས།
བསེ་ཁྱུང་སྦྲ་ཡི་རུས་ལ་ཡང་དཀར་ནག་ཁྲ་གསུམ་དང་། དེ་ལ་དང་པོ་རྒྱུད་ཀྱི་ཆེ་དགུ། ལྷ་སྦྲ་སྨུག་པོ་མཆེད་བཅུ། དགུ་འབུམ་སྦྲའི་མཆེད་དྲུག་སོགས་རུས་ཚན་མང་བོར་གྱེས་ཤིང་། དེའི་སྡོད་གནས་བྲག་རི་མང་ལ་ས་བབ་བཙན་པ་རོང་གི་ས་ཡིན་སྟབས་ལོ་རྒྱུས་ལས། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། སྦྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན་ཞེས་གྲགས།
ཨ་ལྕགས་འབྲུའི་རུས་ལ་མཆེད་བཙུན་སྤེལ་མ་བཅུ་གཉིས་དང་རོང་ཆེན་བཅོ་བརྒྱད་སོགས་བྱུང་ཞིང་། དེའི་སྡོད་གནས་ས་ཅུང་དམའ་ས་ཞིང་ལས་གཉེར་བའི་ས་བཟུང་བ་ཅུང་མང་སྟབས། ལོ་རྒྱུས་ལས། རི་རྩ་བ་གསུམ་དེ་འབྲུ་ལ་ཐོབ།། འབྲུ་རྒྱལ་ས་གནོན་པ་དེ་དོན་ཡིན་ཞེས་གྲགས།
དམུ་ཚ་སྒའི་རུས་ལའང་སྒའི་མཆེད་བཙུན་སྤེལ་མ་བཅུ་གཉིས་བྱུང་ཞིང་། དེའི་སྡོད་གནས་ནི་ཡངས་པའི་རྩྭ་ཐང་ཡིན་པས་ལོ་རྒྱུས་སུ། ཐང་ཡངས་པོ་གསུམ་དེ་སྒ་ལ་ཐོབ།། སྒ་བེའུ་མང་བ་དེ་ཡི་དོན་ཞེས་གྲགས་ལ། ནུ་བོ་དབས་དང་ཟླ་གཉིས་ཀྱི་ཁྱབ་ཡུལ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་མདའ་དར་གོང་མ་ཞེས་པའི་ས་ཆ་ཡིན་པར་གྲགས་ལ། དེ་གཉིས་ཀྱི་རུས་རྒྱུད་འཕེལ་ནས་ཆེ་སྐོར་དང་ཆུང་སྐོར་གཉིས་སུ་གྱུར་པར་གྲགས། གོང་གསལ་དེ་དག་ནི་གདུང་རྒྱུད་གཅིག་ནས་གྱེས་པའི་དཔོན་རབས་ཙམ་ཡིན་ཞིང་། དེ་རེ་རེའི་ཡན་ལག་དང་ཉིང་ལག་གི་རུས་ཚན་ནི་རིམ་གྱིས་མང་དུ་འཕེལ་ཏེ་ད་ལྟ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་མིང་བགྲང་དུ་ཡོད་པ་དེ་དག་དང་ད་དུང་མི་རིགས་གཞན་ལ་འདྲེས་ཟིན་པའང་མང་དུ་སྣང་ངོ་།།
༤.མངའ་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས།
མངའ་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མིས་མི་ལ་དབང་སྒྱུར་བའི་དུས་རབས་ཀྱི་མགོ་ཚུགས་ཤིང་། དེ་ནི་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་མགོ་ཚུགས་པའི་དུས་རབས་སུ་བྱུང་ལ། གནའ་རབས་ཀྱི་བོད་མི་རྣམས་མདོ་དབུས་མཐོ་སྒང་གི་སྟེང་དུ་ཁྱབ་སྟེ་གནས་པ་དང་། ཐོན་སྐྱེད་ཆུ་ཚད་ཅུང་འཕེལ་རྒྱས་སུ་ཕྱིན་ནས། ཚོ་སྡེ་རྣམས་ཅུང་གཏན་འཇགས་སུ་གྱུར་པ་དང་མཉམ་དུ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཕྲན་གྱི་རྣམ་པ་རིམ་གྱིས་བྱུང་སྟེ། 《མཁས་པའི་དགའ་སྟོན》ལས། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱལ་མེད་ཟེར།། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་།། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས།། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་།། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས།། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར།། བཞི་བ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ།། ལྷ་ཡུལ་གུང་ཐང་ལག་ཆ་ཆུ་གྲི་བྱུང་།། ལྔ་བར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་།། ད་ཕྲང་ཅང་ཕྲང་ལག་ཆ་ཞགས་པ་འཕེན།། དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།། ལང་ཏང་ལང་ཏང་བར་ཁ་འུར་རྡོ་འཕེན།། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར།། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་།། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས།། དགུ་བ་རྒྱལ་པོས་དབང་བྱས་ངམ་པོ་ཅེ།། བཅུ་བ་འགོང་བོ་སྤུན་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར།། ཞེས་བྱུང་བ་ལྟར་བོད་དུ་བྱུང་བའི་དུས་རིམ་མི་འདྲ་བའི་དབང་སྒྱུར་པ་པོའི་བྱ་སྤྱོད་སོགས་ཀྱི་སྒོ་ནས་དུས་རབས་རེར་གནོད་སྦྱིན་དང་། བདུད་ལྷ་སོགས་ཀྱི་ཐ་སྙད་རེ་སྦྱར་ཡོད་ཅིང་། དེ་དག་གི་དབང་སྒྱུར་གྱི་ལྟེ་གནས་ད་ལྟ་ངོས་འཛིན་དཀའ་ཡང་བོད་ཀྱི་མངའ་ཁོངས་སུ་ངེས་ལ། མཚོན་ཆ་མདའ་གཞུ་དང་ཆུ་གྲི་སོགས་སྐབས་དེར་བེད་སྤྱོད་བྱེད་རྒྱུ་སྔར་ནས་དར་རྒྱས་སུ་སོང་བར་མངོན། ད་ལྟ་བོད་ཅེས་པའི་ཐ་སྙད་དེའང་ཧ་ཅང་གནའ་དུས་བྱུང་བའི་འབོད་ཚུལ་ཞིག་ཡིན་པ་ཤིན་ཏུ་གསལ་ལ། དུས་སྐབས་དེ་ནི་མི་རྣམས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དང་། ཐོན་སྐྱེད་ལག་རྩལ། མི་དང་མིའི་བར་གྱི་འབྲེལ་བ་བཅས་ལ་འགྱུར་ལྡོག་གསར་བ་འབྱུང་བཞིན་པའི་དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་ཤིག་ཡིན།
རྒྱལ་ཕྲན་སིལ་མ་བཅི་གཉིས་སོགས་ནི་གོང་གསལ་མངའ་མཛད་བཅུའི་མཇུག་འགོང་པོ་སྤུན་དགུས་དབང་བྱེད་སྐབས་བོད་ཡུལ་འདི་ཡང་སྟོང་སྡེ་བཅོ་བརྒྱད་དུ་ཆགས་པས་ཡུལ་གྲུ་རྒྱ་ཆེ་ཞིང་མངའ་འབངས་ཚོ་ཤོག་ཀྱང་ཤིན་ཏུ་མང་བར་བརྟེན། ནང་ཁུལ་དུ་འགལ་བ་སྣ་ཚོགས་བྱུང་སྟེ་ཚོ་ཤོག་སྟོབས་ལྡན་རྣམས་གཅིག་འོག་གཅིག་ཏུ་མ་སྒུར་བར་ཁ་ཐོར་དུ་གྱུར་པ་སོགས་ཀྱི་དབང་གིས་རིམ་གྱིས་རྒྱལ་ཕྲན་བཅུ་གཉིས་སུ་གྱེས་ཤིང་། རྒྱལ་ཕྲན་དེ་དག་ལ་རྗེ་བོ་རེ་དང་བློན་པོ་གཉིས་རེ་ཡོད་ཅིང་། རྒྱལ་ས་དང་དམག་དཔུང་། ཁྲིམས་སྲོལ་གྱི་སྒྲིག་གཞི་བཅས་ཡོད་པས་གནའ་དུས་ཀྱི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཕྲན་མི་འདྲ་བ་དུ་མ་ཞིག་བོད་ཁམས་སུ་ཆགས་པར་མངོན། དེ་ཡང《མཁས་པའི་དགའ་སྟོན》ལས། མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དེང་། ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོད་དཀར་བློན་པོ་གནང་། གནུབས་ཡུལ་གླིང་དགུ་ན། སྣུབས་རྗེ་དམིགས་པ། བློན་པོ་རྨེའུ་དང་འབྲོ། ཉང་རོ་ཤམ་པོར། ལོ་རྔམ་རྗེ་འབྲོམ། བློན་པོ་ཤེས་སུང་གཉིས། ཀྱི་རི་ལྗོན་སྔོན་ན། རྗེ་རྨད་པོ། བློན་པོ་ངམ་དང་འབྲོ། ངམ་ཤོད་ཁྲ་སྣར། ཟིངས་རྗེ་ཁྲི་འཕྲང་གསུམ། བློན་མགར་དང་གཉན། འོལ་ཕུ་སྤང་མཁར་དུ། ཟིང་རྗེ་ཐོན་ཕྲེང་། བློན་པོ་རྔོག་དང་སྦས། སྲིབས་ཡུལ་གྱི་རལ་གོང་དུ། བྲང་རྗེ་གོང་ནམ། བློན་པོ་སྤྲད་དང་ཞུགས། ཀོང་ཡུལ་བྲེ་སྣར། ཀོང་རྗེ་དཀར་པོ་ཏུག་དང་མཁར་བ་བློན་པོ། ཉང་ཡུལ་རྣམ་གསུམ་ན། ཉང་བཙུན་གླང་རྒྱལ། བློན་པོ་ཕུག་དང་ངོ་རྗེ། དྭངས་ཡུལ་གྲུ་བཞི་ན། དྭགས་རྗེ་མང་པོ་རྒྱལ། བློན་པོ་རླངས་སྐམ་གཉིས། ཞེས་བྱུང་ཞིང་། དེ་དག་རྟག་པར་ཕན་ཚུན་དམག་ཇག་འཁྲུག་རྩོད་ཀྱི་ལས་ལ་རྔམ་དྲགས་པས་སྟོབས་ཤུགས་ཇེ་ཞན་དུ་སོང་ཞིང་། ཁོངས་སུ་གཏོགས་པའི་ཚོ་བ་མང་བོ་ཞིག་རང་རྐྱ་ཐུབ་པའི་སྡེ་ཤོག་ཏུ་གྱེས་ནས་མཐར་རྒྱལ་ཕྲན་སིལ་མ་བཅུ་བཞི་དང་། བཞི་བཅུ་སོགས་སུ་ཐོར་བར་གྲགས། སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་བར་དུ་བགྲང་ཐུབ་པའི་རྒྱལ་ཕྲན་ནི་བཅུ་ཕྲག་ལྷག་དང་། དེ་ལས་ཐག་རིང་ས་དང་བཙན་ས་ལ་གནས་པའི་རུས་ཚན་ཚོ་སྡེ་དེ་བས་མང་བ་ཞིག་མཆིས་པར་སྣང་སྟེ། ད་ལྟ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་རྣམས་ནས་གནའ་རྫས་ཀྱི་ཤུལ་རྙིང་མང་བོ་ཞིག་སྔ་ཕྱིས་སུ་ཐོན་རྙེད་བྱུང་བ་ནི། དིང་རི། ཤན་ཚ། མེ་ཏོག པུ་ཧྲེང་། སུམ་མདོ། རྣམ་གླིང་། ཆུ་གསུམ་སོགས་དང་། སྨད་ཀྱི་ཆབ་མདོ། ཚ་འདམ་གཞུང་། ཨ་ཆེན་གངས་རྒྱབ། མཚོ་སྔོན་པོ། རབ་འོག རྫོང་རི་སོགས་སུ་བྱུང་བའི་ཐོན་དངོས་དེ་དག་གིས་བོད་ཀྱི་མེས་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའམ་ཁྲི་ཕྲག་མང་བོའི་གོང་རོལ་ཏུ་མདོ་དབུས་མཐོ་སྒང་གི་སྟེང་དུ་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ཏེ་དུས་རིམ་མི་འདྲ་བ་མང་བོ་རིམ་གྱིས་བརྒྱུད་ཅིང་ཤེས་རིག་ལག་རྩལ་སོགས་ལ་འཕེལ་འགྱུར་བྱུང་སྟེ་དཔལ་ཡོན་གྱི་དུས་རབས་སུ་བསླེབས་པ་ར་སྤྲོད་བྱས་ཡོད་དོ།།

བརྒྱུད་སྐུལ།

མཆན་སྤེལ།