བོད་ཀྱི་རྩོམ་རིག་སྐོར་གྱི་དྲི་བ་དྲིས་ལན་ཕྱོགས་བསྡུས། ཁག་དང་པོ།

བོད་ཀྱི་རྩོམ་རིག་སྐོར་གྱི་དྲི་བ་དྲིས་ལན་ཕྱོགས་བསྡུས། ཁག་དང་པོ།

བོད་ཀྱི་རྩོམ་རིག་སྐོར་གྱི་དྲི་བ་དྲིས་ལན།

༼ ༡ ༽ཅི་ཞིག་ལ་ལྷ་སྒྲུང་ཟེར།

གདོད་མའི་སྐབས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཡ་མཚན་དང་དེ་ཉིད་ཤེས་འདོད་ཀྱི་བློ་དྲག་པོ་སྐྱེས་ཤིང་སྐབས་དེའི་མི་རྣམས་ཀྱི་ངོས་འཛིན་ནུས་ཤུགས་ལ་བརྟེན་ནས་སྣང་ཚུལ་དེ་དག་ལ་དཔྱད་པ་དང་འགྲེལ་བཤད་འདྲ་མིན་བྱས་པ་དེ་རིགས་རྒྱུན་ཆགས་སུ་བྱུང་བའི་སྒྲུང་ལ་ཟེར།

༼ ༢ ༽ལྷ་སྒྲུང་ལ་རིགས་ཀྱི་ཆ་ནས་དབྱེ་ན་གང་དག་ཡོད།

རང་བྱུང་ཁམས་ཆེན་མོའི་སྐོར་དང་། མིའི་རིགས་ཀྱི་འབྱུང་ཁུངས་སྐོར། ཐོན་སྐྱེད་ངལ་རྩོལ་སྐོར་བཅས་ཡོད།

  ༼ ༣ ༽ལྷ་སྒྲུང་ལ་ཁྱད་ཆོས་ག་འདྲ་འདུག

༡ ལྷ་སྒྲུང་གིས་གདོད་མའི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོའི་གསང་བ་དང་མིའི་རིགས་ཀྱི་འཚོ་བའི་སྣང་ཚུལ་ལ་ཤེས་འདོད་ཀྱི་བློ་དྲག་པོས་དེར་དཔྱད་པ་སྣ་ཚོགས་བྱས་པའི་སྙིང་སྟོབས་མཚོན། ༢ ལྷ་སྒྲུང་ལ་རྟོག་པ་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པ། ༣ ལྷ་སྒྲུང་གི་འཆར་ཡན་རིང་ལུགས་ཀྱི་འབྲི་ཐབས་ནི་གང་བྱུང་དུ་བྲིས་པ་ཞིག་མ་ཡིན་པར་དངོས་ཡོད་ཀྱི་གཞི་འཛིན་ས་ལྡན་པ། ༤ གདོད་མའི་མེས་པོ་རྣམས་ཀྱི་ངལ་རྩོལ་དང་གསར་གཏོད། མཛེས་རྟོགས་ལྟ་བ་དང་འདུ་ཤེས་འཛིན་སྟངས་མཚོན་ཞིང་། དེ་དག་ནི་རྩོམ་རིག་བརྩམས་ཆོས་ཡིད་དུ་འོང་བ་ཡིན་པ་མ་ཟད། བོད་ཀྱི་གནའ་སྔ་མོའི་དུས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་བསམ་བློ། ཀུན་སྤྱོད། ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་བྲལ་བའི་དཔྱད་ཡིག་ཀྱང་རེད།

༼ ༤ ༽སྲིད་པ་ཆགས་གླུ་ཞེས་པའི་སྐབས་ཀྱི་སྲིད་པ་ལ་གོ་བ་ཅི་ལྟར་ལེན་དགོས།

སྲིད་པ་ཞེས་པ་ནི་འཇིག་རྟེན་གྱི་དོན་མ་ཡིན་པར་སྐལ་བ་ཐོག་མའི་སྐབས་ཀྱི་འཇིག་རྟེན་བྱེད་པོ་ལྟ་བུ་ཞིག་ལ་གོ་དགོས།

༼ ༥ ༽ཅི་ཞིག་ལ་ངག་རྒྱུན་ཟེར།

དམངས་ཁྲོད་དུ་གྲགས་པའི་གཏམ་རྒྱུད་བདེན་རྫུན་སྣ་ཚོགས་ཀྱི་སྤྱི་མིང་།

༼ ༦ ༽ལོ་རྒྱུས་དེབ་ཐེར་ལྟར་ན་བོད་ཀྱི་གླུ་དང་བྲོ། སྒྲུང་སོགས་ནི་ག་དུས་དར་བ་ཡིན།

དེ་རྣམས་ནི་སྔ་བ་བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་དང་འཕྱི་བ་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་ཡ་སྔོན་ཙམ་ལ་བྱུང་།

༼ ༧ ༽བོད་ཀྱི་ལོ་རྒྱུས་ངག་རྒྱུན་ལ་ཁྱད་ཆོས་ག་འདྲ་ཡོད།

ལོ་རྒྱུས་དོན་རྐྱེན་དང་མི་སྣའི་འགུལ་སྐྱོད་ངེས་ཅན་ཞིག་རྒྱབ་ལྗོངས་སུ་བྱས་པ། ལོ་རྒྱུས་ཡིག་ཆའི་ཟིན་བྲིས་དང་ངག་ཐོག་གི་བཤད་རྒྱུན་ཟུང་འབྲེལ་བྱས་པ།ཆེ་ཕྱོགས་ནས་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་མོད། ལོ་རྒྱུས་དངོས་དང་མི་འདྲ་བ་རབ་བཏགས་དང་རྟོག་བཟོ། ལྷ་རུ་བསྒྱུར་བ་སོགས་ཀྱིས་སྒྱུ་རྩལ་གྱི་ཕན་འབྲས་མཆོག་ཏུ་གྱུར་བ་ཞིག་མངོན་ཡོད།

༼ ༨༽ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་ངག་རྒྱུན་དེ་ལྷ་སྒྲུང་མིན་པའི་རྒྱུ་མཚན་ཅི་ཡིན།

ངག་རྒྱུན་དེ་རིགས་ནི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བ་ཞིག་སྟེ་སྐབས་དེའི་ལོ་རྒྱུས་དཔེ་ཆ་དག་ཏུའང་ཞིབ་མོར་བཀོད་ཡོད་པས་སོ།།

༼ ༩ ༽ཅི་ཞིག་ལ་མགུར་གླུ་ཟེར།

བརྗོད་འདོད་ཀྱི་སྐད་ཆ་རྣམས་གླུའི་རྣམ་པའི་ཚུལ་གྱིས་ཐོལ་བྱུང་དུ་གྱེར་བའི་བརྩམས་ཆོས་ཤིག་ལ་གོ་ཆོག་ཅིང་། སྤྱིར་མགུར་ཞེས་པ་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པ་དང་གླུ་ཡི་གོ་དོན་དང་ཡོངས་སུ་མཚུངས་ཀྱང་། དུས་ཀྱི་དབང་གིས་ཐ་སྙད་འདི་གཉིས་ལ་དབྱེ་བ་བྱུང་ཡོད་པ་ནི་གླུ་ཞེས་པས་དམངས་ཁྲོད་དུ་དར་བའི་གླུ་དང་མགུར་ཞེས་པས་ཆོས་པ་རྣམས་ཀྱི་གླུའམ་བོད་བཙན་པོའི་སྐབས་ཀྱི་རྒྱལ་བློན་རྣམས་ཀྱི་བར་བླངས་པའི་སྲིད་དོན་མཚོན་པའི་གླུར་གོ་བར་ལྟ་བུར་སྣང་།

༼ ༡༠ ༽བཙན་པོའི་དུས་ཀྱི་མགུར་གླུ་ལ་ནང་དོན་གྱི་ཆ་ནས་ག་ཙམ་དབྱེ་ཆོག

དགྲ་བོ་ཚར་བཅད་ནས་ཤ་འཁོན་གླན་པ། འཚོ་བའི་རེ་འདུན་དང་ཆབ་སྲིད་ཀྱི་ཕུགས་བསམ་བརྗོད་པ། གཡུལ་དང་འཐབ་མོ་བགྱིས་ནས་རྒྱལ་ཁ་བླངས་བ།ཆབ་སྲིད་ཀྱི་མངའ་ཐང་དང་རྒྱལ་བོའི་མཛད་སྤྱོད་ལ་བསྔགས་པ་སོགས་ལ་དབྱེ་ཆོག

༼ ༡༡ ༽ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་མགུར་གླུ་རྣམས་ནི་དུས་རབས་གང་ལ་བྱུང་བ་ཡིན།

སྔ་བ་བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་དང་འཕྱི་བ་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་ཡ་སྔོན་ཙམ་ལ་བྱུང་།

༼ ༡༢ ༽བསྟན་པ་སྔ་དར་དང་ཕྱི་དར་སྐབས་ཀྱི་མགུར་གླུའི་གོ་དོན་འདྲ་འམ་མི་འདྲ།

བསྟན་པ་སྔ་དར་གྱི་སྐབས་སུ་མགུར་དང་གླུའི་གོ་དོན་འདྲ་ཞིང་། བསྟན་པ་ཕྱི་དར་གྱི་སྐབས་སུ་རིམ་བཞིན་མགུར་ཞེས་པ་གླུ་ཡི་ཞེ་ཚིག་དང་། གླུ་ཡིས་དམངས་ཁྲོད་དུ་དར་བའི་གླུ་དང་། མགུར་གྱིས་ཆོས་པ་རྣམས་ཀྱིས་བླངས་པའི་གླུ་ལ་གོ་ལྟ་བུར་སྣང་།

༼ ༡༣ ༽ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་མོ་ཡིག་ལ་ཁྱད་ཆོས་ག་འདྲ་ཡོད།

སྒྱུ་རྩལ་གྱི་ཆ་ནས། མང་ཤོས་ནི་རང་བཞིན་བརྗོད་པའི་འབྲི་ཐབས་སྤྱད་ཡོད། སྙན་ངག་གི་སྒྲིག་གཞིའི་ཐད་ནས་སྡེབ་སྦྱོར་མཉམ་ཞིང་སྒྱུ་རྩལ་གྱི་ཐབས་ཀྱང་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད།

ནང་དོན་གྱི་ཆ་ནས། རྩྭ་ཐང་གི་ཡུལ་ལྗོངས་དང་ཕྱུགས་ལས་གནས་ཚུལ། ཡུལ་སྲོལ། མི་རྣམས་ཀྱི་བསམ་བློའི་རྣམ་པ་སོགས་མཚོན་ཡོད།

༼ ༡༤ ༽ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་༼སུམ་པའི་མ་ཤགས་ཆེན་མོ་༽ཞེས་པ་ནི་རྩོམ་རིགས་བརྩམས་ཆོས་ཅི་འདྲ་བ་ཞིག་ཡིན།

དེ་ནི་དོན་དུ་མིའི་འགྲོ་ལུགས་འདུག་སྟངས་དང་ཁྱིམ་སྲིད་འཛིན་ཚུལ་སོགས་བརྗོད་པའི་གཏམ་དཔེ་སྐོར་ཞིག་ཡིན།

༼ ༡༥ ༽ཏུན་ཧོང་གཏེར་ཡིག་ཁྲོད་ན་རྣམ་ཐར་མི་གཅིག་པ་ག་ཙམ་ཡོད། དེ་དག་རེ་རེ་བཞིན་འདྲེན་རོགས།

དྲུག་ཙམ་ཡོད། དེ་དག་ནི་༼གྲི་གུམ་བཙན་པོའི་རྣམ་ཐར་བསྡུས་པ། ༽༼སྟག་རི་གཉན་གཟིགས་ཀྱི་རྣམ་ཐར་བསྡུས་པ། ༽༼གནམ་རི་སྲོང་བཙན་གྱི་རྣམ་ཐར་བསྡུས་པ། ༽༼སྲོང་བཙན་སྒམ་པོའི་རྣམ་ཐར་བསྡུས་པ། ༽༼ཁྲི་འདུས་སྲོང་དང་ཁྲི་ལྡེ་གཙུག་བཙན་གྱི་རྣམ་ཐར་བསྡུས་པ། ༽༼སྲོང་བཙན་སྒམ་པོ་དང་བློན་ཆེན་རྣམས་ཀྱིས་དབུ་སྙུང་བོར་ཚུལ། ༽༼སྲོང་བཙན་སྒམ་པོ་དང་བློན་ཆེན་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོའི་སྐབས་མགུར་བཞེངས་ཚུལ། ༽སོགས་ཡིན།

༼ ༡༦ ༽ ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་རྣམ་ཐར་དེ་དག་དུས་རབས་ག་ཙམ་ལ་བྱུང་བ་དང་།བརྗོད་དོན་གཙོ་བོ་ནི་ཅི་ཞིག་ཡིན།

དེ་དག་ནི་གཙོ་བོ་དུས་རབས་དྲུག་པ་ནས་དགུ་བའི་བར་བྱུང་ཞིང་། བརྗོད་དོན་གཙོ་བོ་ནི་མདོ་དབུས་མཐོ་སྒང་དུ་དང་ཐོག་སྒེར་ཚུགས་དང་ཁ་འཐོར་དུ་གནས་པའི་རྒྱལ་ཕྲན་མང་པོ་ཡོད་པ་དེ་དག་དུས་ཡུན་རིང་བོའི་འབྲེལ་འདྲིས་དང་འཐབ་འཁྲུག་མང་པོ་བརྒྱུད་ནས་རིམ་གྱིས་གཅིག་གྱུར་བྱུང་སྟེ་སྟོབས་མངའ་ཐང་ཆེ་བའི་བོད་བཙན་པོའི་སྲིད་དབང་བཙུགས་པའི་གོ་རིམ་དང་དེའི་ཁྲོད་དུ་སྐུལ་འདེད་ཀྱི་ནུས་པ་བཏོན་མྱོང་བའི་དབང་སྒྱུར་གྲལ་རིམ་གྱི་འཐུས་ཚབ་མི་སྣ་མི་ཉུང་བ་ཞིག་གི་ལག་རྗེས་སོགས་བཀོད་ཡོད།

༼ ༡༧ ༽ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་རྣམ་ཐར་དག་ལ་ཁྱད་ཆོས་ག་འདྲ་ཡོད།

བསམ་བློའི་ཆ་ནས། ༡ མདོ་དབུས་མཐོ་སྒང་གི་རྒྱལ་ཕྲན་རྣམས་གཅིག་གྱུར་བྱུང་བའི་གོ་རིམ་དང་དེའི་ཁྲོད་དུ་ལག་རྗེས་བཞག་པའི་ལོ་རྒྱུས་མི་སྣ་ལ་བསྟོད་བསྔགས་བྱས་པ། ༢དབང་སྒྱུར་གྲལ་རིམ་བར་གྱི་ཛ་དྲག་གི་འཐབ་རྩོད་མཚོན་པ། ༣རྒྱལ་ཕྲན་བར་གྱི་མཛའ་མཐུན་འགྲོ་འོང་གི་གནས་ཚུལ་བཀོད་པ། སྒྱུ་རྩལ་གྱི་ཆ་ནས། ༡རྒྱུ་ཆ་སྙིང་བསྡུས་ཡིན་ལ་གནད་དུ་ཐིངས་པ། ༢མི་སྣ་གསོན་ཉམས་ལྡན་པ། ༣དོན་བརྗོད་པ་གཙོ་ཕལ་གསལ་བ།

༼ ༡༨ ༽བོད་ན་བཙན་པོའི་སྐབས་ཀྱི་རྡོ་རིང་གྲགས་ཅན་ག་འདྲ་ཡོད།

དབོན་ཞང་མཐུན་འབྲེལ་རྡོ་རིང་། ཞོལ་རྡོ་རིང་ཕྱི་མ། ཞྭ་ལྷ་ཁང་གི་རྡོ་རིང་ཀ་བ་དང་ཁ་བ་བཅས་ཡོད།

༼ ༡༩ ༽རྡོ་རིང་ཡི་གེ་ལ་ནང་དོན་གྱི་ཆ་ནས་ག་ཙམ་དབྱེ་ཆོག

བོད་རྒྱའི་འབྲེལ་བ་དང་བཙན་པོའི་མཛད་རྗེས་ལ་བསྔགས་པ། བློན་གྱི་བྱས་རྗེས་ལ་གཟེངས་བསྟོད་བྱས་པ། དམ་པའི་ཆོས་ལ་དད་པའི་དམ་བཅའ། རྒྱལ་རིགས་ལ་དབང་ཆ་དང་ཐོབ་ཐང་སྤྲད་ཚུལ་སོགས་སུ་དབྱེ་ཆོག

༼ ༢༠ ༽རྡོ་རིང་ཡི་གེ་ལ་ཁྱད་ཆོས་ག་འདྲ་འདུག

ཚིག་འབྲུ་བབ་ཆགས་ཤིང་སྦྱོར་བདེ་ལ་ཁ་གསལ་བ། ཐམས་ཅད་ཚིག་ལྷུག་ཡིན་པ།

༼ ༢༡ ༽ཏུན་ཧོང་གཏེར་ཡིག་ཁྲོད་ན་བོད་ཡིག་གི་གཏམ་རྒྱུད་གཉིས་ཡོད་པ་གང་ཡིན།

༼ཙེང་གི་རྦག་ཞིན་དང་སྤང་གི་བོང་བུ་སྟག་ཅུང་། ༽ ༼གྱིམ་པོ་ཉེན་ཅིག་དང་ཁབ་ཡོ་བྱའི་འདབ་བཀྲ་༽གཉིས་ཡིན།

༼ ༢༢ ༽རོ་སྒྲུང་གི་སྒྲིག་གཞི་ལ་ཁྱད་ཆོས་ག་འདྲ་ཡོད།

༡ གཏམ་རྒྱུད་ཀྱི་བྱུང་རིམ་ལ་འགྱུར་ལྡོག་མང་བ། འཕྱོར་འབྲི་བྱས་པ་ཕྲ་ཞིབ་ཡིན་པ། ཀུན་རྟོག་གིས་ཕྱུག་ཅིང་ལྷ་སྒྲུང་གི་ཁྱད་ཆོས་ཀྱང་མངོན་ཡོད། ༢ཚིག་སྦྱོར་བབ་ཆགས་ཤིང་མངོན་བརྗོད་དང་བརྡ་རྙིང་གིས་སྤྲས་མེད་པ། གོ་སླ་ཞིང་བརྗོད་བདེ་བ། ༣ གཏམ་རྒྱུད་གཅིག་གིས་གཏམ་རྒྱུད་གཞན་མང་པོ་གཅིག་ཏུ་སྦྲེལ་ཡོད་ཅིང་གཏམ་རྒྱུད་ཚན་པ་སྣོན་འཕྲི་གང་འདྲ་བྱས་ཀྱང་བརྩམས་ཆོས་ཧྲིལ་བོའི་སྒྲིག་གཞི་ལ་མི་གནོད་པས་སྟབས་བདེ་རང་དབང་གི་ཁྱད་ཆོས་ལྡན།

༼ ༢༣ ༽ ལོ་རྒྱུས་དེབ་ཐེར་ལྟར་ན་བོད་ལ་རོ་སྒྲུང་ག་དུས་དར་བ་ཡིན།

བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་རིང་སྟེ་དུས་རབས་གཉིས་པ་ཡས་མས་ནས་དར།

༼ ༢༤ ༽རོ་སྒྲུང་གི་གཏམ་རྒྱུད་ཆེན་པོ་དེ་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད། གཏམ་རྒྱུད་དེ་གཉིས་མདོར་བསྡུས་ནས་བརྗོད་རོགས།

༡ རྒྱལ་བོའི་བུ། ཕྱུག་པོའི་བུ། སྤྲང་བོའི་བུ། བྲག་སྡེབ་བྱ་རོག་གི་ཚང་། ཚང་ལེན་པར་མནའ་བསྐྱལ། རྒྱལ་བོའི་བུ་དང་ཕྱུག་པོའི་བུས་མནའ་ཟོས་ཏེ་ཕྱིར་ལོག སྤྲང་བོའི་བུས་མུ་མཐུད་དུ་བརྡུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྙིང་རུས་ཆེ་བར་གཟིགས་ནས་ཕྱག་ཕྱིར་ཁྲིད། སྙིང་རུས་ལ་བརྟག་ཆེད་རོ་དངོས་གྲུབ་ལེན་པར་བཏང་། རོས་སྒྲུང་བཤད། བུའི་ཁ་ནས་ཚིག་ཤོར། རོ་ཕྱིར་ཤོར། སླར་བླངས། མཐར་ངག་ནས་གཏམ་མ་ཤོར་བར་ཁུར་ནས་ཡོང་། ༢ གསལ་བཤད་སྒྱུ་མ་མཁན་སྤུན་བདུན་གྱི་དྲུང་དུ་མན་ངག་སློབ་ཏུ་སོང་། སྤུན་མདུན་གྱིས་གཡོ་ལས་བྱས་ནས་མན་ངལ་མ་བསླབས། གསལ་བཤད་ཀྱི་ནུ་བོ་དོན་གྲུབ་ཀྱིས་ལྐོག་ཉན་བྱས། སྤུན་བདུན་གྱིས་ཤེས། ནུ་བོ་ཀླུ་སྒྲུབ་ཀྱི་དྲུང་དུ་བྲོས། མདོ་འཛིན་ལ་སྤྲུལ། སྤུན་བདུན་འབུ་གྲོ་བོ་བདུན་ལ་སྤྲུལ། དོན་གྲུབ་བྱ་ཆེན་ལ་སྤྲུལ་ཏེ་འབུ་རྣམས་བསད། སྡུག་པ་བསགས། སྡུག་སྦྱོང་ཆེད་རོ་དངོས་གྲུབ་ལེན་དུ་མངགས། རོས་སྒྲུང་བཤད། བུའི་ཁ་ནས་ཚིག་ཤོར། རོ་ཕྱིར་ཤོར། སླར་བླངས། མཐར་ངག་ནས་གཏམ་མ་ཤོར་བར་ཁུར་ནས་ཡོང་།

༼ ༢༥ ༽༼སྦ་བཞེད་༽ཀྱི་རྩོམ་པ་པོ་སུ་ཡིན་པའི་ཐད་ལ་བཞེད་པ་མི་འདྲ་བ་ག་འདྲ་ཡོད།

སྦ་གསལ་སྣང་། ཁུ་བརྩོན་འགྲུས་གཡུང་དྲུང་། སྦ་སང་ཤི་བཅས་རྩོམ་པ་པོ་མི་འདྲ་བ་གསུམ་ཡོད་པར་འདོད།

༼ ༢༦ ༽༼སྦ་བཞེད་༽ཀྱི་བརྗོད་བྱ་གཙོ་བོ་ནི་ཅི་ཞིག་ཡིན།

བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་བསྟན་པ་ཇི་ལྟར་དར་བའི་གནས་ཚུལ་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་བར་གྱི་ལོ་རྒྱུས་བཀོད་ཡོད།

༼ ༢༧ ༽༼སྦ་བཞེད་ཞབས་བཏགས་མ་༽ཡི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན།

བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་བསྟན་པ་ཇི་ལྟར་དར་བའི་གནས་ཚུལ་ནས་ཇོ་བོ་རྗེ་བོད་དུ་ཕེབས་ཚུལ་ལ་ཐུག་གི་བར་བྲིས་ཡོད།

༼ ༢༨ ༽བོད་ཀྱི་ལོ་རྒྱུས་དེབ་ཐེར་གང་དག་ནི་༼སྦ་བཞེད་༽ལ་ཁུངས་བཅོལ་ནས་བརྩམས་པ་ཡིན།

༼བུ་སྟོན་ཆོས་འབྱུང་།༽༼རྒྱལ་རབས་གསལ་བའི་མེ་ལོང་།༽༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།༽༼ཆོས་འབྱུང་མཁས་པའི་དགའ་སྟོན།༽བཅས་ཡིན།

༼ ༢༩ ༽བོད་སིལ་བུའི་སྐབས་སུ་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་ཐུབ་པའི་རྒྱུ་མཚན་ཅི།

མི་དམངས་ཀྱི་འཐབ་རྩོད་ཀྱི་བསམ་བློ་གློད་པ་དང་རང་ཉིད་ཀྱི་དབང་སྒྱུར་གོ་གནས་བརྟན་ཕྱིར། ཡུལ་གྲུ་སོ་སོའི་དབང་སྒྱུར་མཁན་གྱིས་སྟོབས་ཤུགས་ཆེན་པོས་སངས་རྒྱས་ཆོས་ལུགས་དར་སྤེལ་བྱས་པས་རེད།

༼ ༣༠ ༽བོད་སིལ་བུའི་སྐབས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་གྲུབ་མཐའ་མང་པོ་བྱུང་བས་རྩོམ་རིག་གི་དར་སྤེལ་ཐད་ནུས་པ་ག་ཙམ་ཐོན།

གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱིས་འགྲན་བསྡུར་གྱི་སྒོ་ནས་རང་གི་ལྟ་བ་སྒྲོག་པ། གཞུང་ལུགས་སྤེལ་བ་སོགས་བྱས་པས་སྤྱི་ཚོགས་སུ་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཆགས། གནས་ཚུལ་དེའི་འོག་མཁས་པ་ལ་ལས་རྩོམ་རིག་ལ་སོགས་པའི་རྣམ་པ་སྤྱད་ནས་ཆོས་ལུགས་ཀྱི་རྣམ་གཞག་སོགས་བསྒྲགས་པས་རྩོམ་རིག་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན།

༼ ༣༡ ༽ གེ་སར་སྒྲུང་གི་གོ་བ་ཅི་ལྟར་ལེན་དགོས།

དེ་ནི་གཙོ་བོ་དམངས་ཁྲོད་ཀྱི་སྒྲུང་བ་དག་གིས་བཤད་པ་བརྒྱུད་ནས་བོད་རིགས་མི་དམངས་ཀྱི་ཁྲོད་དུ་དུས་ཡུན་རིང་བོར་དར་ཁྱབ་བྱུང་ཞིང་། ནང་དོན་རྒྱ་ཆེ་ལ་སྒྲིག་གཞི་རྔམ་བརྗིད་ལྡན་པའི་སྒྲུང་རབས་ཆེན་མོ་ཞིག་སྟེ། འཛམ་གླིང་གི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་ཆེས་རིང་མོ་དེ་ཡིན་ཞིང་།དེ་ནི་ཕལ་ཆེར་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པའི་དུས་རབས་དགུ་བའི་སྨད་དང་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ལ་བྱུང་བའི་གླིང་གེ་སར་གྱི་རྨད་དུ་བྱུང་བའི་མཛད་འཕྲིན་དང་འཐབ་འཛིང་གི་སྙིང་སྟོབས། ཁྱད་འཕགས་ཀྱི་བློ་གྲོས་སོགས་ལོ་རྒྱུས་ཀྱི་དོན་དངོས་གཞིར་བཟུང་ཞིང་། སྐབས་དེའི་བོད་མི་དམངས་ཀྱི་ཐུན་མོང་གི་བློ་རིག་དང་། ཐུན་མོང་གི་འདོད་མོས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། བོད་གངས་ཅན་གྱི་འདས་ཟིན་པའི་སྲིད་འབྱོར་རིག་གསུམ་དང་། དམག་དོན། ཆོས་ལུགས་དད་མོས། བསམ་བློའི་འཁྱེར་སོ། སྐད་ཆའི་སྒྱུ་རྩལ་སོགས་ཀུན་ནས་མཚོན་པའི་རིན་ཆེན་མེ་ལོང་ལྟ་བུ་ཞིག་ཡིན།

༼ ༣༢ ༽༼གེ་སར་སྒྲུང་༽དར་བ་ནས་བཟུང་བོད་ལ་སྒྲུང་ཡོད་པར་གྱུར་བ་ཡིན་ནམ་མིན།

མིན། བོད་ཀྱི་སྲིད་ནི་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་ལྟར་སྒྲུང་གིས་བོད་ཀྱི་སྤྱི་ཚོགས་སུ་དེ་སྔ་ནས་གནས་བབ་གལ་ཆེན་པོ་བཟུང་འདུག

༼ ༣༣ ༽ མི་ལ་རས་པའི་མགུར་གླུ་དང་བཙན་པོའི་སྐབས་ཀྱི་མགུར་གླུ་གཉིས་ལ་འདྲ་ས་དང་མི་འདྲ་ས་ག་འདྲ་ཡོད།

མི་འདྲ་ས་ནི། བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་ནང་དོན་གཙོ་བོ་ནི་སྲིད་ཀྱི་སྐོར་ཡིན་ཞིང་། མི་ལ་རས་པའི་མགུར་འབུམ་ནི་གཙོ་བོ་ཟབ་མོ་ཆོས་ཀྱི་གནས་ལུགས་བརྗོད་པ་ཞིག་ཡིན། འདྲ་ས་ནི་གཉིས་ཀས་སྙན་མོ་གླུ་ཡི་ལམ་ནས་བརྗོད་འདོད་ཀྱི་དོན་མཚོན་ཞིང་། མི་ལའི་མགུར་འབུམ་གྱི་འབྲི་ཐབས་ཀྱི་རྨང་གཞི་ནི་བོད་བཙན་པོའི་སྐབས་ཀྱི་མགུར་ཡིན་ཞེས་བརྗོད་ཆོག

༼ ༣༤ ༽ མི་ལ་རས་པའིམགུར་འབུམ་ཁྲོད་ཀྱི་མགུར་གླུ་ཡོད་ཚད་ནི་མི་ལ་རས་པ་གཅིག་པུས་བཞེངས་པ་ཡིན་ནམ་མིན།

མིན་ཏེ། ཁོང་གི་བླ་མ་དང་སློབ་མ་ཡོན་བདག་སོགས་དང་ཁོང་ལ་གྲོགས་བྱེད་པའི་ལྷ་དང་མཁའ་འགྲོ། ཁོང་ལ་དགྲ་འཛིན་པའི་སྐྱེ་བོ་མ་རུངས་པ་དང་མི་མ་ཡིན་སོགས་ཀྱིས་བླངས་པའི་མགུར་ཡང་ཡོད།

༼ ༣༥ ༽ དམ་པའི་ལྷ་ཆོས་ཀྱི་གནས་ལུགས་མགུར་གླུའི་ལམ་ནས་བཞེངས་པའི་སྲོལ་འདི་མི་ལ་རས་པས་གསར་གཏོད་བྱས་པ་ཡིན་ནམ་མིན།

ཡིན།

༼ ༣༦ ༽བོད་རིགས་རྩོམ་པ་པོས་བརྩམས་པའི་ལེགས་བཤད་ཐོག་མ་ནི་༼ས་སྐྱ་ལེགས་བཤད་༽ཡིན་ནམ་མིན།

ཡིན།

༼ ༣༧ ༽ ༼ས་སྐྱ་ལེགས་བཤད་༽ལས་ས་པཎ་གྱི་བསམ་བློ་ག་འདྲ་རྟོགས་ཐུབ།

གཙོ་བོ་འཇིག་རྟེན་གྱི་བྱ་བ་ལེགས་པར་ཤེས་པའི་གཞི་རྩའི་ཐོག་དམ་པའི་ཆོས་རྣམ་པར་སྒྲུབ་པ་དང་། ཆོས་སྲིད་ཟུང་དུ་འབྲེལ་ནས་འཇིག་རྟེན་སྐྱོང་དགོས་པའི་བསམ་བློ་མཚོན་ཡོད།

༼ ༣༨ ༽ ༼ས་སྐྱ་ལེགས་བཤད་༽ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དུ་གོ་གནས་ག་འདྲ་ཡོད།

བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ལེགས་བཤད་ཅེས་པའི་རྩོམ་ལུས་རང་རྐྱ་འཕེལ་བ་ཞིག་ཐོག་མར་བྱུང་བ་དེ་ཡིན་པ།

༼ ༣༩ ༽ས་པཎ་གྱིས་ལེགས་བཤད་ཅིག་རྩོམ་པའི་ཆེད་དུ་ས་སྐྱ་ལེགས་བཤད་བརྩམས་པ་ཡིན་ནམ་མིན།

མིན། སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་དང་ཁོང་རང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་བ་དེ་འདོན་པའི་དགོས་པའི་ཆེད་དུའང་ཡིན།

༼ ༤༠ ༽ཅི་ཞིག་ལ་གཏེར་ཆོས་ཟེར།

གཏེར་ཆོས་ནི་གཏེར་ལས་དྲངས་པའི་ཆོས་ལ་ཟེར།

༼ ༤༡ ༽ གཏེར་ཆོས་སྐོར་ཞིག་རྩོམ་རིག་བརྩམས་ཆོས་གྲས་ལ་འགོད་དོན་ཅི་ཡིན།

གཏེར་ཆོས་དེ་དག་བྱུང་བ་སྔ་བས་ལོ་རྒྱུས་དངོས་དོན་དང་ཅུང་མཐུན་པ། ཕྱི་རབས་ལོ་རྒྱུས་སྨྲ་བའི་ཁུངས་གཏུགས་སར་གྱུར་ཡོད་པ། དེ་དག་ལ་ལྷ་སྒྲུང་དང་ངག་རྒྱུན་ཡང་མང་བས་རེད།

༼ ༤༢ ༽ བོད་སིལ་བུའི་དུས་སུ་གཏེར་ཆོས་གྲགས་ཅན་དེ་འདྲ་མང་པོ་འབྱུང་དགོས་དོན་ཅི་ཡིན།

གཏེར་ཆོས་མང་ཆེ་བ་རྙིང་མའི་ལྟ་བ་ཡིན་ལ་གཏེར་ནས་འདོན་མཁན་ཡང་རྙིང་མ་བ་ཡིན་པས། དེ་ནི་རྙིང་མའི་རྗེས་འཇུག་པ་ཚོས་གྲུབ་མཐའི་འཐབ་རྩོད་ཁྲོད་རང་གི་གྲུབ་མཐའི་ལྟ་བ་དྲིལ་བསྒྲགས་དང་། སྙན་གྲགས་ཇེ་ཆེ། སྟོབས་ཤུགས་ཇེ་ཆེར་གཏོང་བྱེད་དུ་བཀོལ་བའི་ཐབས་ཤེས་ཤིག་རེད་ཅེས་བརྗོད་ཆོག

༼ ༤༣ ༽ བོད་ཀྱི་གཏེར་ཆོས་ལ་ཁྱད་ཆོས་ག་འདྲ་འདུག

༡ བཙན་པོའི་དུས་ཀྱི་རྒྱལ་བློན་གྲགས་ཆེན་རྣམས་ཀྱིས་བྲིས་པ། ༢ སློབ་དཔོན་པད་མ་འབྱུང་གནས་སོགས་ཀྱིས་འགྲོ་དོན་དུས་ལ་མ་བབ་པར་སྟོན་མི་རུང་ཞིང་མ་འོངས་པར་སྐལ་ལྡན་རྣམས་ཀྱི་དོན་དུ་གནས་མ་ངེས་པར་མི་མངོན་པར་རྒྱས་བཏབ་པས་ཆོས་རྣམས་ཡིན་ཟེར།

༼ ༤༤ ༽ ཅི་ཞིག་ལ་བཀའ་འགྱུར་དང་བསྟན་འགྱུར་ཟེར།

བཀའ་འགྱུར་ནི་སྟོན་པའི་བཀའ་བོད་དུ་འགྱུར་རོ་ཅོག་ཡིན། བསྟན་འགྱུར་ནི་འཕགས་ཡུལ་གྱི་པཎ་ཊི་ཏ་རྣམས་ཀྱིས་མཛད་པའི་སྟོན་པའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ཡིན།

༼ ༤༥ ༽ བཀའ་འགྱུར་བསྟན་འགྱུར་གཉིས་ནི་དུས་རབས་ནམ་ཙམ་ལ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན།

དེ་ནི་དུས་རབས་བཅུ་བཞི་བ་ཡིན།

༼ ༤༦ ༽ བཀའ་བསྟན་ཁྲོད་དུ་རྩོམ་རིག་བརྩམས་ཆོས་རིགས་གང་དག་ཡོད།

སྙན་ངག་དང་དོ་ཧ། ལུགས་ཀྱི་བསྟན་བཅོས། བསླབ་བྱ། གཏམ་རྒྱུད། ཟློས་གར། རྣམ་ཐར། ངག་རྒྱུན་སོགས་ཡོད།

༼ ༤༧ ༽བཀའ་བསྟན་ཁྲོད་ན་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་གྲགས་ཅན་གང་དག་ཡོད།

སྤྲིན་གྱི་ཕོ་ཉ། ལྷ་མོ་དབྱངས་ཅན་གྱི་བསྟོད་པ། བཀྲ་ཤིས་བརྒྱད་པ། ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ། བརྒྱ་ལྔ་བཅུ་བ་སོགས་བཅུ་ཕྲག་འགའ་ཡོད།

༼ ༤༨ ༽ བཀའ་བསྟན་ཁྲོད་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་གྲགས་ཅན་གང་དག་ཡོད།

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། སྐྱེས་རབས་སོ་བཞི་བ། སྐྱེས་པའི་རབས་ཀྱི་ཕྲེང་བ་སོགས་ཡོད།

༼ ༤༩ ༽ བཀའ་བསྟན་ཁྲོད་ན་རྒྱ་གར་གྱི་ཟློས་གར་འཁྲབ་གཞུང་གྲགས་ཅན་གཉིས་ཡོད་པ་གང་གཉིས་ཡིན།

ཀ་ཁའི་དོ་ཧ། སྐུ་གསུང་ཐུགས་འཆི་མེད་རྡོ་རྗེའི་མཛོད་ཀྱི་གླུ།

༼ ༥༠ ༽བཀའ་བསྟན་ཁྲོད་ན་བཞུགས་པའི་སྟོན་པའི་བསྟོད་པ་ཁྱད་དུ་འཕགས་པ་གསུམ་ནི་གང་དག་ཡིན།

ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ། བརྒྱ་ལྔ་བཅུ་བ་བཅས་ཡིན།

༼ ༥༡ ༽ བཀའ་བསྟན་ཁྲོད་ན་བཞུགས་པའི་ལུགས་ཀྱི་བསྟན་བཅོས་བདུན་ནི་གང་དག་ཡིན།

ཤེས་རབ་བརྒྱ་བ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། ལུགས་ཀྱི་བསྟན་བཅོས། ཚིགས་སུ་བཅད་པ་བརྒྱ་བ།

༼ ༥༢ ༽ བཀའ་འགྱུར་ཁྲོད་ཀྱི་དོ་ཧ་ལ་ཁྱད་ཆོས་ག་འདྲ་འདུག

ཁྱད་གཞི་དང་ཁྱད་ཆོས་སམ་ཡན་ལག་དང་ཡན་ལག་གི་ཚུལ་དུ་དཔེ་དོན་སོ་སོ་ལུ་གུ་རྒྱུད་དུ་སྦྱར་བ་དེའོ།།

༼ ༥༣ ༽བཀའ་བསྟན་ལས་བྱུང་བའི་རྩོམ་རིག་བརྩམས་ཆོས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཡོད།

བོད་ཀྱི་རྩོམ་རིག་ལ་བསམ་བློའི་ནང་དོན་གྱི་ཕྱོགས་ནས། སངས་རྒྱས་ཆོས་དང་འབྲེལ་བ་དང་། རྩོམ་སྟངས་ཀྱི་ཆ་ནས། འཆར་ཡན་རིང་ལུགས་ཀྱི་ཤུགས་ཆེ་བ། རྩོམ་ལུས་ཀྱི་ཕྱོགས་ནས། དབུ་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། མཇུག་ཏུ་བསྔོ་བ་སྨོན་ལམ་སྦྱོར་ཞིང་བཅད་ལྷུག་སྤེལ་མར་བྱེད་པ་ཤས་ཆེ་བ་སོགས་བཀའ་བསྟན་གྱི་ཤུགས་རྐྱེན་ཐེབས་པར་སྣང་བ་དང་། གཞན། བཀའ་བསྟན་ལས་བྱུང་བའི་གཏམ་རྒྱུད་དང་གབ་སྒྲུང་སོགས་དུས་ཕྱིས་ཀྱི་བརྩམས་ཆོས་མང་པོའི་ས་བོན་དུ་གྱུར་ཡོད།

༼ ༥༤ ༽ ས་ཕག་རིན་གཙང་སྐབས་སུ་བོད་ལ་ལོ་རྒྱུས་དེབ་ཐེར་གྲགས་ཅན་གང་དག་བྱུང་།

བུ་སྟོན་ཆོས་འབྱུང་། ཚལ་བའི་དེབ་དམར། རྒྱལ་རབས་གསལ་བའི་མེ་ལོང་། དེབ་ཐེར་སྔོན་པོ་སོགས་བྱུང་།

༼ ༥༥ ༽ ས་ཕག་རིན་གཙང་སྐབས་སུ་བོད་ལ་རྣམ་ཐར་གྲགས་ཅན་གང་དག་བྱུང་།

རྗེའི་རྣམ་ཐར་དད་པའི་འཇུག་ངོགས། མི་ལ་རས་པའི་རྣམ་ཐར། མར་པའི་རྣམ་ཐར། ཐང་སྟོང་རྒྱལ་བོའི་རྣམ་ཐར། འབྲུག་པ་ཀུན་ལེགས་ཀྱི་རང་རྣམ། བུ་སྟོན་གྱི་རྣམ་ཐར། ས་པཎ་གྱི་རྣམ་ཐར། རས་ཆུང་བའི་རྣམ་ཐར་སོགས་བྱུང་པ་རེད།

༼ ༥༦ ༽ས་ཕག་རིན་གཙང་སྐབས་སུ་བྱུང་བའི་རྣམ་ཐར་དང་བཙན་པོའི་སྐབས་སུ་བྱུང་བའི་རྣམ་ཐར་གཉིས་ལ་འདྲ་ས་དང་མི་འདྲ་ས་ག་འདྲ་ཡོད།

འདྲ་ས། ༡ བྱས་རྗེས་ལ་བསྟོད་བསྔགས་བྱས་པ། ལྷ་སྒྲུང་གི་ཆ་འདྲེས་པ། མི་འདྲ་ས། ༡ བསྟོད་ཡུལ་མི་འདྲ་བ། བཙན་པོའི་སྐབས་སུ་རྒྱལ་བློན་སོགས་སྲིད་དོན་ལ་བསྟོད་པ་ཤས་ཆེ་བ། ས་ཕག་རིན་གཙང་སྐབས་སུ་བླ་སྤྲུལ་གྱི་ཆོས་ཀྱི་འགྲོ་དོན་ལ་བསྟོད་པ་ཤས་ཆེ་བ། ༢དམིགས་ཡུལ་མི་འདྲ་བ། བཙན་པོའི་སྐབས་སུ་སྲིད་དབང་བརྟན་ལྷིང་ཡོང་ཆེད་ཡིན་པ། ས་ཕག་རིན་གཙང་གི་སྐབས་སུ་གྲུབ་མཐའི་བསྟན་པ་དར་ཞིང་དད་ལྡན་མང་པོ་འགུག་ཆེད་ཡིན།

༼ ༥༧ ༽ མི་ལ་རས་པའི་རྣམ་ཐར་དང་མི་ལའི་མགུར་འབུམ་གཉིས་ལ་འབྲེལ་བ་ག་འདྲ་ཡོད།

མི་ལའི་མགུར་ནི་མི་ལའི་རྣམ་ཐར་གྱི་ཁ་སྐོང་དང་འགྲེལ་བཤད་ལྟ་བུ་ཞིག་ཡིན་ཞིང་། དེ་གཉིས་པར་གཞི་སོ་སོར་ཡོད་ནའང་དོན་ལ་ཁ་བྲལ་དུ་མི་རུང་བའི་རྩོམ་པ་ཆ་ཚང་ཞིག་ཡིན། གལ་ཏེ་མི་ལའི་རྣམ་ཐར་ལ་སློབ་སྦྱོང་བྱེད་ན་མགུར་འབུམ་མེད་ཚེ་གོ་བ་ཟབ་མོ་ཞིག་ལེན་མི་ཐུབ་པ་དང་། དེ་མཚུངས་མགུར་འབུམ་ཀློག་སྐབས་རྣམ་ཐར་མ་ཤེས་ནའང་མགུར་དེ་དག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་མི་ཐུབ་པ་ལྟ་བུའོ།།

༼ ༥༨ ༽ མི་ལ་རས་པའི་རྣམ་ཐར་གྱི་བརྗོད་བྱ་ལ་ཁྱད་ཆོས་ག་འདྲ་འདུག

རྣམ་ཐར་འདིའི་ས་བོན་སྤྱི་ཚོགས་ལས་བྱུང་ཞིང་། རྩོམ་པ་པོས་མི་ལ་རས་པའི་དགའ་སྐྱོ་འདྲེས་མའི་མི་ཚེ་གང་བོའི་ལོ་རྒྱུས་དང་ཁོང་གིས་ཆོས་ཀྱི་ཕྱིར་དུ་དཀའ་བ་ཇི་ལྟར་སྤྱད་པའི་ཚུལ་བརྗོད་པ་བརྒྱུད་ནས་འཁོར་བ་ལ་སྙིང་བོ་མེད་པ་དང་རྩེ་གཅིག་ཏུ་ཐར་བ་དོན་གཉེར་བྱ་དགོས་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱས་ཡོད་ལ། སྐབས་དེའི་སྤྱི་ཚོགས་ཀྱི་ཚུལ་མིན་ལུགས་འགལ་གྱི་གནས་ཚུལ་ཡང་གསལ་བར་བསྟན་ཡོད།

༼ ༥༩ ༽ མི་ལ་རས་པའི་རྣམ་ཐར་གྱི་སྒྲིག་གཞི་ལ་ཁྱད་ཆོས་ག་འདྲ་འདུག

སྒྲིག་གཞི་ཁག་གསུམ་དུ་ཕྱེ་ཆོག་སྟེ། ༡ཨ་ཁུ་ཨ་ནེས་རྒྱུ་ནོར་འཕྲོག་པས་མ་སྨད་གསུམ་གས་སྡུག་མྱངས་པ། ༢ མི་ལས་མཐུ་བསླབས་ནས་ཤ་འཁོན་གླན་པ། ༣ མི་ལ་སྡུག་པ་ལ་འགྱོད་ནས་ཆོས་བཙལ་ཞིང་སྒྲུབ་པ་མཐར་ཐོན་པ་དང་གདུལ་བྱའི་འགྲོ་དོན་མཛད་པ་བཅས་ཡིན་ལ། བརྩམས་ཆོས་ཧྲིལ་བོའི་རྩ་རྒྱུས་མངོན་པར་གསལ་ཞིང་། སྒྲིག་གཞི་སྣོལ་མར་སྡེབ་ལ། བྱུང་རིམ་ལངས་འཇགས་དང་འཇམ་རྩུབ་རེས་སུ་བྱས་འདུག

༼ ༦༠ ༽གཙང་སྨྱོན་གྱིས་མི་ལ་རས་པའི་རྣམ་ཐར་རྩོམ་དོན་ཅི་ཡིན།

མི་ལས་དཀའ་སྤྱད་དང་སྡུག་རུས་ཀྱིས་ཆོས་བསྒྲུབས་ཏེ་ཚེ་གཅིག་ལུས་གཅིག་ཉིད་ལ་སངས་རྒྱས་པའི་དཔེ་དེ་སྤྱད་ནས་སྐྱེ་བོ་ཀུན་ལ་ཐར་བའི་ལམ་དུ་འབད་དགོས་པར་གདམས་པ་དེ་ཡིན།

རྩོམ་འཇུག་པ། ལྷ་ཆེན་རྒྱལ།

 

བརྒྱུད་སྐུལ།

མཆན་སྤེལ།