བོད་རྒྱལ་གདུང་རབས་རིམ་བྱོན་གྱི་སྐོར།

༄༅། ། བོད་རྒྱལ་གདུང་རབས་རིམ་བྱོན་གྱི་སྐོར།

བརྩོན་འགྲུས་རབ་རྒྱས

དང་པོ། སྤུ་རྒྱལ་བོད་ཀྱི་གདུང་རབས་བྱུང་བའི་སྐོར།
༡.བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་སྐོར། ལར་བོད་རྗེ་གཉའ་ཁྲི་བཙན་པོའི་བྱོན་ཁུངས་ལ་སྔོན་བྱོན་མཁས་པ་ཚོར་བཞེད་པ་མི་མཐུན་པ་མང་སྟེ། ལྷོ་རྒྱ་གར་ནས་མཆེད་པར་བཞེད་པ་དང་སྟེང་ཕྱོགས་ལྷ་ནས་མཆེད་པར་བཞེད་པ་སོགས་ཡོད་མོད་ཀྱང་། དེ་རིགས་ནི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་ཞིག་མ་ཡིན་སྙམ། འོ་ན་བཙན་པོ་དེ་གང་ནས་བྱོན་པ་ཡིན་ཞེ་ན། 《ལྡེའུ་ཆོས་འབྱུང་》ལས། ཡུལ་སྤུ་བོའི(སྤོ་བོ)ཡུལ་ནས། སྤུ་མི་མོ་བཙན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མང་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་མཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས། བོད་དུ་བཤུགས(སྤྱུགས)པ་ལ། དེར་བོད་ཀྱི་མི་རྗེ་འཚོལ་བ་དང་འཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་བྱས་པ། འོ་ན་ལག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ། ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱེ་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། ཞེས་པ་ལྟར། གཉའ་ཁྲི་བཙན་པོ་འདི་བོད་ཀྱི་ཡ་གྱལ་སྤུ་བོའི་ཡུལ་ཏེ་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་སྤོ་བོ་རྫོང་དང་ཉིང་ཁྲི་རྫོང་གི་ཁྱབ་ཁོངས་ནས་བྱོན་མ་མངོན་པར་གསལ་ཞིང་། ཁོང་གི་མ་ཡུམ་ནི་སྤུ་ཡུལ་གྱི་བུད་མེད་མོ་བཙན་བྱ་བ་དེ་ཡིན་པ་དང་། 《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》ལྟར་ན་ཁོང་ནི་སྤྱོ་ལོའི་སྔོན་གྱི་126ལོར་བོད་ཀྱི་བཙན་པོར་མངའ་གསོལ་བ་ཡིན་ལ་བོད་ཀྱི་ལོ་རྒྱུས་ཐོག་གི་བོད་སྤྱི་ལ་དབང་བའི་བཙན་པོའམ་རྒྱལ་པོ་དང་པོ་ཡིན། གཞན་ཡང《ལྷ་སའི་ལོ་རྒྱུས》སུ་གཉའ་ཁྲི་བཙན་པོ་ནི་སྤྱི་ལོའི་སྔོན་གྱི་237ལོ་ཡས་མས་སུ་བྱོན་པ་ཡིན་སྐད། གང་ལྟར་ཡང་། གཉའ་ཁྲི་བཙན་པོ་བོད་ཀྱི་རྗེར་བྱོན་པ་ནས་བཟུང་སྤུ་རྒྱལ་བོད་ཀྱི་གདུང་རབས་ཀྱི་དབུ་བརྙེས་པ་ཡིན་པར་འདོད། ཡང་ཏུན་ཧོང་ཡིག་རྙིང་ལས་མྱི་སྐྱེས་པ་ཆེན་པོ་རྣམས་རྗེ་བོའི་གོས་གྱོན་པ་ཡང་དེ་ནས་བྱུང་། ཤིང་རབས་ཀྱི་ནང་ནས་ཐང་ཤིང་རིང་པོ་རེད། ཆུ་རབས་ཀྱི་ནང་ན་ཡར་ཆབ་སྔོ་ཆེ། ཡར་ལྷ་ཤམ་པོ་ནི་གཙུག་གི་ལྷའོ། །ཞེས་པ་བཞིན་རྗེ་ཡི་རྒྱལ་ཆས་སྤྲས་པའི་སྲོལ་དེ་ནས་དར་བར་མ་ཟད། ཕ་ཤུལ་བུ་ཡིས་འཛིན་པ་དང་རྒྱལ་རྒྱུད་འཛིན་པའི་སྲོལ་ཡང་དེ་ནས་དར་བར་འདོད། གཉའ་ཁྲི་བཙན་པོས་གནམ་མུག་མུག་གམ་མུ་ཚོ་བཟའ་ཁབ་ཏུ་བཞེས་ནས་སྲས་མུ་ཁྲི་བཙན་པོ་འཁྲུངས། ཁོང་གིས་མཚེ་མི་སྤུ་རྒྱལ་དང་ཙོ་མི་ཕྱག་གར་གཉིས་སྐུ་བོན་དུ་མཛད་ནས་ཞང་ཞུང་སོགས་རྒྱལ་ཕྲན་འགའ་མ་གཏོགས་སྔོན་གྱི་རྒྱལ་ཕྲན་སིལ་མ་རྣམས་དབང་འོག་ཏུ་བཅུག་སྟེ་བོད་ཡུལ་དུ་ཐོག་མར་གཅིག་གྱུར་གྱི་རྣམ་པ་བྱུང་བས་《མཁས་པའི་དགའ་སྟོན》དུ་གསུང་པ་བཞིན་སྐབས་དེར་བོད་འབང་བདེ་ཞིང་སྐྱིད་པར་མཛད་པ་ཡིན་ནོ།།
ཁོང་གི་མཛད་རྗེས་མདོ་ཙམ་བརྗོད་ན། ཁོང་གིས་སྐབས་དེའི་མཐའ་འཁོར་དུ་གནས་པའི་མཆིམས་ཡུལ་དང་གནུབས་ཡུལ་སོགས་རྒྱལ་ཕྲན་རྣམས་ཕམ་པར་མཛད་དེ་དེ་དག་རང་གི་མངའ་ཁོངས་སུ་བསྡུས་ཤིང་། སྤུ་རྒྱལ་བོད་ཅེས་པའི་རྒྱལ་ཕྲན་དེ་ཐོག་མར་བཙུགས་ནས་མངའ་ཁོངས་རྒྱ་བསྐྱེད། ཕོ་བྲང་ཡུམ་བུ་བླ་སྒང་དང་གནས་མཁར་གཡུང་དྲུང་ལྷ་རྩེ་སོགས་བཞེངས། ཕྱི་བློན་དང་ནང་བློན་བསྐོས་ཏེ་ཆབ་སྲིད་ཀྱི་འཕྲིན་ལས་གལ་ཆེན་རྣམས་མོལ་བསྡུར་ཐག་གཅོད་མཛད་པ་དང་། ནང་གི་སྐུ་སྲུང་དང་ཕྱིའི་སོ་ཁ་སྲུང་བའི་དམག་དཔུང་གི་སྒྲིག་གཞི་བཙུགས་པས་རྒྱལ་སྲིད་སྲ་བརྟན་དུ་མཛད། བཟང་པོ་ལ་བྱ་དགའ་དང་ངན་པ་ལ་ཆད་གཅོད་མཛད་པས་ལེགས་ཉེས་བླང་དོར་གྱི་ཁྲིམས་ལུགས་གཏན་ལ་ཕབ། ཁོང་གི་སྐུ་རིང་ལ་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་ཏེ། འགྲོ་ཤེས་གླུད་གཏོང་དང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན། ལྷོ་ཤེས་རྩིས་མཁན། སྨྲ་མཁན་གཏོ་དགུ། ལྡིང་ཤེས་ཤ་བོ། འཕུར་ཤེས་ཇུ་ཐིགའགྲོ་ཤེས་འཕྲུལ་བོན་རྣམས་ཤིན་ཏུ་དར་ཆེ་བ་བྱུང་ངོ་། ཞེས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》དང་《རྒྱལ་རབས་བོན་གྱི་འབྱུང་གནས་》སོགས་ལྟར་བཀོད་པ་ཡིན་ནོ། དེའི་ཕྱིར་སྐབས་དེར་བོད་ཀྱི་གདོད་མའི་ཤེས་རིག་སྟེ་བོན་གྱི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་དར་རྒྱས་བྱུང་བས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་བཅས་ཀྱི་མཛད་རྗེས་མང་དུ་མཆིས་ནའང་འདིར་གལ་ཆེ་བ་རེ་གཉིས་ཀྱིས་ཆོག་པར་བྱས་སོ།།
མུ་ཁྲི་བཙན་པོ་ནས་གདགས་ཁྲི་བཙན་པོའི་བར་གྱི་སྐོར།
སྤུ་རྒྱལ་གྱི་གདུང་རབས་གཉིས་པ་མུ་ཁྲི་བཙན་པོ་ནི་ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ས་དིང་དིང་མ་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ལན་ཚས་མཛད་པ་དང་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་བརྒྱ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་ཤེས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་པོ་ཏི་མདོ་འབུམ་རྒྱུད་མཛོད་སོགས་མང་པོ་བསྒྱུར་ཅེས་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ལས་བྱུང་བ་ལ་དཔྱད་ཚེ་སྐབས་དེར་གཡང་དྲུང་བོན་ཤིན་ཏུ་དར་རྒྱས་བྱུང་ཞིང་ཁོང་ལ་བོན་པོ་རྣམས་ཀྱིས་བརྩི་བཀུར་ཆེན་པོ་བྱེད་པར་སྣང་ངོ་།
སྤུ་རྒྱལ་གྱི་གདུང་རབས་གསུམ་པ་དིང་ཁྲི་བཙན་པོ་ནི་ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་སོ་ཐམ་ཐམ་མམ་སེ་ཟ་སྨན་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་སྨིན་དཀར་གྱིས་མཛད་པ་དང་གསས་མཁར་ཁོ་མ་ཡངས་རྩེ་བཞེངས། ཁོང་གཉིས་ཀྱི་སྲས་སུ་སོ་ཁྲི་བཙན་པོ་འཁྲུངས་ཤིང་དོག་མེར་མེར་རམ་དར་ཟ་ཞང་ཞུང་མ་ཁབ་ཏུ་བཞེས། སྐུ་གཤེན་འོད་དཀར་གྱིས་མཛད་པ་དང་གསས་མཁར་རྨུར་དགུ་ཁྱུང་བཞེངས། ཁོང་གཉིས་ཀྱི་སྲས་སུ་མེར་ཁྲི་བཙན་པོ་འཁྲུངས་ཤིང་གདགས་ཀྱི་ལྷ་མོ་ཁབ་ཏུ་བཞེས། སྐུ་གཤེན་མཚེ་མི་ཟུང་སྨན་གྱིས་མཛད་པ་དང་གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། ཁོང་གཉིས་ཀྱི་སྲས་སུ་གདགས་ཁྲི་བཙན་པོ་འཁྲུངས་ཤིང་སྲིབ་ཀྱི་ལྷ་མོ་ཁབ་ཏུ་བཞེས། སྐུ་གཤེན་དག་པ་མི་ཆེན་གྱིས་མཛད་པ་དང་གསས་མཁར་གཡུང་དྲུང་ལྷ་རྩེ་མཛད། ཁོང་གཉིས་ཀྱི་སྲས་སུ་སྲིབ་ཁྲི་བཙན་པོ་འཁྲུངས་ཤིང་ས་བཙུན་ཀླུ་རྗེ་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ཞལ་དཀར་གྱིས་མཛད་པ་དང་གསས་མཁར་ཁོ་མ་རུ་རིང་བཞེངས། འདི་ཡན་གྱི་སྲས་རྣམས་ཆིབས་ཁ་ཐུང་པའི་ཚེ་ཡབ་ནམ་མཁར་གཤེགས་པས་གནམ་གྱི་ཁྲི་བདུན་ཞེས་འབོད་ཅིང་བང་སོ་འདེབས་པའི་སྲོལ་ཡང་མེད། ཅེས་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དུ་བྱུང་བ་ལྷར་བཀོད་དོ།།
བར་གྱི་སྟེང་གཉིས་ཀྱི་སྐོར།
སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ་ཡིན་པ་དང་ཁོང་གི་སྲས་སྤུ་དེ་གུང་རྒྱལ་ཡིན་ལ། འདི་གཉིས་ལ་བར་གྱི་སྟེང་གཉིས་སུ་གྲགས། གྲི་གུམ་བཙན་པོར་སྲས་ཤ་ཁྲི་དང་ཉ་ཁྲི། བྱ་ཁྲི་གསུམ་དང་སྲས་མོ་གཅིག་འཁྲུངས། སྐུ་གཤིན་གཅོའུ་ཚེམས་དཀར་གྱིས་མཛད་པ་དང་གསས་མཁར་ས་ལེ་བྱེ་ཚང་བཞེངས། རྒྱལ་སྲིད་ཡབ་མེས་བཞིན་བསྐྱངས་པས་དབུ་འཕང་མཐོ་བར་གྲགས། ཕྱིས་སུ་ལོ་ངམ་གྱིས་བཀྲོངས། བོད་དུ་སྐུ་ཕུང་ས་འོག་ཏུ་སྦས་པའི་སྲོལ་གྱི་འགོ་ཚུགས། རྒྱ་ནག་གི་གོ་ཁྲབ་སྨར་ཁམས་བརྒྱུད་ནས་བོད་ལ་དྲངས། སྐབས་དེར་རྒྱལ་གཤེན་དོ་མཉམ་པ་ཞིག་བྱུང་བར་མ་ཟད།གཤེན་ངག་ཚིག་གསུམ་མ་བྱུང་བར་རྒྱལ་པོས་བཀའ་མི་སྩོལ།བློན་པོས་གྲོས་མི་འཆའ།གཤེན་གླུ་དེང་(ཐེངས)གསུམ་མ་བླངས་པར་རྒྱལ་བློན་གླུ་བྲོ་མི་རོལ།ཞེས་བློན་གྱི་མཛོད་སྒྲ་འགྲེལ་སོགས་ལས་འབྱུང་བ་བཞིན་བཙན་པོའི་གོང་དུ་སྐུ་གཤེན་ཆེ་བའི་སྲོལ་ཆགས་པར་བརྟེན་བློན་པོ་ལི་བཙན་བཞེར་སོགས་ཀྱིས་དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ།དུས་ལན་གཅིག་ཙམ་ན།སྲས་དབོན་རྣམས་ཀྱི་སྐུ་རིང་ལ།རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ།།བོན་ལ་ཆབ་གསོལ་(གསོད)བར་བཀའ་མི་ཕེབས་པས།གཤེན་པོ་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ་ཞེས་མང་དུ་གླེང་བས།བཙན་པོ་ཡང་ཐུགས་འཁྲུགས་ནས་བདེན་པར་སྙམ་སྟེ་སྐུ་སྲུང་པའི་བོན་ཙམ་ལས་གཤེན་པོ་རྣམས་མཐའ་རུ་སྤྱུགས་ནས་བོན་བསྣུབས་ཞེས་《ལུང་གི་སྙིང་པོ་》སོགས་སུ་གསལ་བ་ལྟར་ཡིན་པ་སེམས།དེ་ནས་ལོ་ངམ་རྟ་རྫིས་བཙན་པོའི་བྱ་སྤྱོད་དེར་མི་འདོད་པའི་རྣམ་འགྱུར་བསྟན་པར་མ་ཟད།བཙན་པོས་བསྐྲད་པའི་བོན་གཤེན་རྣམས་ཀྱིས་ཀྱང་ལོ་ངམ་ལ་སྐྱབས་བཅོལ་བས།ལོ་ངམ་གྱི་བྱ་སྤྱོད་དེ་བས་རྩུབ་ཏུ་སོང་སྟེ་བཙན་པོའི་སྲིད་ལ་གྱེན་ལོག་སྤེལ་རྩིས་བྱས་ཕྱིར།བཙན་པོས་ལོང་ངམ་གྱི་སར་གསང་ཉན་པ་མངགས་གཏོང་དང་ཆབས་ཅིག་དཔུང་འཇུག་བྱས་ཀྱང་ལོ་ངམ་གྱིས་ཤེས་ནས།དམག་ཇུས་རྫུན་བཟོ་བྱས་ཏེ་བཙན་པོ་བསླུས།བཙན་པོ་གཡུལ་སར་ཆས་ཏེ་མྱང་རོ་ཐལ་བ་ཚལ་དུ་འཐབ་ནས་གཡུལ་ཕམ་ཞིང་བཙན་པོ་རང་ཡང་གཡུལ་སར་འདས།ལོ་ངམ་གྱིས་བཙན་པོའི་སྲིད་བརླགས་རྗེས་བཙན་པོའི་སྲས་གཉིས་པོ་སྤོ་བོ་དང་ཉིང་པོ་སོགས་ཡུལ་མཐར་བྲོས།སྲས་མོ་ལོ་ངམ་གྱིས་བཙུན་མོར་བླངས་པ་དང་།བཙུན་མོ་གཡོག་ཏུ་བཀོལ།རྒྱལ་སྲིད་ལོ་བཅུ་གསུམ་དུ་བཟུང་བར་གྲགས།
བར་གྱི་སྟེང་གཉིས་ཀྱི་ཡ་གྱལ་སྤུ་དེ་གུང་རྒྱལ་ནི་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་གཞན་ལ་བྱ་ཁྲི་བཙན་པོ་ཡང་ཟེར་ལ།སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས།འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས།ཁོང་གིས་རུ་ལས་སྐྱེས་ཀྱི་ནུས་མཐུ་ལ་བརྟེན་ནས་ལོ་ངམ་ལ་དུག་སྦྱར་ཏེ་བཀུམ་ཞིང་།རུ་ལས་སྐྱེས་ཀྱིས་མྱང་རོ་ཤམ་པོར་དམག་དྲངས་ནས་ལོ་ངམ་གྱི་སྟོབས་ཤུགས་སྒོ་ཀུན་ནས་ཕམ་པར་མཛད་པ་ནི་ཏུན་ཧོང་ཡིག་རྙིང་ལས།ལོ་ངམ་གྱི་ཕོ་བརྒྱ་ནི་ཟངས་བུ་བརྒྱ་མགོ་ལ་བཀབ་ནས་ལྕེབས་སོ།།ལོ་མང་གྱི་མོ་བརྒྱ་ནི་སླ་ང་བརྒྱ་བྲང་ལ་སྦྱར་ཏེ་བརྒྱལ་ལོ།།མཁར་མྱང་རོ་ཤམ་པོ་ཕབ་བོ།།མི་རྣམས་བཙོན་དུ་བཟུང་།།དུད་འགྲོ་རྣམས་དཔའ་རྟགས་སུ་བཞེས།ཞེས་པ་བཞིན་ཡིན་ལ།ལོ་ངམ་ཕམ་རྗེས་སྲས་བྱ་ཁྲི་བཙན་པོ་གསེར་ཁྲི་ལ་མངའ་གསོལ་ནས་བཙན་པོའི་གདུང་རྒྱུད་རིམ་བྱོན་གྱིས་བོད་ཁམས་ལ་དབང་བསྒྱུར་མཛད་པས།མཚན་ལའང་བུ་དེ་ཀུན་ལས་རྒྱལ་ཞེས་གསོལ་ཞིང་ཕྱིས་སུ་སྤུ་དེའམ་པུ་དེ་གུང་རྒྱལ་ཞེས་སྒྲ་འགྱུར་བར་བཤད།རུ་ལས་སྐྱེས་ནི་སྤུ་དེ་གུང་རྒྱལ་གྱི་བློན་པོ་གཙོ་བོ་ཞིག་ཡིན་ལ་བོད་ཀྱི་མཛངས་བློན་བདུན་གྱི་དང་པོ་ཡིན།མཛངས་བའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་།།དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་བྱུང་།།ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།།ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།།རྨོན་པ་དོར་སྡེབ་སྤང་ཐང་ཞིང་དུ་རྨོས།།བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས།།བ་གླང་འབྲི་གཡག་ར་ལུག་ཁྱིམ་དུ་གསོས།།ཞེས་《མཁས་པའི་དགའ་སྟོན་》ལས་བྱུང་བ་བཞིན་ནོ།།
༤. སའི་ལེགས་དྲུག་གི་སྐོར།བོད་རྒྱལ་གྱི་གདུང་རབས་དགུ་པ་སྤུ་དེ་གུང་རྒྱལ་བྱ་ཁྲི་བཙན་པོ་དང་ཡུམ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་སའི་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་སྤྱི་ལོའི་དུས་རབས་དང་པོའི་དཀྱིལ་ཙམ་ལ་འཁྲུངས་ཤིང་རྨུ་ལྕམ་བྲ་མ་ན་ཁབ་ཏུ་བཞེས། རུ་ལས་སྐྱེས་ཀྱི་སྲས་ལྷ་བུ་མགོ་དཀར་གྱིས་བློན་པོ་མཛན།ཞིང་འབྲོག་ལས་རིགས་དར་རྒྱས་ཆེས་ཆེར་ཕྱིན། བློན་པོ་ལྷ་བུ་མགོན་དཀར་ནི་བོད་ཀྱི་མཛངས་བློན་བདུན་གྱི་གཉིས་པ་ཡིན་ཏེ། 《མཁས་པའི་དགའ་སྟོན》ལས། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དང་། །ཞེས་པ་ལྟར་རོ། །སྐབས་དེར་ཞིང་ལས་ལ་རྨོན་པ་དོར་གཅིག་གིས་ཉིན་གཅིག་ལ་རྨོ་ནུས་པའི་ས་ཞིང་གི་ཚད་རྩིས་གཞིར་མཛད་དེ་དོར་ཁ་གཅིག་ཅེས་བྱ་ཞིང་། འབྲོག་ལས་ཐད་ལུག་པགས་སོགས་ལྭ་གཅིག་གི་བཟོ་ཚད་ལོངས་པའི་གྲངས་རྩིས་གཞིར་བཟུང་ནས་ཐུལ་ཁ་གཅིག་ཅེས་བྱ་བའི་སྲོལ་བཏོད། གཞན་དུ་ཕུ་ཆུ་མདའ་རུ་དྲངས་ཤིང་མདའ་ལ་ཆུ་བེད་ཀྱི་ལས་ཀ་གོང་འཕེལ་དུ་ཕྱིན་པར་གྲགས། ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས་སུ་དེ་ཤོ་ལེགས་འཁྲུངས་ཤིང་ཀླུ་སྨན་མེར་མོ་ཁབ་ཏུ་བཞེས། སྐུ་གཤེན་མི་མོ་ཆུང་ལ་མཛད་ཅིང་གསས་མཁར་ཁོ་མ་ཡང་རྩེ་བཞེངས། ཁོང་གཉིས་ཀྱི་སྲས་སུ་ཐི་ཤོ་ལེགས་འཁྲུངས་ཤིང་བཙུན་མོ་གུར་སྨན་ཁབ་ཏུ་བཞེས། སྐུ་གཤེན་འཛིན་བོན་ཁོག་དེས་མཛད། གསས་མཁར་ས་ལེ་བང་བང་བཞེངས། ཁོང་གཉིས་ཀྱི་སྲས་སུ་གུ་རུ་ལེགས་འཁྲུངས་ཤིང་བཙུན་མོ་མཚོ་སྨན་འབྲོང་མ་ཁབ་ཏུ་བཞེས། སྐུ་གཤེན་མཚེས་པ་གནམ་འདུལ་གྱིས་མཛད། གསས་མཁར་རིན་ཆེན་ཟུར་མང་བཞེངས། ཁོང་གཉིས་ཀྱི་སྲས་སུ་འབྲོང་ཞི་ལེགས་འཁྲུངས་ཤིང་བཙུན་མོ་གནམ་སྨན་བུ་མོ་ཁབ་ཏུ་བཞེས། སྐུ་སྲུང་ལྷ་བོན་ཆེ་གཤེན་བདུད་འདུལ་གྱིས་མཛད།ཁོང་གཉིས་ཀྱི་སྲས་སུ་ཨི་ཤོ་ལེགས་འཁྲུངས་ཤིང་བཙུན་མོ་རྨུ་ལྕམ་སྨད་ལེགས་ཁབ་ཏུ་བཞེས།ཞེས་པ་ནི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལྟར་བཀོད། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་སྐད།།ཅེས་གོང་གསལ་གྱི་བཙན་པོ་དྲུག་གི་དུས་སུ་སྤུར་ས་ལ་ལུས་པས་མིང་ལའང་ས་ལ་ལེགས་དྲུག་ཐོགས་པ་དང་། འདིའི་སྐབས་སུ་ད་དུང་སྟག་རྩེ། རྒོད་རྩེ།ཁྲ་རྩེ། རྩེ་མོ་ཁྲུང་རྒྱལ། ཁྲི་བརྩིགས་འབུམ་གདུགས་ཞེས་པའི་འཆིང་(ཕྱིང་)བ་རྩེ་དྲུག་བརྩིགས་ཞེས་པ་ནི་《མཁས་པའི་དགའ་སྟོན》ལྟར་བཀོད་པ་ཡིན་ལགས།

བརྒྱུད་སྐུལ།

མཆན་སྤེལ།