ལྷོ་ཁ་ཁུལ་གྱི་སྲོལ་རྒྱུན་གནམ་དཔྱད། 1-9 བར།

ལྷོ་ཁ་ཁུལ་གྱི་སྲོལ་རྒྱུན་གནམ་དཔྱད། 1-9 བར།

 
   ༤༡.བོད་ཟླ་དྲུག་པ་དང་བདུན་པར་སྤྲིན་དམར་མང་པོ་རྒྱུ་ན་ལོ་ཏོག་ལ་བཙའ་(གྲོ་ནས་སོགས་ཀྱི་ལོ་མ་དང་སྙེ་མའི་ཐོག་ཆགས་པའི་ལྕགས་བཙའ་ལྟ་བུའི་སྔོ་རིགས་ཀྱི་ནད་ཅིག་)བརྒྱབ་ཀྱི་ཡོད།།
༤༢.ཤར་རླུང་མདང་ལས་ཚ་བ་དང་།  ལྷོ་སྤྲིན་ནག་པོ་བྱང་ལ་རྒྱུ་བ།  འབུ་གྲོག་མས་ཐིག་ས་རྒྱག་པ།   མི་རྒན་མཁལ་གྲུམ་ན་བ་བཅས་ཀྱི་རྟགས་གཞི་དེ་དག་ནི་ཉིན་ཤས་མ་འདས་ཆར་པའི་ངོ་ལ་བཤད།།
༤༣.ཞོགས་འཇའ་ཆུ།།  དགོང་འཇའ་མེ།།
༤༤.ནམ་མཁའི་མདངས་ལ་བརྟག་པ་སྟེ།  ཉི་ཤར་ཤར་ལྷོ་མདངས་ནག་ན།ཉིན་དགུང་སྔོན་དུ་ཆར་པ་ཡོད།  ཉི་ནུབ་ནུབ་བྱང་མདངས་ནག་ན།  མཚན་ཕྱེད་ཆར་པ་ཡོད་པའི་རྟགས།།
༤༥.ཤར་འཇའ་འབྲུག་སྒྲའི་རྟགས།ནུབ་འཇའ་རླུང་གི་རྟགས།།
༤༦.སྤྲིན་དམར་རྒྱུ་མང་ན་གྲོ་སད་དང་ལོ་ཏོག་ལ་བཙའ་རྒྱག་པའི་ཉིན་ཁ་ཡོད།།
༤༧.སྤྲིན་པ་ཐོར་ཅོག་ལྟ་བུ་ལངས་ན་ཆར་པའི་ངོ།།སྤྲིན་པ་ཁར་སེར་གཏིང་ནག་སད་དང་སེར་བའི་ངོ།།
༤༨.ཞོགས་པ་སྤྲིན་རུམ་ནས་ཉི་མའི་ཉི་ཐིག་ཁྱུར་རེར་ཕྱེད་སྣང་བ་ཕྱེད་མི་སྣང་བ།   ཕྱི་དྲོ་ཉི་མ་བཞུད་དུས་སྔར་བཞིན་དེ་ལྟར་བྱས་ན་ཉི་མའི་ཉི་བཞུག་ཅེས་སེར་བ་དབབ་རྒྱུའི་རྟགས་ལ་བརྩི་བ་རེད།།
༤༩.སྤྲིན་པ་ལུག་གི་གྲོད་ཚིལ་ལྟར་འཁོལ་ན་སེར་བའི་ངོ་ཡིན་པས།སྔགས་པ་རྒན་པོ་ཡང་ཅུང་ཟད་འཇིགས་ཤིང་འདར་བར་འགྱུར་བར་བཤད།།
༥༠.སྤྲིན་ནག་ལྷོ་ནས་འཕྱུར་བ་དང་སྤྲིན་ནག་བྱང་ནས་འཕྱུར་བ་གཉིས་ནམ་དགུང་དུ་འཐབ་ན།  སེར་དྲག་དང་ཆར་དྲག་གི་ངོ་།།
༥༡.སྤྲིན་ནག་འཁྲིགས་པ་དང་སྤྲིན་ནག་འཁྲིག་པའི་རྗིས་སུ་སྤྲིན་ནག་རྐང་པ་རྨྱང་སེར་རྐང་ཚུགས་ཞེས་སེར་བ་གཏོང་བའི་རྟགས་ཡིན་པར་བཤད།།

 
   ༥༢  རི་འགོའི་སྨུག་པ་ཀླུང་ལ་བབས་ན།
སྨུག་སད་གཞི་ཞེས་ལོ་དེར་ལོ་ཕྱུགས་ངན་པར་བརྩི།།
༥༣ ནུབ་ནས་སྤྲིན་དཀར་ཐོར་ཅོག་འདྲ་བ་ལངས་ན།འཁྱགས་དང་སད་ཀྱི་ངོ་ལ་བརྩི་བ་རེད།།
༥༤ ས་མ་རུབ་གོང་དུ་སྤྲིན་དམར་རྒྱུ་ན།དགོང་མོ་འཁྱགས་དང་ནངས་པར་ལྷགས་པའི་ངོ་།།
༥༥ སྤྲིན་པ་སིབ་སིབ་བྱ་སྒྲོ་འདྲ་བ་བང་རིམ་བཞིན་དུ་ཐོན་གྱུར་ན།ཁ་སྤྲིན་འཁོར་ཞེས་ཁ་བའི་ཉེན་དུ་བརྩི།།
༥༦ འཁྱག་འབྲུག་ཅེས་པ་འབྲུག་སྐད་བརྒྱབ་པ་དང་།ཆར་འབྲུ་རེ་གཉིས་བབས་ནས་ཆད་ན་མཚན་མོ་འཁྱག་གི་ངོ་།།
༥༧ ཤར་འབྲུག་སྐད།།ནུབ་འབྲུག་ཆར།།
༥༨ དྲག་ཆར་འཁྱུག་ཙམ་བབས་ན་ཉི་མ་སྔར་ལས་ཚ་བ་ཞིག་གཏོང་གི་ཡོད།།
༥༩ གནམ་སྟོད་རྒྱ་ཆེ་ཡང་།།གནམ་སྨད་དབང་ཆེ།  ཞེས་གནམ་སྨད་ནས་འཐིགས་ན་ཆར་པ་འབབ་རྒྱར་ཐེ་ཚོམ་ཅང་མེད།
༦༠ ཞོགས་སྤྲིན་དམར་སེར་བཀྲག་མདངས་ཆེ་བ་དང་མཚན་མོ་ཟླ་ལ་ཟླ་ཁྱིམ་འཁོར་བ་ན།  ཉིན་ཤས་མ་འགྱངས་ཆར་པའི་རྟགས།།
༦༡ ལྷོ་སྤྲིན་འཇམ་ལ་འཕྲེད་ཉལ་བྱས།།ལྷོ་སྤྲིན་སྣེ་རིང་བྱང་རྒྱུ་བ།།དེ་ཡང་མི་འགྱངས་ཐན་པའི་ངོ་།།
༦༢ སྤྲིན་པ་སྤྲིན་ཉལ་བརྒྱབ་ན་ཆར་པའི་ངོ་།།སྤྲིན་པ་སྤྲིན་ལངས་བརྒྱབ་ན་ཐན་པའི་ངོ་།།

 

   ༦༣.ཕྱི་དྲོ་སྨུག་པ་གྱེན་ལ་འཕྱུར་བ་དང་།ལྷགས་པ་བྱང་རྩི་(བྱང་ལྷགས་)བརྒྱབ་ན་འབབ་རྒྱུའི་རྟགས།། 
༦༤.ལྷོ་ནུབ་སྤྲིན་པའི་ཕ་ཡུལ་ཡིན།།སྤྲིན་པ་བྱང་ཤར་རྒྱུ་ན་འབབ་པའི་རྟགས།།སྤྲིན་པ་སེར་ཤས་ཆེ་བ་དང་།  འབྲུག་སྐད་ཧོང་སྒྲ་བསྒྲགས་ན་སེར་བའི་ངོ།།
ལེའུ་གཉིས་པ།  ཉི་ཟླ་སྐར་གསུམ་ལ་བརྟེན་ནས་གནམ་གཤིས་བརྟག་ཐབས།
༦༥.སྐར་མིག་དྭངས་ཤིང་གསལ་ན་ནམ་མཁའ་དྭངས།།སྐར་མིག་མི་གསལ་བཙུམ་པ་ཆར་པའི་རྟགས།།
༦༦.སྟོན་ལྷགས་ནུབ་ནས་ལྡང་ན།།འཁྱག་དང་གྲང་ངར་འཁྲིད།།
༦༨.  དགུན་ལྷགས་པ་ཤུགས་ཆེན་ལྡང་ན་ཤིང་བཟང་རྩ་བ་འགུལ་བས།ཕྱི་ལོ་འབྲས་སྡོང་ལ་འབྲས་བུ་མང་བ་སྨིན་ཐུབ།།
༦༩.ལྷགས་ཤུགས་ཆེ་ན་མི་འབབ།།ལྷགས་ཆུང་བསིལ་ན་འབབ།།
༧༠.སྟོན་དུས་དྲག་རླུང་ལྡང་ཆེ་ན།།དཔྱིད་དུས་ཆར་ཆུ་འཛོམས་པའི་རྟགས།།
༧༡.དགུན་དུས་གྲང་ཞིང་བྱང་ལྷགས་ཆེ་ན།  ཕྱི་ལོ་ཆར་ཆུ་བཟང་བའི་རྟགས།།
༧༢.དབྱར་དུས་སྨུག་པ་འཁོར་ན་ཆར་པའི་རྟགས།།
༧༣.བོད་ཟླ་གཉིས་པ་དང་གསུམ་པར།  ཉིན་ཤས་ནམ་མཁའ་འཐིབས་ཆེ་ན་མི་འགྱངས་པར་གངས་ཆེན་པོ་འབབ་པའི་རྟགས་ཡིན།།

 

༧༤.དབྱར་དུས་ཞོགས་ཆར་བབས་ན།།
ཉིན་མོར་དྭངས་རྒྱུའི་རྟགས་ཡིན།།དབྱར་དུས་གུང་ཆར་བབས་ན།།ཉིན་གང་གནམ་ངོ་དྭངས་དཀའ།།
༧༥.ནམ་མཁའ་མཐོ་བ་མུ་མཐུད་དྭངས་བའི་རྟགས།།ནམ་མཁའ་དམའ་བ་གནམ་གཤིས་འགྱུར་བའི་རྟགས།།
༧༦.བོད་ཟླ་བདུན་པར་ཆར་ཆུ་དཀོན་པ་ནི།།ཕྱི་ལོ་ཆར་ཆུ་བཟང་བའི་རྟགས་མཚན་ཡིན།།
༧༧.དགུན་གཙང་ཆུ་ཆུང་ན།།དབྱར་ཆར་ཆུ་བཟང་།།
༧༨.དཔྱིད་འདེབས་ལ་གནམ་གྲང་ན།བོད་ཟླ་བཞི་པ་ལྔ་པར་ཐན་པའི་རྟགས་དང་།དགུན་དུས་ལྷགས་པ་ཆེ་ལ་རླུང་འཚུབ་མང་།  ཕྱི་ལོར་སོས་ཐན་ཡོད་ཀྱང་དབྱར་ཆུ་བཟང་།།
༧༩.བོད་ཟླ་གཉིས་པ་གསུམ་པར་ལྷགས་པ་མང་ན།བོད་ཟླ་ལྔ་པ་དྲུག་པ་ཆར་ཆུ་ཉུང་ཙམ་ཡོད།།
༨༠.  བོད་ཟླ་གཉིས་པ་གསུམ་པར་ཆར་ཆུ་བཟང་ན།བོད་ཟླ་ལྔ་པ་དྲུག་པར་ཐན་པའི་ངོ།།
༨༡.བོད་ཟླ་ལྔ་པར་ཆར་ཆུ་དཀོན་ན།བོད་ཟླ་དྲུག་པ་བདུན་པར་ཆར་ཆུ་བཟང།།
༨༢.བྱང་ལྷགས་ཉིན་ཤས་ལྡང་ན།།མི་འགྱངས་ཆར་པའི་རྟགས་ཡིན།།
༨༣.དབྱར་དུས་སྤྲིན་ནག་འཁྲིགས་ན་ཡང།།ལྷགས་པ་བརྒྱབ་ན་ཆར་མི་འབབ།།

 

 
༨༤  བོད་ཟླ་བཅུ་གཉིས་པར་རླུང་འཚུབ་ཆེ་ན།
ཕྱི་ལོའི་སྟོན་དུས་ཆར་ཆུ་མང་།  །
༨༥  དགུན་དུས་ལྷགས་ཕྱོགས་གཏན་འཁེལ་མེད་པ་དེ།  །
དབྱར་དུས་ཐན་པ་ཡོད་པའི་རྟགས་མཚན་ཡིན།  །
༨༦ བོད་ཟླ་དང་པོར་རླུང་པོ་ཆང་ན།   དབྱར་ཆར་ཆུ་སྤྱིར་བཏང་(ཞོང་པོ་མ་ཡིན་པ་)ཞིག་ལས་མེད།  ། 
༨༧  བྱང་ལྷགས་གཉིས་རེས་མོས་ལྡང་ན་ཆར་པའི་ངོ་།  །
༨༨  རི་ཥ་ཆར་ལ་ཁུག་ན།  །
ལྗང་ཕྲུག་ནས་ལ་སྨིན་ཡོང་  །
༨༩ རི་ཥ་ཆར་དུ་ཁུག་ན།  །
རྒན་པོའི་ཕད་གོག་སྒྲོགས་ཤིག  །
༩༠ སྐར་མ་དུ་བ་མཇུག་རིང་ཤར་ན།   དམག་དང་མུ་གེའི་ངོ་།   །
༩༡ ཉི་མ་ཉིན་གང་འཐིབས་ན་ཡང་བཞུད་ཁའི་ལ་སྒང་ནས་ཕྱིར་བལྟས་སློག་པ་དེ་ནི་འཁྱག་གི་ངོ་ཡིན་ངེས་པར་དོགས་ཟོན་གྱིས་ཞེས་གསུངས།
༩༢ འཇའ་སྣེ་ཆུ་ལ་ཟུག་ན་ཆུ་སྐམ་པའི་ཐན་པ།  །
འཇའ་སྣེ་སྤང་ལ་ཟུག་ན་སྤང་རྡེབ་པའི་ཆར་ཞོད།  །
༩༣ ཉི་མ་ཉིན་གང་འཐིབས་པའི་དུས་སུ་སྤྲིན་གསེབ་ནས་ཉི་མ་གློ་བུར་དུ་ཧོབ་ཐོན་བྱས་ན།   སེར་བ་གཏོང་བའི་ཉེན་ཁར་བཤད།  །

དམངས་སྲོལ་དོ་ར་ཞེས་པའི་ལེ་ཚན་འདི་ནས་དེ་རིང་ནས་བཟུང༼ བོད་ཀྱི་སྲོལ་རྒྱུན་གནམ་དཔྱད་མེས་པོའི་ཞལ་རྒྱུན་ ༽ ཞེས་པའི་དཔེ་དེབ་འདིའི་ནང་གསེས་ཁག་དུམ་བུ་དུམ་བུར་དབྱེ་ནས་མུ་འགོད་བྱ་རྒྱུ་ཡིན་པས་ལྷན་རྒྱན་ནས་དོ་འཁུར་གནང་རྒྱུར་དགའ་བསུ་ཞུ།
༩༤  སྐར་མདང་མང་པོ་འཁྱུག་ན་ས་ཡོམ་སོགས་རང་བྱུང་གནོད་འཚེ་ཡོང་བའི་མངོན་རྟགས་ལ་བརྩེ་།   །
༩༥ དབྱར་ཉི་མའི་ཕྱི་ལྟས་ཆར་པ་ཡིན།  །
༩༦ སྟོན་དགོང་མོ་ཐང་ན། །
རྒན་མོའི་ཟོར་བ་རྡོར།  །དཔྱིད་དགོང་མོ་ཐང་ན།  །

ལུག་རྫིའི་རྐང་ལྷམ་འཚེམས།  །

༩༧ ཤར་རླུང་ལཡུགས་ན་ཐང་བའི་རྟགས།  །
ནུབ་རླུང་གཡུགས་ན་ཐང་བའི་རྟགས།  །
༩༨ བྱང་རྟ་རྔ་ཙམ་ཞིག་ཐང་ན།  །
ལྷོ་སྡིག་སྡིག་བྱས་པ་རང་ཡིན།  །
༩༩  ལོ་གསར་ཚེས་གཅིག་མགོ་དཀར་དེ།   །
ས་བོན་སླ་ངའི་ནང་ལ་བརྒྱབ།  །བུད་མེད་ཀོང་པོའི་གཏིང་ལ་སོང་།  །

༡༠༠ རྫ་ཉིལ་ན་གནམ་བབས་པའི་རྟགས།  །
༡༠༡ ཟླ་བར་སྤྲིན་པ་དམར་མདངས་ལྡན་པ་འཁོར་བ་དང་།  ཟླ་བར་དམར་ཤད་དུ་འགྱུར་ན་ཁ་ཆར་གཉིས་ཀྱི་ངོ།  །
༡༠༣ སྐར་མ་དུ་བ་མཇུག་རིང་ཤར་ན་ནོར་ལུག་ལ་རྩ་ཡོད་ཀྱང་ཤ་ཤེད་ངན་པར་འགྱུར་བ་དང་།  བྱ་ཤེད་ཆེ་ཞེས་བྱ་བྱེའུ་འདབ་ཆགས་ལོན་ཆེ་བ་དང་བྱ་གླག་གིས་བེའུ་ཡང་འཁྱེར་འགྲོ་བར་བཤད།   མདོར་ན་སྐར་མ་དུ་བ་མཇུག་རིང་ཐོན་ན་བྱ་ཤེད་ཆེ།   བྱོལ་སོང་རྩུབ།  ཅེས་སོ།  ། 

༼ བོད་ཀྱི་སྲོལ་རྒྱུན་གནམ་དཔྱད་མེས་པོའི་ཞལ་རྒྱུན་ ༽ ཞེས་པའི་དཔེ་དེབ་ལས་ཟུར་འདོན་ཞུས། ཡོང་ཁུངས། ཡར་ཀླུང་སྤྲིན་ཆར།

 

བརྒྱུད་སྐུལ།

མཆན་སྤེལ།