སྨྱུག་འཛིན་པ། ས༽ངུར་སྨྲིག །
སྐུ༵་ནི་མཚན་དང་དཔེ་བྱད་རབ་མཛེས་འཇམ་དབྱངས་འཁོན་གདུང་རིགས་འཁྲུངས་ཤིང་།།
གསུ༵ང་ནི་ཡན་ལག་དྲུག་བཅུའི་དབྱངས་ལྡན་ཚངས་དབྱངས་མགྲིན་པའི་རྩེ་རུ་འཕགས།།
ཐུ༵གས་ནི་ཟག་མེད་བདེ་སྟོང་རྟོགས་མཁས་བྱང་སེམས་འཕགས་པའི་རྒྱལ་ས་ནས།།
འཁྲུལ་མེད་དྲི་བྲལ་ས་སྐྱ་པ་ཞེས་མཚན་སྙན་འཛམ་གླིང་ཁྱབ་འདི་རྨད།།
རྒྱ༵ལ་བའི་དགོངས་པ་ཇི་བཞིན་རྟོགས་མཁས་རྒྱ༵ལ་བ་གཉིས་པ་ལྟར་ཞེངས་པའི།།
རི༵ང་ལུགས་གསང་གསུམ་སྤེལ་ལ་ཟླ་མེད་རི༵ང་ལུགས་འཛིན་པའི་སྔགས་འཆང་རྗེ།།
བཞེ༵ད་གཞུང་དྲི་མེད་འཛིན་ལ་འགྲན་མེད་བཞེ༵ད་སྲོལ་སྨྲ་བའི་དབང་ཕྱུག་ཆེ།།
ས༵་དཀར་བསྟན་པའི་གཙུག་རྒྱན་གང་དེ་ས༵་སྟེང་ཞི་བདེའི་མངའ་ལ་འདུད།།
སྙ༵ན་སྙ༵ན་ཆོས་སྒྲ་འགེང་པོའི་དབར་ནས་སྙ༵ན་པའི་ངག་དབྱངས་གསོས་སུ་གྱུར།།
ལྷ༵ང་ལྷ༵ང་གོང་མའི་གདམས་པ་མཇལ་དུས་ལྷ༵ང་ངེར་བཞིན་རས་མཇལ་འདོད་ཆེ།།
དཀ༵ར་དཀ༵ར་བློ་སེམས་དྭངས་བས་ལྷན་ཅིག་དཀ༵ར་བའི་ཐང་ཤམ་ལེགས་མཆོད་པའི།།
དྲ༵ན་དྲ༵ན་སྐྱབས་མགོན་ས་སྐྱ་ཁྲི་ཆེན་དྲ༵ན་པའི་གདུང་བས་བསྟོད་གསོལ་འབུལ།།
རབ་མཛེས་ཨ་སྔོན་དགུང་གི་འཇའ་ཚོན་མིག་གི་སྣང་བ་ཙམ་ཞིག་ཀྱང་།།
འཕགས་ཚོགས་ཀུན་འདུས་རྒྱལ་བའི་ངོ་བོ་དྲུག་པ་རྡོ་རྗེ་འཆང་ཆེན་དེ།།
སྐྱབས་གཅིག་གོང་མ་ཁྲི་ཆེན་ལོས་ཡིན་དད་གསུམ་དྭངས་བས་བསྟོད་ཕྱག་འཚལ།།
བདག་དང་འགྲོ་བས་སྒྲིབ་གཉིས་བཅོམ་པར་བརྩེ་ལྡན་ཁྱེད་ཀྱིས་གཟིགས་པར་མཛོད།།
བས༵མ་བཞིན་བྱོན་པའི་སྔགས་འཆང་ཆེན་པོ་འཁྲུལ་བྲལ་རྒྱས་སྲས་ཀུན་གྱི་གཙོ།།
བས༵མ་ཡས་མཛད་པའི་ཆ་ཤས་ཙམ་ཡང་དཔོག་པར་དཀའ་བའི་ཁྱེད་ཀྱི་འཕྲིན།།
བས༵མ་པ་ཙམ་གྱིས་མཁས་ཀུན་དགྱེས་ལ་རྒྱལ་བ་ཡིས་ཀྱང་བསྔགས་པའི་ཡུལ།།
བས༵མ་ན་དེ་ནི་འཁོན་གདུང་དྲི་མེད་རབ་མཛེས་ངག་གི་མཚན་ཅན་ཉིད།།
མ༵དོ་རྒྱུད་རབ་འབྱམས་ཀུན་ལ་དབང་འབྱོར་ཅི་མཛད་འཕགས་པའི་རིང་ལུགས་ཅན།།
མ༵དོ་སྔགས་ཟབ་གསལ་ཡེ་ཤེས་ངོ་བོ་ཡབ་གཅིག་དཔལ་མགོན་བླ་མའི་ཞབས།།
མ༵དོ་དང་བསྟན་བཅོས་མ་ལུས་ཆུད་མཛད་འཛམ་གླིང་བསྟན་པའི་ཉིན་བྱེད་པོ།།
མ༵དོ་ལས་སྔགས་པའི་སྐྱབས་མགོན་གོང་མ་ཞེ་གཅིག་ཆེན་པོར་སྙིང་ནས་འདུད།།
དུ༵ས་ཀུན་འགྲོ་ལ་བརྩེ་བས་དགོངས་ནས་བདག་སོགས་ས་ཆེན་མ་ཐོབ་དུ༵ས།།
རླ༵བས་ཆེན་ཁྱེད་ཀྱི་ཐུགས་ཀྱིས་འོད་ཀྱི་དྲོས་པའི་མཚོ་མོ་ཟེགས་མའི་རླ༵བས།།
ན༵མ་ཡང་མི་དོར་ཐུགས་རྗེའི་ལྕགས་ཀྱུ་འདི་ནས་ཕྱི་མ་མ་ཐོབ་ན༵མ།།
ཆ༵གས་བྲལ་ཟུང་འཇུག་གོ་འཕང་དམ་པ་ཐོབ་པར་བདག་དང་མ་ཀུན་ཆ༵གས།།
གོས་དཀར་ལྕང་ལོའི་ཚུ༵ལ་ཙམ་འཛིན་པའི་དོན་ལ་རྒྱལ་བ་རྡོ་རྗེ་འཆང་།།
འཇིག་རྟེན་ཐ་མལ་ཚུ༵ལ་ཙམ་འཛིན་པའི་ངེས་པར་རྒྱལ་བ་ཤཱཀྱ་ཐུབ།།
གླིང་འདིར་བཤེས་གཉེན་ཚུ༵ལ་ཙམ་འཛིན་པའི་དམ་པར་རིགས་གསུམ་སེམས་དཔལ་ཆེ།།
གང་འདིར་ལྕང་ལོའི་ཚུ༵ལ་ཙམ་འཛིན་པའི་འཇམ་པའི་རྡོ་རྗེ་གང་དེར་འདུད།།
སྒྲ༵་སྙན་ཆོས་ཀྱི་གསུངས་དབྱངས་སྒྲོགས་ལ་ཟླ་བྲལ་ཞི་བདེའི་དེད་དཔོན་ཆེ།།
སྒྲ༵་དབྱངས་རྒྱལ་མོའི་འཛུམ་ཞལ་སྒེག་སྟོན་སྐྱབས་མཆོག་ལྷ་ཡི་གདུང་རྒྱུད་དཔལ།།
སྒྲ༵་ཚད་གནས་ལྔ་མཁྱེན་པའི་ཕུལ་བྱུང་ལྷ་མཆོག་ཀུན་གྱིས་དབུགས་དབྱུང་མཛད།།
སྒྲ༵་གཅིག་བརྗོད་ཀྱང་འགྲོ་ཀུན་འདྲེན་མཛད་སྐྱབས་མཆོག་གོང་མར་གསོལ་བ་འདེབས།།
དེ་ལྟར་བདག་འདྲ་བླུན་པོས་སྦྱར་བའི་དགེ་ཚོགས་ཐམས་ཅད་གཅིག་བསྡུས་ནས།།
སྐྱབས་གཅིག་གོང་མའི་ཐུགས་དགོངས་རྫོགས་ཤིང་སྐུ་བསོད་དབྱར་གྱི་ཆུ་གཏེར་བཞིན།།
རབ་ཏུ་རྒྱས་ཤིང་བདག་གི་རྒྱུད་ཀྱང་དུས་གསུམ་དགེ་ལ་རབ་འབྱོངས་ཤིང་།།
བཅུ་གསུམ་འཛིན་པའི་རྒྱལ་ས་གང་དེར་འཇམ་མགོན་ཁྱེད་ཀྱི་རྗེས་འཛིན་ཤོག །
སྐྱབས་མགོན་ཆེན་པོའི་སྐུ་ཡི་བླ་སྐར་ལ་དཔལ་ལྡན་ས་སྐྱའི་གདན་ས་ནས་གྲྭ་གཟུགས་འཛིན་པ་མཉྫུའི་མིང་ཅན་པས་སྒོ་གསུམ་གུས་པས་ ༢༠༡༨/༧/༧/ཉིན་ཕུལ།