མདུན་སྐྱོད་ཀྱི་གོམ་པ།

 

       རྩོམ་འབྲི་བ།  དབྱངས་སྲས། ༼ལྷ་ས།༽

ཀི་བསྭོ་སྒྲ་ཡིས་ལ་ཀླུང་ཁྱབ་བྱས་ནས། །
ཁུ་སིམ་གཉིད་ཀྱི་ཡོལ་བ་ཕ་མཐར་བསྐྲད། །
གེ་སར་གཞོན་ནུའི་སྙིང་སྟོབས་ཆེར་བསྐྱེད་ནས། །
ངོ་མཚར་གསར་པའི་བོད་ཡུལ་སྐྲུན་ཤོག་ཀྱེ། །

 

ཅི་ནས་བསམས་ཀྱང་རྨོངས་གཉིད་མེད་བྱས་ནས། །
ཆུ་བོ་དྭངས་གཙང་བཞིན་དུ་གསལ་བར་བྱོས། །
ཇེ་མང་བློ་ཡི་འདབ་མ་རབ་རྒྱས་ཏེ། །
ཉོ་སྒྲུབ་སྲིད་དཔལ་བོད་ཡུལ་རྒྱས་བྱེད་ཤོག །

ཏི་སི་གངས་རིའི་རང་མདངས་མངོན་པ་བཞིན། །
ཐུ་མིའི་རྣམ་དཔྱོད་ལས་འཁྲུངས་ཡི་གེའི་གཞུང་། །
དེ་ནས་བཟུང་སྟེ་སྲོག་གི་སྙིང་པོ་བཞིན། །
ནོ་ནོའི་ཡིད་ཀྱི་ཀློང་ནས་མ་དོར་མཛོད། །

 

པི་ཝང་སྒྲ་གདངས་མཐུན་པའི་འགྱུར་ཁུག་བཞིན། །
ཕུ་ནུའི་དུང་ཞེན་ཡིད་ཀྱི་དབུས་ན་ཟབ། །
བེ་ཏའི་རོ་བཞིན་བཅུད་ལྡན་མི་ཚེ་དེ། །
མོ་རྩིས་ཁོ་ནར་མ་གཡེལ་དཀའ་བ་སྤྱོད། །

 

ཙི་ནའི་ཡུལ་གྱི་རིག་གཞུང་སྦྱང་ཡང་དགོས། །
ཚུ་རོལ་བོད་པའི་གཞུང་ལུགས་དེ་བས་ཀྱང་། །
མཛེ་ནད་འདྲ་བའི་བསྲེས་སྐད་དོར་བྱས་ཏེ། །
ཝོ་བརྒྱལ་མེད་པའི་དག་སྐད་སྐྱོན་ནས་ཤོག །

 

ཞི་བདེའི་དཔལ་ཡོན་བསྐྲུན་པའི་བཟང་སྤྱོད་དགོས། །
ཟུག་རྔུ་ཅན་གྱི་བརླང་སྤྱོད་རྩ་ནས་སྤོངས། །
འེ་ཅག་བོད་པའི་སྲོལ་རྒྱུན་མ་དོར་བར། །
ཡོ་བསྲང་ངང་དུ་ཡར་རྒྱས་དཔལ་ལ་བརྩོན། །

 

རི་ཀླུང་ཀུན་ཏུ་གཙང་སྦྲར་ཐུགས་སྣང་གིས། །
ལུ་གུ་རྒྱུད་ནས་རང་གཞུང་མ་དོར་ཟུངས། །
ཤེ་མུན་རྨོངས་གཉིད་སད་དེ་ཆོས་རིག་སྤེལ། །
སོ་སོའི་རིག་གཞུང་སོ་སོས་བདག་སྐྱོང་བྱོས། །

 

ཧི་མ་ལ་ཡའི་དཔལ་ཡོན་རྒྱས་པ་ལ། །
ཨུ་ཚུགས་དོར་ནས་རྣམ་དཔྱོད་གྲོགས་ལ་བསྟེན། །
ཧེ་བག་རིགས་ཀྱིས་མ་ཡིན་ཡོན་ཡིན་པས། །
ཨོ་ལོ་རྣམས་ཀྱིས་ཤེས་རིག་སློབ་ལ་བརྩོན། །

ཕྱི་ལོ་༢༠༡༨/༨/༢༥ ཉིན་ལྷ་ལྡན་གྲོང་དུ་བྲིས།

བརྒྱུད་སྐུལ།

མཆན་སྤེལ།