ལ་སྟོད་སྤོ་རོང་གི་རྒྱལ་གཞས་ཀྱི་ལོ་རྒྱུས་དང་། ཁྱད་ཆོས་ཅུང་ཞིག་གླེང་བ།

ལ་སྟོད་སྤོ་རོང་གི་རྒྱལ་གཞས་ཀྱི་ལོ་རྒྱུས་དང་། ཁྱད་ཆོས་ཅུང་ཞིག་གླེང་བ།

རྩོམ་པ་པོ། ཟླ་བ།

༄༅། །ལ་སྟོད་སྤོ་རོང་གི་རྒྱལ་གཞས་ཀྱི་ལོ་རྒྱུས་དང་ཁྱད་ཆོས་ཅུང་ཞིག་གླེང་བ། མཐའ་བཞི་གངས་རིས་བསྐོར་བའི་དཔལ་ཁུད་འདིར། །རིག་པའི་གནས་ཀུན་འདྲེན་པའི་ཤིང་རྟ་མཆོག །ཕྱོགས་ལས་རྣམ་རྒྱལ་གང་དེའི་རིང་ལུགས་ཆེ། །སྐྱོང་མཛད་འབུར་བའི་གདུང་རབས་ཀུན་ལ་འདུད། ། མིག་དང་རྣ་བའི་དགའ་སྟོན་ཀུན་ཀྱི་དཔྱིད། །གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་གཞས་འདི། །དངོས་སྟོབས་རིགས་པའི་ལམ་ནས་ལེགས་འདྲེན་པ། །མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་བསྔགས། །གཞུང་འདིའི་སྔོན་བྱུང་ཉུང་བསྡུས་ཤིག །བཅོས་བསླད་རྫུན་གྱིས་མ་བསྒྱུར་བར། །བཅོས་མེད་རང་མདངས་བདེན་པའི་གཤིས། །འཇིག་རྟེན་འདི་རུ་གནས་ན་སྙམ། །
༈ དེ་ཡང་གང་གླེང་བར་བྱ་བའི་གཏམ་ནི་སྔོན་གྱི་དུས་སུ་མངའ་རིས་སྨད་མང་ཡུལ་གུང་ཐང་དང་། ལ་སྟོད་ལྷོའི་ས་མཚམས་ལྟ་བུར་གནས་པའི་འབྲོག་གི་དགའ་ཚལ་འདིར་དཔལ་ཁུད་དུ་གྲགས་ཤིང་དེ་ནས་རིམ་གྱིས་སྤོང་རོང་ཞེས་སུ་གྱུར་པའི་འབྲོག་སྡེ་ཆེན་པོ་སྤོང་རོང་ཞེས་པའི་གནས་འདིར། དུས་རབས་བཅོ་ལྔ་པའི་འགོ་ནས་བཟུང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གཙོ་བོར་གྱུར་པའི་མཁས་གྲུབ་དམ་པ་མང་དུ་བྱོན་པ་རྣམས་ཀྱི་ཐུགས་བསྐྱེད་དཀའ་སྤྱད་ཀྱི་འཕྲིན་ལས་འོད་སྣང་དཀར་པོས། མི་ཤེས་རྒུད་པའི་རྨག་རུམ་རྣམས་ཕ་མཐར་སྐྲོད་པའི་ཐུགས་རྗེ་རྨད་དུ་བྱུང་བས། རིག་པའི་གནས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་རྣམ་གྲངས་མང་དུ་བྱོན་པའི་ཡ་གྱལ། སྐྱེ་འགྲོ་མཐའ་དག་དགའ་བདེའི་དཔལ་ལ་མྱུར་དུ་འབྱོར་ཞིང་། མིག་ཡིད་རྣ་བའི་དགའ་སྟོན་ཟད་མེད་དུ་སྤེལ་བ་ལ་འཆི་མེད་ལྷ་ཡི་ཟློས་གར་མངོན་པར་སྒྱུར་བ་ལྟ་བུའི་འཁྲབ་གཞུང་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་བཞས་སམ། ཡང་ན་འཁྲབ་ཡུལ་འཛིན་སྐྱོང་གནས་ཀྱི་སྒོ་ནས་མིང་དང་འབྲེལ་པ་སྤོང་རོང་གི་རྒྱལ་གཞས་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ལ། ༡ རྩོམ་པ་པོའི་ལོ་རྒྱུས་དང་། ༢ འཛིན་སྐྱོང་གང་ཟག་གི་བརྒྱུད་རིམ། ༣ འཁྲབ་སྟོན་བྱེད་པའི་གནས་དུས། ༤ ས་ཕྱོགས་གཞན་དུ་དར་ཁྱབ་བྱུང་བའི་སྐོར། ༥ གཞུང་འདིའི་མཚན་དོན་དང་འབྲེལ་བའི་ཁྱད་ཆོས། ༦ ཕུན་སུམ་ཚོགས་པའི་ཚིག་དོན་དང་གར་དབྱངས་བཅས་ཁག་དྲུག་ལ་དབྱེ་བ་ལས།
༡ རྩོམ་པ་པོའི་ལོ་རྒྱུས་ནི། «སྟོད་པའི་བརྟན་བཞུགས་དྲན་དེབ་ཐོས་པ་དགའ་»ལས། མངའ་རིས་པཎ་ཆེན་གྱིས་མཛད་པའི་«གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་གཞས»། ཞེས་འཁོད་པས། དེས་ན་ཐོག་མར་གཞས་གཞུང་འདི་རྩོམ་པ་པོའི་ལོ་རྒྱུས་ཞུ་བ་ལ། མངའ་རིས་པཎ་ཆེན་ནི། གློ་བོ་མ་ཐང་གི་ཡུལ་དུ། ཡབ་བོད་རྗེ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ། མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་མོ་ལུག་(1487) གི་ལོར་སྐུ་བལྟམས། མཚན་པདྨ་དབང་རྒྱལ་རྡོ་རྗེར་བཏགས། དགུང་ལོ་བརྒྱད་པར་རྟེན་དགེ་བསྙེན་དུ་མཛད། ཡབ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་མདོ་སྒྱུ་སེམས་གཙོ་འགྱུར་གྱི་སྔ་འགྱུར་བཀའ་མའི་སྐོར་ལ་གསན་སྦྱོང་མཐར་ཕྱིན་པར་གནང་། བསྙེན་སྒྲུབ་རྟགས་ཐོན་པ་མང་དུ་མཛད། སློབ་དཔོན་ནོར་བསྟན་བཟང་པོ་ལས་འདུལ་བ། མདོ་སྡེ། བཀའ་གདམས་ཀྱི་སྐོར་སོགས་གསན། དགུང་ལོ་ཉི་ཤུ་ནས་བཟུང་དབུ་ཚད་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པར་མཛད་པས། དགེ་བའི་བཤེས་གཉེན་མཚན་དང་མཐུན་པར་ཡོངས་སུ་གྲགས། ཉེར་གཅིག་པར་འཇམ་དབྱངས་ཆོས་སྐྱོང་དང་། ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤེད་དམར་སོགས་ཀྱི་སྨིན་གྲོལ་གསན་ནས། བསྙེན་སྒྲུབ་མཛད་པས་འཇམ་དཔལ་དྲག་པོའི་ཞལ་གཟིགས། ཁྱད་པར་དགུང་ལོ་ཉེར་གཉིས་པར་ཡབ་རྗེ་དམ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་ཞུན་ཐར་ལེགས་པར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའི་ཚེ་ཡབ་ཀྱིས་དག་སྣང་ཁྱད་པར་ཅན་གྱིས་དབུགས་དབྱུངས་ཤིང་གཟེངས་བསྟོད་པ་ལྟར་ཕྱིས་ནས་མངོན་དུ་གྱུར། དགུང་ལོ་ཉེར་གསུམ་སྔ་ཕྱིར་གློ་བོ་ལོ་ཙཱ་ལས་ལམ་འབྲས་ཚར་གཉིས་གསན། ཉེར་ལྔ་པའི་ཚེ་བསམ་འགྲུབ་གླིང་གི་ཆོས་གྲྭར་འཇམ་དབྱངས་ས་པཎ་གྱི་རྣམ་འཕྲུལ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་འགྲུབ་མཁན་སློབ་ལས་བསྙེན་པར་རྫོགས་པ་ནས་བརྩམས། ཀུན་སྤངས་སྟན་གཅིག་པའི་བརྟུལ་ཞུགས་བཟུང་ནས་དམ་པའི་ཆོས་འདུལ་པའི་ལག་ལེན་ཚུལ་བཞིན་ཕྱག་ཏུ་བསྟར་བ་ལ་བརྟེན། དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་མཁན་ཆེན་དེ་ཉིད་དང་། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་དང་། འཇམ་དབྱངས་བློ་གྲོས་དཔལ་རྣམས་ལས་སྒྲ་དང་ཚད་མ། གསང་སྔགས་གསར་མའི་དབང་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པཎ་དཔྱངས། དྲང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་ཀྱང་གཏེར་མ་མང་དུ་གསན་པས་མཚོན། མདོར་ན་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། ནེ་པ་ལའི་ཁུལ་དུའང་བརྟོལ་ནས་བལ་བོད་ཀྱི་བླ་མ་མང་དུ་བསྟེན་ཅིང་གནས་འབྲེལ་དང་། ཐུགས་དམ་མཛད་པས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་ལོ་སོ་བརྒྱད་པ་ནས་བཟུང་གསར་རྙིང་རིས་མེད་པའི་ཆོས་ཀྱི་ཆར་ཆེན་པོ་ཕབས་པའི་སྐབས། དབུས་གཙང་གི་ཕྱོགས་སུ་ཆོས་བརྒྱུད་ཉམས་པ་གསོ་བའི་ཐུགས་སྐྱེད་འཁྲུངས་ཏེ། ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ཤིང་ཟང་ཟང་ལྷ་བྲག་སོགས་བརྒྱུད། གཅུང་ལེགས་ལྡན་རྗེ་དང་ལྷན་དུ་དབུས་ལ་བྱོན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་མཇལ་ཞིང་ལུང་བསྟན་བརྙེས། གཞུང་སྤྲེ་ཞིང་དུ་རྔོག་སྟོན་བསོད་ནམས་བསྟན་འཛིན་དང་། གྲ་ཐང་པའི་ཞ་ལུ་ལོ་ཆེན་ལས་རྔོག་དཀྱིལ་དང་། གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་མངོན་དུ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་མཛད་ཅིང་ལྷོ་བྲག་གུ་རུ་སོགས་རྗེས་སུ་བཟུང་། ཕྲེང་པོ་ཨོ་རྒྱན་ཆོས་རྫོང་དུ་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྒྲགས་ཡང་རྫོང་དང་། མཆིམས་ཕུར་ཐུགས་དམ་མཛད་པས་ལྷ་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ནས་ཆོས་རྒྱུད་ཉམས་པ་གསོ་བ་སོགས་བཀའ་དྲིན་གྱིས་ཁྱབ་པར་མཛད། རྗེ་འདིས་བཀའ་བརྒྱད་བདེ་འདུས་ཁོ་ན་ཚར་ཉེར་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཞིང་ཡིད་བརྟན་ནུས་པ་དེ། ལྷོ་བྲག་དགོན་དཀར་དུ་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་པས་ཐུགས་དགོངས་ཡོངས་སུ་རྫོགས། ཁྱད་པར་ཟབ་གཏེར་བཞེས་ཚུལ་ནི་དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་གི་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར། གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ། རིག་འཛིན་ལེགས་ལྡན་རྗེས་མཚམས་སྦྱར་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་བས་བོད་ཁམས་ཕན་བདེའི་རྩ་ལག་ཆེན་པོར་གྱུར། དེའི་མཚོན་དབུས་ཕྱོགས་སུ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར་དགུང་ལོ་ང་དྲུག་ (ཆུ་སྟག་1542) པར་འོན་སྨོན་ཐང་ནས་ཟངས་མདོག་དཔལ་རིར་གཤེགས་སོ། །གཞས་གཞུང་འདི་ཉིད་མཛད་པའི་དུས་ཁ་གསལ་མ་འཁོད་ཀྱང་ཧ་ལམ་པཎ་ཆེན་ཁོང་དབུས་ལ་མ་ཕེབས་པའི་སྔོན་ཙམ་དུ་མཛད་དམ་སྙམ། ༢གཞས་གཞུང་འདི་ཉིད་འཛིན་སྐྱོང་གི་ལོ་རྒྱུས་ལ། དངོས་གཞིའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ཞིག་ལག་སོན་མ་བྱུང་བས། ཁ་གསལ་ཞིག་ཞུ་མ་ཤེས་ཀྱང་། མངའ་རིས་པཎ་ཆེན་གྱིས་གཞས་གཞུང་འདི་མཛད་པའི་རྗེས་རིང་མིན་དཔལ་ཁུད་དམ་སྤོང་རོང་གི་འབྲོག་སྡེ་འདིར་དར་བ་ཡིན་ནམ་བསམས་ཏེ། གང་ལགས་ཤེ་ན། ཚིག་དོན་གྱི་ཆ་འགའ་ཞིག་སྤོང་རོང་གི་ས་བབས་དང་ལོ་རྒྱུས་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། མ་ཟད་རིག་གནས་སྒྱུ་རྩལ་ལ་དར་སྲོལ་ཆེ་བའི་རྗེ་དབོན་མི་རབས་རྣམས་ཀྱིས། ཁུལ་འདིར་ལྷ་མོའི་འཁྲབ་གཞུང་སོགས་གཞས་གཞུང་དང་འཁྲབ་གཞུང་གཞན་དག་འཛུགས་གཉེར་མ་གནང་བ་འདྲ་བས། དེ་ལ་དཔགས་ན་ཚིག་དོན་དང་། དབྱངས་ཀྱི་འགྱུར་ཁུགགར་གྱི་སྟངས་སྟབས་སོགས་ཕུན་སུམ་ཚོགས་པས། མི་སེམས་ལ་གཏིང་ཟབ་ཏུ་ཟུག་ཅིང་ཡུན་དུ་འཇགས་བདེ་བའི་གཞས་གཞུང་འདི་ཉིད་བོ་དོང་འཇིགས་བྲལ་ཆེན་པོའི་གདན་ས་དང་། གང་གི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་ལ་བློ་གྲོས་དང་ལྷག་བསམ་རྣམ་པར་དག་པ་དབྱར་གྱི་ཆུ་གཏེར་བཞིན་མངའ་ཞིང་། རིག་པའི་གནས་མཐའ་དག་ལ་འཛིན་སྐྱོང་གི་ཐུགས་སྟོབས་ཕུལ་དུ་བྱུངབ། མི་རྗེ་འབུར་བའི་གདུང་རབས་སམ་རྗེ་དབོན་མི་རབས་རྣམས་ཀྱིས། གཞས་གཞུང་འདི་ཉིད་ཁོ་ན་ལ་ཐུགས་ལྷག་པར་དགྱེས་ནས་རྒྱུད་འཛིན་པ་སློབ་སྦྱོང་དང་། འགོ་འདོན། ཆ་རྐྱེན་སྤུས་དག་ཞེ་མཚུངས་བསྒྲུབས་ཤིང་ཕུན་སུམ་ཚོགས་པར་མཛད་ནས། གཞས་མི་སྤྱི་དང་གཞས་དཔོན་རིམ་བྱུང་གི་ལྷག་བསམ་དང་ཧུར་བརྩོན་སྐུལ་སློང་གནང་ཐུབ་པ་དང་། ལྷག་པར་འབྲོག་ཁུལ་མང་ཚོགས་རྣམ་པས་དགའ་ཞེན་དང་། མཐོང་ཆེན་གྱིས་རང་གི་རིག་གནས་རང་གིས་འཛིན་པའི་སྙིང་སྟོབས་ནམ་ཡང་སྙིང་དབུས་སུ་བཅངས་ནས། གཞས་གཞུང་འདི་ཉིད་སྔ་མོའི་དུས་ནས་ཁུལ་འདི་གར་རྐང་པ་བརྟན་པོར་ཚུགས་ཤིང་ཁུལ་འདིའི་མི་ཚང་མའི་བློ་ཡུལ་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རིག་གཞུང་ཁྱད་པར་ཅན་ཞིག་ཏུ་གྲུབ་ནས། གོང་འོག་ཚང་མས་གཞས་གཞུང་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སླད་དུ་མཐུན་རྐྱེན་གང་ཡོད་བསྐྲུན་པས། མི་ལོ་ལྔ་བརྒྱ་ཙམ་གསོན་ ཤུགས་ཉམས་མེད་དུ་གནས་པའི་ཆ་རྐྱེན་བླ་ན་མེད་པ་ཞིག་གྲུབ་པར་འདོན་མི་ཟའོ། །དེས་ན་གཞས་གཞུང་འདི་ཉིད་ཐོག་མར་ས་ཁུལ་འདིར་དར་བ་ནས་ཉེ་སྔོན་ (1959) བར་མི་ལོ་ལྔ་བརྒྱ་ཙམ་གྱི་རིང་ལ་འཛིན་སྐྱོང་གི་ནུས་པ་ཆེ་ཤོས་འདོན་མཁན་སྤོང་རོང་རྗེ་དབོན་མི་རབས་རིམ་བྱུང་དང་། གཞས་དཔོན་རིམ་བྱུང་གིས་མཚོན་པའི་གཞས་མི་རྣམས་ཡིན་ངེས་པས། དང་ཐོག་རྗེ་དབོན་མི་རབས་ཀྱི་ལོ་རྒྱུས་མཚོན་ཙམ་བརྗོད་ན། «འབུར་བ་མི་རྗེའི་གདུང་རབས་དྲི་མེད་བཻ་ཌཱུརྱའི་ཕྲེང་བ་»ལ་གསལ་བ་རྣམས་ཚིག་སྣ་བསྡུས་ནས་ཅུང་ཟད་ཞུས་ན་འདི་ལྟར། རྗེ་དབོན་གྱི་གདུང་འདི་ནི་སྤྱིར་ལྡོང་གི་རིགས། བྱེ་བྲག་གསེར་ལྡོང་སེར་པོ། དེའི་ནང་ཚན་འབུར་བ་ཞེས་པ་ཡིན་ཅིང་། འབུར་བ་ཞེས་པའི་མིང་ཐོགས་ལུགས་ཀྱང་། སྔོན་གྱི་ཚེ་ཤར་ཕྱོགས་མཧཱ་ཙི་ན་སྟེ་རྒྱ་ནག་གི་ཡུལ་དུ་། རྒྱལ་བ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་འཕགས་པ་འཇམ་པའི་དཔལ་ཟུར་ཕུད་ལྔ་པས་བྱིན་གྱིས་བརླབས་པ། སྐྱེས་བུ་མིའི་ཁྱུ་མཆོག་མངལ་སྐྱེས་གྱི་དྲི་མ་སྤངས་པ། ཇི་ལྟར་རྒྱལ་བ་ཤཱཀྱ་སེང་གེ་ལུམ་བི་ནའི་ཚལ་དུ་སྒྱུ་འཕྲུལ་ཡུམ་གྱི་རྩིབ་ལོགས་ནས་གནོད་པ་མེད་པར་སྐུ་བལྟམས་པ་བཞིན། སྐྱེད་བྱེད་མའི་རྩིབ་ལོགས་ལས་འབུར་ཏེ་འཁྲུངས་པ་ཞིག་བྱུང་བས། གདུང་གི་མཚན་ལ་འབུར་བ་ཞེས་འཇིག་རྟེན་དུ་མངོན་པར་གྲགས་སོ། །དེ་ཉིད་རྣམ་པར་དཔྱོད་པའི་བློ་གྲོས་ལང་ཚོ་མཆོག་ཏུ་གསལ་བས། རྩིས་ཀྱི་རིགས་པ་ལ་ཤིན་ཏུ་མཁས་པར་གྱུར་ཏེ་མཧཱ་ཙི་ནའི་ཡུལ་གྲུ་ཆེན་པོ་དེར་རྩིས་རིག་གི་སྒོ་ནས་སྐྱེ་འགྲོ་མང་པོར་བླང་དོར་གསལ་བའི་མིག་སྦྱིན་ཞིང་། ལེགས་པའི་ཡོན་ཏན་བརྒྱ་ཕྲག་གི་སྒོ་འཕར་འབྱེད་པའི་གཞན་ཕན་རྒྱ་ཆེན་པོ་མཛད། (འདི་ཉིད་བསྟན་རྩིས་ལས། འཇམ་དབྱངས་བྱིས་པའི་ཚུལ་བྱོན་གྱིས། །རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན། །ཞེས་པ་དེ་མིན་ནམ་སྙམ། སྒྲིག་པ་པོའི་མཆན)དེ་ཉིད་ཀྱི་རིགས་རྒྱུད་ཟམ་མ་ཆད་པར་བྱོན་པ་ལས། གདུང་རྒྱུད་ཅིག་བོད་ཆེན་པོའི་ཡུལ་གྲུ་མདོ་ཁམས་སྨད་དུ་བྱོན། འབྲོག་སྡེ་ཆེན་པོ་ཞིག་གི་དཔོན་དུ་གྱུར་ཏེ་མི་རབས་མང་དུ་སོང་བ་ན། གདུང་བརྒྱུད་ཞིག་བོད་ཡུལ་དབུས་སུ་བྱོན། དབུས་སྐྱིད་ཤོད་ཀྱི་ཡུལ་ཕྲན་གནམ་ཞེས་པའི་དཔོན་མི་ཐོག་གསུམ་མཛད། དེར་གནམ་ཕུའི་བོན་པོ་མཐུ་ཆེ་བ་ཞིག་དང་འཁོན་ཏེ་ཡར་ཀླུང་དུ་བྱོན། གྲོང་བརྒྱ་ལྷག་གི་དཔོན་བྱས། དེའི་སྲས་ཤིག་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སད་མི་བདུན་གྱི་གྲས་སུ་རབ་ཏུ་བྱུང་བར་གྲགས། དེ་ནས་མི་རབས་དུ་མ་ཞིག་སོང་བ་ན། དུས་རབས་བཅུ་བཞི་པར་འབུར་བའི་མི་ངོ་སྲི་ཐུབ་ཅེས་པ། ལྷོ་བདག་སི་ཏུ་ཆོས་ཀྱི་རིན་ཆེན་དབུས་ནས་ལ་སྟོད་ལྷོར་ཕེབས་པའི་ཕྱག་ཕྱིར་ཕེབས། ཕྱག་གཡོག་དབུས་པ་མི་དགུ། གསོལ་གཟིམ་གཉིས་དང་བཅུ་གཅིག་ཡོད་པ་ལས། གསོལ་དཔོན་སྲི་ཐུབ་ཅེས་གྲགས། ཕྱག་གཡོག་གཞན་རྣམས་ལ་དཔོན་སྐྱ་རེ་བསྐོས། དེ་ནས་སྤོང་འབྲོག་པ་རྒྱལ་ནོར་སོག་ལ་བབས་པའི་སྐབས་ཤིག་གསོལ་དཔོན་སྲི་ཐུབ་ལ། སི་ཏུ་ཆོས་ཀྱི་རིན་ཆེན་གྱིས། འབྲོག་སྡེ་འདི་དང་བཟའ་པ་ཐེམ་པ་བརྒྱ་གང་འདེམ་གསུངས་པས། འབྲོག་སྡེ་འདེམ་ཞེས་ཞུས་པས། སྤོང་འབྲོག་པ་ཡར་པ། མར་པ། སྟོད་པ། སྨད་པ་སྟེ་འབྲོག་སྡེ་ཆེན་པོ་བཞི་སྒོས་གཡོག་ཏུ་བྱུང་། དེ་དག་གི་ནང་ཚན་སྤོང་འབྲོག་དང་། རོང་འབྲོག་གཉིས་རྒྱ་ཆེ་ཞིང་མངའ་འབངས་སུ་བསྐྱངས་པས། སྤོང་རོང་ཞེས་མིང་དུ་གྲགས། ཐ་སྙད་དེ་རིམ་གྱི་འབུར་བའི་མི་རབས་ཀྱི་མངའ་ཞབས་ཡོངས་རྫོགས་དང་། འབུར་བའི་མི་རབས་རིམ་བྱུང་བཅས་ལ་རིམ་འཇགས་སུ་གྱུར། གཞན་ཡང་དཔོན་རབས་སམ་མི་རྒྱུད་དེ་ལ་མིང་གཞན་ཞིག་ཡོད་པ་ནི། རྗེ་དབོན་ཞེས་པ་དེ་ཡིན་ཅིང་དེ་ལྟར་ཐོགས་དོན་ནི། རྗེ་བཙུན་བླ་མ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་ལམ་མཁན་ཆེན་རྗེ་བཙུན་པ་སོགས་བླ་མ་ཆེན་པོ་ཞིག་གི་དབོན་བརྒྱུད་དུ་གཏོགས་པས་ན་རྗེ་དབོན་ཞེས་མིང་ཐོགས་པ་འདྲ་ཞིང་འོན་ཀྱང་རུས་མི་འདྲ་བས་དབོན་བརྒྱུད་མིན་པར་ངེས་སྙམ་ན། འཇིགས་བྲལ་ཆེན་པོའི་སྲིང་མོའམ་དབོན་མོ་ཞིག་འབུར་བའི་གདུང་འཛིན་ཞིག་གི་ཁབ་ཏུ་བསུས་ཤིང་དེ་ལས་སྲས་མཆེད་པ་རྣམས་འཇིགས་བྲལ་ཆེན་པོའི་དབོན་པོར་གཏོགས་པས་ན། མིང་དེ་ལྟར་གྲགས་པར་ངེས་སོ། །འོན་ཀྱང་མཁས་མིན་འགས་རྗེ་དབོན་ཞེས་པའི་ཐ་སྙད་དེ་དབོན་དཔོན་དུ་དྲངས་ནས་རྗེ་དཔོན་རེད་ཟེར་བ་དང་། ཡང་འགའ་ཞིག་གིས། མངའ་འབངས་མི་གྲངས་བྱེ་བ་ཡོད་པས་བྱེ་དཔོན་རེད་ཟེར་བ་བཅས་ནི་མཐོང་རྒྱ་ཆུང་བས་ལན་པ་ཡིན་ནོ། ། དེ་ཡང་འབུར་བ་མི་རབས་རིམ་བྱུང་གི་མཚན་ཙམ་སྨྲོས་ན། གསོལ་དཔོན་སྲི་ཐུབ་ཀྱི་བུ་ཁྲོ་བོ་ཕན། དེ་ལ་སྲས་གསུམ་ཡོད་པའི་ཁྲོ་རྒྱལ་འབུམ་གྱིས་དཔོན་མཛད། གཅིག་གིས་ཆོས་མཛད་ནས་གནས་སེང་པ་བྱམས་ཆོས་སེང་ཞེས་བླ་མ་ཁྱད་དུ་འཕགས་པ་བྱུང་། གཅིག་བྱང་ཟང་ཟང་ལ་ཕེབས། དེའི་བརྒྱུད་ལ་ཟང་ཟང་དཀར་པོར་གྲགས། ཁྲོ་རྒྱལ་འབུམ་གྱི་སྲས་ཁྲོ་བོ་ཤི་མ། དེའི་གཅུང་པོ་བཀྲ་ཤིས་ལྷུན་པོར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་སློབ་མར་བཞུགས་ནས་བཀའ་བཅུ་པ་བདེ་ལེགས་ཞེས་གྲགས། གཅུང་པོ་གློ་བོའི་ཡུལ་ལ་ཕེབས། ཁྲོ་བོ་ཤི་མ་ལ་སྲས་གསུམ་བྱུང་བའི་ཆེ་བ་བོ་དོང་ནམ་མཁའ་རིན་ཆེན། བར་པ་བརྒྱ་དཔོན་བསོད་ནམས་མགོན་པོ། ཆུང་བ་ཕ་རྒོད་བདེ་ཆེན་མགོན་པོ། གཅེན་གཅུང་གཉི་ཀ་སྐུ་ཆོས་མཛད་ནས་མཁས་གྲུབ་ཀྱི་ཡོན་ཏན་རྫོགས་པའི་བླ་མར་གྱུར། བརྒྱ་དཔོན་བསོད་མགོན་ལ་སྲས་དཔོན་པོ་དཔལ་འབར་བྱུང་། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དཔོན་པོ་མཚོ་སྐྱེས་རྡོ་རྗེ་དང་། ཆུང་བ་རྗེ་ནམ་མཁའ་འོད་ཟེར། ནམ་མཁའ་འོད་ཟེར་སྐུ་ཆོས་མཛད་ནས་བླ་མ་ཆེན་པོར་གྱུར། དཔོན་པོ་མཚོ་སྐྱེས་རྡོ་རྗེ་ལ་སྲས་གསུམ་བྱུང་བའི་ཆེ་བ་ཐམས་ཅད་མཁྱེན་པ་ནམ་མཁའ་རིན་ཆེན་དང་། མཁན་པོ་བློ་གྲོས་རྒྱལ་མཚན། ཆུང་བ་དཔོན་པོ་ནོར་བུ་དཔལ་འབར་དང་གསུམ། གཅེན་གཉིས་རབ་ཏུ་བྱུང་ནས་ཕྱིས་གདན་ས་འཛིན་པའི་བླ་མར་གྱུར། ནོར་བུ་དཔལ་འབར་གྱི་སྲས་དཔོན་པོ་ནམ་མཁའ་རྒྱལ་པོ། དེའི་སྲས་རྗེ་དབོན་ནམ་མཁའ་རྣམ་སྲས། ནམ་མཁའ་རྣམ་སྲས་ཀྱི་སྲས་ནམ་མཁའ་དཀར་པོ་དང་། ཀུན་དགའ་ཆོས་འབྱོར། ཚེ་དགའ་བ་དང་གསུམ་བྱུང་། ནམ་མཁའ་དཀར་པོ་སྐུ་ཆོས་མཛད་ནས་གདན་ས་འཛིན་པའི་བླ་མར་གྱུར། ཀུན་དགའ་ཆོས་འབྱོར་ནི་རི་དྭགས་རྔོན་པ་སོགས་སྤྱོད་པ་བློ་ཡུལ་དུ་མི་ཤོང་བ་ཞིག་བྱུང་ཞིང་། ནང་གི་རྟོགས་པ་བསད་པ་གསོ་ནུས་པ་སོགས་འབྲུག་པ་ཀུན་ལེགས་དང་མཐུན་པ་ཞིག་བྱུང་། ཚེ་དགའ་བའི་སྲས་སུ་ནམ་མཁའ་ནོར་བུ་དང་། ནམ་མཁའ་གྲགས་པ། ནམ་མཁའ་མགོན་པོ་གསུམ་བྱུང་བ། ཆེ་བ་གཉིས་རབ་ཏུ་བྱུང་ནས་བླ་མར་གྱུར། ནམ་མཁའ་མགོན་པོ་འབྲོག་སྡེའི་བདག་པོ་མཛད། དེ་ཉིད་ཀྱི་སྲས་ནམ་མཁའ་བསྟན་འཛིན་དང་། རིན་ཆེན་མགོན་པོ། ནམ་མཁའ་དཔལ་བཟང་གསུམ་འཁྲུངས། ནམ་མཁའ་བསྟན་འཛིན་འབྲས་སྤུངས་དགོན་སོགས་སུ་སློབ་གཉེར་མཛད་ནས་མཁས་པར་གྱུར། རིན་ཆེན་མགོན་གྱི་ལོ་རྒྱུས་མ་མཇལ། ནམ་མཁའ་དཔལ་བཟང་གི་སྡེ་བདག་མཛད་ཅིང་འཕྲིན་ལས་ཆེ། ནམ་མཁའ་དཔལ་བཟང་གི་སྲས་སུ་ནམ་མཁའ་འགྱུར་མེད་དང་། རྡོ་རྗེ་ལྷ་སྐྱབས་གཉིས་འཁྲུངས་པ་ནམ་མཁའ་འགྱུར་མེད་སྐུ་ཆོས་མཛད་ནས་གདན་ས་འཛིན་པའི་བླ་མ་མཛད། གཅུང་པོས་སྡེ་བདག་གི་མཛད་པ་བསྐྱངས། རྡོ་རྗེ་ལྷ་སྐྱབས་ཀྱི་སྲས་སུ་ནམ་མཁའ་ཚེ་དབང་བསྟན་འཛིན་འཁྲུངས། སྐུ་ཚེ་སྟོད་ལ་རབ་ཏུ་བྱུང་ནས་གསན་བསམ་སྒོམ་སྒྲུབ་ལ་གཞོལ། འོན་ཀྱང་འབུར་བའི་གདུང་རབས་ཉག་ཕྲ་བས་སྐུ་ཚེ་སྨད་ལ་སྡེ་བདག་གི་མཛད་པ་སྐྱོང་དགོས་ཤར། དེ་ཉིད་ཀྱི་སྲས་སུ་རྗེ་དབོན་ནམ་མཁའ་ཚེ་དབང་རྣམ་རྒྱལ་འཁྲུངས། འདིའི་རྗེས་སུ་འབུར་བའི་མི་རབས་གཅིག་གི་རྣམ་ཐར་ལོ་རྒྱུས་མ་མཇལ་བས་ཆ་མ་འཚལ། དེའི་མཚམས་སུ་རྗེ་དབོན་ནམ་མཁའ་གཡུལ་རྒྱལ་འཁྲུངས། རྗེ་དབོན་འདི་ལ་སྲས་གཉིས་དང་སྲས་མོ་གསུམ་བྱུང་བ། སྲས་བགྲེས་པ་ལྷ་སྲས་དམ་(མཚན་དངོས་མ་ཤེས་)པ་དང་རྗེ་དབོན་ནམ་མཁའ་ངག་དབང་འཇིགས་མེད་གཉིས་འཁྲུངས། འདི་ཉིད་ལ་སྲས་གསོ་མགོ་ཐོན་པ་མ་བྱུང་བས་ཡབ་གཞིས་གཡུ་ཐོག་པའི་སྲས་ནམ་མཁའ་ཀུན་བཟང་བྱམས་པ་གོ་མག་ཏུ་བསུས་པ་བཅས། མདོར་ན་རྒྱལ་གཞས་ཞེས་པའི་གཞས་གཞུང་འདི་ཉིད་སྤོང་རོང་འབྲོག་སྡེ་འདིར་དར་བ་ནས་བཟུང་། (1959) ལོའི་བར་མི་ལོ་ལྔ་བརྒྱ་ལ་ཉེ་བའི་རིང་ལ་སྤོང་རོང་རྗེ་དབོན་མི་རབས་རིམ་བྱོན་གྱིས་གཞས་གཞུང་འདི་ཉིད་ལ་རྩིས་མཐོང་ཆེན་པོ་མཛད་ནས་ཆ་རྐྱེན་གང་དགོས་སྤོང་རོང་གཞུང་རྐྱང་གིས་འགན་འཁུར་ཞིང་། གཞས་མི་སྦྱོང་བརྡར་དང་འདེམ་སྒྲུག་གཞས་དཔོན་བསྐོ་གཞག་སོགས་ལ་ཐུགས་འགན་ལྷོད་མེད་བཞེས་པར་མངོན་ནོ། །


༢ གཞས་དཔོན་རིམ་པ་ཇི་ལྟར་བྱུང་ད་བར་ཡིག་ཆ་མ་རྙེད། འོན་ཀྱང་ཉེ་སྔོན་གཞས་དཔོན་ནམ་ཨ་བ་ལས་ཐོག་བླ་བྲང་གི་བྱམས་པ་ཞེས་པ་བྱུང་ཞིང་། ཁོང་ནི་གཅིག་ནས་རྒྱལ་གཞས་ཀྱི་གཞས་དཔོན་དང་། གཉིས་ནས་སྤོང་རོང་གཞུང་རྐྱང་གི་ཚོང་དཔོན་ཡང་རེད་འདུག། འོན་ཀྱང་འཁྲུངས་འདས་ལོ་ཚིགས་སོགས་ཞིབ་ཕྲ་མ་ཤེས། དེ་དང་དུས་མཚུངས་གཞས་དཔོན་རིག་འཛིན་དང་། རྒྱལ་གཞས་ལ་མཆོག་ཏུ་མཁས་པ་བདེ་ལེགས་རོང་པ་དང་། རྒན་པོ་རྣམ་རྒྱལ། གཡག་པ་རྡོ་རྗེ། བདག་ཅག་རྣམས་ལ་གཞས་གཞུང་འདི་ཉིད་སློབ་པའི་དགེན་དཔལ་འབྱོར་ལགས། ཡང་དེའི་མཇུག་ཏུ་གཞས་དཔོན་ཀ་གནམ་སོགས་རིམ་པར་བྱོན་པ་རྣམས་ཡིན་ནོ། །བོད་རྙིང་པའི་སྐབས་ཀྱི་རྒྱལ་གཞས་འཁྲབ་སྟོན་རྗེས་མ་ནི་ (1959) ལོར་ཡིན་ཞིང་། དེ་ནས་རྒྱལ་གཞས་འདི་ཉིད་གཞིས་བྱེས་ཁག་གཉིས་སུ་དར་བ་སྟེ། གཡག་པ་རྡོ་རྗེས་གཙོ་བོ་བྱས་པའི་བལ་སྡོད་སྤོང་རོང་པ་རྣམས་ཀྱིས་སྤོང་རོང་གི་རྒྱལ་གཞས་འཁྲབ་སྟོན་རྒྱུན་འཛིན་བྱེད་བཞིན་པ་དང་། གཉིས་ནས་དགེན་དཔལ་འབྱོར་ལགས་གཙོ་བོར་གྱུར་པའི་རྨོ་མོ་ཀུན་བཟང་དེ་ཉིད་སོགས་རྒན་རབས་དམ་པ་དེ་དག་གིས་གཞས་གཞུང་འདི་ད་ལྟའི་མི་རབས་ལ་བརྒྱུད་སྤྲོད་སློབ་སྦྱོང་ཐུབ་ཆེད། དཀའ་སྤྱད་ཀྱི་འབད་བརྩོན་ལྷོད་མེད་གནང་བ་དང་། ལྷག་པར་དུ་དཔལ་འབྱོར་ལགས་ཁོང་གིས་ལོ་ཆུང་དུས་རྒྱལ་གཞས་སློབ་སྦྱོང་ཧུར་བརྩོན་ཆེན་པོ་གནང་ནས་སྦྱངས་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་དགེ་རྒན་ནམ་གཞས་དཔོན་གྱི་ཚད་གཞིར་སླེབས་པ་དང་། གཞན་ལ་སློབ་རྒྱུར་དགའ་བའི་ལྷག་བསམ་སྙིང་དབུས་སུ་བཅངས་ནས། ཡན་སྤྱོད་ཏང་ཀར་དང་། ལེགས་ལུང་། དཔལ་ཁུད་ལྷོ་བཅས་ལ་ཕེགས་ནས་སྔོན་རྗེས་སུ་དགེ་རྒན་གཞོན་པ་དང་རྔ་རྡུང་བའི་མིང་ཐོག་ནས་སློབ་མ་རྣམས་ལ་སློབ་སྟོན་ཧུར་ཐག་གནང་བ་བཞིན་ཚང་མར་སྦྱངས་འབྲས་ཡག་པོ་བྱུང་། འོན་ཀྱང་སྤྱི་ལོ་ང་དགུ་ལོ་ནས་དུས་ཡུན་རིང་པོའི་བར་རྒྱལ་གཞས་འདི་ཉིད་འཁྲབ་པའི་གོ་སྐབས་མ་བྱུང་ཞིང་། ལྷག་པར་དུ་རིག་གནས་གསར་རྗེའི་དོན་རྐྱེན་འོག་རྙིང་པ་གང་ཡོད་རྩ་མེད་བཟོ་བའི་ལས་འགུལ་གྱིས། དུས་ཡུན་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་རིང་རྩ་ཆེའི་གཞས་གཞུང་འདི་ཉིད་ཀྱང་འཁྲབ་སྟོན་ལྟ་ཅི་ངག་ནས་གླེང་ཙམ་ཡང་མི་ཆོག་པས་རྩ་སྟོང་ལ་འགྲོ་ཉེའི་གནས་སུ་གྱར། འོན་ཀྱང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྟེན་འབྲེལ་ཞུ་ཆེད། སྤྱི་ལོ་(1981)ལོར་ཕྱོགས་ཡོངས་ནས་དགའ་སྟོན་ཟབ་རྒྱས་སྤེལ་བའི་བྱེད་སྒོའི་ཐོག་རིམ་གོང་སྲིད་གཞུང་རིམ་པ་བསྟར་ཆགས་ཀྱིས་ཐུགས་འཁུར་དང་བཀའ་སློབ་གནང་དོན་བཞིན། སྤོང་རོང་གི་རྒྱལ་གཞས་འཁྲབ་དགོས་པའི་བཀའ་ཕེབས་བཞིན། མི་ལོ་ཉི་ཤུ་ལྷག་ཙམ་ངག་ནས་གླེང་ཙམ་མི་ཆོག་པའི་རིག་གཞུང་འདི་ཉིད་དགེན་དཔལ་འབྱོར་ལགས་སོགས་སྤོང་རོང་གི་གཞས་མི་རྒན་རབས་གང་ཡོད་དང་། གཞས་ལ་མཁས་པའི་གཞས་མི་གསར་པ་ཁག་ཅིག་བསྡུས་ནས། ཉིན་ཤས་རིང་དྲན་གསོ་དང་ཟབ་སྦྱོང་ལྷོད་མེད་གནང་བ་དང་། འཁྲབ་ཆས་གོ་སྒྲིག་སོགས་དུས་ཡུན་ཟླ་གཅིག་ཙམ་འབད་རྩོལ་ཆེན་པོ་གནང་བ་བརྒྱུད། སྐབས་དེའི་གཉའ་ནང་རྫོང་གི་དགའ་སྟོན་དངོས་གཞིའི་མཛད་སྒོ་སྤྱི་ཟླ་༥་ཚེས་༢༠སྐོར་ལ་མགུ་ཚོ་གྲོང་ཚོར་སྤེལ་བའི་ཐོག། རིག་རྩལ་གྱི་བྱེད་སྒོ་སྣེ་མང་ཡོད་པའི་ནང་། སྤོང་རོང་གི་རྒྱལ་གཞས་འཁྲབ་སྟོན་གཟིགས་འབུལ་ཞུས་པས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ་པའི་གཞས་གཞུང་གལ་ཆེན་ཞིག་ཏུ་མཐོང་ཐུབ་པ་བྱུང་། དེ་ནས་བཟུང་སྤོང་རོང་གི་རྒྱལ་གཞས། ཞེས་ས་ཕྱོགས་ཁག་ཏུ་སྙན་གྲགས་ཅུང་ཟད་རྒྱས་པས། གཉའ་ནང་རྫོང་དུ་འཁྲབ་སྟོན་ཐེངས་འགའ་དང་། གཞིས་རྩེ་ས་གནས་སུ་འཁྲབ་སྟོན་ཐེངས་གཉིས་ཙམ། དེ་བཞིན་རང་རྫོང་གི་ཤང་གཞན་དག་ཏུ་ཡང་འཁྲབ་སྟོན་ཐེངས་འགའ་ཤས་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་ཁོ་ན་བྱུང་། ལོ་རབས་དགུ་བཅུ་པའི་མཇུག་ཏུ་སྐབས་དེའི་ཤང་གི་དབུ་འཛིན་རྣམས་ཀྱིས་གཞས་མི་ལོ་གཞོན་ཁག་ཅིག་གསར་བསྡུ་སྦྱོང་བརྡར་དང་། ཕྱོགས་གཞན་ཞིག་ནས་རྫོང་གི་དབུ་འཁྲིད་ལ་ཡང་སྙན་སྒྲོན་རྒྱབ་སྐྱོར་ཡོང་བའི་རེ་བ་བྱས། སྦྱོང་བརྡར་ལ་ཕན་འབྲས་གང་འཚམས་ཐོབ་མོད། རྫོང་ནས་འགྲོ་གྲོན་སོགས་ལ་ཐུགས་འཁུར་ནི་མ་ཐོབ། དེའི་སྔོན་ཙམ་དུ་༼ཆ་ཚང་གསུམ་སྔོག་བསྡུ་༽ཞེས་པའི་ལས་འགུལ་ཞིག་རྫོང་དྲིལ་སྒྲག་པུའུ་ཡིས་གཙོ་གཉེར་གནང་ནས་གླུའི་ཚིག་ཐོ་འགོད་པ་སོགས་ཕྱག་ལས་འགའ་ཞིག་གནང་ཡོད་ཀྱང་གྲུབ་འབྲས་ཇི་བྱུང་མ་རྟོགས། འོན་ཀྱང་སྤྱི་ལོ་ (2000) ལོར་སྤོང་རོང་ཤང་དང་གཞས་མི་རྒན་དྲག་རྣམས་གྲོས་བསྡུར་གྱིས་གཞས་མི་བསྐྱར་སྒྲིག་བྱས་ནས་གཞས་མི་ལོ་གཞོན་དང་། གཞས་གཞུང་ལ་དགའ་ཞེན་དང་སློབ་སྦྱོང་ལ་འབད་བརྩོན་ཅན་བསྡུ་རུབ་བྱས་ནས། ད་ལྟའི་རྒྱལ་གཞས་ཚོགས་པ་སྒྲིག་འཛུགས་ཐུབ་པ་བྱུང་། ལྷག་པར་དུ་ཨོ་སི་ཁྲོ་ལི་ཡ་ནས་ཡིན་པའི་མོ་ནི་ཁ་ཞེས་པའི་ཕྱི་རྒྱལ་བུ་མོ་ཞིག་གིས། བོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ་བརྒྱུད་ནས་སྤོང་རོང་རྒྱལ་གཞས་ཚོགས་པ་ལ་སྒོར་ཉིས་ཁྲི་རོགས་རམ་གནང་བས། འཁྲབ་ཆས་གང་འཚམས་བཟོ་ཐུབ་པ་བྱུང་བས། གཞས་མི་རྣམས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་ཐུབ་པ་བྱུང་། ལོ་དེའི་ནང་སྦྱོང་བརྡར་ཐེངས་གཉིས་བྱས་པར་གཞས་མི་རྣམས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ཉིན་མཚན་སྦྲེལ་ནས་འབད་བརྩོན་བྱས་པ་བརྒྱུད། རྩ་བའི་ཆ་ནས་རྒྱལ་གཞས་རྒྱུད་འཛིན་ལ་ནུས་པ་ཆེན་པོ་ཐོན་ནས། རྒྱལ་གཞས་ལ་དགའ་ཞེན་དང་འཁྲབ་སྟོན་གྱི་ཤེས་བྱ་གང་འཚམས་ཁོང་དུ་ཆུད་པའི་ན་གཞོན་མང་པོ་ཐོན། དེ་བཞིན་གྲོང་ཚོ་ཁག་གིས་ཀྱང་ལོ་གསར་སོགས་དུས་སྟོན་ཁག་ལ་རྒྱལ་གཞས་འཁྲབ་པས་ལས་ཀ་དེར་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན། ལོ་དེར་རྒྱལ་གཞས་ཀྱི་ཚིག་ཐོ་དང་རྩོམ་པ་པོ་ངོ་སྤྲོད་སོགས་འཁོད་པའི་ཡི་གེ་ཞིག་ཕྲན་ཟླ་བས་རྩོམ་སྒྲིག་བྱས། སྤྱི་ལོ་ (2004) ལོར་གཞས་མི་ཚང་འཛོམས་ཐོག་གཞས་དཔོན་གསར་བསྐོའི་ཚོགས་འདུ་འཚོགས་ནས་འགྱུར་མེད་དང་། ཕུར་བུ་བཀྲ་ཤིས། ལྷག་པ། བདེ་སྐྱིད། སྐལ་བཟང་ཆོས་སྒྲོན་བཅས་གཞས་དཔོན་གསར་པར་བདམས་ཐོན་བསྐོ་བཞག་བྱས་ཤིང་། ལོ་བསྟར་ཆགས་ཆོས་སྡིངས་དགོན་པའི་སྒྲུབ་མཆོད་ལ་རྒྱལ་གཞས་ཐེངས་རེ་འཁྲབ་རྒྱུ་དང་། དེ་ཡང་རྒྱལ་གཞས་པ་ཡོངས་རྫོགས་ཚོགས་ཆུང་གཉིས་ལ་བགོས་ནས་ལོ་རེ་མོས་ཀྱི་འཁྲབ་རྒྱུའི་གྲོས་ཆོད་བྱུང་། དེའི་དགོས་ཆ་ཉེར་མཁོ་འགའ་ཞིག་པད་ཆོས་དགོན་པ་དང་གྲོང་ཚོ་གཉིས་ནས་གང་སྒྲུབ་ཞུ་རྒྱུ་དང་། འདིའི་ཐོག་ཕྲན་རང་གིས་ཀྱང་ཐབས་ཤེས་གང་དྲག་བྱ་རྒྱུ་བཅས། ལམ་ལུགས་འདི་ད་ལྟའི་བར་དུ་ལག་ལེན་དུ་ལྟར་བཞིན་པ་ཡིན་ལགས། ལྷག་པར་དུ་སྔོན་ལོ་ནས་བཟུང་སྤོང་རོང་ཤང་གི་དབུ་ཁྲིད་ཀྱིས་གཟིགས་མཐོང་ཆེན་པོ་གནང་ནས་གཞས་མི་རྣམས་ལ་འབྲེལ་བ་དམ་ཟབ་ཐོག །སྔར་ལས་ལྷག་པའི་རྒྱུད་འཛིན་སློབ་སྦྱོང་གོང་འཕེལ་གཏོང་རྒྱུ་དང་། གཉིས་ནས་སྤོ་རོང་རྒྱལ་གཞས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱས་ནས་ཚད་ལྡན་གྱི་རིག་གཞུང་ལོ་རྒྱུས་ལྡན་པ་འདི་ཉིད། དཔལ་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་འདིའི་ནང་རྣམ་པ་གསར་རྐྱང་གི་ཐོག་ནས་མངོན་ཐུབ་པ་བྱེད་རྒྱུའི་དགོངས་དོན་བཞིན་འབྲོག་སྡེ་སྤོང་རོང་གི་རྒྱལ་གཞས་བྱུང་རིམ་མདོར་བསྡུས་སུ་བཀོད་པའོ།།
༣ གཞས་གཞུང་འདི་ཉིད་འཁྲབ་སྟོན་བྱེད་པའི་དུས་དང་གནས་གཉིས་ལས་དང་པོ་ནི། གཙོ་བོ་སྤོང་རོང་རྗེ་དབོན་རིམ་བྱུང་རྣམས་སྐུ་འཁྲུངས་པའི་བཙས་སྟོན་དང་། བླ་དཔོན་ཁྲི་གསོལ། བདག་མོ་བསུ་བཞེས། དེ་མིན་དམིགས་གསལ་གྱི་བྱེད་སྒོ་ཁག། ལོ་གསར་དགའ་གཏོང་སོགས་དུས་བཟང་དགའ་སྟོན་གྱི་རིགས་ཁོ་ན་ལ་འཁྲབ་ཀྱི་ཡོད། འོན་ཀྱང་ཉེ་སྔོན་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་དུ་དཔལ་འབྱོར་སྒྲུབ་བྱེད་དུ་འཁྲབ་པའང་རེ་གཉིས་བྱུང་འདུག། དེ་ནི་དགེ་ཐོགས་པའམ་དགྱེ་ཐོགས་པ་ཞེས་འབོད་པའི་གཞས་གཞུང་དམིགས་བསལ་ཞིག་ཡོད་འདུག་པ་དེའི་ཚབ་ཏུ་འཁྲབ་པ་ཡིན་ཚོད་འདུག། རྒྱལ་གཞས་འདི་ཉིད་འཁྲབ་པའི་ཡུལ་ནི། གཙོ་བོ་སྤོང་རོང་སྦྲ་ཆེན་དང་པདྨ་ཆོས་སྡིངས་དགོན་གཉིས་གཙོ་བོར་གྱུར་བའི་སྤོང་རོང་མངའ་ཞབས་རྣམས་སུ་ཡིན་པར་འདུག་ཅིང་། དཔལ་ཁུད་དམ་སྤོང་རོང་གི་འབྲོག་གནས་འདིར་ཆུང་བྱིས་པ་ནས་རྒན་མགོ་དཀར་བར་མི་ཚང་མས་དགའ་ཤོས་བྱེད་པ་དང་། ས་ཁྱབ་རྡོ་ཁྱབ་དུ་དར་བའི་རིག་རྩལ་གྱི་བྱེད་སྒོ་དམིགས་གསལ་ཅན་ཞིག་ཡིན་པས། གཞས་གཞུང་འདི་ཉིད་ཀྱི་མིང་ལའང་«སྤོང་རོང་གི་རྒྱལ་གཞས»ཞེས་གང་སར་གྲགས་པ་ཡིན་ནོ། །གཞན་ཡང་སྤོང་རོང་མངའ་ཞབས་བོད་གཞིས་ཁག་ལྔའི་གྲས། ནུབ་ལུང་དང་། གླིང་ཤར་གཉིས་ལའང་རྒྱལ་གཞས་པ་སྒྲིག་འཛུགས་གནང་ཡོད་འདུག། གནས་དུས་དམིགས་གསལ་གྱི་དགོས་མཁོའི་ཐོག་ནས་ཕྱོགས་གཞན་དུ་གཞས་མི་གདན་ཞུས་ཀྱིས་འཁྲབ་པའང་རེ་གཉིས་བྱུང་ཡོད་འདུག།

༤ དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ་སྤོང་རོང་གི་རྒྱལ་གཞས་འདི་ཉིད་ས་ཕྱོགས་གཞན་དག་ཏུ་ཁྱབ་སྤེལ་ཅུང་ཟད་བྱུང་བར་མངོན་ཏེ། སྤྱི་ལོ་(1955)ཙམ་དུ་ལེགས་ལུང་གི་དགེ་སློང་ཁྲ་མ་ལུང་པའི་སྐབས་སུ། དགེ་སློང་ཁྲ་མ་ལུང་པས་སྤོང་རོང་སྤྱི་གཉེར་དགྲ་འདུལ་ལ་རེ་འདུན་བཀའ་མོལ་ཞུས་པ་བཞིན། རྒྱལ་གཞས་སློབ་པའི་དགེ་རྒན་དུ། སྤོང་རོང་ནས་བདེ་ལེགས་རོང་པ་དང་། དགེན་དཔལ་འབྱོར་གཉིས་ཕེབས་ཤིང་། མཐར་ཕྱིན་པར་སློབ་གཉེར་བགྱིས་ནས་དེ་མ་ཐག་ཏུ་འཁྲབ་སྟོན་བྱས་ནས་ལྟད་མོ་ཆེ་ཞིང་ཁྲ་མ་ལུང་གི་ཤེ་འཛིན་པ་རྣམས་ཀྱི་དགོས་དོན་ལེགས་པར་གྲུབ་སྐད། དུས་དེ་ནས་ལེགས་ལུང་པ་རྣམས་ལ་རྒྱལ་གཞས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་(2010)ལོའི་སྐྱིད་གྲོང་གི་དུང་རྒྱག་དུས་ཆེན་སྐབས་སུ། ལེགས་ལུང་གི་གཞས་དཔོན་སྐལ་བཟང་ལྷུན་གྲུབ་ཀྱིས། གཞས་གཞུང་འདི་ཉིད་སྔ་མོ་ནས་ལེགས་ལུང་དུ་ཡོད་ཚུལ་དང་གཞས་དཔོན་མི་རབས་བཅོ་ལྔ་ཙམ་སོང་ཚུལ་སོགས་བརྗོད་པ་ནི། མི་བདེན་རྫུན་སྒྲིག་བྱས་པ་ཞིག་ཡིན་མིན་གོང་དུ་དྲངས་པའི་ལོ་རྒྱུས་ཀྱིས་གསལ་ཞིང་། ལྷག་པར་དུ་རྒྱལ་གཞས་འདི་ཉིད་གང་ལས་བྱུང་བའི་ཁུངས་དང་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་ཏུ་མངོན་པས། ཇི་སྐད་དུ། སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང་། །ཞེས་སོགས་སློབ་མ་ངན་པའི་མཚན་ཉིད་དུ་གསུངས་པ་བཞིན། མཁས་པ་རྣམས་ཐུགས་ཁྲེལ་བའི་རྒྱུར་ཟད་དོ། ། དུས་དེའི་སྔོན་ཙམ་དུ་ཡན་སྤྱོད་ཏང་དཀར་ལ་དགེན་དཔལ་འབྱོར་དང་དང་། རྒན་པོ་རྣམ་རྒྱལ་སོགས་ཕོ་གཞས་མོ་གཞས་ཆ་ཚང་བ་ཕྱིན་ནས་ཞག་འགའ་བསྡད་ནས་འཁྲབ་སྟོན་བྱས་པར། མོ་གཞས་རྣམས་ལ་རྒྱན་གོས་རིན་ཐང་ཅན་ཡན་སྤྱོད་ཀྱི་ཚོང་པ་རྣམས་ཀྱིས་རང་བཞིན་ངོམ་འདོད་ཀྱིས་འདོགས་པ་ཞིག་བྱུང་འདུགགཞན་ཡང་གཙང་སོའི་ཡུལ་གཞན་ལ་ཡང་རྒྱལ་གཞས་འཁྲབ་སྲོལ་ཡོད་པ་ཚང་མ་སྤོང་རོང་ནས་མཆེད་པ་ཡིན་པ་རྒན་རབས་རྒྱུས་ཅན་ཁག་གི་ངག་སྒྲོས་སུ་གསལ་ལོ། །དེ་བཞིན་ཁོ་གཡག་པ་རྣམས་ལ་ཡང་རྒྱལ་གཞས་བསླབ་འདུག་ཀྱང་དེང་སྐབས་ཤེས་མཁན་ཡོད་མིན་མ་ཤེས། ཉེ་ཆར་(2009)ལོར་ཕུ་རི་གྲོང་ཚོ་ཐུན་མོང་གི་རེ་འདོད་བཞིན་ངོ་ཡོན་ནས་གཞས་མི་རྒན་གྲས་དབང་ཕྱུག་གིས་ཆེད་ཕེབས་སློབ་སྦྱོང་བྱས་ནས། དེང་སྐབས་སྤོང་རོང་གི་རྒྱལ་གཞས་འཁྲབ་སྟོན་རྒྱུན་འཛིན་བྱ་མུས་སུ་ཡོད་པ་བཅས་ཕྱོགས་གཞན་དུ་སྤོང་རོང་གི་རྒྱལ་གཞས་དར་སྤེལ་བྱུང་བའི་སྐོར་རགས་ཙམ་ཞིག་ལགས་སོ། །
༥ གཞས་གཞུང་འདིའི་དམིགས་གསལ་ཁྱད་ཆོས། གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་གཞས་ཞེས་འབོད་པ་ལྟར་གཞས་གཞུང་འདིའི་ལེ་ཚན་སྔོན་རྗེས་དང་ཚིག་དོན་གུང་བསྒྲིགས་ནས་དྲག་པོ་གཡུལ་གྱི་ལས་ལ་རྒྱལ་ཁ་ཐོབ་པ་མཐོན་པར་མཚོན་པ་ཡིན་ཏེ། དཔེར་ན། རས་པ་ཞེས་པའི་ལེ་ཚན་འདིས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གྱི་སྙིང་པོ་དཀའ་སྤྱད་སྙིང་རུས་ཆེན་པོས་འཇིག་རྟེན་ཆོས་བརྒྱད་རྒྱབ་ལ་སྐྱུར་ནས། ཚེ་གཅིག་ལུས་གཅིག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་མཛད་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཆེ་བ་མངོན་པར་གསལ་ཞིང་ཉོན་མོངས་པ་རྣམས་གང་ཟག་ཞིག་དང་གཏན་བྲལ་མཛད་པས་ཆོས་ཀྱི་རྒྱལ་ཁའམ་ཆེ་བ་བླ་ན་མེད་པ་ཐོན་པ་དང་། ཨ་ཅེ་རྒྱ་བཟའི་ལེ་ཚན་གྱིས་བོད་ཀྱི་བློན་པོ་མགར་བ་སྟོང་བཙན་ནམ་མགར་རིག་པ་ཅན་གྱི་རིག་པའི་རྣམ་འགྱུར་མང་པོས་རྒྱ་བཟའ་སློང་མི་རྒྱལ་ཁབ་གཞན་གྱི་ཕོ་ཉ་འམ་བློན་པོ་རྣམས་ལས་རྣམ་པར་རྒྱལ་བས། འཇིག་རྟེན་སྲིད་དང་ཐབས་འཕྲུལ་གཞན་ལས་ཕུལ་དུ་ཕྱིན་པ་མཚོན་པ་དང་། མཐར་ཐུག་དགྲ་ཤ་གཅོག་པའི་ལེ་ཚན་གྱིས་དྲག་པོ་གཡུལ་གྱི་ལས་ལ་རྒྱལ་ཁ་ཐོབ་པ་མཚོན་ཞིང་། དེ་རྗེས་བཀྲ་ཤིས་གདུང་དར་སོགས་ཀྱིས་ཞི་བདེ་དང་བཀྲ་ཤིས་ཀྱིས་ཁྱབ་པར་བྱས་ནས་ཡུལ་ལུང་བདེ་སྐྱིད་དང་ལྡན་པ་མཚོན་པ་སོགས་གཞས་གཞུང་འདིའི་མིང་དང་འབྲེལ་བའི་ནང་དོན་དང་ཁྱད་ཆོས་ཉུང་བསྡུས་ཤིག་ལགས་སོ། །
༦ ཚིག་དོན་གར་དབྱངས་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱལ་གཞས་འདིའི་དཔེ་མཚོན་ཁྱད་ཆོས་འགའ་ཞིག་ཞུ་བ་ལ། གཞས་སྐོར་གཅིག་ལ་གདངས་དབྱངས་མི་འདྲ་བ་གསུམ་ཙམ་སྦྲེལ་ནས་ཡོང་བ་དང་དེ་བཞིན་གར་སྟབས་ཀྱང་མི་འདྲ་བ་གསུམ་འབྲེལ་དུ་ཡོང་བ་ཡིན་ཞིང་། དེ་ཡང་ཚིག་དོན་གྱི་ཆ་ནས་དང་པོ་སྒོ་བཤད་དང་། དེ་ནས་གཞས་སྒོ་ཕྱེ་བ། གཞས་མ་སྤྱན་འདྲེན། གཞས་བྲོ་འཁྲབ་སའི་ས་ཞུ་བའམ་དོ་ར་བསྒོར་སའི་ས་ཞུ་བ། མཆོད་ཡུལ་ཁག་ལ་ཇ་མཆོད་འབུལ་བ། རྗེ་མི་ལའི་རྣམ་ཐར་དུམ་བུ། རྒྱ་བཟའ་སྤྱན་འདྲེན་གྱི་ལོ་རྒྱུས་དུམ་བུ། ཇ་དང་ཇ་ཁང་གི་བཤད་པ། བླ་དཔོན་གོང་མ་དང་། སྦྱིན་བདག་གནང་སྦྱིན་མཁན་ལ་ཕྱག་འབུལ། གྲི་བཤད་དང་མཇུག་གི་ཕྱྭ་གཡང་སོགས་རྣམ་གྲངས་ཕུན་སུམ་ཚོགས་པ་དང་། གར་ལ་ཆ་མཚོན་ན་རྒྱལ་གཞས་ཡོངས་ལ་ཁྱབ་ཆེ་བའི་ཐོ་རེངས་སྐར་ཆེན་དང་། ལྕག་ཤད། དེ་གཉིས་རྐང་བྲོ་བྱ་འགྲོས་དང་ལག་པ་པད་ཀོར་ཅན། དེ་མིན་གཞས་སྣ་རེ་ལ་བྲོ་སྣ་རེ། དཔེར་ན་ཇ་མཆོད་ལ་མཆོད་པ་འབུལ་བའི་སྟངས་སྟབས། དེ་བཞིན་དོ་ས་ལ་ས་ཞུ་བའི་རྣམ་པ་དང་། གསུང་གདངས་པ་ལ་མཚོན་ན། སེང་གེའི་འགྱིང་སྟབས་དང་། རྒོད་པོའི་གཤོག་སྒྲོས། ཉ་མོའི་འཁྱུག་འགྲོས། ཤ་བའི་སྤུས་འཛུགས་བཅས་དང་། རྨ་བྱ་ལ་རྨ་བྱའི་གཡས་སྐོར། མཇལ་དར་ལ་མཇལ་དར་འབུལ་བའི་སྟངས་སྟབས་སོགས་རྣམ་གྲངས་ཕུན་སུམ་ཚོགས་པ་དང་། དབྱངས་ལ་མཚོན་ན་ལེ་ཚན་རེ་ལ་དབྱངས་རིང་བ་རེ་དང་ཐུང་བ་རྣམ་གྲངས་གཉིས་རེ། དེ་ཐམས་ཅད་ཀྱང་ཚང་མ་འགྱུར་ཁུག་མི་འདྲ་བ་ཤ་སྟག་ཡོད་པས་ཕྱོགས་གང་ས་ནས་རྣམ་གྲངས་ཕུན་སུམ་ཚོགས་པའི་དགེ་མཚན་མངོན་པར་གསལ་བ་ཞིག་ལགས་སོ། །དེ་ལྟར་སྤོང་རོང་རྒྱལ་གཞས་ཀྱི་ངོ་སྤྲོད་མདོར་བསྡུས་འདི། དེང་སྐབས་ཀྲུང་དབྱང་གིས་མི་རིགས་རིག་གནས་ཀྱི་བྱ་བཞག་ཁག་ལ་མཐོང་ཆེན་གནང་ནས་རྣམ་གྲངས་མང་པོ་ཞིག་རིམ་པ་ཁག་གི་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་འཇུག་པ་སོགས་ཐུགས་ཁུར་ཟབ་བཞེས་གནང་བའི་སྐབས་འདིར། རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་པའི་འཁྲབ་གཞུང་ངམ་གཞས་གཞུང་འདི་ཉིད་ཀྱང་གོ་ལ་འདིའི་སྟེང་དུ་རྒྱུན་རིང་ཙམ་ཞིག་གནས་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་བཅངས་ནས། གཞས་མི་ཐུན་མོང་གི་བསམ་འདུན་བཞིན། གཞས་མིའི་འགན་མིང་ཙམ་འཛིན་པ་ཕྲན་ཟླ་བས། ༢༠༡༢་༡༠་༡༡་ལ།

བརྒྱུད་སྐུལ།

མཆན་སྤེལ།