༄༅། །དབེན་གནས་ཤོད་རོང་ཆོས་ལུང་མཁར་དཀར་དུ་བཞུགས་སྐབས་སུ་སྩལ་བའི་ཀ་བཤད་བཞུགས་སོ།།

༄༅། །དབེན་གནས་ཤོད་རོང་ཆོས་ལུང་མཁར་དཀར་དུ་བཞུགས་སྐབས་སུ་སྩལ་བའི་ཀ་བཤད་བཞུགས་སོ།།
ཀ་ཡེ་ཚུར་ལ་གསོན་དང་གྲོགས་མཆེད་རྣམས། །

ཁ་སང་ལ་དྭགས་ཕྱོགས་སུ་འགྲོ་རྒྱུ་དེ། །
ག་ལ་བལྟས་ཀྱང་སྐབས་སུ་བབ་འདུག་པས། །
ང་ནི་འགྲོ་རྒྱུར་གཏན་ཁེལ་ཟིན་པ་ཡིན། །

ཅ་ཟིང་འགྲོ་སོང་པད་ཤག་ཉག་ཕྲ་ཁར། །

ཆ་ལུགས་མི་གཅིག་ས་མཚམས་ཐར་དཀའ་ཡང་། །
ཇ་ཡི་བཅུད་འདྲའི་ནཱ་རོའི་གདམས་ངག་ཆེད། །
ཉ་མོ་ཆབ་ལ་འཕྱོ་བ་བཞིན་དུ་འགྲོ། །

ཏཱ་རེ་འཕགས་མ་སྒྲོལ་མས་ཕྲིན་ལས་སྒྲུབས། །
ཐ་མལ་ཤེས་པ་རང་སོ་ཟིན་པ་ཞིག །
ད་ལྟའི་ལུས་འདིའི་ཐོག་ནས་ཅིས་མི་སྒྲུབ། །
ན་སོ་གཞོན་དུས་དཀའ་སྤྱད་མ་ནུས་ན། །

པ་ཕ་ཇི་བཞིན་རིམ་གྱིས་རྒས་འགྲོ་ན། །
ཕ་རྗེས་འཛིན་མ་ཐུབ་ན་བུ་རེ་ཞན། །

ཚ་གྲང་ངལ་དུབ་ཡིད་ལ་མི་བྱེད་པར། །
ཛ་ལན་དྷ་སོགས་གནས་རྣམས་ཡོངས་སྦྱངས་ཏེ། །
ཝ་ལེར་སེམས་ཀྱི་ངོ་བོ་སྐྱོང་བཞིན་དུ། །

ཞྭ་དམར་སྒྲུབ་བརྒྱུད་གོང་མའི་ཐུགས་ཀྱི་ནོར། །
ཟ་མ་ཏོག་བཞིན་གཅེས་པ་གདམས་པའི་གནད། །
འ་འུར་སྤྲོས་པས་མ་བསླད་གཏུམ་མོའི་གཞུང་། །

ཡ་རབས་རྣམས་ཀྱི་ནོར་སྐལ་དམ་པ་འདི། །

ར་བ་གངས་རིའི་དབུས་སྐྱེས་བན་ཆུང་ངས། །
ལ་ལུང་མང་པོ་བརྒལ་བའི་ཕ་རོལ་ནས། །
ཤ་ཁྲག་སྲོག་ལ་ཞེན་པས་མ་འཆིང་བར། །
ས་ཕྱོགས་དེ་རུ་སླེབས་པར་མ་བྱས་ན། །

ཧ་ཧ་རྒྱལ་གྱི་ཤྲཱིའི་བན་ཆུང་ཞན། །
ཨ་ཧོ་མཁྱེན་པར་གདའ་འམ་གྲོགས་མཆེད་རྣམས། །
དེ་སྐད་འཕྲལ་དུ་བློ་ལ་མངའ་གསལ་བཞིན། །
གསལ་བྱེད་སུམ་ཅུ་རྩ་བར་བཞག་པའི་གཏམ། །

གང་ཡང་མ་མཐོང་ཅི་ཡང་མི་ཤེས་པའི། །
ལ་སྟོད་ཕྱོགས་སུ་སྐྱེས་པའི་བནྡེའི་གཟུགས། །
དེང་སང་སྲང་མདོའི་ཁྲོད་ན་འགའ་རེ་ཡིས། །
ཤྲཱི་སེང་བྲག་སྤྲུལ་སྐུར་འབོད་ན་ཡང་། །

ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་ཞེས། །
མི་ཤེས་ཤེས་རྫུ་བྱེད་པའི་ཐོ་ཅོ་མཁན། །
མི་བདེན་བདེན་ཚོད་སྨྲ་བ་སྨྱོན་པའི་གཏམ། །
མ་འོངས་འོང་ཤས་རེ་བའི་ཕྱི་ཚིས་ཅན། །

མ་མཐོང་མཐོང་བའི་ཚུལ་དུ་བྲིས་པ་འདི། །
མཁྱེན་པ་ཅན་རྣམས་བཞད་མོའི་ཆ་རྐྱེན་དུ། །
རང་ལོ་ཉེར་གསུམ་ཆུ་སྟོད་ཟླ་ཚེས་ལའོ།།

ཤྲཱི་སེང་བྲག་རིན་པོ་ཆེ་མཆོག་གི་ཞལ་གསུངས་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ། དཔལ་ལྡན་བླ་མའི་དགོངས་རྒྱན་ཞེས་བྱ་བ་ལས་ལ་སྟོད་ཕོ་ཉས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།