དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
སྨིན་རུང་འབྲས་བུ། ངམ་རིང་རྫོང་།
སངས་རྒྱས་ཀུན་འདུས་སྙིགས་དུས་འགྲོ་བའི་མགོན། །
རིགས་གསུམ་གཅིག་འདུས་འཇམ་དབྱངས་མི་ཡི་གཟུགས། །
རིགས་བདག་མགོན་པོ་བདག་ཆེན་ས་སྐྱའི་གདུང་། །
སྐྱབས་མགོན་གོང་མ་མཆོག་ལ་གུས་ཕྱག་འཚལ། །
དང་པོ་འོད་གསལ་ལྷ་ཡི་རིགས་ལས་བྱོན། །
བར་དུ་འཁོན་གདུང་མི་ཡི་དབང་པོ་མཆོག །
ཐ་མར་རྗེ་བཙུན་ས་སྐྱའི་རིགས་བདག་ཆེ། །
བདག་ཆེན་སྨྲ་བའི་དབང་ཕྱུག་ཁྱེད་ལ་འདུད། །
མཁྱེན་པའི་རང་བཞིན་ངག་དབང་སྨྲ་བའི་གཟུགས། །
བརྩེ་ཆེན་རང་གཟུགས་འགྲོ་ལ་བུ་ལྟར་གཟིགས། །
ནུས་ལྡན་དབང་ཕྱུག་མདོ་སྔགས་ཆོས་ཀྱི་བདག །
བསླབ་གསུམ་གཙོ་འཛིན་ས་ཆེན་གོང་མར་འདུད། །
སྲིད་པའི་གྲོང་ཁྱེར་ཡངས་པའི་ཞིང་ཁམས་འདིར། །
རྡུལ་དང་འདྲེས་པའི་གསེར་བྱེ་ཇི་བཞིན་དུ། །
མ་ནོར་ལམ་བཟང་སྟོན་པའི་བཤེས་གཉེན་མཆོག །
རིགས་གསུམ་རྣམ་སྤྲུལ་བདག་ཆེན་གོང་མར་འདུད། །
རིགས་ཀུན་ཁྱབ་བདག་དཔལ་ལྡན་ས་སྐྱ་བའི། །
མདོ་སྔགས་བསྟན་བདག་ཁྲི་ཆེན་གོང་མ་མཆོག །
བདག་སོགས་ཚེ་རབས་ཀུན་ཏུ་མགོན་ཁྱེད་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཤོག །
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
གཙང་ཞི་ཟེགས། ལྷ་རྩེ་རྫོང་།
རབ་མཛེས་ལྷ་ལམ་ཡངས་པའི་ཞིང་ཁམས་སུ།།
རབ་མཆོག་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་བ།།
རབ་འཇམ་ཞི་བས་འདུལ་བྱ་སྐྱོབས་མཆོག་ཁྱེད།།
རབ་དཀར་གངས་ཅན་ལྗོངས་ལ་དམ་ཆོས་སྤེལ།།
འོད་གསལ་འཇམ་དཔལ་དབྱངས་དངོས་ལྷ་ཡི་རིགས།།
དྲི་མེད་འཁོན་གྱི་གདུང་རྒྱུད་ས་སྐྱ་པ།།
ཡབ་རྗེ་རྒྱལ་བ་རྡོ་རྗེའི་རྣམ་སྤྲུལ་བ།།
དྲི་མེད་འཁྲུངས་སྐར་ཉིན་འདི་འོད་ཀྱིས་བསུ།།
ཐུགས་སྐྱེས་འཛམ་གླིང་ཞི་བདེའི་སྤད་སྤུངས་ཅན།
འགྲོ་དྲུག་སེམས་ཅན་རེ་ལ་སྙིང་རྗེ་གཟིགས།
དམ་ཆོས་བདུད་བརྩི་གྲུ་ཆར་དཔལ་སྦྱིན་བརྙིལ།།
སྐྱབས་མགོན་གོང་མ་ཉིད་ཀྱི་འཁྲུངས་དཀར་བསུ།།
སྐུ་ཡི་མཛད་པ་སྲིད་གསུམ་གླིང་འདིར་ཁྱབ།།
གསུང་གི་བཀའ་སློབ་རྣ་བར་བདུད་རྩིའི་བཅུད།།
ཐུགས་ཀྱི་མཁྱེན་ཤེས་མ་ལུས་གཅིག་ཏུ་མངོན།།
རྒྱལ་སྲས་བྱང་སེམས་ཆེན་པོའི་འཁྲུངས་དཀར་བསུ།།
རྒྱལ་བསྟན་སྤྱི་དང་རང་ལུགས་ས་སྐྱ་པའི།།
བསྟན་འགྲོའི་མཛད་པ་འཛམ་གླིང་ཡོངས་ལ་གྲགས།།
ལུང་རྟོགས་བསྟན་པའི་བདག་ཉིད་ས་སྐྱ་པའི།།
ལུང་རྟོགས་དྲི་མེད་སྐྱོང་མཁན་བདག་ཆེན་བསུ།།
ཁྱོད་ནི་འཛམ་གླིང་ཞི་བདེའི་མགོན་པོར་འཁྲུངས།།
གུས་ཀྱི་སྐྱབས་གནས་གོང་མ་རྡོ་རྗེ་འཆང་།།
དེ་ཕྱིར་བདག་ཀྱང་དད་པའི་འཁུར་བ་ལ༎
བསྟེན་ནས་བསྐལ་བའི་བར་དུ་ཁྱེད་ཉིད་མཆོད།།
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
སྙིང་རྗེ་གངས་ཚང་། ངམ་རིང་རྫོང་།
ས་བསྟན་གྱི་གླེགས་བམ་ཁྲོད་ཀྱི་གསེར་གྱི་ཨ་ཡིག
འོད་ཟེར་ཡལ་མ་མྱོང་བའི་སྐར་མའི་འོད་ཆེན
དྲི་མས་གོས་མ་མྱོང་བའི་ཁ་བཏགས་དཀར་པོ
སེམས་སུ་བབས་པའི་མེ་ཏོག་སེར་ཆེན
ཡིད་ལ་འཁོར་བའི་དད་པའི་མེ་ཏོག
གསེར་གྱི་ཨ་ཡིག་སེར་པོ ཡིད་ཀྱི་མཆོད་མེ་ཚེ་འབར
ཕ་ཡུལ་ནས་རྒྱུན་ལྡན་དུ་ཟགས་པའི་ཆུ་ཡི་ཐིགས་པ
སེམས་སུ་བཞད་པའི་ཁ་བའི་མེ་ཏོག་གི་ཚོམས
ཉམས་པ་མེད་པའི་རིགས་རྒྱུད་གཙང་མ
དྲི་མ་རལ་བའི་ཚུལ་ཁྲིམས་ཀྱི་མེ་ཏོག
མུན་པའི་ནང་གི་སྒྲོན་མེ་འོད་ཅན
ས་དཀར་གྱི་མེ་ཏོག་སེར་པོ དགའ་དད་ཀྱི་མེ་ཏོག་འདབ་བརྒྱ
ལོ་རྒྱུས་ཀྱི་ཡིག་ཚགས་སུ་འཐིམ་ཞིང་ཁ་དོག་མ་ངེས་པའི་འཇའ་འོད
དཔེ་ཆའི་ནགས་ཚལ་དུ་ཉུལ་བའི་ཚོན་རིས་ཅན་གྱི་རྒྱ་སྟགས
དུས་ཚོད་ལ་རྨ་ཁ་བཟོས་པའི་སྤུ་གྲི་འཁོར་ལོ
དུག་ལྔའི་ཕུང་ཁམས་གང་སར་གཏོར་བའི་ལྷ
སྙིང་སྟོབས་ཀྱི་གོ་ཆ་གྱོན་པའི་མྱི་དཀར་པོ
ཁ་དོག་མང་བའི་འཇའ་འོད སྙིང་སྟོབས་ལྡན་པའི་གོ་ཆ།
ཞེས་པ་འདི་ནི་དཔལ་ལྡན་སེང་གེའམ་དྲྭ་མིང་སྙིང་རྗེ་གངས་ཚང་གི་ཕ་ཤུལ་ནས་དཔལ་ཚར་པའི་གདན་ས་འདར་གྲང་མོ་ཆེ་རུ་སྦྱར་བ་དགེའོ༎
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
གཙང་རིག་གསར་། རྣམ་གླིང་རྫོང་།
མཚན་མཆོག་གསུམ་ལྡན་གོང་མ་ལྷ། །
རིས་མེད་ཆོས་ཀྱི་ལམ་སྟོན་པ། །
བདག་སེམས་དད་པའི་རྟེན་མཆོག་ཉིད། །
འཁོན་གདུང་སྐུ་ཡི་འཁྲུངས་སྐར་བསུ། །
རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
རིགས་དང་དཀྱིལ་འཁོར་ཀུན་གྱི་བདག །
མཁས་གྲུབ་བྱེ་བའི་གཙུག་རྒྱན་མཆོག །
འཁྲུངས་སྐར་བསུ་ཞིག་འཁྲུངས་ལྷ་གསོལ། །
དམར་སེར་འཇམ་དཔལ་རྡོ་རྗེ་ཡིས། །
སྐལ་ལྡན་འགྲོ་བའི་ལམ་སྟོན་ཆེད། །
རྣམ་འགྱུར་མི་ཡི་གཟུགས་སྣང་བས། །
རྣམ་དཀར་བློ་ཡིས་འཁྲུངས་སྐར་བསུ། །
བྱང་ཕྱོགས་ཐུབ་པའི་རྒྱབ་ཚབ་ཏུ། །
མཚན་དཔེའི་མེ་ཏོག་གསར་བཞད་པའི་། །
སྐལ་བཟང་འགྲོ་བའི་མགོན་པོ་ཡི། །
ཚེས་བཟང་འཁུངས་སྐར་བུ་ངས་བསུ། །
སྔགས་འཆང་མགོན་པོའི་འོད་ཆེན་པོས། །
འགྲོ་བློའི་སྨག་གི་མུན་པ་སངས། །
སྐྱབས་མཆོག་སྐུ་ཡི་འཁྲུངས་སྐར་ལ། །
ཤིས་པའི་མེ་ཏོག་ལན་བརྒྱར་མཆོད། །
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
སྲིན་བུ་མེ་ཁྱེར། མཐོང་སྨོན་རྫོང་།
འཁོན་རིགས་ཀྱི་མངའ་བདག་ས་སྐྱ་པ། །
སྙིགས་དུས་ཀྱི་ཐར་ལམ་འདྲེན་བྱེད་པ། །
འགྲོ་དྲུག་གི་དད་ཞིང་སྒྲོན་མེ་པ། །
དད་པའི་མགོན་ཁྱེད་ཀྱི་འཁྲུངས་སྐར་བསུ། །
མི་ཡུལ་གྱི་དཀའ་གནད་ལམ་སྟོན་པ། །
དད་པའི་སྒྲོན་མེ་ཡི་སྐྱབས་མགོན་ལགས། །
སྡུག་གསོག་གི་འགྲོ་བའི་བྱང་སེམས་པ། །
སྐུ་ཚེ་ཡུན་རིང་གི་འཁྲུངས་སྐར་བསུ། །
རིས་མེད་ཀྱི་འགྲོ་བའི་ལམ་སྟོན་པ། །
མུན་ནག་གི་འོད་ཟེར་གླིང་བཞི་ཁྱབ། །
བྱང་སེམས་ཀྱི་བདག་ཉིད་སྐྱབས་མགོན་ལགས། །
སྐུ་ཚེ་ཡུན་རིང་གི་འཁྲུངས་སྐར་བསུ། །
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
༄༅། །མཚན་མཆོག་གསུམ་ལྡན་གདུང་སྲས་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་འགྱུར་མེད་དད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
མཁྱེན་རབ་ཐོགས་མེད། ལྷ་རྩེ་རྫོང་།
མཚན་མཆོག་གསུམ་ལྡན་གདུང་རྒྱུད་དྲི་མ་མེད། །
བསྟན་འགྲོའི་མགོན་དུ་མི་འཇིགས་གདོང་ལྔའི་ཁྲིར། །
ཞབས་པད་བསྐལ་བརྒྱའི་བར་དུ་བཞུགས་གསོལ་འདེབས། །
འཆི་མེད་ལྷ་མཆོག་གསུམ་གྱི་དགེ་ལེགས་སྩོལ། །
ངག༵་གི་དབ༵ང་པོ་འཇམ་དབྱངས་རིགས་ལས་འཁྲུངས། །
འགྲོ་ཀུན༵་དགའ༵་བའི་བསྟན་འགྲོའི་མགོན་གཅིག་པུ། །
ཐེག༵་ཆེན༵་ཆོས་ཀྱི་སྒྲ་དབྱངས་སྒྲོག་མཁས་ཞིང་། །
ཕན་བདེའི་དཔ༵ལ་དུ་འབ༵ར་ཞིང་ཞབས་བརྟན་གསོལ། །
གང་སྐུ་ཉི་གཞོན་གསར་པའི་འོད་མདངས་གིས། །
དད་ལྡན་སློབ་བུའི་མུན་པ་སེལ་མཛད་ཅིང་། །
སྤྱི་དང་བྱེ་བྲག་བརྩེ་ཆེན་རིང་ལུགས་ཆེ། །
འཛིན་སྐྱོང་སྤེལ་ལ་བགྲན་བྲལ་ཞབས་བརྟན་གསོལ། །
སྔོན་ཆད་མ་ཁྱབ་མཐའ་ཡས་ཡུལ་གྲུ་ཆེར། །
མགོན་པོ་ཁྱེད་ཀྱི་གསུང་ངག་ཆད་སྤེལ་གྱིས། །
སྐལ་ལྡན་གདུལ་བྱ་སྨིན་གྲོལ་ལ་བཀོད་པ། །
གསུང་ངག་བསྟན་པའི་སྲོག་ཤིང་འཚོ་ཞེས་གསོལ། །
འཆི་མེད་གཞལ་ཡས་ཆོས་ཀྱི་ཁང་བཟང་དུ། །
སྣ་ཚོགས་མཆོད་པའི་སྤྲིན་གྱིས་ལེགས་མཆོད་སྟེ། །
མགོན་ཁྱོད་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས། །
བསྟན་དང་འགྲོ་བའི་མགོན་དུ་བཞུགས་སུ་གསོལ། །
དེ་ལྟར་བསླུ་མེད་མཆོག་གསུམ་བྱིན་མཐུ་དང་། །
ཡི་དམ་ཆོས་སྲུང་རྣམས་ཀྱིས་བདེན་མཐུ་ཡིས། །
བདེན་ཚིག་འདི་ལ་དགྱེས་པའི་མངོན་ཕྱོགས་སྟེ། །
ཇི་ལྟར་གསོལ་བའི་འདོད་དོན་འགྲུབ་གྱུར་ཅིག །
ཅེས་པ་འདིའང་ཚར་པ་མཁྱེན་རབ་ཐོགས་མེད་ནས་༢༠༡༨ལོའི་ཟླ་༨ཚེས་༡ཉིན། མགོན་པོ་གང་གི་སྐུ་ཡི་འཁྲུངས་སྐར་ཉིན་སྦྱར་བ་དགེའོ།། །།
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
ཀུན་ཤེས། དིང་རི་རྫོང་།
ཨེ་མ་ཧོ། སྐུ་མཚན་དཔེས་རབ་ཏུ་རྒྱན་པ་དང་།།
གསུང་དགག་མེད་ཡན་ལག་དྲུག་བཅུའི་དབྱངས།།
ཐུགས་ཐུགས་རྗེའི་འོད་ཟེར་ཆེར་ལྡན་པ།།
ངའི་སྐྱབས་མགོན་སྐུ་ཡི་འཁྲུངས་སྐར་བསུ།།
མགོན་གནས་མེད་ངེས་མེད་གང་བཞུགས་ཀྱང་།།
ལས་དམན་པའི་འགྲོ་བའི་ཚོགས་རྣམས་ལ།།
དུས་རྟག་ཏུ་སྤྱན་གྱིས་གཟིགས་མཛད་པ།།
དུས་སྙིགས་མའི་སྟོན་པའི་འཁྲུངས་སྐར་བསུ།།
སྔོན་བསྐལ་བ་གྲངས་མེད་དུས་ཞིག་ན།།
ལྷ་ཐུབ་དབང་ཞབས་ལ་ཕྱག་འཚལ་ནས།།
དུས་སྙིགས་མར་འགྲོ་དོན་ཞལ་བཞེས་མཁན།།
སྐྱབས་དཔལ་ལྡན་བླ་མའི་འཁྲུངས་སྐར་བསུ།།
ལྷ་ཐུབ་པའི་དབང་པོས་ལུང་བསྟན་ཅིང་།།
སྒོས་ཨོ་རྒྱན་ཆེན་པོས་བྱིན་གྱིས་རླབས།།
མཐར་ནག་པོ་ཆེན་པོས་གང་གསུངས་སྒྲུབ།།
ལྷ་ངག་གི་དབང་པོའི་འཁྲུངས་སྐར་བསུ།།
ཡུལ་གངས་ཅན་ས་ཡི་ཐིག་ལེ་རུ།།
སྐྱེ་མུ་ཏིག་སྟར་གྱི་སྐུ་སྤྲུལ་ནས།།
བོད་འབངས་ལ་ཆོས་ཀྱི་གྲུ་ར་སྟེར།།
ངའི་སྐྱབས་མགོན་མཆོག་གི་འཁྲུངས་སྐར་བསུ།།
ཡར་མངོན་དགའི་ཞིང་དུ་ཕེབས་པ་དང་།།
མར་འཇིག་བརྟེན་ཁམས་སུ་བྱོན་པ་སོགས།།
གནས་གང་ཕེབས་ས་ལ་དབང་ལྡན་པ།།
སྐྱབས་རྡོ་རྗེ་འཛིན་པའི་འཁྲུངས་སྐར་བསུ།།
ཆོས་མདོ་རྒྱུད་འཆད་ལ་ཟླ་མེད་པའི།།
ཕ་བླ་མ་མཚན་མཆོག་གསུམ་ལྡན་གྱི།།
སྐུ་མི་འགྱུར་རབ་ཏུ་བརྟན་ནས་ནི།།
སྙན་བ་དན་དཀར་པོ་རྒྱས་པར་ཤོག།
མགོན་པོ་གང་གི་འཁྲུངས་སྐར་དོན་བཞི་པ་ལ་གུས་སློབ་དིང་རི་བ་ཀུན་ཤེས་སྦྱར་བ་དགེའོ།།
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
༄༅། །རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་བསུ།
ཐབ་ཀ་བ། མཐོང་སྨོན་རྫོང་།
གང་སྐུ་༵འགྱུར་མེད་རྟག་པའི་རང་བཞིན་སྐུ།།
གང་གསུང༵་སྙན་འཇེབ་རང་གྲོལ་དྲུག་བཅུའི་དབྱངས།།
གང་ཐུག༵ས་དགྱེས་པ་རྡོ་རྗེའི་ཟབ་མོའི་ཐུགས།།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
མཁྱེ༵ན་པའི་སྤྱན་ཡངས་གངས་ཅན་ཡོངས་ལ་གཟིགས།།
བརྩེ༵་བའི་འོད་མདངས་སྐྱེ་འགྲོ་ཀུན་ལ་འཕྲོ།།
ནུས༵་པ་སྟོང་ལྡན་གཞན་དོན་ཁོ་ནར་མཛད།།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
ཐོས༵་པ་ཤེས་བྱའི་ནས་ལ་ཕ་མཐའ་ཡས།།
བས༵མ་པས་གཞན་གྱི་ཐེ་ཚོམ་དོགས་གནས་སངས།།
སྒོམ༵་པས་འཁོར་འདས་དབྱེར་མེད་ལྟ་བ་ཤར།།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
འཆད༵་པས་གདུལ་བྱའི་ཉོན་མོངས་བསེལ་བར་མཛད།།
རྩོད༵་པས་ལེགས་ཉེས་བདེན་རྫུན་ཤན་རེ་འབྱེད།།
རྩོམ༵་པའི་བསྟན་བཅོས་ཉེར་ཅིག་གསོས་སུ་སྨིན།།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་དཀར་བསུ།།
བརྩེ་མདངས་སེམས་སུ་གྲུབ་ནས་གཞན་དོན་འབད།།
ཁེ་གྲགས་དབང་འབྱོར་སྐྱུར་ནས་ཉམས་ཚུལ་འཛིན།།
གདུང་སེམས་ཉི་ཟླ་འདྲ་བའི་འདྲེན་པ་མཆོག།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
གང་གི་ཐུགས་རྗེས་འཕྲོ་བའི་འོད་ཟེར་ལས།།
སྐལ་ལྡན་རྣམས་ཀྱི་ཉོན་མོངས་ལེགས་པར་བཅོམ།།
གདུལ་བྱ་གང་ལ་གང་འདུལ་འདྲེན་མཛད་པའི།།
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
རིས་མེད་བསྟན་པའི་བདག་པོ་སྐྱབས་མགོན་མཆོག །
བསིལ་ལྗོངས་གོ་ལའི་ཁྱབ་བདག་སྐྱབས་མགོན་མཆོག །
འཇམ་དབྱངས་མི་ཡི་གཟུགས་འཛིན་སྐྱབས་མགོན་མཆོག །
སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།།
ཅེས་རྗེ་བཙུན་བརྩེ་བ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་སློབ་འབངས་གི་གྲལ་སྟར་ཚུད་པ་བློ་སྨན་པ་ཐབ་ཀ་བ་ནས་བོད་རབ་བྱུང་བཅུ་བདུན་པའི་ཟླ་ཚེས་བཟང་པོར་རང་ཤག་ཏུ་ཤར་མར་བྲིས་པ་དགེའོ། །
དད་པའི་མེ་ཏོག་མཆོག་གི་འཁྲུངས་སྐར་ལ་ཕུལ།
མདའ་སྨྱུག ལྷ་རྩེ་རྫོང་།
རིགས་ཀུན་ཁྱབ་བདག་བཅུ་གསུམ་རྡོ་རྗེ་འཛིན་པའི་གཙུག་རྒྱན།
སྲིད་གསུམ་བསྟན་པའི་མངའ་བདག་སྐྱབས་མགོན་འགྲོ་བའི་གཉེན་གཅིག་པུ།
འཁོན་རིགས་བསྟན་པའི་རྩ་བ་འཇམ་དབྱངས་མི་ཡི་རྣམ་སྤྲུལ་པའི།
གངས་ལྗོངས་འགྲོ་བའི་མུན་སེལ་སྐྱབས་མགོན་གོང་མའི་འཁྲུངས་སྐར་བསུ།
པད་དཀར་ལྕང་ལོ་ཅན་གྱི་རྣམ་པ་ས་ཆེན་ཀུན་དགའི་རྣམ་སྤྲུལ།
བྱང་ཕྱོགས་བསྟན་པའི་གསལ་བྱེད་སྣང་སྲིད་གུ་རུའི་རྣམ་སྤྲུལ།
འཛམ་གླིང་ཞི་བདེའི་དེད་དཔོན་གངས་ལྗོངས་བསྟན་པའི་དབང་པོ།
ས་དཀར་བསྟན་པའི་རྒྱལ་བ་ཁྲི་ཆེན་གོང་མའི་འཁྲུངས་སྐར་བཟང་།
གངས་ལྗོངས་བསྟན་པའི་མགོན་པོ་ཐེག་ཆེན་འོད་གསལ་ལྷ་ཡི་གདུང་རྒྱུད།
སྙིགས་དུས་འགྲོ་བའི་སྒྲོན་མེ་ས་དཀར་བསྟན་པའི་དབང་པོ་མཆོག།
རྡོ་འཛིན་བྱེ་བའི་གཙུག་རྒྱན་བཅུ་གསུམ་རྡོ་རྗེ་འཛིན་པའི་རྒྱལ་པ་མཆོག།
སྐྱབས་མགོན་ས་སྐྱ་གོང་མའི་སྐུ་ཡི་འཁྲུངས་སྐར་བཀྲ་ཤིས་བཟང་།
སྐུ་ཡིས་བཀོད་པ་སྲིད་གསུམ་འདུལ་བྱའི་དོན་དུ་མཛད་འཕྲིན་སྤེལ།
གསུང་གིས་བཀོད་པས་སྙིགས་དུས་འགྲོ་བའི་བློ་ངན་འདུལ།
ཐུགས་གི་བཀོད་པས་བྱམས་བརྩེའི་འོད་སྣང་རྟག་ཏུ་འཚེར།
གཞན་དོན་ཁོ་ནར་གཡེང་བའི་གོང་མའི་འཁྲུངས་སྐར་བསུ།
དཔལ་ཚར་པའི་གདན་ས་གོང་གི་སློབ་མ་ཐ་ཞལ་བ་གཞོནུ་བློ་གྲོསམ་མདའ་སྨྱུག་ནས་མགོན་པོ་མཆོག་གི་སྐུ་ཡིས་འཁྲུངས་སྐར་ལ་ཕུལ།།
ཡོང་ཁུངས། ན་གཞོན་པའི་སྙན་ངག་དགའ་ཚལ་སྤྱི་སྟེགས།