༄༅།། རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་ཆེན་པོ་དགའ་ལྡན་ཁྲི་ཐོག་བརྒྱ་བ་༧རྗེ་བཙུན་བློ་བཟང་ཉི་མ་མཆོག་གིས་མཛད་པའི་༧སྐྱབས་མགོན་ས་སྐྱ་གོང་མ་མཆོག་གི་ཞབས་བརྟན་དཔལ་ལྡན་བླ་མ་དམ་པ་ཞེས་བྱ་བ་བཞུགས་སོ།།
༄༅།། གཞུང་བརྒྱ་སྨྲ་བའི་ངག་ལ་དབང་ཐོབ་ཅིང་།།
མཁས་ཀུན་དགའ་བ་བསྐྱེད་པའི་ལེགས་བཤད་གཏེར།།
བླ་མེད་ཐེག་ཆེན་ལུང་རྟོགས་བསྟན་པའི་རྒྱན།།
མཚན་སྙན་ས་གསུམ་དཔལ་འབར་ཁྱོད་ལ་འདུད།།
གང་གི་གསང་གསུམ་ལས་བཞིའི་ཕྲིན་ལས་ནི།།
གདུལ་བྱའི་རེ་ཀུན་སྐོང་བའི་བསམ་འཕེལ་ནོར།།
ཡིད་བཞིན་དབང་གི་རྒྱལ་པོ་འགྲོ་མགོན་རྒྱལ།།
གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་བཞུགས་གསོལ།།
བློ་གྲོས་དྲི་མེད་ཆུ་ཤེལ་དཀྱིལ་འཁོར་ལས།།
རྣམ་དཔྱོད་འོད་དཀར་བསིལ་ཟེར་སྟོང་འབྱེད་པ།།
འགྲོ་ཀུན་རྨོངས་མུན་དྲུང་ནས་འབྱིན་མཛད་པའི།།
དཔལ་ལྡན་བླ་མ་དམ་པ་བརྟན་བཞུགས་གསོལ།།
རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན་པའི་དཔྱིད།།
ཚད་མ་བཞི་དང་སྙན་བརྒྱུད་བཞི་ལྡན་གྱི།།
རྒྱལ་བསྟན་ས་གསུམ་ཁྱོན་ལ་དབང་བསྒྱུར་བའི།།
མགོན་ཁྱོད་ཐུགས་བསྐྱེད་བརྟན་པོས་བརྟན་བཞུགས་གསོལ།།
མདོར་ན་གངས་ཅན་མགོན་པོའི་ཐུགས་བསྐྱེད་བཞིན།།
གངས་ལྗོངས་རྒྱལ་བསྟན་བཞེད་སྲོལ་ཇི་སྙེད་ཀུན།།
དམ་གཙང་འོ་ཆུ་གཅིག་ཏུ་འདྲེས་པ་ཡི།།
རིས་མེད་རྒྱལ་བསྟན་སྤེལ་བའི་གཉེན་གྱུར་ཅིག །