༤༦༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར། (འཕྲོ།) ལེའུ་དང་པོ། སད་ཀྱི་དབྱེ་བ་དང་དགུ་དཔྱད་སྐོར།
སྤྱིར་ན་སད་སྡང་བའི་ཁུལ་ནི། ཞོགས་པ་ཉི་མ་ཐོག་མར་ཤར་སའི་ཁུལ་དེར་སད་སྡང་བ་དང་། ཉི་མ་ཕོག་པ་ཅུང་འཕྱི་པོ་ཡིན་པའི་རི་ཁུག་ལྟ་བུར་སད་ཀྱི་གནོད་པ་ཅུང་ཉུང་པ་ཡིན། གང་ཡིན་ཞེ་ན་ཉི་མ་སྔོན་ལ་ཤར་བ་དང་དྲོད་གསོག་དྲགས་ན་དགོང་མོ་སད་རྒྱག་སྐབས་ཚ་གྲང་འཐབ་ཅེས་སད་ཀྱི་གནོད་པ་ཆེ་བ་ཡོད། མཚོ་འགྲམ་དུ་ཡོད་པའི་གྲོང་ཚོ་དག་གི་ས་ཞིང་ལ་སད་ཀྱི་གནོད་པ་ཤིན་ཏུ་ཉུང་། དེ་ནི་སད་ཀྱི་གནོད་པ་མཚོ་ཡིས་ལེན་གྱི་ཡོད་པས་རེད། སད་ཀྱི་ནང་ནས་ཉེན་ཚབས་ཆེ་ཤོས་ནི་ཝ་མོའི་གདོང་སད་དམ་སྟག་ལུང་སྟག་སད་ཅེས་པ་དེ་ཡིན། དེ་ཡང་བོད་ཟླ་དྲུག་པའི་ཟླ་མཇུག་སྐོར་ལ་རྒྱག་གི་ཡོད། སྤྱིར་སད་དེ་རྒྱབ་པ་ཉུང་མོད། གལ་ཏེ་བརྒྱབ་ན་གནོད་པ་ཤིན་ཏུ་ཆེ་བས་འབྲུ་སྦང་མ་ལྟར་གྱུར་ནས་ཧ་ལམ་འབྲུ་རྡོག་གཅིག་ཀྱང་བསྡུ་མ་ཐུབ་པའི་ཚད་དུ་སླེབས་ཀྱི་ཡོད། བོད་ཟླ་དྲུག་པའི་ནང་འཁྱུག་འབུར་ལག་ཟེར་བ་ཞིག་རྒྱག་གི་ཡོད་ཅིང་། དེ་ནི་ཕུ་རག་གི་ས་ཞིང་ལ་ཧ་ཅང་གནོད་པ་ཆེ། དེ་ནི་བརྟགས་འཀའ་ན་ཡང་། བུད་མེད་ཅིག་གི་ངོས་ནས་བཤད་ན་མངལ་ལ་གནོད་ཆེ་བས་དོགས་དགོས་པ་ཡིན། འཁྱག་དེས་གཞའ་ཚན་ཆེ་སར་དེ་ཙམ་སྐྱོན་ཆེ་བ་མེད།
ཞིང་ཁའི་གཡས་གཡོན་དུ་བྲག་རི་མཐོན་པོ་དང་རྩི་ཤིང་སྟུག་པོ་ཡོད་ན་འཁྱག་གི་གནོད་པ་བཀག་ཐུབ་པ་དང་མ་མཐར་ཡང་ཆུང་དུ་གཏོད་ཐུབ།སོས་ལོ་ཡག་ན། །བདག་པོ་ལྟོགས་ནས་ཤི །ཞེས་པ་ནི་བྱ་པིང་ཀྱུང་ལོག་དུས་ཀོང་སད་ཅེས་པ་ཞིག་རྒྱག་གི་ཡོད་ཅིང་། སོས་ལོ་ཡག་ན་འདེབས་འཕྱི་བས་ཀོང་སད་དེ་གཡོལ་མ་ཐུབ་པར། ལོ་ཏོག་ལ་མགོ་མ་སླེབས་གོང་ཀོང་སད་ཀྱིས་འཁྱེར་བའི་ཉེན་དུ་བཤད་པས། བདག་པོ་ལྟོགས་ཤི་རྒྱག་ངེས་ཞེས་ཀོང་སད་ལ་གཡོལ་ཐོབ་པ་བྱེད་དགོས་པའི་གནས་ལུགས་བཤད་ཡོད་ཅིང་། ཀོང་སད་ནི་དུས་སད་ཡིན་པས་རྒྱག་པར་ཐེ་ཚོམ་ཅི་ཡང་མེད་པ་རེད།
༤༧༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར། (འཕྲོ།) ལེའུ་དང་པོ། སད་ཀྱི་དབྱེ་བ་དང་དགུ་དཔྱད་སྐོར།
དགུ་དཔྱད་ཡག་པོ་འཛོམས་མིན་གཙོ་བོ་ནི། དགུ་དང་པོ་དྭངས། །དགུ་གཉིས་པ་རྙོག །(འཐིབས་)དགུ་གསུམ་པ་སྐྱུག །ཅེས་དགུ་དང་པོར་གནམ་ཧ་ཅང་དྭངས་པོ་དགོས་པ་དང་། དགུ་གཉིས་པར་ཉག་ཉོག་སྟེ་གནམ་འཐེབས་དགོས་པ། དགུ་གསུམ་པ་སྐྱུག་ཅེས་པ་ནི་ཁ་བ་བབས་དགོས་པ་བཅས་དགུ་དཔྱད་དེ་དག་འཛོམས་ན་ཕྱི་ལོ་ལེགས་པར་བརྩི་བ་རེད། ཡིན་ན་འང་། དགུ་དཔྱད་ཤེ་མོས་འཁྱེར་ན། །དགུ་གྲང་བ་སྡུག་གྱོང་བྱེད། །ཅེས་སླར་ཡང་ངན་པར་བཤད་པ་ཡིན། དགུ་རུལ་ན་ཞོགས་པ་ཆུ་ལ་རླངས་པ་ཐོན་པ་དང་། ཕྱིནལོ་ལོ་ཉན་ཁ་ཡོད། ཡུལ་འགའ་རེར། དགུ་ཞག་ཉེར་བདུན་རིང་གནམ་འཐེབས་ཆེ་ན་ཕྱི་ལོ་ལོ་ལེགས་ཡོང་བའི་རྟགས་ཞེས་དང་། དགུ་ཞག་ཉེར་བདུན་རིང་གནམ་འཐིབས་ཆེ་ན་ཕྱི་ལོ་ལོ་ལེགས་ཞན་པའི་རྟགས་ཞེས་ཟེར་རོ། །དགུ་དང་པོ་གྲང་ན་བོད་ཟླ་བཞི་པར་ཆར་ཆུ་ལེགས་པ་དང་སྔ་འདེབས་བཟང་བ་ཡོད།དགུ་གཉིས་པ་གྲང་ན་བོད་ཟླ་ལྔ་པར་ཆར་ཆུ་ལེགས་པ་དང་བར་འདེབས་བཟངས་བ་ཡོད།དགུ་གསུམ་པ་གྲང་ན་བོད་ཟླ་དྲུག་པར་ཆར་ཆུ་ལེགས་པ་དང་ཕྱི་འདེབས་བཟང་བ་ཡོད།དགུ་རུལ་དཔྱིད་འཁྱགས་ཡིན་ན་ཕུ་རག་ལ་ལོ་ལེགས་ཡོད།
སྐྱང་ཞག་དགུའི་རིང་ལ་ཁ་ཆར་བབས་ན་དགུང་ཐན་ངེས་པར་འོང་།
༤༨༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར། ལེའུ་གཉིས་པ། ཉ་དྲུག་འཛོམས་མིན་བརྟག་ཐབས།
སྤྱིར་ན་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་དགོང་མོ་སྨིན་དྲུག་ཟླ་འོག་ཏུ་ཉལ་མིན་ལ་བརྟེན་ནས་ཕྱི་ལོའི་ལོ་ལེགས་མིན་ལ་བརྟག་སྲོལ་ཡོད་པ་སྟེ། ཉིན་དེ་ནས་བཟུང་སྟེ་འཕྱི་བ་འོག་ཉལ། །པུ་ཤུད་གྱང་འོག་ཉལ། །སྦྲུམ་པ་རྫ་འོག་ཉལ། །ཉ་མོ་འཁྱག་འོག་ཉལ། །སྨིན་དྲུག་ཟླ་འོག་ཉལ། །ཞེས་དགུན་གྱི་སྒོམ་ཆེན་དག་ཀྱང་ཉལ་གྱི་ཡོད་པ་དང་། སྨིན་དྲུག་ཟླ་འོག་ཏུ་ཡག་པོ་ཉལ་ན་ཕྱིས་ལོ་ཆུ་ལེགས་པ་དང་རྒྱལ་ཁམས་ལ་དམག་འཁྲུག་མུ་གེ་སོགས་མེད་པའི་ལོ་བདག་འཇམ་པོ་ཡོང་བར་བཤད་ཀྱི་ཡོད། དེ་ཡང་སྨིན་དྲུག་ཟླ་འོག་ལ་ཡག་པོ་ཉལ་མིན་བརྟགས་ན། རྔོན་པ་ཁྱི་འཁྲིད་ཙམ་གྱིས་ཟིན་པ་ཡིན། ། ཞེས་ཉལ་བར་བརྩི་བ་དང་། གཡག་ཕོ་སྣ་ཐག་ཙམ་གྱིས་འཐད་པ་ཡིན། ཞེས་གླང་གི་སྣ་ཐག་ཙམ་གྱི་རིང་ཐུང་བསྡད་ན་སྨིན་དྲུག་ཟླ་འོག་ཏུ་ཉལ་མ་ཐུབ་པར་བརྩི་བ་རེད། ཞིབ་ཕྲའི་བརྩི་སྟངས་ནི་འདི་ལྟ་སྟེ། ཉ་དྲུག་འཛོམས་མིན་ཡང་བོད་ཀྱི་ལོ་ཕྱུགས་བརྟག་པའི་ཐབས་ཁྱད་པར་གཅིག་དང་། བརྟག་ཐབས་ནི་འདི་ལྟ་སྟེ། བོད་ཟླ་བཅུ་གཅིག་གི་ཚེས་ཆེན་བཅོ་ལྔ་ལ། །སྨིན་དྲུག་ཟླ་བའི་སྔོན་དུ་བྱུང་གྱུར་ན། །ལོ་ཉེས་ཕྱུགས་ཉེས་མི་ནད་དག་ཀྱང་འབྱུང་། །ཟླ་བའི་རྗེས་སུ་ལུས་ན་འཁྲུག་རླུང་འོང་། །ལྷོ་ཕྱོགས་ངོས་སུ་བྱུང་ན་ཐན་པ་ཆེ། །
༤༩༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར། ལེའུ་གསུམ་པ། སྐྱོར་ཁའི་བརྟག་ཐབས།
སྐྱོར་ཁའི་བརྟག་ཐབས་ལ་བལྟ་བའི་དུས་དང་། ཕྱོགས། གནས་བཅས་གསུམ་ཡོད་པ་ལས། དང་པོ་བལྟ་བའི་དུས་ནི། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བདུན་དང་། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ། བོད་ཟླ་དང་པོའི་ཚེས་ཉེར་གསུམ་བཅས་ལ་རིམ་བཞིན་ཐོ་རེངས་སྔ་ཆ་ནས་ཕྱི་ཆའི་བར་ནམ་མཁའ་དྭངས་གསལ་གྱི་དུས་སུ་བལྟ་རྒྱུ་རེད། གཉིས་པ་བལྟ་བའི་ཕྱོགས་ནི། རང་ཉིད་གནས་པའི་ཤར་ལྷོའི་མཚམས་སུ་སྐར་མ་མིའི་ལག་པ་སོར་མོ་ཚང་བའམ་ཡང་ན་གླང་ཆེན་མགོ་བོ་འདྲ་བ་ཞིག་ཤར་བའི་ཕྱོགས་དེར་ཡིན། གསུམ་པ་བལྟ་བའི་གནས་ནི། གོང་གསལ་ཚེས་ཀྱི་ཟླ་བའི་དཀར་ཆ་དེ་སྐར་མ་ལག་སོར་གྱི་གནས་དེར་གང་དུ་ཡོད་མེད་བལྟ་རྒྱུ་དེ་རེད། དེ་ནི་ཞིང་འབྲོག་ཁུལ་དུ་སང་ལོ་ཐན་ཞོད་ཡོད་མེད་སོགས་ཀྱི་བརྟག་ཐབས་ཡིན། དཔེར་ན། ཟླ་བའི་ཁ་ཚེས་དེ་ལག་པའི་མཐེ་བོང་མན་ཆད་ནས་མཁྲིག་མའི་ཐད་བར་སོང་ན་སང་ལོ་ཆར་ཆུ་རན། ལྷག་པར་དུ་མཐེ་བོང་གི་རྩ་བར་སོང་ན་ཆར་ཆུ་ཆེ་བ་དང་། མཐེ་བོང་གི་སྐེད་པར་སོང་ན་སང་ལོ་ཐན་པ་ཆེ་བ། མཐེ་བོང་གི་རྩེ་མོར་སོང་ན་ཆར་རྒྱུན་སྙོམས། མཐེབ་མཛུབ་ཀྱི་བར་ལ་སོང་ན་ཞོད་སད་ཉེས། མཛུབ་མོར་སོང་ན་དབྱར་སྟོད་ཐན་ལ་དབྱར་སྨད་ཞོད། མཛུབ་མོ་གུང་མོའི་བར་ལ་སོང་ན་ཆར་རྒྱུན་སྙོམས། གུང་མོར་སོང་ན་སད་སེར་བཙའ་མང་འོང་། གུང་མོ་དང་སྲིན་ལག་བར་ལ་སོང་ན་ཁ་བ་ཆེ། སྲིན་ལག་ལ་བབས་ན་ཐན་པ་ཆེ་བའམ་འབྲུ་སྲིན་ཉེས། སྲིན་ལག་དང་མཛུབ་ཆུང་བར་སོང་ན་དབྱར་དུས་ཆར་ཆུ་ཆུང་། མཛུབ་ཆུང་རྩེར་སོང་ན་ཆར་ཆུ་དུས་སུ་འབབ། སྐྱེ་དངོས་འཚར་ལོངས་ཆེ། ལག་མཐིལ་་ངོས་སུ་སོང་ན་སད་སེར་འབུ་སོགས་ལོ་ཏོག་གི་དགྲ་མང་། ལག་པའི་མཁྲིམ་མ་དང་དེའི་ཉེ་མཁོར་དུ་སོང་ན་ཆར་ཆུ་ཆེ་ཞིང་། ཆུ་བོ་རྒྱས་པ་བཅས་སོ། ། གཞན་ཡང་སོ་ནམ་སྔ་བར་ཕྱི་གསུམ་གྱི་འདེབས་ཚོད་དང་། ལུང་པའི་ཕུ་མདའ་བར་གསུམ་ལ་བརྟག་པ་སོགས་མང་པོ་ཡོད་པ་དེ་དག་ལུང་ཚན་སོ་སོའི་ས་བབ་ལ་གཞིགས་ནས་སྐྱོར་ཁ་གང་དུ་འཛོམས་མིན་དུས་ཐོག་ལ་གཟུགས་རྒྱུ་རེད།
༥༠༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར།(འཕྲོ།) ལེའུ་གསུམ་པ། སྐྱོར་ཁའི་བརྟག་ཐབས།
གཞན་ཡང་སྐྱོར་ཁའི་རྫས་བརྟག་པ་ནི། ཕུ་མདའ་བར་སྐྱོར་གསུམ་འཛོམས་དུས་ཀྱི་སྐོར་ལ་རི་དྭགས་ཀྱི་པགས་པ་མཉེན་པོ་ཁྱིམ་གྱི་མཐོངས་ཁར་བཀབ་པ་སྐམ་པོ་དེར་བཞའ་རྙེད་པ་བྱུང་ན་སང་ལོ་སོས་ཆར་ཡག་པ་དང་། བཞའ་མ་རྙེད་པར་སྐམ་དུ་སོང་ན་སོས་ཐན་ཆེ། དེ་དུས་ནམ་མཁའི་མདོག་སྐྱ་བའི་མདོག་བྱུང་ན་སང་ལོ་སྔ་སད་སྡང་། ཐལ་རླུང་གིས་ཉི་མའི་འོད་མི་གསལ་བ་ལྟ་བུ་བྱུང་ན་སང་ལོ་དཔྱིད་ཀ་དང་སོས་ཀའི་དུས་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ་ལ་ནད་འབུ་མང་། སོས་ཆར་འབྲིང་། ནམ་མཁའ་འཐིབས་ལ་འཇམ་ཞིང་སྣུམ་ན་སང་ལོ་སོས་ཀ་དང་དབྱར་དུས་སྔ་ཐན་ཕྱི་ཞོད་བྱེད་པ་མང་། ནམ་མཁའ་དྭངས་ཤིང་འཇམ་ན་ཆར་ཆུ་དུས་སུ་འབབ་ཟེར་རོ། །
སྤྲིན་གྱི་མདོག་ལ་བརྟག་པ་ནི། སྤྲིན་དམར་འཁོར་ན་སང་ལོ་བཙའ་ཡི་རྟགས། སྤྲིན་ནག་ཕྱོགས་གང་འཁོར་ན་སང་ལོ་ཆར་དྲག་སེར་རྒོད་ཆེ། སྤྲིན་དཀར་བལ་འདྲ་སྔ་དགོང་ནམ་མཁར་ཁྱབ་ན་སང་ལོ་ཆར་རྒྱུན་རན། །ཞིང་པ་རྒན་པོའི་ཁ་རྒྱུན་དུ་འདི་ལྟར་གསུངས་སྲོལ་ཡོད་དེ། བཅུ་གཅིག་ཕུ་རག་ལག་སོར་དེ། །འབྲོག་ལུ་གུ་སྐྱོང་བའི་རྟགས་གཞི་ཡོད། །བཅུ་གཉིས་ཞིང་པའི་ལག་སོར་དེ། །མགོ་འདྲེན་དཔོན་པོའི་རྟགས་གཞི་ཡོད། །དང་པོའི་ཉེར་གསུམ་ལག་སོར་དེ། །བོད་སོན་རྩྭ་འཛུགས་པའི་རྟགས་གཞི་ཡོད། །ཅེས་སོ། །
༥༡༽ ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར།(འཕྲོ།) ལེའུ་གསུམ་པ། སྐྱོར་ཁའི་བརྟག་ཐབས།
དེ་མིན་ཡུལ་ཁ་ཅིག་ལ་བོད་ཟླ་བཅི་གཉིས་པའི་ཚེས་ཉེར་ལྔ་ཉིན་ལག་སོར་ལ་མ་བརྒྱབ་གོང་དུ་ལུད་ཕུང་གི་འོག་ཏུ་གྲོ་ནས་སྲན་གསུམ་སྦས་སྲོལ་ཡོད་པ་དང་། བོད་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཁ་འབྱེ་ནས་གྲོ་ནས་སྲན་གསུམ་གང་ཞིག་མྱུ་གུ་ལེགས་པ་འབུས་མིན་ལ་བརྟེན་ནས་སོན་འདེབས་བྱེད་སྲོལ་ཡོད། ཡར་འབྲོག་ཁུལ་གྱི་ས་ཞིང་སྨིན་པའི་དུས་ཚིགས་ནི་མ་ལྔ་བུ་ལྔ་ཞེས་ཟླ་བ་ལྔ་དང་ཞག་མ་ལྔ་སྟེ། ཞག་མ་བརྒྱ་དང་ལྔ་བཅུ་ང་ལྔ་འཇོག་དགོས་པ་དང་། དེ་དང་འདྲ་བར་མ་ལུག་སོ་སོར་འཕྲལ་དགོས་པར་བཤད། གཞན་ཡང་ཁ་དཔེར། ཞིང་ལ་ཆར་པས་ཆུ་དགོས་མི་ཆོད། ། ཅེས་ཞིང་ལ་ཆུ་ནི་ཟས་ཀྱི་ཚོད་དང་། ཆར་པ་ནི་གོས་ཀྱི་ཚོད་ཡིན་པས། ཞིང་ཆུ་འདྲེན་རྒྱུ་དེ་ཡང་གནད་འགག་ཅིག་ཡིན་པ་འཆད་དོ། །ཡང་ཁ་དཔེར། མི་འཇམ་པོས་དངུལ། །ཞིང་ཐ་ཆས་འདུལ། །ཟེར་བ་ནི་དགུན་དུས་ས་ཞིང་ལ་ཆུ་ལེགས་པར་བཏང་ན་ཕྱི་ལོ་ལོ་ལེགས་བཟང་བར་བཤད་སྲོལ་ཡོད་དོ། །
ཡོང་ཁུངས། ཡར་ཀླུང་སྤྲིན་ཆར། བོད་ཀྱི་སྲོལ་རྒྱུན་གནམ་དཔྱད་མེས་པོའི་ཞལ་རྒྱུན་ ༽ ཞེས་པའི་དཔེ་དེབ་འདིའི་ནང་གསེས་ཁག་དུམ་བུ་དུམ་བུར་དབྱེ་ནས་མུ་འགོད།
Post Views: 1,068