ལ་སྟོད་ཅེས་པའི་ཐ་སྙད།

ལ་སྟོད་ཅེས་པའི་ཐ་སྙད།

 

ལ་སྟོད་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ནས་དར་བའི་ལོ་རབས་ཀྱི་གསལ་ཁ་མེད། ཏོག་ཙམ་གྲགས་ཆེ་བ་ས་སྐྱ་བས་བོད་ཁྲི་སྐོར་བཅུ་གསུམ་བརྩིས་པ་ནས་དར་ཞིང་། དེ་སྐབས་སུ་ལྷ་སྡེ་གཞུང་པ་མ་གཏོགས་པའི་ལ་སྟོད་ལྷོར་ཧོར་དུད་ཆིག་སྟོང་བརྒྱ་མེད་བརྒྱད་ཅུ་གྱ་དགུ་དང་། ལ་སྟོད་བྱང་དུ་ཧོར་དུད་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་ཚུལ་བརྩིས་ཡོད། མ་ཟད། ཐ་སྙད་འདི་གནའ་དེང་གཉིས་ཀར་ལ་སྟོད་ཀྱི་མང་ཚོགས་སྤྱི་ཁྱབ་ནས་འབོད་སྲོལ་ཆེར་མེད། འོན་ཀྱང་རིག་གནས་པའི་སྡེ་ཚན་ནང་ཐ་སྙད་འདི་བེད་སྤྱོད་མང་པོ་བཏང་ཡོད། ལ་སྟོད་ཅེས་པའི་ལ་དང་ལྷོ་བྱང་གི་ངོས་འཛིན་ཐད། འགའ་ཞིག་གིས་<<ལ་>>དེ་ཤར་སྟག་ལ་རི་བརྒྱུད་ཀྱི་<<སྟག་ལ་ལ་མོ་>>དང་། ལྷོ་བྱང་ཞེས་པ་ནི་ཡར་ལུང་གཙང་པོ་གཞུང་དུ་བྱས་ཏེ་དེའི་ལྷོ་བྱང་ལ་ལྟོས་ནས་བཏགས་ཞེས་ངོས་འཛིན་བྱས་ཡོད།

འོན་ཀྱང་ལ་དང་ལྷོ་བྱང་གཉིས་ཀ་གཞི་གཅིག་ལ་བྱས་ཏེ་ལ་ནི་<<རྒྱ་མཚོ་ལ་>>དང་ལྷོ་བྱང་ནི་རྒྱ་མཚོ་ལའི་ཁ་ཕྱོགས་ལ་བལྟོས་ནས་བཞག་ན་ཡང་རྒྱུ་མཚན་མེད་པ་མིན། ད་དུང་། ལ་སྟོད་བྱང་པའི་བྱང་ཞེས་པ་འདི་ཕྱོགས་ཙམ་ལ་མིན་པར་བརྒྱུད་པ་དང་ལུང་བསྟན་གཉིས་ལ་བརྟེན་ནས་འགྲེལ་བཤད་རྒྱག་མཁན་ཡང་འདུག ལ་སྟོད་ལྷོ་བྱང་ནི་ལྷ་ངམ་གཉིས་དང་། དིང་གཉའ་གཉིས་ཀྱི་ཁྱབ་ཁོངས་ཡིན་ལ། སྤྱིར་ལ་སྟོད་ཀྱི་ཁྱབ་ཁོངས་ནི་ལྷ་རྩེ་ཁུལ་དང་། ངམ་རིང་ཁུལ། དིང་རི་ཁུལ། གཉའ་ནང་ཁུལ། སྐྱིད་གྲོང་ཁུལ། འབྲོང་པ་ཁུལ། ས་དགའ་ཁུལ་བཅས་ཡིན་ཅིང་། དགའ་ལྡན་ཕོ་བྲང་པའི་སྐབས་ལ་སྟོད་ལྷོ་ཁུལ་གཙོ་བོར་བྱས་པའི་ལ་སྟོད་སྤྱི་དཔོན་དུ་ལ་སྟོད་སྤྱི་ཁྱབ་ཅེས་པའི་དཔོན་ཆེན་ཞིག་ཀྱང་བསྐོས་ཡོད་ལ། ཞི་དྲག་གི་ལས་དོན་མང་པོ་ཞིག་ཐག་ཆོད་བྱེད་དགོས་ཀྱི་ཡོད་ཅིང་། ལས་ཁུངས་ལྟེ་བ་ཡང་ཤེལ་དཀར་རྫོང་དུ་ཡོད། ད་དུང་། ལ་སྟོད་ལྷོ་ཁུལ་གྱི་ས་ཁུལ་མང་པོ་ཞིག་ལ་སྟོད་སྤྱི་ཁྱབ་ཀྱི་མངའ་ཁུལ་དུ་མ་གཏོགས་པར་སྤོང་རོང་སྤྱི་ཁྱབ་ཀྱི་མངའ་འོག་ཏུ་གཏོགས་ཤིང་། མ་ཟད་སྡེ་པ་གཞུང་གི་མངའ་འོག་ཏུ་མ་གཏོགས་པར་བླ་བྲང་འོག་གི་མངའ་ཁོངས་སུ་གཏོགས་ཚུལ་སོགས་དགའ་ལྡན་ཕོ་བྲང་པའི་སྐབས་སུ་ཡང་མངའ་ཁུལ་མི་འདྲ་བ་མང་ཙམ་ཞིག་ཡོད་འདུག་ཅིང་། ས་སྐྱ་བའི་སྐབས་སུ་ཡང་ལྷ་སྡེ་དང་མི་སྡེ་ཞེས་པའི་སྡེ་ཚན་མི་འདྲ་བ་གཉིས་སུ་བཅད་ནས་འགའ་ཞིག་ས་སྐྱའི་དཔོན་ཁུངས་དང་འགའ་ཞིག་དགོན་པ་གཞུང་ལ་གཏོགས་པ་སོགས་མངའ་རིས་སུ་འགྲོ་ཚུལ་མི་འདྲ་བ་མང་པོ་ཡོད་པ་འདྲའོ།།

 

ལྟེ་ཁྲག་འཕོས་ས་ལ་སྟོད་ཡིན་ན་ཡང་།།

ལ་སྟོད་མིང་ཡང་མ་གོ་ལོ་མང་འདས།།

གོ་ཡང་ལ་སྟོད་ངོས་འཛིན་མ་ཤེས་པས།།

དོན་དུ་ལ་སྟོད་པ་དང་ལ་སྟོད་གང་།།

བརྒྱུད་སྐུལ།

མཆན་སྤེལ།