རྩམ་པ་གླེང་སྟངས་འགའ།

རྩམ་པ་གླེང་སྟངས་འགའ།

ང་ཚོས་རྩམ་པ་ཇི་ཙམ་ཟོས་སམ།

བོད་ཀྱི་ཁྱད་ལྡན་བཟའ་བཅའ་རྩམ་པའི་སྐོར་ལས།     རྩམ་པ་བྱུང་ཚུལ།  རྩམ་པའི་དབྱེ་བ།

རྩམ་པ་གྲུབ་ཚུལ། རྩམ་པ་འཐག་ཚུལ།  རྩམ་པའི་ཟས་རིགས།རྩམ་པ་དང་འབྲེལ་བའི་རིག་གནས།

རྩམ་པའི་ཕན་ནུས་བཅས་བདུན་གྱི་སྒོ་ནས་ངོ་སྤྲོད་མདོ་ཙམ་བརྗོད་པ་ལ་སྤྲོ་བ་སྟེ།


དང་པོ། རྩམ་པ་བྱུང་ཚུལ།

རྩམ་པ་ནི་བོད་མིའི་འཚོ་བའི་ནང་ཁ་བྲལ་ཐབས་མེད་པའི་སྲོལ་རྒྱུན་གྱི་བཟའ་བཅའ་གཙོ་བོ་ཞིག་ཡིན་ལ།     དེའི་ལོ་རྒྱུས་ཡུན་རིང་ཞིང་དེ་དང་འབྲེལ་བའི་རིག་གནས་ནི་རྒྱ་ཆེ་ལ་ཤིན་ཏུ་ཕུན་སུམ་ཚོགས་པར་ཡོད་དོ།།       བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོར་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་སྤྲ་དང་སྤྲེའུ་རིགས་བརྒྱུད་མཆེད་པ་ལས།  བོད་ཀྱི་མི་རྒྱུད་ཐོག་མར་བྱུང་བ་དང་།ཆེས་གདོད་མའི་མི་མ་སྤྲེལ་དེ་དག་གིས་ཤིང་ཏོག་སོགས་ཟས་སུ་སྤྱད་དེ་འཚོ་ཐབས་བསྟེན་ཡོད་ལ།  རིམ་གྱིས་གྲོ་ནས་སྲན་གསུམ་དང་གྲ་བོ་སོགས་ས་བོན་དུ་བྱས་ནས་ལག་གི་སྦར་མོས་འབྲད་དེ་ཞིང་འདེབས་པའི་སྲོལ་དར་བས།     ཞིང་ལ་སྔ་བ་སྦར་འབྲད་ཞིང་ཞེས་པ་བྱུང་བར་བཤད་ཅིང་།     ཞིང་ལ་འབྲུ་རིགས་སྣ་ལྔ་འདེབས་སྲོལ་དར་བ་ནས་རིམ་གྱིས་དུས་རབས་མང་པོ་སོང་རྗེས་རྒྱུ་ནས་དང་སྲན་མ་སོགས་ལས་སྣོན་བྱས་ཏེ་རྩམ་པ་བཟོ་ཤེས་པར་གྱུར་ཏོ།།        དེ་ཡང་མི་ལོ་སུམ་སྟོང་བརྒྱད་བརྒྱའི་ཡར་སྔོན་དུ་བྱོན་པའི་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་ཆོས་ལུགས་སྲོལ་གཏོད་མཛད་པ་དང་།       གདོད་མའི་ཆོས་ལུགས་ཀྱི་དམར་མཆོད་བྱེད་པའི་རྒྱུན་བཅད་དེ་འབྲུ་དཀར་གྱི་གཏོར་མ་དང་།འབྲུ་ཆང་གི་མཆོད་པ་ཕུལ་ནས་མདོས་ཆོག་གཏོང་བའི་ལམ་སྲོལ་བཙུགས་པར་གཞིགས་ན་སྐབས་དེ་ཙམ་ནས་ཀྱང་འབྲུ་རིགས་ལས་བསྣོན་བྱས་ཏེ་རྩམ་པ་དར་ཟིན་པ་གྲུབ་ཐུབ་བོ།།


གཉིས་པ། རྩམ་པའི་དབྱེ་བ།

   རྩམ་པར་གྲུབ་ཆའི་ཐོག་ནས་བཤད་ན་རིགས་ཀྱི་དབྱེ་བ་འདི་ལྟར་ཡོད་པ་སྟེ།  ནས་དཀར་མོའི་རྩམ་པ་དང་།ནས་ནག་རྩམ་པ།    སྲན་རྩམ།    གྲོ་རྩམ།    ཡུག་རྩམ།    འབལ་སྲན་ནམ་འདྲེས་རྩམ།  རན་རྩམ་སོགས་ཡོད་ལ།    དེ་དག་ལའང་སྤུས་ཚད་འདྲ་མིན་གྱི་ཐོག་ནས་དམངས་རྩམ།      བར་རྩམ།    ཞིབ་རྩམ་སོགས་ཡོད་ལ།   ཞིབ་རྩམ་ནི་ཡོས་ལྤགས་བཤུས་ཏེ་ཆེས་ཞིབ་མོར་བཏགས་པའི་རྩམ་པ་ཡིན་པས་སྤུས་ཚད་ལེགས་ཤོས་ཀྱི་རྩམ་པ་དང་།དེའི་རོ་བཅུད་ཆེ་ལ་དྲི་ཡང་ཞིམ་པོ་ཞིག་འཐུལ་བར་བྱེད་དོ།།       བར་རྩམ་དང་དམངས་རྩམ་གཉིས་ནི་སྤུས་ཚད་ཅུང་ཞན་པའི་རྩམ་པར་བརྩི་མོད།འོན་ཏེ།མང་ཚོགས་ཕལ་མོ་ཆེས་རྒྱུན་གཏན་འཚོ་བའི་ཁྲོད་དུ་བར་རྩམ་དང་དམངས་རྩམ་གཉིས་སྤྱོད་རྒྱ་ཆེ་ལ་དགའ་མོས་ཆེ་བར་བྱེད་པ་ཡིན།      བར་རྩམ་དང་དམངས་རྩམ་གཉིས་ནི་ཞོགས་པ་སྐྱོ་མ་བལྡག་པ་དང་མར་སྤགས་ཟ་བར་ཆེས་བཟང་ཞིང་།  ལྷག་ཏུ་དམངས་རྩམ་རྩིང་ཧྲལ་ནི་རྩམ་ཐུག་དང་ཤ་ཐུག་བསྐོལ་བར་ཆེས་བཟང་བ་ཡིན།      བར་རྩམ་གྱི་ནང་གསེས་འབལ་སྲན་ནི་སྤུས་ཚད་ལེགས་པའི་ནས་དང་སྲན་མ་མཉམ་དུ་བསྲེས་པའི་རྩམ་པ་ཡིན་པས་དེ་ལ་འདྲེས་རྩམ་ཡང་ཟེར་ཞིང་།དེའི་སྤགས་ནི་དྲི་ཤིན་ཏུ་ཞིམ་ལ་རོ་མངར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།       སྲན་རྩམ་ནི་སྲན་མ་བརྔོས་ནས་པགས་པ་བཤུས་ཏེ་ཞིབ་མོར་བཏགས་པའི་རྩམ་པ་ཡིན་པས།འདི་ཉིད་རྩམ་འགམ་རྒྱག་སྐབས་ཤིན་ཏུ་བཟང་ཡང་བཅུད་ཆེ་བས་ཅུང་འཇུ་དཀའ་བར་ཡོད་ཅེས་གསུངས་ནས་ཉུང་ཙམ་ཉུང་ཙམ་བཞེས་སྲོལ་ཡོད།

 


གསུམ་པ། རྩམ་པ་གྲུབ་ཚུལ།

    རྩམ་པ་གྲུབ་ཚུལ་ལ་ནི་རྒྱུ་བཟང་ཤོས་ནས་དང་སྲན་མ་གཉིས་ཡིན་ལ།      ནས་དང་སྲན་མ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་༢༢༠༠  ཡན་ཟིན་སར་སྐྱེས་པའི་གངས་ལྗོངས་ས་མཐོའི་ཡུལ་དང་དུས་ཀྱི་འགྱུར་བ་ལ་འཚམ་པའི་འབྲུ་རིགས་ཤིག་ཡིན།    ཐོག་མར་ཡུལ་དུས་དང་འཚམ་པར་ཞིང་ས་གཤིན་པོར་འདེབས་ལས་ཚུལ་དང་མཐུན་པར་བྱས་རྗེས།      ལོ་ཏོག་ལེགས་པར་སྨིན་མཚམས་ན་བསྡུ་བ་ཡིན།    ལོ་ཏོག་གཡུལ་ཁར་བསྡུས་རྗེས་རིམ་གྱིས་འབྲུ་རིགས་དང་སྦུན་པ་གཉིས་དབྱེ་བ་ལེགས་པར་འབྱེད་དགོས་པ་དང་།    དེ་རྗེས་བང་བར་གསོག་འཇོག་བྱེད་པའི་ཞིང་ལས་གོམས་སྲོལ་བརྒྱུད་རིམ་དང་ལྡན་པ་ཡོད།   གྲོ་ནས་སྲན་གསུམ་གང་ཡིན་རུང་ཡོས་མ་བརྔོས་པའི་གོང་དུ་ངེས་པར་འབྲུ་རིགས་ཆུ་གསེད་རྒྱག་དགོས་པ་ཡིན།     དེའི་དགོས་པ་ནི་འབྲུ་རིགས་ཁྲོད་དུ་ཡོད་པའི་རྡོ་ཧྲུག་དང་ས་རྡུལ་སོགས་བླངས་པ་དང་།    འབྲུ་རིགས་ལ་གཞའ་ཏོག་ཙམ་ཡོད་ན་ཡོས་བརྔོ་སྐབས་ལམ་སེང་མ་འཚིག་པའི་ཁྱད་ཆོས་ཡོད་པ་ཡིན།     གལ་ཏེ་འབྲུ་རིགས་ཁྲོད་ཀྱི་ས་རྡུལ་དང་རྡོ་ཧྲུག་དག་ལེགས་པར་ཆུ་ཡིས་མ་གསེད་ན་རྩམ་པ་ཞིམ་པོ་མི་འོང་ལ་ཟ་སྐབས་ཀྱང་མི་བདེ་བ་འོང་གིན་ཡོད།      ཡོས་བརྔོ་སྐབས་འབྲུ་རིགས་ལ་གཞའ་ཏོག་ཙམ་དགོས་པ་ཡིན་ལ།གལ་ཏེ་བརྔོ་བྱའི་འབྲུ་རིགས་གཞའ་ཚན་མེད་ན་ཡོས་ལམ་སེང་འཚིག་སླ་བས།  ཡོས་ཀྱི་ཁ་དོག་ཀྱང་མི་ལེགས་ལ་དེས་རྩམ་པའི་མདོག་ཀྱང་བཟང་པོ་ཞིག་འོང་ཐབས་མེད་པ་མ་ཟད།དེས་རྩམ་པའི་བྲོ་བ་ཡང་འཚིག་དྲི་ཅན་ཞིག་ཏུ་འགྱུར་ཏེ་མི་ཞིམ་པ་ཞིག་ཆགས་ཀྱི་ཡོད།    གལ་ཏེ་སྤུས་ཚད་ལེགས་པའི་རྩམ་པ་བཟོ་དགོས་ཚེ་ནས་དང་སྲན་མ་བརྔོས་ཚར་རྗེས་དྲུས་བརྒྱབ་ཏེ་ཕྱེ་མར་འཐག་དགོས་པ་ཡིན་དེ་ལ་ཞིབ་རྩམ་ཞེས་ཟེར་རོ།།


བཞི་པ།  རྩམ་པ་འཐག་ཚུལ་ནི།

    བོད་ཀྱི་མེས་པོ་རྣམས་ཀྱི་ཆེས་གནའ་བོའི་དུས་ཏེ་རྡོ་ཆས་གསར་རྙིང་གི་སྐབས་སུ་རྡོ་གཞོང་ནང་དུ་དབུར་རྡོས་ཕྱེ་མར་བཏུལ་ཏེ་རྩམ་པ་བཟོ་བ་ཡིན་ལ།     དེ་རྗེས་འཚོ་བའི་ཐོན་སྐྱེད་གོང་མཐོར་ཕྱིན་པ་དང་རྡོ་ཡི་ལག་བསྐོར་ཏེ་རང་འཐག་གིས་རྩམ་པ་འཐག་པའི་སྲོལ་དར་ཞིང་རང་འཐག་ལ་གནའ་བོའི་བརྡ་རྙིང་པར་མཆིག་ཅེས་ཟེར་བ་ཡིན།

སྲོང་བཙན་སྒམ་པོའི་གོང་དུ་རང་འཐག་སྟེ་ལག་པས་བསྐོར་ནས་རྩམ་པ་འཐག་པའི་སྲོལ་དར་ཟིན་པར་བཤད་མོད།   འོན་ཏེ་ཆུ་ཡི་ནུས་ཤུགས་ལ་བརྟེན་ནས་རང་འཐག་གི་རྡོ་ཆེན་པོ་བསྐོར་ཏེ་རྩམ་པ་འཐག་པའི་སྲོལ་ནི་རྒྱ་བཟའ་ཀོང་ཇོས་བཙུགས་པར་འདོད་ཚུལ་ཡོད་པ་སྟེ།རྒྱལ་རབས་གསལ་བའི་མེ་ལོང་ལས།      རྒྱ་བཟའ་བོད་དུ་ཕེབས་སྐབས་ལྡན་མ་བྲག་ལ་ལྷ་བརྐོས་པ་དང་།      ཕུང་པོ་རི་ལ་ལམ་བཅོས་པ།  རི་དྭགས་བཟུང་ནས་འོ་མ་འཇོ་བ།      ཁམས་ཀྱི་པད་མ་གཤོངས་སུ་ཤྭ་བ་བཟུང་སྟེ་ཞིང་རྨོ་བ་དང་།      རང་འཐག་ཆུ་འཁོར་འཛུགས་པ་སོགས་བྱས་ཞེས་དང་།      རང་འཐག་ཆུ་འཁོར་འཛུགས་ཀྱིན་འོང་ཞེས་ཀྱང་གསལ་ལོ།།       རང་འཐག་ཆུའི་ཤུགས་ལ་བརྟེན་ནས་བསྐོར་ཏེ་རྩམ་པ་འཐག་པས་ན་ཆུ་སྐོར་ཞེས་དང་།དེས་བཏགས་པའི་རྩམ་པར་ཆུ་འཐག་རྩམ་པ་ཞེས་ཟེར་རོ།།


 

   ལྔ་པ། རྩམ་པའི་ཟས་རིགས་ལ།

༡ རྩམ་འགམ་ནི།    རིགས་དང་སྤུས་ཚད་མི་འདྲ་བའི་རྩམ་པ་སྣ་ཚོགས་རྩམ་འགམ་རྒྱག་སྲོལ་ཡོད་ལ་རྩམ་འགམ་རྒྱག་པར་འབལ་སྲན་ནི་ཞིམ་ཤོས་སུ་བརྩི་བ་དང་།  དེར་ཕྱུར་བ་དང་བྱེ་མ་ཀ་ར་སོགས་བསྲེས་ནས་ཟ་སྲོལ་ཡོད།

 

༢ མར་ཟན་ནི་དབུས་གཙང་སོགས་སུ་མགྲོན་པོ་ཕྱོགས་ལ་ཐོན་སྐབས་སྟབས་བདེའི་ལམ་རྒྱགས་འཁྱེར་བདེ་བ་ཞིག་ལ་བརྩིས་ཏེ་དར་སྲོལ་ཧ་ཅང་ཆེ་བ་ཞིག་ཡིན་པ་དང་།  རྩམ་པ་དང་།མར།ཕྱུར་བ།བུ་རམ་སོགས་བསྲེས་ཏེ་བཟོ་བ་ཡིན།

 

༣ རྩམ་ཐུག  ཤ་མ་རུས་ཡུན་རིང་བཙོས་པ་དང་དེར་རྩམ་པ་རྩིང་ཧྲལ་དང་ལ་ཕུགསྔོ་ཚོད་བཅས་བཏབ་ནས་ཐུག་པ་ཞིག་བསྐོལ་སྲོལ་ཡོད།  འདི་ནི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རྒྱུན་དུ་དགའ་མོས་བྱེད་པའི་ཐུག་པའི་རིགས་ཤིག་ཡིན་ལ།   ལྷག་ཏུ་རྒན་རྒོན་རྣམས་ལ་འཐུང་བདེ་བ་དང་བཅུད་ཆེ་བའི་ཟས་མཆོག་གཅིག་ཡིན་པ་དང་།རླུང་གསོ་བ་ལ་ཤིན་ཏུ་ཕན་ཞིང་འཇུ་སླ་བ་དང་།    གཉིད་ཁུག་པ་སོགས་ལ་དགེ་མཚན་མང་པོ་ལྡན་ཡོད།

 

༤ སྤགས།   སྤྱིར་མར་ཟན་ཡང་སྤགས་ཀྱི་རིགས་སུ་གཏོགས་མོད།     རྒྱུན་དུ་བོད་མིའི་འཚོ་བའི་ནང་སྤྱོད་པའི་སྤགས་ནི་སྐྱ་སྤགས་དང་ཆུ་སྤགས།    ཕྱུར་ཁུའི་སྤགས།    དར་སྤགས།  མར་སྤགས།   སྤགས་བཙོས།    སྣུམ་སྤགས་སོགས་སྣ་ཚོགས་ཡོད་ལ་སྤགས་ཀྱི་རིགས་སོ་སོར་ཡང་བྲོ་བ་མི་འདྲ་བའི་ཁྱད་ཆོས་ལྡན་ཞིང་མར་སྤགས་ནི་ཆེས་དགའ་མོས་བྱེད་པའི་ཟས་མཆོག་ཅིག་ཡིན་ལ་མར་སྤགས་ལ་རྩམ་པ་ཅུང་རྩིང་ཙམ་བྱུང་ན་ཞིམ་མངར་ལྡན་པའི་ཁྱད་ཆོས་ཡོད།  དེང་སྐབས་གྲོང་ཁྱེར་སོགས་སུ་ཆུ་སྤགས་ཟ་བའི་སྲོལ་དར་ཆེ་ཙམ་ཡང་འདུག་གོ།

 

༥ ཟན་ཆང་།  སྤགས་ཅུང་སླ་ཙམ་ཞིག་ལ་ཆང་རྩི་བཏབ་སྟེ་བསྙལ་དགོས་པ་དང་།     ཉིན་གསུམ་ནས་ལྔ་བར་སོང་རྗེས་ཟན་ཆང་ལངས་པ་དེར་མངར་ཆ་ཅུང་ཙམ་བསྲེས་ཏེ་ནར་མོ་སྒོར་ལེབ་ཅན་ཞིག་བཟོས་ནས་བསྐམས་པ་དེར་སྤགས་ཆང་ངམ་ཟན་ཆང་ཟེར་ཞིང་།  ལྟོགས་སྐོམ་གཉིས་ཀར་ཕན་ལ་མངར་སྐྱུར་གྱི་བྲོ་བའི་ཆ་དང་ལྡན་པའི་ཁ་ཟས་ཁྱད་པར་ཅན་ཞིག་ཡིན་ལ།  དཔྱིད་ཀའི་དུས་སུ་རྒན་རྒོན་དང་བྱིས་པ་ཚོས་ཆེས་དགའ་ཤོས་བྱེད་པའི་རྔན་པའི་རིགས་སུ་བརྩི་བ་ཡིན།             ད་དུང་ཟན་ཆང་གིས་བསྐོལ་བའི་ཐུག་པ་དེར་ཆང་བསྐོལ་ལམ་བསྐོལ་ལྡན་ཞེས་ལོ་གསར་སོགས་སུ་མེད་མི་རུང་བའི་ཐུག་པ་ཞིག་ཡིན་ལ།དྲི་རོ་གཉིས་ཀ་ཞིམ་ཞིང་བཅུད་ཆེ་བས་དེ་ཡང་རྒན་རྒོན་རླུང་གསོ་བ་དང་གཉིད་ཁུག་པ་སོགས་ལ་ཕན་ནུས་ཧ་ཅང་ཆེ་བ་ཡིན།

རྩམ་པའི་ཟས་རིགས་སྐོར་ནི་འདིར་ཕྱོགས་ཙམ་ཞིག་དཔེ་མཚོན་དུ་དྲངས་པ་ལས་དེའི་ཟས་རིགས་ཧ་ཅང་མང་བས་ཡི་གེར་འཇིགས་ནས་མ་བྲིས་ལ་རྒྱས་པ་ཁོ་བོས་གཞན་དུ་བཤད་ཡོད་དོ།།


དྲུག་པ། རྩམ་པ་དང་འབྲེལ་བའི་རིག་གནས།

རྩམ་པ་དང་འབྲེལ་བའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་ནི།ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་སྟེ།     ཡ་ཐོག་ཞང་ཞུང་རིག་གནས་ཀྱི་མོ།  རྩིས།   གཏོ།   དཔྱད་བཞི་ལས་གཏོ་ཆོག་གཏོང་བར་རྩམ་པ་ནི་མེད་དུ་མི་རུང་བ་ཞིག་སྟེ།    བོན་གྱི་སྟོན་པ་ཤེས་རབ་མི་བོ་ཆེས་གདོད་མའི་བོན་གྱིས་དམར་མཆོད་བྱེད་པའི་ཆོ་ག་ལ་བཅོས་སྒྱུར་ཡང་དག་མཛད་དེ་རྩམ་པས་གཏོར་མ་དང་།འབྲུ་དཀར་གྱི་ཆང་གཉིས་ཀྱིས་ཡར་ལྷ་མཆོད་པ་དང་མར་འདྲེ་འདུལ་བའི་གཏོ་ཆོག་གཏོང་བའིཐབས་ལམ་སྲོལ་གཏོད་དང་དར་སྤེལ་མཛད་དོ། །དེ་ལྟར་རྩམ་པས་གཏོར་མ་བཞེངས་ཏེ་ཡི་དམ་དང་ཆོས་སྲུང་།  ཡུལ་ལྷ་གཞི་བདག་སོགས་ལ་མཆོད་པ་འབུལ་བའི་སྐབས་དབྱིབས་དང་ཁ་དོག་མི་འདྲ་བ་མང་ལ།    དེ་དག་སོ་སོའི་མཚོན་དོན་དང་ཕན་ཡོན་ཇི་ལྟར་ཡོད་པ་ནི་བན་བོན་གཉིས་ཀའི་ཆོས་གཞུང་དག་ཏུ་ཧ་ཅང་གསལ་བར་འཁོད་ལ།    ད་དུང་རྩམ་པས་ངར་མི་དང་གླུད།   སྲོག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་བཟོས་ཏེ་དགྲ་བགེགས་བར་ཆད་ཉེར་འཚེ་བཟློག་པ་ལ་རིམ་གྲོའི་ཆོ་ག་སྤེལ་བའི་རིག་གནས་ཀྱང་ཕུན་སུམ་ཚོགས་པར་ཡོད་དོ།།      ད་དུང་ལོ་གསར་སོགས་བཀྲ་ཤིས་པའི་རྟེན་འབྲེལ་མཛད་སྒོ་ཁག་ཏུ་ཕྱེ་མར་ཞེས་རྩམ་པ་འདི་ཉིད་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་རྫས་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་ཡོད།


བདུན་པ། རྩམ་པའི་ཕན་ནུས།

   བོད་ཀྱི་ཐུན་མོང་མ་ཡིན་པའི་བཟའ་བཅའ་རྩམ་པ་ནི།     ཉར་བདེ་བ་དང་འཁྱེར་བདེ་ལ།  དེ་བས་བེད་སྤྱོད་བྱེད་སྐབས་སླར་བཙོ་བསྲེགས་སོགས་བྱེད་མི་དགོས་པས་ཐད་ཀར་སྤགས་ཁུ་བླུགས་ཏེ་ཟོས་ན་ཆོག་པས་སྤྱོད་བདེ་བའི་ཁྱད་ཆོས་ཀྱང་ལྡན་ཡོད།   དེ་བཞིན་རྩམ་པ་ནི་རོ་བཅུད་ཆེ་ལ་གངས་ལྗོངས་ས་མཐོའི་ཡུལ་དུས་དང་འཚམ་པའི་ཟས་རིགས་ཤིག་ཡིན་ལ།    ལྷག་པར་བོད་ཀྱི་གསོ་དཔྱད་རིག་པའི་གཞུང་ལས་ཀྱང་།   ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག  ཅེས་དང་།  རྩམ་པ་གྲང་མོ་སྟོབས་བསྐྱེད་ལྕི་བ་ཡིན། །

བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ།།

ཁེངས་པོ་ཐམས་ཅད་ཕོ་བའི་མེ་དྲོད་འཇོམས།།

ཨ་སྦྱར་འཇུ་སླ་སྟོབས་འཕྲོག་ཉེས་ཀུན་སེལ།།

ཟན་ཆང་རླུང་སེལ་ཁོང་བའི་དྲོད་ལ་ཕན།།

ཞེས་བཤད་རྒྱུད་དང་ཕྱི་མ་རྒྱུད་དུ་གསལ་བར་འཁོད་ལ།    ཁྱད་པར་རླུང་ནད་དང་།  གྲུམ་བུ་ཆུ་སྐྲངས་སོགས་ལ་ཤིན་ཏུ་ཕན་པར་གསུངས་སོ། །དེ་བཞིན་བུད་མེད་ཕྲུ་གུ་བཙའ་བའི་ཚེ་རྩམ་པ་འདི་ཉིད་མེད་མི་རུང་བའི་ཟས་མཆོག་ཅིག་སྟེ།     སྤགས་བཙོས་བཟས་ན་རླུང་གསོ་བ་ལ་ཕན་པ་དང་།   ཤ་ཁེབས་དག་པར་བྱེད་པ།    ལུས་ཀྱི་ཁམས་དྭངས་ཤིང་གསོ་བ་ལ་ཆེས་མཆོག་ཏུ་འགྱུར་རོ། །དེང་གི་ཚན་རིག་ཐོག་ནས་ཀྱང་བཤད་ན།   རྩམ་པ་ནི་རོ་བཅུད་ཆེ་ཞིང་།   ལུས་ཁམས་ཕན་པ་ཆེ་བ།   སྙིང་ཁྲག་གི་ནད་གཞི་བཅོས་ཐུབ་པ།ཁྲག་འཁོར་རྒྱུག་དང་སྙོམས་སྒྲིག་ལ་ཕན་པ་ཆེ་བ།   ཁྱད་པར་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་དང་བཅོས་པ་ལ་ཕན་ནུས་ལྡན་པར་བཤད་དོ། །

ད་དུང་རྩམ་པའི་གྲུབ་ཆ་གཙོ་བོར་སྤྲི་དཀར་འདུས་ཚད་བརྒྱ་ཆ་13.5%དང་།   ཞག་ཚི་འདུས་ཚད་བརྒྱ་ཆ་2%དང་།  ཐན་ཆུའི་འདྲེས་སྦྱོར་དངོས་རྫས་བརྒྱ་ཆ་75% དང་།རིགས་སྣ་ཚོགས་པ་བཅུ་བདུན་ལྷག་ཙམ་གྱི་ཨན་ཅིའི་སོན་བརྒྱ་ཆ་17% ལྷག་ཙམ་འདུས་ཡོད་པ་དང་།    དེ་བཞིན་འཚོ་བཅུད་ཀའེ།    ལྕགས།    ཏི་ཚ་སོགས་ཀྱི་མ་རྒྱུ་མང་པོ་ལྡན་ཡོད་པ་དང་།   མིའི་ལུས་པོར་ཤིན་ཏུ་མཁོ་བའི་འཚོ་བཅུད་ B ལ་སོགས་པ་ཡང་ཧ་ཅང་འཛོམས་པོ་ཡོད་པར་ར་འཕྲོད་བྱུང་བས།    བོད་མི་ཙམ་མ་ཟད་མི་རིགས་གཞན་རྣམས་ཀྱིས་ཀྱང་གཟུགས་གཞིའི་འཕྲོད་བསྟེན་ལ་དམིགས་ཏེ་སྐྱེ་ལྡན་སྔོ་ལྗང་གི་ཟས་མཆོག་རྩམ་པ་ཟ་བར་དང་དོད་ཧ་ཅང་ཆེན་པོ་བྱེད་པ་ཡིན་ནོ།།

 

དག་སྨྱོན།

 

བརྒྱུད་སྐུལ།

མཆན་སྤེལ།