ཞོལ་པ་ལྷ་མོ་ནི་བཀྲུས་ནས་མ་དག་པའི་སྐྱོར་མོ་ལུང་ལུགས་ཀྱི་རྒྱུན་འཛིན་པ་ཡིན།
–གྲགས་ཅན་སྒྱུ་རྩལ་པ་ཐུབ་བསྟན་ལགས་ནས་གསུངས།
(རྒན་མ་ཧེ་ལགས་དང་ཚོགས་མི་ལྷན་ལྷ་རྒྱལ་འཐེན་བཞིན་པ)
༡ དགེ་རྒན་རིམ་བྱུང་།
དགེ་རྒན་མི་ཐོག་དང་པོ། གྲུབ་ཆུང་།
དགེ་རྒན་མི་ཐོག་གཉིས་པ། ངག་དབང་བློ་གྲོས།(མ་ཧེ་ལགས)
དགེ་རྒན་མི་ཐོག་གསུམ་པ། འཇམ་དབྱངས་བློ་ལྡན།(སྐུ་ཞབས་བླ་མ་ལགས)
དགེ་རྒན་མི་ཐོག་བཞི་པ། ཚེ་དབང་།
དགེ་རྒན་མི་ཐོག་ལྔ་པ། སྤེན་པ་ཚེ་རིང་།
དགེ་རྒན་མི་ཐོག་ལྔ་པ། སྤེན་པ་གཟིགས་སྣོན།
༢ སྐྱོར་ལུང་འཁྲབ་རྒྱུན་གཙང་མ།
ཞོལ་ལྷ་མོ་ཚོགས་པར་སྐྱོར་མོ་ལུང་གི་འཁྲབ་རྒྱུན་གཙང་མ་གནས་ཡོད། སྤྱི་ལོ་ ༡༩༥༡ ལོར་ཀུན་གླིང་རྟ་ཚག་ཧོ་ཐོག་ཐུས་ཀུན་གླིང་གྲྭ་ཚང་གི་ལྷ་མོ་ཚོགས་པ་བཙུགས་གནང་བ་དང་། ཁོང་གིས་སྐབས་དེར་སྙན་གྲགས་ཤིན་ཏུ་ཆེ་བའི་སྐྱོར་མོ་ལུང་གི་འཁྲབ་སྟོན་མཁས་པ་ལེགས་ལྡན་དཔའ་བོ་སོགས་གདན་དྲངས་ནས་གྲྭ་དམངས་ལ་ལྷ་མོ་བསླབས། དགེ་རྒན་གྲུབ་ཆུང་ལགས་དང་། མ་ཧེ་ལགས་སོགས་ནི་སྐབས་དེ་དུས་ལྷ་མོ་སྦྱང་གོམས་གནང་བ་ཡིན་ལ། སྙན་གྲགས་ཅན་གྱི་ལྷ་མོ་བ་ཆོས་འཕེལ་ནོར་བུ་ལགས་དང་། བློ་བཟང་ཡེ་ཤེས་ལགས། གསུང་རབ་ལགས། རྔའི་དགེ་རྒན་སྐུ་ཞབས་སུ་སུ་ལགས་སོགས་ཀྱང་སྐབས་དེ་དུས་ལྷ་མོའི་སློབ་སྦྱོང་གནང་བ་རེད།
དགེ་རྒན་མི་ཐོག་གསུམ་པ་སྐུ་ཞབས་འཇམ་དབྱངས་ལགས་ནི། སྔོན་བཞི་སྡེ་དགོན་པའི་དགེ་འདུན་པ་ཡིན་ཞིང་། དགུང་ལོ་ཆུང་དུས་དགོན་པར་སྐྱོར་ལུང་དགེ་རྒན་བཀྲ་ཤིས་དོན་གྲུབ་ལགས་དང་རྒྱ་ལུ་བསྟན་པ་ལགས་སོགས་གདན་དྲངས་ནས་ལྷ་མོ་བསླབ་གནང་བ་དང་། གསུང་ཐར་དང་གཞུང་། འཁྲབ་ཁྱེར་སོགས་ཀུན་ཁྱད་དུ་འཕགས་པ་བྱུང་ཞིང་ཕྱིས་ཞོལ་ལྷ་མོ་ཚོགས་པར་ཕེབས།
དགེ་རྒན་མི་ཐོག་བཞི་པ་ཚེ་དབང་ལགས་ནི་སྔོན་གནས་ཆུང་དགོན་པའི་དགེ་འདུན་པ་ཡིན་ཞིང་། གཅུང་པའི་ལུགས་ཀྱི་འཁྲབ་རྒྱུན་དང་རྒྱལ་མཁར་ལུགས་ཀྱི་འཁྲབ་རྒྱུན་ལ་ཉམས་མྱོང་ཆེ་བ་མ་ཟད། ཕྱིས་ཞོལ་ལྷ་མོ་ཚོགས་པར་ཕེབས་ནས་སྐྱོར་ལུང་ལུགས་ལ་ཤིན་ཏུ་བྱང་ཞིང་། རྣམ་ཐར་མགྲིན་གུག་དང་། མི་སྣའི་འཁྲབ་སྟོན་ཤིན་ཏུ་བྱང་ཆུབ་པ་བྱུང་ནས་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར།
དགེ་རྒན་མི་ཐོག་ལྔ་པ་སྤེན་པ་ཚེ་རིང་དང་། སྤེན་པ་གཟིགས་སྣོན་རྣམ་གཉིས་ནི། དགེ་རྒན་མ་ཧེ་ལགས་དང་། སྐུ་ཞབས་འཇམ་དབྱངས་ལགས། རྒན་ཚེ་དབང་ལགས་ཀྱི་དགེ་ཕྲུག་ཡིན་ཞིང་། ལྷག་པར་རྒན་མ་ཧེ་ལགས་དང་། རྒན་འཇམ་དབྱངས་ལགས་རྣམ་གཉིས་ཀྱི་དགེ་ཕྲུག་འཁྲུལ་མེད་དང་། ཁོང་རྣམ་གཉིས་དྲུང་ནས་ལྷ་མོ་སློབ་སྦྱོང་རིམ་པར་གནང་སྟེ། ༡༩༩༤ ལོར་སྐུ་ཞབས་འཇམ་དབྱངས་ལགས་ནས་ཁོང་རྣམ་གཉིས་རྣམ་ཐར་དང་། ཀུན་སྤྱོད་སོགས་གང་ཅིའི་ཐད་ལོ་མཉམ་འཁྲབ་སྟོན་པ་གཞན་ལས་ལེགས་པ་ཡོད་པར་གཟིགས་ནས། མ་འོངས་པའི་དགེ་རྒན་གྱི་འོས་བབ་གཏད། ༢༠༡༨ ལོའི་དཔྱིད་ཀ་ནས་དགེ་རྒན་གྱི་ཐུགས་འགན་ཡོངས་སུ་བཞེས་པ་བཅས་སོ།།
ཞོལ་པ་ལྷ་མོའི་རྒྱུན་འཛིན་རེའུ་མིག
ཉེ་ཆར་ངེད་ནས་སྔོན་རབས་ལྷ་མོ་བ་དམ་པ་དག་གི་གསུང་ཐར་དང་ཚིག་སྦྲགས་མ། འཁྲབ་སྟོན་བརྙན་ཟློས་སོགས་རིམ་པར་གཏོང་འཆར་ཡོད་པས། ལྷ་མོའི་དགའ་ཞེན་པ་དག་ནས་རེ་སྒུག་ཡོད་པ་ཞུ།