དམངས་སྲོལ་དོ་ར། 51-59 བར།

དམངས་སྲོལ་དོ་ར། 51-59 བར།
ས་བཅད་གསུམ་པ། སོ་ནམ་རྒྱུན་ཤེས་སྐོར། (༥༡) 
ལེའུ་གསུམ་པ།  སྐྱོར་ཁའི་བརྟག་ཐབས། 
དེ་མིན་ཡུལ་ཁ་ཅིག་ལ་བོད་ཟླ་བཅི་གཉིས་པའི་ཚེས་ཉེར་ལྔ་ཉིན་ལག་སོར་ལ་མ་བརྒྱབ་གོང་དུ་ལུད་ཕུང་གི་འོག་ཏུ་གྲོ་ནས་སྲན་གསུམ་སྦས་སྲོལ་ཡོད་པ་དང་།  བོད་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཁ་འབྱེ་ནས་གྲོ་ནས་སྲན་གསུམ་གང་ཞིག་མྱུ་གུ་ལེགས་པ་འབུས་མིན་ལ་བརྟེན་ནས་སོན་འདེབས་བྱེད་སྲོལ་ཡོད། ཡར་འབྲོག་ཁུལ་གྱི་ས་ཞིང་སྨིན་པའི་དུས་ཚིགས་ནི་མ་ལྔ་བུ་ལྔ་ཞེས་ཟླ་བ་ལྔ་དང་ཞག་མ་ལྔ་སྟེ། ཞག་མ་བརྒྱ་དང་ལྔ་བཅུ་ང་ལྔ་འཇོག་དགོས་པ་དང་།  དེ་དང་འདྲ་བར་མ་ལུག་སོ་སོར་འཕྲལ་དགོས་པར་བཤད། གཞན་ཡང་ཁ་དཔེར།  ཞིང་ལ་ཆར་པས་ཆུ་དགོས་མི་ཆོད། ། ཅེས་ཞིང་ལ་ཆུ་ནི་ཟས་ཀྱི་ཚོད་དང་།  ཆར་པ་ནི་གོས་ཀྱི་ཚོད་ཡིན་པས།  ཞིང་ཆུ་འདྲེན་རྒྱུ་དེ་ཡང་གནད་འགག་ཅིག་ཡིན་པ་འཆད་དོ། །ཡང་ཁ་དཔེར།  མི་འཇམ་པོས་དངུལ། །ཞིང་ཐ་ཆས་འདུལ། །ཟེར་བ་ནི་དགུན་དུས་ས་ཞིང་ལ་ཆུ་ལེགས་པར་བཏང་ན་ཕྱི་ལོ་ལོ་ལེགས་བཟང་བར་བཤད་སྲོལ་ཡོད་དོ། །
ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༢༽
ལེའུ་དང་པོ།  ཟོར་ཐོང་འཛོམས་པའི་གཉམ་བཅག་བྱེད་སྒོ། 
དེ་ཡང་གཉའ་སྤྲོ་ནི་བོད་ཀྱི་སོ་ནམ་ཞིང་ལས་ཀྱི་རྟེན་འབྲེལ་གལ་ཆེན་ཞིག་ཡིན་ཞིང་།   དབུས་གཙང་རྒྱ་རྒྱུད་ཀྱི་ཞིང་ཁུལ་ཕལ་མོ་ཆེར་གཏོང་སྲོལ་ཡོད།  སྤྱིར་གཉའ་སྤྲོ་གཏོང་བའི་དུས་ཚོད་ནི་བོད་ཟླ་དང་པོའི་ཟླ་སྨད་ནས་བོད་ཟླ་གཉིས་པའི་ཟླ་སྟོད་བར་ཡིན་ཞིང་།  གཙོ་བོ་ལོ་ཐོར་བསྟན་པ་གཞིན་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོ་ཞིག་བདམས་ནས་གཏོང་གི་ཡོད་ཅིང་།  དུས་ཚོད་ནི་ཉིན་གཅིག་ཡིན།ཉིན་དེའི་ཞོགས་པར་སྐྱེས་པ་རྣམས་ཀྱིས་ཞྭ་མོ་ཚེ་རིང་སྐྱིང་ཁེབས་དང་།  རྣ་བར་གསེར་དངུལ་སོགས་ཀྱི་ཨ་ལོང་།  འོག་འཇུག་འབུ་རས་དཀར་པོ།  སྟོད་གོས་སྣམ་བུའི་རྒྱ་ཚོས་ཕུ་མེད་དང་དེའི་སྟིང་དུ་ཕྱུ་པ་སྐྱ་ཕྲུགས་ཕུ་ཐུང་གའི་གཅིག་གོན་གཅིག་གློད་པ།  སྣམ་བུའི་གུ་ཐུང་དང་ལྷམ་དགའ་ལྷམ་གྱོན་པ།   བུད་མེད་ཡིན་ན་མགོ་བོར་གའུ་ཨ་སྒོར་དང་།  རྣ་ལ་གསེར་དངུལ་སོགས་ཀྱི་ཨ་ལོང་།  གྲུ་ཙེ་ལྗང་སེར་གྱི་འོག་འཇུག  སྣམ་བུ་རྒྱ་ཚོས་ཀྱི་ཕྱུ་པ་ཕུ་ཡོད་དང་ཕུ་མེད།  ལྷམ་ཀོ་ཚགས་བཅས་གྱོན་སྲོལ་ཡོད།   ཉིན་དེར་སྐྱེས་ཕོ་མོ་རྒན་གཞོན་མེད་པར་གཟབ་མཆོར་ལེགས་པར་སྤྲས་ནས་གཏན་འཁེལ་ཟིན་པའི་ཞིང་ཐང་བདེ་མོའི་ཐོག་འཛོམས་དགོས་ཤིང་།  རབ་བྱུང་ན་ཁྱིམ་ཚང་རེ་རེ་ནས་སྨོས་རྒྱན་ལེགས་པར་སྤྲས་པའི་རྨོས་མཛོ་དོར་རེ་འཁྲིད་དགོས་པ་དང་།   དེ་ཡང་རྨོས་རྒྱན་ནི།

 

ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ།(༥༣)
ལེའུ་དང་པོ།  ཟོར་ཐོང་འཛོམས་པའི་གཉམ་བཅག་བྱེད་སྒོ། 
རྨོས་མཛོ་གཉིས་ལ་གཡས་གཡོན་དུ་དཔུང་འཛར་ཞེས་རྒྱུ་རྩིད་པ་དཀར་པོ་ལས་གྲུབ་པའི་ཁ་དོག་ལྔ་ལྡན་གྱི་འཇས་རིས་སྒྲིག་པ་བཟོ་ལྟ་གདུགས་འདྲ་བ།  རྣ་བ་གཉིས་ལ་ཡང་ཚོན་སྣེ་མ་གཅིག་པའི་རྔ་མོང་གསུམ་བརྩེགས།   སྣ་ཆས་ཞེས་པ་ནང་ཚོས་གཞི་དཀར་ནག་གི་མིག་གཟུགས་འདྲ་ལ་ཕྱི་ལ་ཚོས་གཞི་དམར་ལྗང་གི་འཇའ་རིས་འཁྲིད་པ།   པད་རྒྱན་ཞེས་རྨོས་མཛོའི་དཔྲལ་བའི་མཐོངས་སུ་ནང་ངོས་རྩིད་པ་དཀར་ནག་དང་ཕྱི་རྔ་མ་དམར་པོའི་མིག་གཟུགས་བྱས་པ།  ཏོང་ཏོང་དང་ཏིང་ཏིང་གི་མགུལ་ཐག་ལན་བུ་བཅུ་དྲུག་དང་ཉི་ཤུ་སོགས་འདྲ་མིན་རྒྱག་སྱལ་ཡོད་པ་ལྟ་བུ་རྒྱན་གྱིས་ལེགས་པར་སྤྲས་ནས་ཡོང་དགོས་ཤིང་།  ཚང་མ་འཛོམས་རྗེས།  རྨོས་མཛོ་དང་ཐོང་མཁན་རྣམས་ལོའི་ཕྱོགས་གཙང་ལ་ཞལ་གཟིགས་ནས་གྲལ་གྱི་དང་པོར་རྨོས་མཛོ་ཁམ་པ་(ས་མཚོན་)དང་སྔོན་པོ་འམ་ཁུ་བྱུག་མདོག་(ཆུ་མཚོན་པ་)བསྒྲིགས་ཤིང་།  ཐོང་མཁན་ཡང་མིང་པྲ་ལེགས་པ་དབང་པོ་སྐྱོན་མེད།  ཕ་མ་གཉིས་འཛོམས་པ་དགོས་ཤིང་།  རབ་བྱུང་ན་ཐོང་མཁན་ཁམས་ཆུ་ཡིན་པ་དགོས་པ་དང་།   གཤོལ་ནི་བཀྲི་ཤིས་གཤོལ་བཙུགས་སོགས་དེ་དག་རིམ་བཞིན་ཕ་འཛོམས་མ་འཛོམས།  མིང་པྲ་དང་དབང་པོ་སྐྱོན་མེད་དགོས་ཤིང་།  ཐོང་མཁན་ཀྱི་རྗེས་ནས་སོན་བཤོ་བ་སོགས་བྱེད་ཅིང་།  དེ་དག་གྲུབ་རྗེས་རྟ་གསར་བོང་གསར་ཡིན་ན་སྒ་རྒྱག་ཅོ་འབྲེག་དང་།   རྨོས་མཛོ་དང་པོ་ཡིན་ན་རྟེན་འབྲེལ་གྱི་གཉའ་དཅག་སོགས་སོ་ནམ་ལ་མཁོ་བའི་སེམས་ཅན་གྱི་རྟེན་འབྲེལ་གྱི་དང་པོ་ཡང་ཉིན་དེར་དུས་གཅིག་ཏུ་བྱེད་སྲོལ་ཡོད་པ་རེད།   དེ་རྗེས་སྐྱེས་ཕོ་མོ་དང་རྨོན་མཛོ་བཅས་པས་ཕྱོགས་གཙང་ལ་བལྟས་ནས་ལྷ་གསོལ་གྱི་ཆོ་ག་དང་སྨོན་ལམ་འདེབས་དགོས་ཤིང་།   རབ་བྱུང་ན་སེར་འབངས་ཀྱི་གྲལ་དང་རྒྱ་གྱིང་།   རྔ་སྦུབ་ཆལ་གྱི་རམ་འདེགས་དགོས་པ་དང་།  མ་མཐར་ཡང་དགེ་འདུན་གཅིག་གིས་མཚམས་དེར་ལྗགས་སྐྱེམས་ངེས་པར་དུ་གཏོང་དགོས་སོ། །གཉའ་སྤྲོའི་དངོས་གཞི་ལེགས་པར་གྲུབ་རྗེས་ལྷ་རྒྱལ་གྱི་ཀི་རིང་འཐེན་བཞིན་རྨོན་གཉའ་གློད།  ཕྱུགས་རྣམས་ལ་ཡང་ཡིད་ཚེམས་པའི་གཟན་ཆག་སྦྱིན་ཞིང་།   མི་རྣམས་དགའ་པབའི་ཟས་སྟོན་ལ་རོལ་ལོ།   དེ་ཡང་མི་རྣམས་རིམ་བཞིན་བཞུགས་གྲལ་ལ་འཁོད་རྗེས།  ཞལ་ཡང་བཀྱག་པའི་དང་པོ་ལོ་གཟང་གི་ཐོང་མཁན་དང་སོན་མཁན་ལ་ཞུས་རྗེས་རིམ་བཞིན་བཀྱག་དགོས།  ཕྱི་དྲོ་ཡིན་ན་སྐྱེས་ཕོ་མོ་རྒན་བཞོན་མེད་པར་སླར་ཡང་གྲོང་ཚོའི་གཡུལ་ཁ་སོགས་སུ་འཛོམས་ནས་ཇ་ཆང་གི་སྟོན་མོ་རྒྱས་པར་བཤམས་ཤིང་།   གཞས་ར་བསྐོངས་ནས་མཚན་ནམ་ཕྱེད་བར་སྡོད་སྲོལ་མཆིས་པ་བཅས་སོ། ། 

 

ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༤༽

ལེའུ་གཉིས་པ།  ལུད་རྒྱག་བྱེད་སྒོ།
དེ་ཡང་ལུད་ནི་ཞིང་ས་གཤིན་པོར་བསྒྱུར་བའི་རྫས་མེད་དུ་མུ་རུང་བ་ཞིག་ཡིན་པས།  ཞིང་ཁུལ་གྱི་ས་སྒོ་ལུད་འདོན་བྱེད་རྒྱུ་དེ་ནི་སོ་ནམ་པས་བྱེད་སྒོ་གལ་ཆེན་ཞིག་ཏུ་བརྩི་ཞིང་།   གཙོ་བོའི་དུས་ཚོད་ནི་གཉའ་སྤྲོའི་རྗེས་ཀྱི་གཟའ་སྐར་འཕྲོད་སྦྱོར་གང་ལེགས་ཀྱི་དུས་བཟང་ཞིག་འདེམས་ཀྱི་ཡོད།  ཉིན་དེའི་ཞོགས་པ་ནམ་ཕྱེད་བྱིའུའི་སྨད་ཆ་དང་ཐོ་རངས་སྟག་གི་སྔ་ཆ་ནས་ཡར་ལངས་ནས་བོང་བུར་མཛེས་རྒྱན་ལེགས་པར་སྤུད་ཅིང་།   དེ་ཡང་མགུལ་ལ་ཏོང་ཏོང་དང་།  གཡེར་ཁ།  དེ་བཞིན་བོངས་ཆེ་བའི་རྩེད་དོམ་དམར་མོ། སྤྱི་གཙུག་ནས་རྩེད་པ་དང་ར་སྤུས་གྲུབ་པའི་རྒྱབ་གདན་ཐོག་ཏུ་ལུད་སྒྱེ་བཀལ་བ་དང་།  མཇུག་རྩེར་རྔ་མ་ནག་པོའི་གཞུག་རྒྱན་གདགས་དགོས་ཤིང་།  རྗེས་འདེད་པས་(བོང་རྫི་)རི་ལུད་སྐྱེལ་མ་ཞེས་པའི་གཞས་ཞེན་གྱིན་དང་ཤུ་རྒྱག་གིན་འགྲོ་བར་བྱེད།ལུད་ཡོངས་སུ་རྒྱབ་ཚར་རྗེས་ཚང་མ་ལུད་འདོན་སར་འཛོམས་ནས་ལུད་གཞུག་དེ་སྒྱེ་དཀར་པོ་ཞིག་གི་ནང་བླུགས་པ་དང་།   ལྷག་འཕྲོའི་ལུད་ཀྱིས་ཕྱེ་མར་གྱི་བཟོ་ལྟ་འདྲ་བ་བཟོས་ནས།  དེའི་མདུན་དུ་རྩམ་པའི་ཉི་བྲི་དགོས་པ།  དེ་བཞིན་བོང་བུའི་སྒལ་སྟེང་དུ་རྩམ་པས་གཡུང་དྲུང་བར་བྱེད།  དེ་རྗེས་བོང་རྫི་གཉིས་ཀྱིས་རྟ་ལྕག་རྔ་དམར་ཅན་གྱི་གཞོགས་གཡས་གཡོན་ནས་(གཞོགས་གཅིག་མ་གཉིས་གསུམ་པའི་ཐོག་ལ་)ཞེས་ལན་གསུམ་བཀྱག་ཙམ་བཀྱག་ཙམ་བྱས་རྗེས་ཐེངས་གསུམ་པར་སྒྱེ་དཀར་ཀྱི་ཁ་སྡོན་དུ་བོང་བུའི་སྒལ་སྟེང་དུ་གཏད་ནས་བཀལ་རྗེས་མི་ཚང་མའི་སྐེ་ལ་རྩམ་པའི་ཁ་བཏགས་བསྒྲོན་པ་དང་།  བོང་རྫི་དང་བོང་བུ་གཉིར་ཀར་ཆང་དང་ཕྱེ་མར་སྟེར་དགོས་ལ།   བོང་བུའི་དཔྲལ་བར་མར་གྱི་ཡས་བཟེད་རྒྱལ་དགོས་པ་དང་།   དེ་དག་ཚར་རྗེས་ཉིན་གང་ལུད་འིང་ཁའི་སྨད་ཆར་བརྒྱབ་ཀྱང་སྒྱེ་དཀར་མཇུག་ཤོས་དེ་བཀྲ་ཤིས་བསྟན་པ་ཡར་འཛེགས་གྱི་ཚུལ་དུ་འོང་སྟོད་ཀྱི་ཞིང་ཁ་གང་རུང་ཞིག་ལ་བརྒྱབ་རྗེས་ས་སྒོ་ལུད་འདོན་གྱི་བྱེད་སྒོ་མཇུག་བསྒྲིལ་བར་བྱེད།ཕྱི་དྲོའི་ཞལ་གཡང་ནི་ལས་མི་རྣམས་སྦྱིན་བདག་གང་དེའི་ཁྱིམ་དུ་འབྱོར་རྗེས་བཀྱག་སྲོལ་ཡོད་ཅིང་།  རྣམ་ཀུན་ཞལ་གཡང་ལས་ཆུང་ཙམ་དང་ཆང་སྣོད་འབྲོང་གི་རྭ་ཇ་དམ་བརྒྱད་དམ་གྱི་ཆེ་ཆུང་ཙམ་ལ་ཁ་འངུལ་ཤན་དང་གཡུ་བྱུར་གྱིས་བརྒྱན་པ་ཁེབས་གཅོད་སྦྱར་མ།   ལུང་ཐག་གླ་ལྤགས་རྒྱུན་བུར་འཕྲལ་ནས་ལན་བུར་བསྒྲིལ་ཅིང་མཛེས་རྒྱན་ནི་ཤིན་ཏུ་གནའ་ཉམས་དོད་པའོ། ། 
ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༥༽
ལེའུ་གསུམ་པ།  ཆུ་འགོ་སྐར་འཛིན།
དེ་ཡང་ཆུ་འགོ་སྐར་འཛིན་ཞེས་པ་ནི་ཞིང་ཆུ་མ་དྲངས་གོང་དུ་ཕུ་ཆུའམ་ཡང་ན་གཞུང་ཆུ་རྫ་ཆུ་སོགས་གང་རུང་ཡུང་བུའི་ནང་དུ་ཆེས་ཐོག་མར་འདྲེན་སྐབས་གཟའ་སྐར་འཕྲོད་སྦྱོར་གང་ལེགས་བདམས་པའི་ཉིན་མོར་ཁྱིམ་དུད་རེ་རེ་ནས་དར་ལྗང་འཁུར་བའི་མི་རེ་ཐོན་དགོས་པ་དང་།   གཟབ་མཆོར་ལེགས་པར་སྤྲས་ཤིང་(གོང་གི་ལུད་རྒྱག་བྱེད་སྒོའི་སྐབས་དང་མཚུངས་)ཆུ་བཅུ་སར་ཐོན་རྗེས་ཕ་འཛོམས་མ་འཛོམས་ཐོག་མིང་པྲ་ལེགས་པ་ལོ་བཟང་ཕོ་མོ་གཉིས་ལ་མཇལ་དར་རེ་བསྒྲོན་པ་དང་།   ཞལ་གཡང་བཀྱག་ནས་རྟེན་འབྲེལ་མཚོན་པར་བྱས་རྗེས་ལོ་བཟང་གི་སྐྱེས་པ་ཞིག་ནས་ཁ་བཏགས་གཡོགས་པའི་འཇོར་བཟུང་བ་དང་།   ལོ་བཟང་བུ་མོས་པ་བཏགས་གཡོག་པའི་སྦྱག་མ་བཟུང་སྟེ།   གནའ་ལོའི་ཕྱོགས་གཙང་ལ་ཁ་གཏད་ནས་ཆུ་འདྲེན་གྱི་རྟགས་རྟེན་འབྲེལ་གྱི་སྒོ་མོ་ཐོག་མར་འབྱེད་པ་རེད།གཞན་ཡང་ལོ་བཟང་ཕོ་མོ་གཉིས་ཀྱིས་རྟེན་འབྲེལ་གྲུབ་རྗེས་དར་ལྗང་(ཆུ་ལྗང་ཁུའི་མཚོན་རྟགས་)རྣམས་ས་འབུར་ཞིག་གི་སྟེང་བཙུགས་རྗེས་བསང་གཏོང་བ་དང་།   དེ་རྗེས་ཆུ་འདྲེན་གྱི་རྟེན་འབྲེལ་བྱེད་སར་ཡང་གསང་ཁག་དགུ་བཏང་ནས་གསང་གསོར་གྱི་ལྷ་སྐལ་འཐེན་པ་དང་།   དེ་ནས་ཕོ་མོ་གང་རུང་ཞིག་གིས་རུ་སྟར་བཞིན་མཆོད་ཆང་སུམ་སྒྲོན་མཉེས་ཏག་རེ་བཀྱག་སྲོལ་ཡོད།

 

ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༦༽
ལེའུ་གསུམ་པ།  ཆུ་འགོ་སྐར་འཛིན།
ཆུ་བདྲེན་ཆོ་ག་གྲུབ་རྗེས་སྐྱེས་ཕོ་མོ་ཚང་མ་གྲོང་ལ་ལོག་ཅིང་།   ཚང་མ་གྲོང་ཚོའི་གཡུལ་ཁ་སོགས་སུ་འཛོམས་པ་དང་།  སྔོན་ཚུད་ནས་གྲ་སྒྲིག་བྱེད་མཁན་སྦྱིན་བདག་ཨ་མ་རྣམས་ཀྱིས་དགུང་ཟས་རྣམས་བཟོས་ཤིང་།   ཁག་སོ་སོར་ལྟོ་སྐོར་བསྐོངས་ནས་སྡོད་པ་དང་།  གཙོ་བོའི་ཟས་སྣ་ནི་ལུག་ཤ་བཙོས་མ་(ཕག་བཀྲག་ཡང་ཟེར་)ཚལ་སྣ་འཛོམས།  ཞལ་ཏོག་དང་ཇ་ཆང་སོགས་ཀྱི་སྟོན་མོ་རྒྱས་པར་བཤམས་སྲོལ་ཡོད་ཅིང་།  ཞལ་ལག་གྲུབ་རྗེས་གསོལ་སྐྱོབ་ཅེས་སླར་ཡང་ཚང་མར་གསུམ་སྒྲོན་མཉེས་དག་རེ་ཞུ་སྲོལ་ཡོད།ཡང་དེ་དག་ནི་རྗེས་སུ་སྐྱེས་པ་རྣམས་གཡས་རུ་དང་གཡོན་རུ་ཞེས་ཁག་བགོས་ནས་ཞིང་ཐང་རྒྱ་ཆེ་ས་ཞིག་ན་རྡོ་སྒོར་རྒྱག་འགོ་ཚུགས་པ་དང་།  རྡོ་སྒོར་ཐེབས་མཁན་གྱི་མགུལ་ལ་མཇལ་དར་དང་།   ཁོངས་གཏོགས་ཀྱི་རུ་མི་ཚང་མར་མཆོད་ཆང་ཡོད་ཅིང་རུ་ཕར་ཕྱོགས་ནི་ལྟད་མོ་བལྟ་བཞིན་སྡོད་པ་ལས་མཆོད་ཆང་ཞུ་སྲོལ་མེད།  ཉིན་གང་པོར་རྡོ་གཅིག་ཀྱང་རྭ་ཅོར་མ་ཐེབས་པ་རྣམས་(རྐུབ་ནག་མ་བསངས་པ་)ཀྱི་ཉེས་པར་རྐུབ་ལ་ས་དཀར་བཤོ་བ་དང་།   མགུལ་ལ་བོང་བུའི་ཏོང་ཏོང་རྔ་དམར་ཅན་བཏགས་ནས་ཆད་པ་གཅོད་སྲོལ་ཡོད་ཅིང་།   དེ་དག་ཚང་མ་ནི་བཞད་བགད་དང་ཀུ་རེའི་ཚུལ་རང་ཡིན་པ་ལས་བཞན་ཅི་ཡང་མ་ལོགས་སོ།   རྡོ་སྒོར་གྲོལ་རྗེས་མི་རྣམས་གཞས་རྭ་བསྐོངས་ནས་མཚན་ནམ་ཕྱེད་བར་སྡོད་ཡོད།   ཉིན་དེའི་ཕྱི་ཉིན་ནས་བཟུང་རྨོན་ཆུ་བཏོང་བའི་དུས་རན་པས་ཁྱིམ་དུད་སོ་སོ་རང་རང་གི་བང་སྒྲིག་དང་ཤོ་རྒྱན་བཞིར་བཟུང་རྨོན་ཆུ་གཏོང་འགོ་ཚུགས་པ་རེད།
ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༧༽
ལེའུ་བཞི་པ།  འོང་སྐོར།
འོང་སྐོར་གྱི་ཉིན་དང་པོར་དུང་བརྡ་ཐེངས་གསུམ་གཏོང་གི་ཡོད་ཅིང་། ཐེངས་མཇུག་མར་ཚང་མ་དགོན་པའམ་གཡུལ་ཁའི་རྡོ་གཅལ་སྟེང་འཛོམས་རྗེས་གོང་གི་ས་གཡང་འོང་སྐོར་ལྟར་དཔའ་བོ་དང་དཔའ་མོ། རྟ་པ། ཐུབ་དབང་གདན་ཞུ་སོགས་བཞུགས་གྲལ་ལ་འཁོད་དགོས་པ་དང་ཚང་མར་མཇལ་དར་རེ་བསྒྲོན་རྗེས་ཆང་གི་སྣེ་ལེན་དང་། དེ་རྗེས་ལྷ་གསོལ་དང་རྟ་ཐུད། སྦད་སོགས་གཏོང་གི་ཡོད། དེ་དག་ལེགས་པར་གྲུབ་རྗེས་དགེ་འདུན་ཞལ་གྲངས་བརྒྱ་ཡས་མས་ཙམ་གྱིས་གདུགས་དང་རྒྱལ་མཚན། རྔ་སྦུབ་ཆལ། དུང་དཀར། མཁར་རྔ། དུང་རྒྱ་གླིང་སོགས་བསྣམས་ནས་རུ་སྟར་གྱི་སྣེ་ཁྲིད་ནས་ཕེབས་པ་དང་། དེའི་གཞུག་ཏུ་ཐུབ་དབང་གི་ཕེབས་བྱང་འགྱོགས་མཁན་མི་བརྒྱད་འགྲོ་དགོས་ཤིང་། དེ་ནས་དཔའ་བོ་དང་དཔའ་མོ། མགོ་སྣམ་ཁ་གོན་དྲུག ཆོས་འཁུར་རྣམས་གྲལ་སྟར་གྱི་བར་སེང་དང་གཞོགས་གཡས་གཡོན་ནས་འགྲོ་སྲོལ་ཡོད།ཕེབས་བྱམས་བཀྱག་མཁན་མི་སྣ་བརྒྱད་པོའི་ཆ་བྱད་ནི་ཞྭ་མོ་སོག་ཞྭ་དང་སོག་བྱིལ། སྐྲ་ལ་སྐྲ་གའུ། སྟོད་ལ་འབུ་རས་ཀྱི་འོག་འཇུག་དང་སྣམ་བུ་རྒྱ་ཚོས་ཀྱི་སྟོད་གོས་ཕུ་མེད། གོས་ཆེན་གྱི་ཕྱུ་པའི་སྟེང་སྣམ་བུ་རྒྱ་ཚོས་ཀྱི་ཕྱུ་པ་གོན་དགོས་པ། རྐང་པར་ལྷམ་ཧང་ཆེན་གྱོན་དགོས། དཔའ་བོ་དང་དཔའ་མོའི་ཆ་ལུགས་ནི་གོང་གི་ས་གཡང་འོང་སྐོར་དང་མཚུངས། ཆོས་འཁུར་མཁན་གྱི་གྱོན་ཆས་གཙོ་བོ་ནི་སྐྱེད་པ་ཡིན་ན་མགོ་ལ་རྒྱ་གར་ཞྭ་མོ་དང་གསེར་གྱི་ཨ་ལོང་། འབུ་རས་ཀྱི་འོག་འཇུག སྣམ་བུ་ནག་པོའི་སྟོད་གོས་ཕུ་མེད་བཅས་གྱོན་དགོས་ཤིང་། དེ་ཡང་སྔ་དྲོ་ཕྱུ་པ་སྐྱ་ཕྲུགས། ཕྱི་དྲོ་ཉིན་ཕྱེད་ཡོལ་ནས་རྒྱ་ཚོས་བརྗེ་དགོས་པ་དང་ལྷམ་ཡུ་ཐུང་དང་ཧང་ཆེན། འཇུར་རྟ། ཀོ་ཚགས་སོགས་སྣ་ཚོགས་གྱོན་སྲོལ་ཡོད། སྐྱེས་པ་ཕལ་ཆེས་མདའ་དར་འཁྱེར་ཤིང་། འགའ་རེས་མདུང་དར་འཁྱེར་ནས་ཡུལ་སོ་སོའི་གནས་རི་དང་ལྷ་སྲུང་གི་མཚན་ནས་འབོད་ཀྱིན་ཕྱ་གཡང་འགུགས་པར་བྱེད་དོ། ཆོས་ཀཁུར་མཁན་བུད་མེད་ཀྱི་གྱོན་ཆས་གཙོ་བོ་ནི་མགོ་ལ་ལན་ཙ་དང་སྤ་ཕྲུགས། ལན་ཙའི་སྐེད་གཞུང་དུ་མུ་ཏིག་གི་སྐྲ་བཀྱིག་བཏགས་པ། རྣ་ལ་ཨ་སྒོར། བྲང་གཞུང་དུ་གའུ། སྟོད་ལ་གྲུ་ཙེའི་འོག་འཇུག འབུ་རས་དཀར་པོ། མགོ་སྣམ་ཕུ་མེད་དང་སྣམ་བུའི་ཕུ་མེད་ཐོག་གྲུ་ཙེའི་སྐེད་རགས་ཡུ་མདོག་བཅིངས་པ། སྔ་དྲོ་ཤད་མའི་པང་དན། ལྷམ་ཀོ་ཚགས་མཐིལ་གཉིས། གྲུ་ཙེའི་འོག་འཇུག་ཚོས་གཞི་ལྗང་ཁུ་དང་ཟིང་སྐྱ། མཚལ་ཁ་མདོག་ཅན་གྱོན་ནས་ལག་པར་མདའ་དར་ཐོགས་ཤིང་གཡང་འགུགས་བྱེད་ཀྱིན་འགྲོ་བ་ཡིན། རྟ་པའི་ཆ་ལུགས་ནི་རྟ་པའི་ནང་ནས་སྔོན་མ་ཡིན་ན་གཞིས་ཀའི་གཞིས་ཚབ་ཅིག་ཐོན་དགོས་པ་དང་། མགོ་ལ་ལྕགས་མདའ། སྐྲ་ལ་སྐྲ་གའུ། རྣ་བར་སོག་བྱིལ་དང་འབུ་རས་ཀྱི་འོག་འཇུག གོས་ཆེན་འཚེམ་གྲུབ་མའི་འཇའ་རིས་དང་། རྒྱབ་གྲི་ཕུ་ཤུབས་བཏགས་པ། རྐང་པར་ལྷམ་འཇའ་ཆེན་བཅས་གྱོན་དགོས་ཤིང་། དེ་བྱིངས་ཀྱི་རྟ་པ་རྣམས་ཞྭ་མོ་སོག་ཞྭ་དང་རྣ་ལ་སོག་བྱིལ། སྐྲ་ལ་སྐྲ་གའུ། འབུ་རས་ཀྱི་འོག་འཇུག་དང་སྟོད་ལ་གོས་ཆེན་གྱི་ཕྱུ་པ་དང་། དེའི་སྟེང་ཕྱུ་པ་རྒྱ་ཚོས། རྒྱབ་གྲི་ཕུ་ཤུབས། མཐེ་བོང་ལ་བལ་བཟོའི་ཤ་ཀྲད། རྐང་པར་ལྷམ་ཧང་ཆེན་བཅས་གྱོན་དགོས་ཀྱི་ཡོད་པ་རེད། སྤྱིར་ཉིན་དེའི་ཞལ་ལག་གཙོ་བོ་ནི་སེར་འབངས་ལ་ཞོ་འབྲས་དང་། ཕྱི་དྲོ་ཉི་མ་མབཞུད་པའི་སྔ་རོལ་དུ་དགོན་པར་འབྱོར་དགོས་པ་དང་། དགོན་པར་འབྱོར་རྗེས་སེར་འབངས་ཀྱི་འབུ་འཁྱིལ་སྒྲིལ་གྱི་རུ་སྟར་འཁྲིད་ནས་འགྲོ་དགོས་པ་དང་དེ་རྗེས་ས་ཤུར་ནང་རྟ་པོའི་སྦྱོང་བརྡར་གྱིས་ཕྱི་ཉིན་གྱི་རྟ་རྒྱུགས་ལ་ཉིན་དེ་རང་ནས་གྲ་སྒྲིག་དང་སྟ་གོན་བྱེད་སྲོལ་ཡོད་པ་རེད།།
ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༥༨
ལེའུ་ལྔ་པ།  བཙས་ཆེན་བྱེད་སྒོ།
དཔྱིད་དུས་ཐལ་བ་འཚུབ་འཚུབ་ཀྱིས་ངལ་བ་སྤྱད་པའི་འབྲས་བུ་བསྡུ་བའི་སྟོན་གྱི་དུས་ཚིགས་ནི་སོ་ནམ་པའི་ངོ་གདོང་ལས་རྒྱལ་ཁའི་འཛུམ་མདངས་འཕྱུང་བའི་དུས་བཟང་ཡིན་པས།  སོ་ནམ་པ་རྣམས་སླར་ཡང་བྲེལ་འཚུབ་འཚུབ་བྱེད་པའི་དུས་ལ་སླེབས།  དེ་ཡང་བཙས་ཆེན་གྱི་དང་པོར་སྤྱིར་སྲན་མ་བརྔ་དགོས་པ་དང་།  དེ་རྗེས་ནས་དང་གྲོ་རིམ་བཞིན་བརྔ་དགོས་ཤིང་།   མཇུག་སྒྲིལ་གྱི་གྲོ་རིམ་བཞིན་བརྔ་དགོས་ཤིང་།   མཇུག་སྒྲིལ་གྱི་གྲོ་ཞིང་ལ་ཆང་གིས་སྣེ་ལེན་བྱེད་པ་དང་།  བཙས་གཞས་གཏོང་སྲོལ་ཡོད།  བཙས་མ་ཡོང་སུ་ཚར་རྗེས་བཙས་ཆོད་མར་ཁུ་ཞེས་པ་བག་ཚ་མར་ཁུའི་སྟོན་མོ་བཤམས་ཀྱི་ཡོད།   དེ་དག་ཡོངས་སུ་ཚར་རྗེས་ཚར་ཅོག་གི་མི་གཟུགས་བཟོས་ཏེ།  མི་གཟུགས་ཀྱི་མགོ་བོའི་ཐོད་ན་དར་ལྕོག་  རིང་པོ་ཞིག་བསྒར་ནས་ཀླུ་མོ་ཡིན་ཁུལ་བྱེད་པ་དང་།  དེ་བཞོན་པ་བསྟན་བཤིག་ཚ་པོ་ཞིག་གིས་སྒལ་པར་འཁུར་བ་དང་།   གཡས་གཡོན་ནས་གཞོན་པ་ཀླུ་གཡོག་གཉིས་གསུམ་ཙམ་གྱིས་སྐྱོར་ཁུལ་བྱེད་ཅིང་།  ཀླུ་གཟུགས་འཁུར་བའི་གཞོན་པ་དེས་ལུས་པོ་འདར་སིག་སིག་གིས་ཀླུ་ཕབ་ཁུལ་གྱིས་འདི་སྐད་ཟེར་རོ། །ཀླུ་མོ་ང་ལས་སླ་མོ་མིན་ད།  ཀླུ་མོ་ང་ལས་སླ་མོ་མིན་ད། །

དབྱར་ཆར་པའི་དཀྱིལ་ལ་ངས་བསྡད། །

དགུན་རླུང་བུའི་དཀྱིལ་ལ་ངས་བསྡད། །

མི་ཆེན་གསེར་གྱི་རྡོ་བཞུགས་ཡོད་པས། །

ཨ་མ་ནོར་ལྷ་སྐྱིད་འཛོམས་བཞུགས་ཡོད་པས། །

དེ་སྐད་ཅེས་བཀའ་བཀྱོན་གི་ཚུལ་དུ་་གསུང་བྱོན་པ་དང་།  ཀླུ་གཡོག་རྣམས་ཀྱིས་གུས་ཞབས་ཆེན་པོས།

 

ས་བཅད་བཞི་པ། དུས་བཞིའི་གལ་ཆེའི་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྒོ། ༼༥༩༽

ལེའུ་ལྔ་པ།  བཙས་ཆེན་བྱེད་སྒོ།(འཕྲོ།)

ལགས་ཡོད་དང་ཡོད། ལགས་བཞུགས་ཡོད།།

ཀླུ་མོ་ཁྱེད་ལ་ཐུགས་ཁག་མི་འདུག

དབྱར་ཆར་པའི་དཀྱིལ་ལ་ཁྱེད་ཀྱིས་བཞུགས།།

དགུན་རླུང་བུའི་དཀྱིལ་ལ་ཁྱེད་ཀྱིས་བཞུགས།།

ད་ཡིན་ན་ཁྱེད་རང་དེ་རུ་མ་བཞུགས།།

དེ་རུ་བཞུགས་ན་གཞོན་པའི་རྒྱ་ཟོར་ཚེས་བརྒྱད་ཟླ་བ་འདྲ་བ་དེས།།

ཁྱེད་ཀྱི་ཞབས་དང་རྐང་པ། ཕྱག་དང་ལག་པ་བཅས་པ་བྲེག་ཡོང་།།

བཅད་ཡོང་། བཞུར་ཡོང་།།

ནག་མོའི་འགབ་ཡོལ་དང་། ཁྱི་གུའི་གཅིན་ཟེར་བཏང་ཡོང་།།

ད་ཁྱེད་རང་འདི་རུ་མ་བཞུགས།།

དེ་ལས་གཡུག་ཁ་བཀྲ་ཤིས་སྒོར་མོའི་ནང་ལ།།

འོང་གཡང་བསམ་པའི་དོན་གྲུབ་བཀྱག་ནས་ཕེབས་ཤོག

བཀྱག་ནས་མ་ཕེབས་ན་དྲུས་ནས་ཕེབས་ཤོག ཅེས་ཞུས་པ་དང་།

ཀླུ་མོས་འདི་སྐད་ཟེར་རོ།།

ཨ་མ་ཀླུ་རྒྱལ་ང་འོང་། གཡོག་བསམ་པའི་དོན་གྲུབ་དྲུས་ནས་ཕེབས་དུས།།

གཡས་ལ་དཔའ་བོ་བརྒྱ་ཡི་སྲུང་མ་ཡོད་པས།།(ཡོད་དམ་)

གཡོན་ལ་དཔལ་མོ་སྟོང་གི་བསུ་མ་ཡོད་པས།།

སྟག་ཤར་གཞོན་པའི་རྦད་དང་ལྗགས་སྐྱེམས་ཡོད་པས།།

སྨན་ཆུང་བུ་མོའི་རྐང་བྲོ་གླུ་གཞས་ཡོད་པས།།

སྟར་སྡོང་ཁམ་སྡོང་ཡོད་པས།།

ཇ་དཀར་ཤེལ་དཀར་ཡོད་པས།།

ཛ་ཏི་ཛ་དམར་ཡོད་པས།།

རྒྱ་མཚོའི་ལྦུ་བ་ཡོད་པས།།

དབང་པོའི་ལག་པ་ཡོད་པས།།

དུང་དཀར་གཡས་འཁྱིལ་ཡོད་པས།།

ཀླུ་གཡག་སྔོན་པོ་ཡོད་པས།།

ཙན་དན་མེ་ལ་བསྲེགས་པའི་སོལ་བའི་མདུང་ཤིང་ཡོད་པས།།

ཞི་མི་ནག་པོའི་སྒོ་ང་ཡོད་པས།།

ཀླུ་མོ་ཁམ་པ་(ལུག་གྲོ་ལོ་)ཡོད་པས། ཞེས་མདོར་ན་ཀླུ་རྫས་ཀྱི་རིགས་མེད་པ་མཐའ་དག་ཡོད་པས་ཞེས་ཀུ་རེའི་ཚུལ་དུ་འདྲི་བར་བྱེད་ཅིང་། དེར་ཀླུ་གཡོག་གིས་ཚང་མ་ཡོད་ཟེར་དགོས་པ་ལས། མེད་ཅེས་བརྗོད་སྲོལ་མེད། དེ་རྗེས་ཀླུ་མོས་འདི་སྐད་ཅེས་བྱའོ།།

ཡོང་ཁུངས། ཡར་ཀླུང་སྤྲིན་ཆར།

བརྒྱུད་སྐུལ།