ཤེལ་དཀར་མངའ་ཞབས་ཟེར་བའི་གཏམ་དུམ་བུ་གཅིག

ཤེལ་དཀར་མངའ་ཞབས་ཟེར་བའི་གཏམ་དུམ་བུ་གཅིག

དགེ་བཤེས་ལྷ་རམས་ཤེལ་དཀར་བ་མཆོག

 

སྤྱིར་ས་སྐྱ་བས་དབང་བསྒྱུར་བའི་དུས་སྐབས་དེར་དིང་རི་གཙོ་བོར་གྱུར་པའི་ལ་སྟོད་ལྷོ་ཁུལ་གྱི་དཔོན་པོའི་གོ་མིང་ལ་ལྷོ་བདག་གམ་ལྷོ་ཁྲི་དཔོན་ཞེས་ཟེར་བ་ལས། རྫོང་དཔོན་དང་སྤྱི་ཁྱབ་ཅེས་པའི་ཐ་སྙད་འདི་འབོད་སྲོལ་མེད། ལྷོ་བདག་དཔོན་བརྒྱུད་གསུམ་པ་བར་དུ་ལས་ཁུངས་ལྟེ་བ་གནས་ཡུལ་ཡང་དིང་རི་སྒང་དཀར་དུ་ཡིན་ཅིང་། མིང་ལ་སྒང་དཀར་ཁྲི་ཚང་ཟེར། དེ་ནས་ལྷོ་བདག་དཔོན་བརྒྱུད་གསུམ་པ་དོན་ཡོད་དཔལ་བཟང་གི་སྐབས་ལས་ཁུངས་ལྟེ་བ་རྒྱལ་ནོར་སྤོ་རུ་གནས་སྤོས་གསར་བཙུགས་མཛད་ཅིང་། མིང་ལ་སྤོ་རིན་ཆེན་སྒང་ཞེས་ཟེར། དེ་ནས་ལྷོ་བདག་དཔོན་བརྒྱུད་བཞི་པས་ལས་ཁུངས་ལྟེ་བ་རྒྱལ་མོ་རིའི་སྒང་དུ་བསྐྲུན་ཅིང་། མིང་ལ་ཕོ་བྲང་ཤེལ་དཀར་རམ་ཤེལ་དཀར་རྩེ་རྒྱལ་ཞེས་ཟེར།

དེ་ནས་ཕག་གྲུའི་དུས་སྨད་ཙམ་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་དུས་སྐབས་དེའི་རིང་ལས་ཁུངས་ལྟེ་བ་རྒྱལ་མོ་རིའམ་རྩེ་རྒྱལ་གྱི་མགུལ་འདབས་སུ་གནས་ཡོད་ཅིང་། མིང་ལ་ཤེལ་དཀར་རྫོང་ཞེས་ཟེར། དེང་སང་རྩེ་རྒྱལ་གྱི་མགུལ་སྐེད་དུ་ཡོད་པའི་རྫོང་བར་ཟེར་བའི་གོག་རོ་ཡོད་སའི་ཁུལ་དེ་རེད། དེང་གི་ཆར་ལས་ཁུངས་ལྟེ་བ་ཤེལ་དཀར་ཞོལ་དུ་ཡོད་ཅིང་། མིང་ལ་དིང་རི་རྫོང་ཞེས་ཟེར།

ད་དུང་དགའ་ལྡན་ཕོ་བྲང་གི་སྐབས་སུ་ལ་སྟོད་སྤྱི་ཁྱབ་དང་། ཤེལ་དཀར་མངའ་ཞབས་ཟེར་བའི་ཐ་སྙད་འདི་བྱུང་ཡོད། ལ་སྟོད་སྤྱི་ཁྱབ་ཀྱི་དབང་ཆའི་ཁྱབ་ཚད་ཐད་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་འདི་ལྟར་གསུངས་ཡོད། སྔར་བོད་ས་གནས་སྲིད་གཞུང་སྐབས་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ (༡༩༥༤) ལོར། ཤེལ་དཀར་ (མངའ་རིས་ཁུལ) རྫོང་སྡོད་སྦྲེལ་པོར་བསྐོ་གཞག་བྱས་ཏེ་ཤེལ་དཀར་དང་། མཁར་རྟ། རོང་ཤར། རྫོང་དགའ། སྐྱིད་གྲོང་། གཉའ་ནང་། ས་དགའ། འབྲོང་པ་བཅས་ཀྱི་ཁྱབ་ཁོངས་འགན་དབང་ལས་དོན་གལ་ཆེའི་རིགས་མ་གཏོགས་དེ་བྱིངས་ཞི་དྲག་གི་སྤྱི་འདོམས་ལ་སྟོད་སྤྱི་ཁྱབ་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས།

ཤེལ་དཀར་མངའ་ཞབས་ཟེར་བ་ནི། ཤེལ་དཀར་རྫོང་གི་མངའ་ཁོངས་སུ་གཏོགས་པའི་དགོན་པ་ཡུལ་སྡེ་དང་བཅས་པར་ཤེལ་དཀར་མངའ་ཞབས་ཟེར། འདི་ཡང་སྤྱི་ལོ་ ༡༨༥༦ ལོར་ཤེལ་དཀར་རྫོང་གིས་གཞུང་ལ་ཕུལ་བའི་སྙན་ཞུ་ནས་ཤེས་ཀྱི་ཡོད་པར་མ་ཟད། དེང་སང་ཡང་ཤེལ་དཀར་ཞོལ་དུ་ཡོད་པའི་སྤོང་རོང་ཁང་གསར་དང་། མཚོ་སྒོ་ཁང་གསར་ཟེར་བའི་ཐ་སྙད་ཅན་གྱི་ཁང་པ་དེ་དག་ཀྱང་སྔ་དུས་སྤོང་རོང་ཁུལ་གྱི་འགོ་དཔོན་དང་། སྡེ་པ་མཚོ་སྒོ་བ་སོགས་སྡེ་པ་གཞུང་དང་། ཤེལ་དཀར་རྫོང་གི་གནད་ཡོད་མི་སྣའི་བཞུགས་ཁང་ཡིན་ཚུལ་གསུང་རྒྱུན་ལ་ཡོད། ཡང་དེ་སྐབས་ཀྱི་སྙན་ཞུ་ལ་ལའི་ནང་ཤེལ་དཀར་ལྗོངས་ཞེས་པའི་ཐ་སྙད་ཀྱང་བེད་སྤྱད་ཡོད།

ཤེལ་དཀར་མངའ་ཞབས་ཀྱི་ཁྱབ་ཚད་ཀྱང་དེང་སང་གི་དིང་རི་རྫོང་གི་མངའ་ཁུལ་ལས་ཁྱབ་ཆེ་བ་ཡོད། དཔེར་ན། དེང་སང་གཉའ་ལམ་རྫོང་གི་ཁོངས་སུ་ཡོད་པའི་སྤོང་རོང་ཁུལ་དང་། ཟུར་མཚོ་ཁུལ་སོགས་སྔོན་མ་ཤེལ་དཀར་རྫོང་གི་མངའ་ཞབས་སམ་མངའ་ཁུལ་དུ་གཏོགས་ཀྱི་ཡོད། ཡང་སྐབས་ལ་ལར་ཤེལ་དཀར་མངའ་ཞབས་དང་། སྤོང་རོང་མངའ་ཞབས་ཞེས་སོ་སོར་འབོད་སྲོལ་ཞིག་ཡོད་ཅིང་། དེ་ནི་གཙོ་བོ་རོང་འབྲོག་གཉིས་ཀྱི་དབྱེ་མཚམས་ལས་བྱུང་བའམ། ཡང་ན་གནས་གཞི་གཙོ་བོའི་མིང་གིས་འབོད་སྟངས་ཤིག་ཡིན་ཚོད་འདུག །གང་ལྟར་ཡང་ཐ་སྙད་འདི་དགོན་པ་སོ་སོའི་ཁྲལ་བསྡུ་འོག་གིས་མི་སེར་རམ་ལུང་སྡེའི་ཐ་སྙད་ཅིག་གཏན་ནས་མིན་པས་གོ་བ་ལེན་ཚུལ་ནོར་མི་ཉན་པར་འཚལ།།

སྐྱེ་ས་ཤེལ་དཀར་དེ་རུ་མིན་ན་ཡང་། །

བླང་དོར་ཤེལ་དཀར་དེ་ནས་སྐྱེས་པས་ན། །

ལོ་རྒྱུས་ལྡན་པའི་ཤེལ་དཀར་སྨྲས་པ་འདི། །

ཤེལ་དཀར་མིང་ཅན་དྲྭ་བདག་ང་ཡི་སྤོབས། །

བརྒྱུད་སྐུལ།

མཆན་སྤེལ།