སྐར་ཆུང་རྡོ་རིང་ལས་བོད་བཙན་པོའི་སྐབས་ཀྱི་ནང་ཆོས་དར་ཚུལ་ལ་དཔྱད་པ།

སྐར་ཆུང་རྡོ་རིང་ལས་བོད་བཙན་པོའི་སྐབས་ཀྱི་ནང་ཆོས་དར་ཚུལ་ལ་དཔྱད་པ།

དེ་ཕུད་བསོད་ནམས་དོན་འགྲུབ། ༼ཀྲུང་དབྱང་མི་རིགས་སློབ་ཆེན།༽

 

ནང་དོན་གནད་བསྡུས།   སྔོན་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་ཀྱག་ཀྱོག་ངང་འཕེལ་རྒྱས་བྱུང་ནས་ད་ལྟ་བར་དུ་བོད་མིའི་འཚོ་བ་ཁྲོད་དུ་ཤུགས་རྐྱེན་གལ་ཆེན་ཐེབས་འདུག       སངས་རྒྱས་ཆོས་ལུགས་བོད་དུ་དབུ་བརྙེས་ནས་རྐང་ཚུགས་གཏན་ལ་ཕབ་པ་ནི་ཉིན་ཞག་གཅིག་ཏུ་འགྲུབ་པ་ཞིག་མིན་པ། དེ་ནི་རྒྱལ་རབས་དུ་མའི་རིང་ལ་འབད་བརྩོན་བྱས་ནས་བྱུང་བ་ཞིག་ཡིན།   དཔྱད་རྩོམ་འདིར་ཁྲི་ལྡེ་སྲོང་བཙན་དུས་སྐབས་ཀྱི་སྐར་ཆུང་རྡོ་རིང་ངོས་ཀྱི་ཡིག་ཆར་གཞིགས་ནས་ཁྲི་ལྡེ་སྲོང་བཙན་སྔོན་གྱི་ཡབ་མེས་རྣམས་ཀྱིས་དམ་ཆོས་བོད་དུ་ཇི་ལྟར་སྤེལ་ཡོད་པ་དང་། ཁྲི་ལྡེ་སྲོང་བཙན་ཡབ་སྲས་དུས་སྐབས་སུ་ཇི་ལྟར་བོན་ཆོས་དང་འཐབ་སྟེ་དམ་ཆོས་འཕེལ་རྒྱས་བཏང་བ།   ཕྱི་རབས་པ་ལ་བླང་བྱ་གང་དག་བཏོན་པ།  ཕྱི་རབས་ཁྲི་རལ་བ་སོགས་ཀྱིས་བླང་བྱ་དང་བླང་གིས་ཇི་ལྟར་གཏན་ལ་ཕབ་པ་བཅས་དུས་རིམ་གསུམ་གྱི་སྒོ་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་ཚུལ་སྐོར་དཔྱད་པ་བྱེད་ཁུལ་གྱིས་དོན་བསྡུས་ངང་གླེང་བ།

 

བརྡ་ཆད་གཙོ་བོ།  སྐར་ཆུང་རྡོ་རིང་། དབུ་བརྙེས། བོན་ཆོས། སྲོལ་བཏོན། དར་རྒྱས། གཏན་ལ་ཕབ།

གཅིག   སྐར་ཆུང་རྡོ་རིང་གི་ལོ་རྒྱུས་དང་ནང་དོན་དཔྱད་པ།

སྐར་ཆུང་རྡོ་རིང་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ངམ་སྐར་ཆུང་གཙུག་ལག་ཁང་གསར་བཞེངས་སྐབས་ཧ་ལམ་སྤྱི་ལོ་ ༨༠༠ ཡས་མས་ནང་བཙུགས་པའི་རྡོ་རིང་ཞིག་ཡིན་ཅིང༌། རྡོ་རིང་གང་དུ་བསླངས་པའི་ལྷ་ཁང་དེ་ཉིད་ཀྱི་མིང་རྡོ་རིང་ལ་ཐོགས་ནས་སྐར་ཆུང་རྡོ་རིང་ཞེས་གྲགས།   སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་དེའི་མིང་ཇི་ལྟར་ཐོགས་པ་དང་རྒྱ་ཁྱོན་ཇི་ཙམ་ཡོད་ཅེ་ན། བཙན་པོས་ལྷ་ཁང་ཉི་མ་ཙམ་ཞིག་བརྩིགས་དགོས་གསུང་པར་མཛོད་ཀྱི་ནང་དུ་ཉི་མར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པར་བཤད་པས་བོད་འདིར་མི་ཤོང་ཞེས་ཞུས། ཟླ་བ་ཙམ་ཞིག་བརྩིགས་དགོས་གསུངས་པར། དེ་ཡང་ཉི་མ་དང་འདྲ་ཚུལ་ཞུས། སྐར་མ་ཙམ་ཞིག་བརྩིགས་དགོས་གསུངས་པར། སྐར་མ་ལའང་རྒྱང་གྲགས་བཅོ་བརྒྱད་ཡོད་པར་བཤད་པས་བྱང་འབྲོག་གི་ཐང་ཡངས་ས་ཞིག་ཏུ་བརྩིགས་དགོས་ཞེས་བཀའ་གནང་བར། བློན་པོ་ཀུན་གྱིས་བྱང་དུ་བརྩིགས་ན་ལྷ་ཁང་སྟོང་པར་ལུས་འགྲོ་ཚུལ་ཞུས་ཏེ། རྗེ་འབངས་ཀུན་གྲོས་མཐུན་ཏེ་སྐར་མ་ཆུང་བ་ཞིག་ལ་རྒྱང་གྲགས་གཅིག་༼རྒྱང་གྲགས་གཅིག་ལ་གཞུ་འདོམ་ལྔ་བརྒྱ་ཡོད།༽   ཡོད་པའི་བཤད་ཚུལ་ལྟར་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་པས་སྐར་ཆུང་ཞེས་མིང་ཐོགས་པ་དང༌། ལྷ་ཁང་དེའི་འཁྲིས་སུ་རྡོ་རིང་བཙུགས་པས་ལྷ་ཁང་གི་མིང་རྡོ་རིང་ལ་ཐོགས། རྡོ་རིང་དེའི་ངོས་སུ་བཙན་པོ་གོང་མ་རྣམས་ཀྱི་སྐུ་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་པ་དང༌། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ། གཙུག་ལག་ཁང་བཞེངས་པ་སོགས་གདུང་བརྒྱུད་ཀྱིས་འདི་ལྟར་མཛད་པ་འདི་དུས་ནམ་ཡང་མ་ཞིག་པར་ཕྱིན་ཆད་གདུང་རབས་རེ་རེ་བཞིན་བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་དམ་བཅའོ་ཞེས་སོགས་འཁོད་པ་བཀའ་གཙིགས་ཀྱི་ཡི་གེ་ཡིན་འདུག་ལ།

སྐར་ཆུང་རྡོ་རིང་ནང་དོན་མདོར་བསྡུས་ནི།  སྐབས་དེའི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་ལ་མུ་མཐུད་དུ་སྲུང་སྐྱོང་བྱས་པ། སྐར་ཆུང་གཙུག་ལག་ཁང་སོགས་བཞེངས།  སྔོན་ཁོང་གི་ཡང་མེས་སྲོང་བཙན་གྱི་དུས་སུ་ཆོས་མཛད་དེ་ར་སའི་གཙུག་ལག་ཁང་སོགས་བཞེངས་པ་དང་མྱེས་ཁྲི་འདུས་སྲོང་སོགས་ཀྱི་རིང་ལ་གླིང་གི་ཁྲི་རྩེ་སོགས་ཀྱི་རྩིག་ལག་ཁང་དང་བྲག་དམར་མཚུར་ཕུ་གཙུག་ལག་ཁང་སོགས་བཞེངས་དཀོན་མཆོག་གི་རྟེན་བཙུགས། ཡབ་ཁྲི་སྲོང་ལྡེ་བཙན་སྐབས་སུའང་བསམ་ཡས་གཙུག་ལག་ཁང་སོགས་བཞེངས།  མ་འོངས་རྗེས་རབས་པས་ཡབ་དང་མེས་པོའི་དུས་སུ་དཀོན་མཆོག་གསུམ་གྱི་མཆོད་རྒྱུན་དུ་གནང་བའི་ལྷ་འབངས་དང་རྒྱུ་ནོར་རྣམས་མུ་མཐུད་ནས་སྲུང་སྐྱོབ་འགན་ལེན་བྱེད་པ་དང་དུས་ནམ་ཡང་མི་བཏང་མི་ཞིག་པར་བཙན་པོ་ཡབ་སྲས། རྗེ་བློན་ཀུན་གྱིས་ཡི་དམ་བཅའ་འོ། དེ་ནས་རབ་བྱུང་གི་ནང་ནས་ཆོས་ལ་མཁས་ཤིང་ནུས་པ་ཡོད་པ་ཞིག་བདམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚབ་མཁན་པོར་བསྐོ་དགོས་པ་དང༌། ཁོང་ལ་ཆོས་ལུགས་ཀྱི་ལས་དོན་ཐད་དབང་ཆ་ཚང་མ་གནང་བ།

 

གཉིས་པ།  སྔོན་ཡབ་མེས་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་ཐོག་མར་ཇི་ལྟར་དབུ་བརྙེས་ཚུལ་དང་སྲོལ་བཏོན་པའི་སྐོར།

དང་པོ།  དམ་ཆོས་བོད་དུ་དབུ་བརྙེས་ཚུལ་སྐོར་ལ་ནང་བསྟན་རྗེས་འབྲངས་པའི་འདོད་ཚུལ།

༼ དབའ་བཞེད༽་ལསབོད་ཁམས་སུ་དམ་པའི་ཆོས་བཙན་པོ་ལྷ་ཐོ་ཐོ་དོ་རི་སྙན་བཙན་གྱི་སྐུ་རིང་ལ་དབུ་བརྙེས། བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་ལ་ལྷ་ཆོས་མཛད་པའི་སྲོལ་བཏོན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་ཞིང་རྒྱས་པ་མཛད།    བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་ཤིན་ཏུ་གཏན་ལ་ཕབ་པ་ལགས་པ་ལས། ཞེས་བྲིས་ཡོད།   ༼ ཆོས་འབྱུང་མཁས་པའི་དགའ་སྟོན༽ ལས་སྤྲུལ་པའི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན། ། ཡབ་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་ཟ་སྟོང་རྒྱལ་མོ་མཚོའི་སྲས་ཏེ་ཕྱག་རྡོར་གྱི་སྤྲུལ་བ་བཤད་པའང་ཡོད་ཀྱང་མི་འགལ་ཏེ་ཀུན་ཏུ་བཟང་པོ་སྔགས་སུ་དབང་བསྐུར་བ་ནི་ཕྱག་ན་རྡོ་རྗེ་ཡིན་པར་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་བཤད་པའི་ཕྱིར་རོ། །ལྡེ་སྟོན་གྱི་ཆོད་བྱུང་དུ་ས་སྙིང་གི་སྤྲུལ་པ་ཞེས་ཀྱང་སྣང་། །ནམ་མཁར་འཇལ་ཚོན་ཁ་དོག་སྣ་ཚོགས་བཀྲ ། མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང་། ། གདུགས་ཤར་ཚེ་ན་ཉི་ཟེར་དང་འགྲོགས་ནས། ། གསེར་ཤོག་ངོས་ལ་བེཌཱུ་རྱ་བྲིས་པའི། །དཔང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག ། ཡིད་དུ་འོང་བའི་གླེགས་བམ་རྣམ་གཉིས་དང་། ། གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་དང་། ། ཙིན་ཏ་མ་ནིའི་སྐོས་ཕོར་རྣམ་དྲུག་བབ། ། ཅེས་བྲིས་ཡོད། དེ་མ་ཟད་༼ མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་༽  དང་༼  དེབ་ཐེར་དཔྱིད་ཀྱི་རྒྱལ་མོ་གླུ་དབྱངས་ ༽  སོགས་གྱིས་སངས་རྒྱས་ཆོས་ལུགས་དེ་ལྷ་ཐོ་ཐོ་རི་དུས་སྐབས་སུ་གནམ་ནས་བབས་ཏེ་བོད་དུ་ཐོག་མར་དབུ་བརྙེས། རྒྱལ་པོས་དོན་མ་དགོངས་ནས་མིང་ལ་གཉན་པོ་གསང་བ་བཏགས་ནས་མཆོད་པས་བྱིན་རླབས་གྱིས་རྒྱལ་པོའང་དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་དག་ཁྲོད་དུ་གནམ་ནི་ཆོས་ཀྱི་འབྱུང་ཁུངས་སུ་བཞེད་པ།  གནམ་གྱིས་གོ་གནས་གལ་ཆེ་ཞིག་བཟུང་ཡོད།

འཛམ་གླིང་ལོ་རྒྱུས་སུའང་གནམ་ནི་གནའ་ནས་བཟུང་མི་རྣམས་ཀྱི་དད་པ་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ཤེས་ཐུབ།  རྒྱུ་མཚན་ནི་དབང་བསྒྱུར་གྲལ་རིམ་དག་གིས་རྟག་པར་རང་ཉིད་གནམ་དང་ཟུང་དུ་འབྲེལ་ནས་མི་རྣམས་ལ་བསམ་བློ་ཐད་ནས་ཚོད་འཛིན་བྱས་ཏེ་རང་གི་དབང་སྒྱུར་སྲ་བརྟན་བཏང་བ། དཔེར་ན། གནའ་བོའི་རྒྱལ་ཁབ་ཆེན་པོ་ཨེ་ཅིན་གྱི་མི་རྣམས་ནི་གནམ་ལ་དད་པ་ཆེན་པ་ལྡན་ལ། ཁོ་ཚོ་བསམ་པར་གནམ་ན་ལྷ་མང་པོ་བཞུགས་ཡོད་པ་འདོད་པས། ཨེ་ཅིན་རྒྱལ་པོ་རྣམས་ཀྱིས་རང་ཉིད་ནི་ཉི་མའི་ལྷའི་བུར་གཟུགས་སུ་བཀོད་བ།  རྒྱའི་ལོ་རྒྱུས་ཁྲོད་དུའང་དེ་ལྟ་བུ་མང་པོ་འདུག་སྟེ་གནའ་བོའི་མི་རྣམས་ཀྱིས་རྒྱལ་པོ་ལ་ཐེན་ཙི་ཞེས་འབོད། ཐེན་ཙི་ནི་གནའ་ཀྲུང་གོ་བཀས་བཀོལ་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཆེས་མཐོའི་དབང་བསྒྱུར་མཁན་གྱི་མིང་ཡིན། ཐེན་ཙི་ནི་རྒྱ་ཡིག་ཀློག་སྟངས་ཡིན། ཐེན་ནི་གནམ་ལ་གོ ཙི་ནི་བུ་ཡི་དོན་ཡིན། ཐེན་ཙི་ནི་གནམ་གྱི་བུ་ཟེར་བ་ཡིན། ཁོ་ཚོས་རྟག་པར་རྗེའི་དབང་ལྷས་བསྩལ་དང་གནམ་མི་གཅིག་འདུས་སོགས་བསམ་བློ་ལ་བརྟེན་ནས་རང་གི་དབང་ཆ་ཤུགས་སྣོན་བྱས།  དེ་མ་ཟད་བོན་ཆོས་ཁྲོད་དུ་གནམ་གྱི་སྐོར་མང་པོ་ཡོད་དེ་གཉའ་ཁྲི་བཙན་པོ་ནི་ལྷ་ལས་བབས་པ། གཉན་པོ་གསང་བའི་ཆོས་ཀྱང་གནམ་ལས་བྱུང་བ་ཞེས་བཞེད་ཚུལ་མང་པོ་འདུག  བོན་ཆོས་མི་དད་མཁན་ཚོས་བོན་པོ་ནི་གནམ་ལ་དགའ་བས་དེ་ལྟར་བཤད་པ་ཡིན་ཟེར། འོན་ཀྱང་གནམ་ལ་དད་པ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ཐོག་མའི་དུས་རིམ་ལའང་རྩིས་ཆོག  རྒྱུ་མཚན་སྔོན་གདོད་མའི་དུས་སྐབས་ལ་ཐོན་སྐྱེད་ནུས་ཤུགས་སོགས་ཀྱི་ཆུ་ཚད་ཞན་པས་མི་རྣམས་རྟག་པར་རང་བྱུང་ཁམས་ཀྱི་གནོད་འཚེ་ལ་འཇིགས་སྐྲག་སྐྱེས་བཞིན་འདུག  རིམ་བཞིན་རང་བྱུང་ཁམས་ལ་སྲུང་སྐྱོང་བྱས་པ།  གལ་སྲིད་གཏོར་བརླགས་བྱས་ནས་རང་བྱུང་གནོད་འཚེ་སོགས་བྱུང་ན་ཁོ་ཚོ་བསམ་པར་དེ་ནི་རང་བྱུང་ཁམས་ཀྱིས་ངོ་རྒོལ་བྱས་པ་ཡིན་སྙམ་པ་མ་གཏོགས་དེ་ནི་སྐྱེ་ཁམས་དོ་མཉམ་ཤོར་བ་ཡིན་པར་བསམ་མི་བྱུང་། དེ་བས་རང་བྱུང་ཁམས་ཀྱང་མི་ཞིག་ཡིན་པའི་དབང་བཏང་།  དེའི་གནོད་འཚེ་མི་ཡོང་བའི་ཆེད་དེ་ལ་ཁ་ཡག་ངོ་དགའི་ཚུལ་གྱིས་མཆོད་པ་སོགས་བྱས་ནས་རིམ་གྱིས་རང་བྱུང་ཁམས་ལ་དད་པའི་སེམས་ཁམས་ཀྱི་འདུ་ཤེས་ཤིག་གྲུབ་པའི་རྐྱེན་ཡང་ཡིན་སྲིད། བཤད་ཚུལ་གཞན་ཡང་ཡོད་སྲིད།  དེའི་ཕྱིར་བོན་པ་ཁོ་ན་མིན་པ། ཨེ་ཅིན་ཁོ་ནའང་མིན་པ། འཛམ་གླིང་ཕྱོགས་ཀུན་ནས་གནའ་བོའི་དུས་སྐབས་ནས་བཟུང་གནམ་ལ་དད་པ་བྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུའང་བརྩིས་ན་ཆོག་བསམ། མདོར་ན་གནའ་བོ་མི་རྣམས་ཀྱི་བསམ་བློར་གནམ་ནི་ཡང་དག་པ། དོ་ཟླ་མེད་པ། ཕོད་ཐུག་བཏང་མི་རུང་བ། སྤྱིར་བཏང་མིན་པ་སོགས་ཀྱི་འདུ་ཤེས་ལྡན། དེ་བས་རྒྱལ་པོ་ལྷ་ཐོ་ཐོ་རི་དུས་སྐབས་སུ་དམ་པའི་ལྷ་ཆོས་ནི་གནམ་ལས་བབས་པ་ཡིན་ཞེས་པའི་བཤད་སྲོལ་ལའང་གོང་ལྟ་བུའི་འདུ་ཤེས་ཀྱི་ཤན་ཞུགས་ཡོད་སྲིད་ལ།  དེ་མ་ཟད་གནའ་བོ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་དག་ནི་བླ་བཙུན་སོགས་ཀྱིས་བྲིས་པ་དང་སྐབས་དེར་བོན་ཆོས་སྟོབས་ཤུགས་ཆེན་བ་སོགས་ལ་འབྲེལ་བའང་ཡོད་སྲིད།  གཞན་འགའ་ཞིག་གིས་སྐྱེས་བུ་དམ་པ་དེས་རྒྱལ་སྲིད་འཛིན་པའི་ཚེ། ལི་ཐེ་སི་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་མཚོ་གཉིས་ཀྱིས། རྒྱ་གར་པཎྜི་ཏ་མཁས་པ་ལེགས་བྱིན་སྤྱན་དྲངས་ནས་བྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། ཞེས་བལ་ཡུལ་ནས་ལོ་པན་དེ་གཉིས་ཀྱིས་བོད་དུ་ཆེས་ཐོག་མར་ཁྱེར་ཡོང་འདོད།  སྔོན་རྒྱ་བལ་མི་རྣམས་བོད་དུ་གསེར་འཚོལ་བ་བྱོན་པའི་ལོ་རྒྱུས་མང་པོ་ཡོད། བལ་ཡུལ་གྱི་ལོ་པན་དེ་གཉིས་ཀྱིས་གསེར་ཐོབ་པའི་ཆེད་བོད་དུ་ཆོས་ཁྱེར་ཡོང་བའང་སྲིད། དམ་ཆོས་བོད་ལྗོངས་སུ་སྤེལ་འདོད་ཀྱིས་ཁྱེར་ཡོང་བའང་སྲིད། གང་ལྟར་གོང་གི་ཡིག་ཆ་དག་དང་དེང་སྐབས་ཡོངས་གྲགས་ཀྱི་འདོད་ཚུལ་ལ་དམ་པའི་ཆོས་ནི་ཆེས་ཐོག་མར་རྒྱལ་པོ་ལྷ་ཐོ་ཐོ་རི་དུས་སྐབས་སུ་དབུ་བརྙེས་པར་འཐད།  འོན་ཀྱང་བོན་པོ་ཡིག་ཆ་ཁ་ཤས་ལས་དམ་པའི་ཆོས་དེ་སྔོན་ལ་བོད་ཡུལ་དུ་སླེབས་ཡོད་པའི་གནས་ཚུལ་རགས་རིམ་བསྟན་ཡོད་པ་ནི་བག་ལ་ཉལ་བའི་གསང་བ་ཞིག་དང་འདྲ་མི་ཉུང་ཤས་ཤིག་མ་གཏོགས་གསལ་མ་བྱུང་།  རྒྱུ་མཚན་དམ་པའི་ཆོས་ནི་བོན་ཆོས་དང་རྩོད་པ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རིམ་གྱིས་རྒྱལ་ལ་སྲོལ་རྒྱུན་ཆོས་ལུགས་ཀྱི་གཙོ་རྒྱུན་དུ་གྱུར་བ། སངས་རྒྱས་ཆོས་ལུགས་རྗེས་འབྲངས་པའི་བཞེད་ཚུལ་དང་ཟིན་བཀོད་རྗེས་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་མི་སྣ་རྣམས་ཀྱི་འདོད་ཚུལ་གཙོ་བོ་གྱུར་བཞེས་པ་ཡིན་པས་ཀྱང་སྲིད།

 

གཉིས་པ། བོན་པོའི་ཡིག་ཆ་ཁྲོད་ཀྱི་བཞེད་ཚུལ།

 

བོན་ཆོས་ནི་བོད་ཀྱི་འདོད་མའི་ཆོས་ལུགས་ཡིན། བོད་ཀྱི་རྒྱལ་ཁབ་འདིར་དར་བའི་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནི་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལས་ལྷག་པའི་ལོ་རྒྱུས་དང་ལྡན་པར་མ་ཟད། ང་ཚོ་གངས་ཅན་བོད་ཀྱི་ཤེས་རིག་གི་གཞི་རྩ། རྒྱལ་རབས་ཀྱི་འབྱུང་ཁུངས། ཆོས་ལུགས་ཀྱི་ཕུགས་རྩ། བོད་མི་རིགས་རང་གི་ཁ་ཕོར་ལྟ་བུའི་གལ་ཆེའི་ཁྱད་ནོར་ཞིག་ཡིན་ཡང༌། ཁ་ཅིག་གིས་དེ་ལས་ལྡོག་སྟེ་རྒྱ་དཀར་ནག་གང་གི་ལམ་ལུགས་ཀྱིས་ལྷད་མ་ཞུགས་པའི་བོད་རང་ས་ནས་བྱུང་བའི་བོད་རང་ཡུལ་གྱི་ཕ་ཆོས་སམ་བོན་ཆོས་འདི་ལ་མཐོང་ཆུང་དང་དམའ་འབེབས་ལོག་སྨྲ་ཅི་རིགས་སུ་བྱས་ཏེ་ཕྱི་རོལ་མུ་སྟེགས་པའི་ལུགས་སྲོལ་ལྟ་བུ་ཞིག་ལ་ངོས་བཟུང་བ། བོན་ཆོས་ཀྱི་ཡིག་ཆ་ཁག་ལ་གཞིགས་ན་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་སྤེལ་བའི་དུས་ཚོད་ནི་བོད་རྒྱལ་བདུན་པ་རྗེ་སྲིབ་ཁྲི་བཙན་པོ་དུས་སྐབས་སུ་འདེད་ཐུབ་ལ་དེ་མ་ཟད་ཁོང་རྗེས་སུ་གྲི་གུམ་བཙན་པོ་དུས་སྐབས་སུའང་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་བྱེད་པའི་མཚམས་བཞག་མེད།     ༼  གཡུང་དྲུང་བོན་གྱི་བསྟན་པའི་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན  ༽  ལས་དེའི་སྲས་སེང་ཁྲི་བཙན་པོ་ཡིན།   སྐུ་གཤེན་ཅོའུ་ཞལ་དཀར་ཡིན།་་་་་་་དུས་དེ་ཙམ་ན་བདུད་ང་མེད་ཆོས་པོ་བྱ་བ་དེ། སྟོན་པའི་དུས་སུ་འདུལ་བའི་དུས་ལ་མ་བབས་ནས་མཐའ་ཡི་མུན་པ་ཆེན་པོ་ལ་བཅུག་པ་དེ་ལས་དང་སྨོན་ལམ་ལོག་པའི་དབང་གིས་རྒྱ་གར་གྱི་མཐར་སླེབས་ཏེ་མི་ལྤགས་ཀྱི་གཡང་གཞི་གྱོན། རྡོ་རྗེ་དང་དྲིལ་བུ་ཐོགས་ནས་ཁ་ནས་ཆོས་བྱེད་ཟེར་ཞིང་མི་རྣམས་བསླུས་ཏེ་གཡུང་དྲུང་གི་བོན་ཟེར་བ་རྫུན་ཡིན། བོན་གྱི་སངས་རྒྱས་ཟེར་བ་བསླུ་བྲིད་ཡིན། ཞེས་འཁོད་ཡོད་པ་ལས་རྡོ་རྗེ་དང་དྲིལ་བུ་ཞེས་པའི་མིང་ཚིག་གཉིས་བྱུང་ཡོད། བྱ་དངོས་དེ་གཉིས་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ལུགས་ཆོ་ག་བྱེད་དུས་སུ་སྤྱོད་པའི་ཡོ་བྱད་གཉིས་ཡིན། དེ་མ་ཟད་གྲི་གུམ་བཙན་པོ་དང་འབྲེལ་ཡོད་དཔྱད་ཡིག་ཅིག་ལས་ཐེའུ་རིང་མིང་སྟེ་སྙིང་ཨུ་ཝེར་གྱི་སྤྲུལ་པ། ཁྲི་གུམ་བཙན་པོ་བྱ་བ་ཡིན། གཙོད་ཁྲིམས་དཀར་གྱི་སྐུ་བསྲུངས་མཛད། ཁྲི་གུམ་ཙད་པོའི་རང་ལ་བོད་ཁམས་ཕུང་དུ་ཐོ་བས་ན། བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང་། ཆོས་སྤྱོད་པའི་རྒྱལ་བོ་ཁྲི་ཏུ་གུམ། དེ་སླད་ཆོས་ཀྱང་བོད་ལ་མ་དར་རོ།ཞེས་གསལ་བ་དེ་དག་ལས་གོང་གི་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་སྤེལ་བའི་དུས་ཚོད་ནི་བོད་རྒྱལ་བདུན་པ་རྗེ་སྲིབ་ཁྲི་བཙན་པོ་དུས་སྐབས་སུ་འདེད་ཐུབ་ལ་དེ་མ་ཟད་ཁོང་རྗེས་སུ་གྲི་གུམ་བཙན་པོ་དུས་སྐབས་སུའང་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་བྱེད་པའི་མཚམས་བཞག་མེད་ཅེས་པར་ལྷག་ཏུ་ཡིད་ཆེས་སུ་བཏང་ཡོད། དེ་མ་ཟད་གྲི་གུམ་བཙན་པོ་ནི་དམ་ཆོས་བོད་དུ་སྤེལ་བས་བོན་ཆོས་ལ་ཞེན་པའི་བློན་པོ་རྣམས་ཀྱིས་བཀྲོངས་པའང་ཡོང་སྲིད།  དེ་བས་སངས་རྒྱས་ཆོས་ལུགས་ཆེས་ཐོག་མར་བོད་ཡུལ་དུ་སྤེལ་བ་ནི་ལྷ་ཐོ་ཐོ་རི་གཉན་བཙན་དུས་སྐབས་སུ་མིན་པ། དེའི་སྔོན་ལའང་བོད་ཡུལ་དུ་རགས་རིམ་གྱི་རྣམ་པའི་སྒོ་ཐོན་ཡོད་པ། གལ་སྲིད་ལྷ་ཐོ་ཐོ་རི་སྔོན་ལ་བོད་ཡུལ་དུ་བྱུང་བའི་གནས་ཚུལ་ནི་རྩྭ་ཐོག་ཟིལ་བ་ལྟར་དུས་ཐུང་བ། ཤུགས་རྐྱེན་ཐེབས་མེད་པས་ལྷ་ཐོ་ཐོ་རི་དུས་སྐབས་ནི་དམ་ཆོས་ཐོག་མར་བོད་དུ་དབུ་བརྙེས་བ་ངོས་བཟུང་བ་ཡིན་ཟེར་ན།  ༼ ལྷ་ཐོ་ཐོ་རི་གཉན་བཙན་དུས་སྐབས་སུ་གནམ་ལས་བབས་པའི་ཆོས་ཀྱི་གླེགས་བམ་དང་རིན་པོ་ཆེ་དག་གིས་བོད་ཡུལ་དུ་ཤུགས་རྐྱེན་ཅི་ཡང་བྱུང་མེད་པ། དེ་བས་ལྷ་ཐོ་ཐོ་རི་གཉན་བཙན་དུས་སྐབས་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་བྱུང་ཡོད་པའི་ལྟ་ཚུལ་ནི་ཚུགས་མི་ཐུབ་པ་ཡིན། དོན་དངོས་ཐོག་ནས་བཤད་ན་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་བཙན་པོ་རྒྱལ་རབས་བཙུན་པའི་སྐབས་སུ་ད་གཟོན་སངས་རྒྱས་ཆོས་ལུགས་ནི་རྒྱ་གར་དང་རྒྱ་ཡུལ་ནས་བོད་ཡུལ་དུ་དངོས་སུ་སྤེལ་བ་ཡིན། ༽  ཞེས་བས་དམ་ཆོས་ཐོག་མར་བོད་དུ་སྤེལ་བའི་དུས་ཚོད་ནི་ལྷ་ཐོ་ཐོ་རི་གཉན་བཙན་དུས་སྔོན་སྲིབ་ཁྲི་བཙན་པོའི་དུས་སྐབས་སུ་ངོས་བཟུང་ཆོག འོན་ཀྱང་བོད་དུ་ཤུགས་རྐྱེན་ཆེ་བྱུང་མེད་པ་འདྲ།

 

གསུམ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་བོད་ཡུལ་དུ་དམ་ཆོས་སྤེལ་བའི་སྲོལ་བཏོན་ཚུལ

 

ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ལ་ཆོས་ཕྱོགས་ཀྱི་བཞེདསྟངས་ནི་བོད་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ།  སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ངོས་འཛིན་བྱས། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱིས་སྟོན་པའི་བཀའ་དང་བླང་བྱས་ནས་ལྷ་ཡུལ་ལས་ཆོས་མེད་ཀླ་ཀློའི་ཡུལ་བོད་ཡུལ་ལ་སླེབས་ནས་མ་ནི་ཡིག་དྲུག་ནས་བརྩམས་ཏེ་སེམས་ཅན་གཏུམ་པོ་བློ་ཁ་ཆོས་ཕྱོགས་སུ་བསྒྱུར། དེ་ནས་ལོ་འགའ་ཕྱིན་རྗེས་ཁོང་གིས་ད་ལྟ་བོད་ཡུལ་གྱི་མི་རྣམས་བློ་ཁ་ཆོས་ཕྱོགས་སུ་བཀོད་ཚར་སྙམ་ནས་ཉིན་ཞིག་འོ་ཐང་མཚོའི་རྒྱབ་ཕྱོགས་ཀྱི་རི་མགོར་བུད་དེ་བོད་ཁམས་ལ་བལྟས་དུས་སྔར་བཞིན་ཡུལ་མང་པོ་ཆོས་ཕྱོགས་སུ་བསྒྱུར་མེད་པས་མིག་ཟུང་ནས་སྤྱན་ཆབ་གཉིས་ཤོར་ནས་གཡས་ནི་ཇོ་མོ་ཁྲོ་གཉེར་སྤྲུལ། གཡོན་ནི་ཇོ་མོ་སྒྲོལ་མ་སྤྲུལ། སྲོང་བཙན་སྒམ་པོའི་སྐབས་སུ་བལ་བཟའ་དང་རྒྱ་བཟའ་གཉིས་ནི་དེ་གཉིས་ཀྱི་སྤྲུལ་བ་ཡིན་པ་བཤད་ཡོད།  བཤད་ཚུལ་འདི་ལྟ་བུར་ཆོས་ལུགས་ཕྱོགས་ཞེད་ཤུགས་ཆེན་པོ་ཞུགས་ཡོད་ནའང་། སྲོང་བཙན་སྒམ་པོ་སྐབས་སུ་ཆོས་སྤེལ་ཕྱོགས་ཐད་ལའང་ཧུར་བརྩོན་བྱས་པ་ནི་བསྙོན་མེད་ཡིན། སློབ་དཔོན་ཐོན་མི་འཁོར་དང་བཅས་པ་ལ་གསེར་གྱི་ཕྱེ་མ་བྲི་གང་སྟེར་ནས་རྒྱ་གར་ཏུ་བཏང་བ། ཐོན་མི་འཁོར་དང་བཅས་པས་དཀའ་བ་ཚད་མེད་ཁྱད་དུ་སེལ་ནས་རྒྱ་གར་བྱོན། ཐོན་མི་འཁོར་དང་བཅས་པ་འཕགས་ཡུལ་ལ་ཁ་ཕྱོགས་པའི་བཤུལ་ལམ་དུ་འཚེ་བ་དང་བྲལ་ནས་བགྲོད་ཐུབ་པ་བྱུང་བ་དེ་ནས་བྲམ་ཟེ་ལི་བྱིན་ལ་ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་མདོ་ཆེན་པོ་པཱ་ཎི་བྱཱ་ཀ་ར་ན་དང་རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཙནྡྲ་པ་རྣམས་ཀྱི་སྒྲའི་ས་རིས་ཆ་ཚང་བ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་་་་་་་་མཚན་བརྒྱ་རྩ་བརྒྱད་པ། མཚན་རབ་ཡོངས་སུ་བསྟན་པའི་མདོ་དང་བཅས་པ་ལེགས་པར་བསླབས་པ་ཐུགས་སུ་ཆུད། ཅེས་ཐོན་མིས་བོད་ལ་ཡི་གེ་གསར་བཟོ་བྱས། ཆོས་ཀྱི་གླེགས་བམ་ཀྱང་བསྒྱུར།

དེའིརྒྱལ་པོ་ཕོ་བྲང་ན་བཞུགས་ཏེ་དགུང་ལོ་བཞིའི་བར་དུ་ཆབ་སྒོར་ཡང་མ་གཤེགས་པ་དང་། འབངས་ཀུན་གྱི་མཆིད་ནས་བཙན་པོ་ནི།  ཕོ་བྲང་སྒོར་ཡང་མི་གཤེགས་ཏེ། ཅིའི་ཆ་ཡང་མེད་པ་ཞིག  བློན་པོ་ནི། འཛངས་པ་ཞིག་གོ་ཞེས་འབངས་བྱིན་གྱིས་གཡར་ནས་གླེངས་ཞེས་བཙན་པའི་སྙན་དུ་གདས་ནས་ཞ་འབྲིང་ནང་པ་ཡི་གེ་བསླབས་བཞི་དང་མོལ་ཏེ། བཙན་པོས་དགོངས་ནས་ཟླ་བ་བཞིའི་བར་དུ་བཀའ་ཁྲིམས་དགེ་བ་བཅུ་ལས་གཞི་བླངས་པ་ཞིག་མཛད་དེ་ཡི་གེ་བྲིས་སོ། དགེ་བ་བཅུའི་ཁྲིམས་གཏན་ལ་ཕབ་ནས་དེའིསྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དང་བཅས་པའི་བླང་དོར་གནས་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་བསྲུང་དགོས་པའི་བཀའ་སློང་སྲོང་བཙན་སྒམ་པོས་ཕྱག་རྒྱ་སྟེ་ཐུགས་དམ་གྱི་རི་མོ་མངོན་པར་གསལ་བའི་རྒྱས་བཏབ་སྟེ་ནོར་འཛིན་ཡངས་པའི་ཁྱོན་གྱི་རྩི་ཏོག་འབྲས་བུའི་ཁུར་དང་ལྡན་པ་སྟོན་ཀའི་དུས་ཀྱི་ནམ་མཁའ་སྤྲིན་གྱི་དྲི་མ་མེད་པ་ལ་རྟ་ལྗང་གི་དབང་པོ་ཉི་མ་ཤར་བ་ལྟར་ཁ་བ་རི་བའི་ཁྱོན་ཀུན་ཏུ་གསལ་བར་སྤྲེལ། དེ་མ་ཟད་པར་གཞུང་ལས། རྒྱ་བོད་བལ་པོ་ཞང་ཞུང་བཞི་དང་གཉེན།།ཆོས་ཁྲིམས་སྲོལ་གཏོད་འཁྲུལ་ལ་སོགས་བཞེངས་ཏེ།། བརྒྱ་རྩ་བརྒྱད་འདེབས་དམ་བཅས་ཉིད་ཀྱིས་ཞེ་གཉིས་བཞེངས།། ཞེས་པ་སངས་རྒྱས་དཀོན་ཅོག་གི་རྟེན་ར་ས་འཁྲུལ་སྣང་དང་། རྒྱ་སྟག་ར་མོ་ཆེ་དང་། བྲག་རྩེ་གསུམ་ཐུགས་དམ་གྱི་ཡང་སྙིང་དུ་བཞེངས་ཏེ། རྒྱ་ནག་འཕྲུལ་གྱི་ཨོང་ཅོང་སྤྱན་དྲངས། བལ་ཡུལ་ནས་རྒྱལ་པོ་འབྲི་ལོ་ཧའི་སྲས་མོ་བལ་མོ་བཟའ་ཁྲི་བཙུན་སྤྱན་དྲངས།  བལ་བཟའ་ཁྲི་བཙུན་བོད་དུ་ཡོང་དུས་རྟེན་སྐལ་ལ་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་བྱམས་པ་ཆོས་འཁོར། ཙནྡན་སྒྲོལ་མ་རང་བྱུང་། ནོར་བུ་རཏྣ་དེ་ཝ། སྟག་ཤ་དེ་ཝ། བེཌཱུ་རྱ་ཡི་ལྷུང་བཟེད་ལ་སོགས་བོད་དུ་དྲངས། རྒྱ་བཟའ་སྤྱན་འདྲེན་དུས་རྟེན་སྐལ་ལ་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་དང་བྱམས་པ་ཆོས་འཁོར། ཙན་དན་གྱི་སྒྲོལ་མ་རྣམས་རྫོངས་སུ་སྐུར། བཙུན་མོ་དེ་གཉིས་ཀྱིས་བོད་ཡུལ་ཀྱི་བསྟན་པའི་མེ་དཔུང་ཐོག་ཏུ་སྣུམ་བླུགས་པ་ནང་བཞིན་མེ་ལྩེ་ཇེ་ངར་ཏུ་བཏང་། དེ་རྗེས་ལ་བཙན་པོ་སྲོང་བཙན་སྒམ་པོས་ཀྱང་རུ་བཞིར་གཙུག་ལག་ཁང་རྩིག མཐའ་འདུལ་གྱི་གཙུག་ལག་ཁང་བཞི།  ཡང་མཐའ་ཡང་འདུལ་གྱི་རྩིག་ལག་ཁང་བཞི། ཡང་འདུལ་བརྒྱད། ཡང་འདུལ་བཞི་ལ་འཕྱོང་བཏགས་པ་བརྒྱད། རུ་མཚམས་བཞི་ལ་ལྷ་ཁང་བཞི། ཡང་འདུལ་གྱི་ཡང་འདུལ་བཅོ་བརྒྱད་སོགས་ལྷ་ཁང་དང་རྩིག་ལག་ཁང་གྲངས་མེད་བཞེངས། མེས་སྲོང་བཙན་བསྒམ་པོ་ནི་དམ་པའི་ཆོས་མཛད་པའི་སྲོལ་དེ་ཙམ་ཞིག་བཏོད་དོ།དེ་ནས་བཙན་པོ་རིམ་བཞིན་རིང་ལ་དམ་ཆོས་ལག་ལེན་མཛད། ཁྲི་ལྡེ་གཙུག་བརྟན་ཀྱི་སྐུ་རིང་ལ་གྱིམ་ཤང་ཨོང་ཅོ་ལོ་རེ་ཞིང་ལྷ་ས་ར་མོ་ཆེར་ལྷ་ཤཱཀྱ་མུ་ནེ་ལ་བསྐོར་བ་མཛད་པ་སོགས།

 

 གསུམ་པ།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་འཕེལ་རྒྱས་སུ་བཏང་ཚུལ།

 

ཆོས་རྒྱལ་འདིའི་སྐབས་ལ་དམ་ཆོས་སྤེལ་བ་ལ་བོན་ཆོས་ཀྱིས་དགག་རྒོལ་ཤུགས་ཆེན་ཐེབས།    དེ་ཡང་རྦ་བཞེད་ལས་ཡབ་རྒྱལ་པོ་ལོ་དྲུག་ཅུ་རྩ་གསུམ་བཞེས་པ་ན་ཡ་འབྲོག་སྦྲ་ཚལ་དུ་ཆིབས་སྒྲོན་པས་གྲོངས། རྒྱལ་བུ་ཆབ་སྲིད་བཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ་རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུགས་སོ་ཞེས་ཁྲིམས་བུ་ཆུང་བཅས། བློན་ཆེན་ཆོས་ལ་དགའ་བ་མང་འབལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང་། ར་མོ་ཆེ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནེ་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་བར་བྱ་ཟེར་བ།  དེ་མ་ཟད་ལྷ་ཁང་མང་པོ་བཤིག  བོན་ཆོས་ཀྱི་སྟོབས་ཤུགས་ཆེ་དྲགས་སོང་ནས་རྒྱལ་བོའང་ཐབས་མེད་གྱུར་ནས་བོན་ཆོས་བྱེད་པ།  ཧྭ་ཤང་ཞིག་གིས་བོད་ཡུལ་དུ་དམ་པའི་ཆོས་མེ་སྟག་ཙམ་ཞིག་འབྱུང་ངོ་ཞེས་པར་ལྟར། བཙན་པོ་ཁྲི་སྲོང་ལྡེ་བཙན་ལའང་མེས་པོ་རྣམས་ཀྱིས་དམ་ཆོས་དར་སྤེལ་གྱི་བྱ་གཞག་མུ་མཐུད་དུ་རྒྱུན་སྐྱོང་བའི་འདུན་པ་དྲག་པོ་ལྡན། སང་ཤི་དང་། གསལ་སྣང་གིས་རྒྱའི་རྒྱལ་པོའི་དྲུང་དུ་ཕྱིན། དེ་ལ་ཞུས་ནས་སྒོམ་པའི་ལུང་འབོག་པའི་ཧྭ་ཤང་དང་མཇལ་ནས་སྒོམ་པའི་ལུང་ལེགས་པར་མནོས། ཧྭ་ཤང་དེ་ལ་མངོན་པར་ཤེས་པ་ཆེན་མངའ་བས། སང་ཤི་ལ་སངས་རྒྱས་ཀྱི་གསུང་རབ་ནས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་འབྱིན་པའི་བྱང་ཆུབ་སེམས་དཔལ་འབྱུང་བར་ལུང་བསྟན་པ་དེ་ཁྱོད་ཡིན། རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་ཞེས་པ་དེ་བོད་ཀྱི་འདུལ་སྐལ་ཡིན། དེ་མ་ཡིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས་ཟེར།་་་་་་དེ་གཉིས་ཀྱིས་རྒྱ་ནས་ཆོས་བམ་པོ་སྟོང་ཙམ་བླངས་ཏེ་ཁྱེར་འོངས་ཀྱང་། མ་ཞང་གིས་ཆད་པ་གཅད་དོགས་པས་སྦས་ཕྱིས་གསལ་སྣང་མང་ཡུལ་གྱི་ཁང་དཔོན་དུ་བསྐོས་པ། དེར་གཙུག་ལག་ཁང་གཉིས། རྐྱེན་རིས་ཀྱང་བཅད། བལ་པོར་ཕྱིན། མཁན་པོ་ཞི་བ་འཚོ་དང་མཇལ་ཞེས་གསུངས། དེ་ནས་མཁན་པོ་ཞི་བ་འཚོ་མང་ཡུལ་དུ་སྤྱན་དྲངས་སྟེ། གསལ་སྣང་གི་ཁྱིམ་དུ་བཤོས་གསོལ་ནས་ཆོས་ཞུས། མཁན་པོས་གསལ་སྣང་ལ་ཆུ་བོ་ལོ་ཧི་ཏའི་འགྲམ། རི་ཁས་པོརིའི་དྲུང་། བྲག་དམར་དུ་བསམ་ཡས་ལྷུན་གྱིས་གྲུབ་ཅེས་བྱ་བའི་གཙུག་ལག་ཁང་རྩིགས་ཤིག ཁྱེད་ཅག་གི་དགེ་བའི་བཤེས་གཉེན་ངས་བྱའོ་ཞེས་ཟེར་ལ་གསལ་སྣང་གི་མིང་ཡང་ཡེ་ཤེས་དབང་པོ་དབྱངས་སུ་གདགས་སོ། དེ་རྗེས་ལ་གསལ་སྣང་བཙན་པོ་གམ་དུ་ཡོང་ནས་ཞིབ་པར་གསོལ་དུས། བཙན་པོའི་ཞལ་ནས་ཁྱོད་ལྟར་བྱས་ན་ཞང་བློན་རྣམས་ཀྱིས་ཁྱོད་བསད་པར་འོང་བས་ཁྱོད་རེ་ཞིག་ཡུལ་དུ་སོང་ཞིག་ཅེས་བཀའ་བསྩལ་པ་དང་གསལ་སྣང་ཡུལ་དུ་མཆིས།

རྒྱལ་བོས་བློན་པོ་ཞང་ཉ་བཟང་སོགས་བསྡུས་ནས་ལྐོག་ནས་ཆོས་བྱེད་པར་གྲོས་བྱས། མ་ཞང་ནི་ཐབས་ལ་བརྟེན་ནས་བཀྲོངས།  བློན་པོ་ཞང་ཉ་བཟང་གིས་མེས་སྲོང་བཙན་དང་ལྷ་སྲས་ཀྱི་ཡབ་ཀྱིས་དམ་པའི་ལྷ་ཆོས་སྲོལ་བཏོན་ནས་མཛད་པ་སོགས། ཞང་བློན་གདུག་པ་ཅན་གྱིས་ལྷ་ཆོས་བཤིག་པས་སྡུག་བསྔལ་མི་བཟད་པས་གུམ་ཞིང་བཀྲ་མི་ཤིས་པ་མང་དུ་བྱུང་སོགས་ལབ་ནས་གསལ་སྣང་ཡང་རྒྱལ་པོའི་སྤྱན་སྔར་བཀུག་ནས་བལ་ཡུལ་དུ་ཟ་ཧོར་གྱི་རྒྱལ་པོའི་སྲས་བོ་དྷི་ས་ཏྭ་ཞེས་པའི་མཁས་པ་ཞིག་སྔོན་རྒྱ་གར་དུ་མཆིས་པ་དེ་ད་ནི་བལ་ཡུལ་ན་མཆིས་པ་དེ་བོད་དུ་སྤྱན་འདྲེན་དགོས་པའི་བཀའ་གནང་།  དེ་ནས་གསལ་སྣང་གིས་མཁན་པོ་བོ་དྷི་ས་ཏྭ་མང་ཡུལ་དུ་སྤྱན་དྲངས།  དེ་བཞིན་དུ་མཁན་པོ་ལང་གྲོ་སྣང་ར་ཞབས་འབྲིང་དུ་ཁྲིད་དེ་ར་ས་པེ་ཧར་དུ་བཞུགས།  བཙན་པོས་ལྷོ་བལ་གྱི་ངན་སྔགས་དང་ཕྲ་མེན་དག་ཡོད་པར་ཐུགས་འཕྲིག་བཞེས་ནས་། ཞང་བློན་ཆེན་པོ་སྦྲང་རྒྱལ་སྦྲ་ལེགས་གཟིགས་དང་། སེང་འགོ་ལྷ་ལུང་གཟིགས་དང་། འབའ་སང་ཤི་དང་གསུམ་ལ་བཀའ་སྩལ་ནས་ཨ་ཙརྱ་བོ་དྷི་ས་ཏཱའི་ཞལ་སྔར་ཕྱག་འཚལ་ཞིང་མཇལ་ནས་ལྷོ་བལ་གྱི་ངན་སྔགས་དང་ཕྲ་མེན་ལྟ་བུ་ཡོད་དམ་མེད་ཐུགས་འཕྲིག་བཞེས་དགོས་སམ་མི་དགོས་ཁྱེད་ཀྱིས་རྟོགས་ཤིག་ཅེས་བཀའ་སྩལ། ཁོ་ཚོས་ལོ་ཙཱ་བ་ཞིག་བཙལ་ནས་ཟླ་འགའ་བར་དུ་དམ་པའི་ཆོས་བརྟགས་ན། དམ་པའི་ཆོས་ནི་མདོ་སྟེའི་ལུགས་སུ་ལགས་ངེས་ཏེ། ཉེས་སོ་ཅོག་ནི་མི་གཏང་བ་མེད། ལེགས་སོ་ཅོག་ནི་མི་བྱ་བ་མེད། སྲོག་ཆགས་ཀུན་ལ་ཕན་པ་ནི་ལྷུར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་རྒྱ་ཆེར་བཤད་པས་སང་ཤི་ལ་སོགས་པ་ཡིད་ཆེས་པར་གྱུར་ཏེ།  དེ་ནས་ཨ་ནན་ཏ་སོགས་ལོ་ཙཱ་བྱས་ཏེ་དགུང་ལོ་ཕྱེད་ཀྱི་རིང་ལ་ཆོས་མང་དུ་བསྒྱུར་བ། དེ་ཚེ་ལ་འཕང་ཐང་དུ་ཆུ་བོ་ཆེ་བྱུང་། ལྷ་སའི་མཁར་དུ་ཐོག་བབས་ནས་སྐུ་མཁར་ཚིག མུ་གེ་ཆེན་པོ་དང་།  མི་ནད་དང་ཕྱུགས་ནད་ཀྱང་བྱུང་ནས་བོད་ཀྱི་ཞང་བློན་ཆེན་པོ་རྣམས་ཆོས་སྤྱད་པས་ལན་པར་གླེང་ཞིང་རྟོག་པ་སྐྱེས་པས་ཆོས་བཞག་སྟེ་རེ་ཞིག་མི་མཛད་པར་ཆད་པ་ལས། མཁན་པོས་ལུང་བསྟན་ཞིག་གནང་ནས་སླར་བལ་ཡུལ་དུ་ལོག

བཙན་པོས་སླར་ཐབས་ལ་མཁས་པའི་མཛད་པས་འབངས་མཐའ་དག་གིས་ཆོས་བྱ་བ་ཁས་བླངས།  བཙན་པོས་སྦ་གསལ་སྣང་དང་སེང་མགོ་ལྷ་ལུང་གཟིགས་ལ་འཁོར་དང་བཅས་པ་སློབ་དཔོན་པདྨ་འབྱུང་གནས་སྤྱན་འདྲེན་དུ་བཏང་སྟེ་བོད་དུ་སླེབས། མངའ་བདག་རྒྱལ་པོ་འཁོར་བཅས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་སྟེ་འཇལ་ནས་བྲག་དམར་མགྲིན་བཟང་དུ་བཞུགས།  སླར་མཁན་པོ་གདན་འདྲེན་གྱི་ཕོ་ཉ་བཏང་སྟེ་སླེབས།  མཁན་སློབ་གཉིས་ཀ་བོད་དུ་བཞུགས།  དེ་ནས་ཤཱཀྱ་མུ་ནེ་མང་ཡུལ་ནས་གདན་དྲངས་ཏེ་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་སུ་བཅུག  དེ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་སོ་གཉིས་པ་ཆུ་སྟག་སྤྱི་ལོ་༨༢༢ལོར་བསམ་ཡས་རྨང་བཏིངས། དགུང་ལོ་སོ་དྲུག་མེ་རྟ་སྤྱི་ལོ་༨༢༦ལོར་ཡོངས་སུ་གྲུབ། གཙུག་ལག་ཁང་འདིའི་མིང་ཆ་ཚང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟེར། དེའི་འོག་ཁང་ནི་བོད་བཟོ་ལུགས་ཡིན། བར་ཁང་ནི་རྒྱ་ནག་བའི་བཟོ་ལུགས་ཡིན། སྟེང་ཁང་ནི་རྒྱ་གར་བཟོ་ལུགས་སུ་བྱས་ཡོད། གཙུག་ལག་ཁང་ནང་གི་ལྷ་བཞེངས་དུས་མཁན་པོས་རྒྱ་གར་གྱི་ལུགས་སུ་བགྱིའམ། རྒྱ་ནག་གི་ལུགས་སུ་བགྱི་འམ། གང་དུ་བགྱི་གསུངས་པས། རྒྱལ་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱི་འཚལ། བོད་ནག་པོ་འདི་རྣམས་དད་པ་སྐྱེ་རེ་བ་ཡིན་གསུངས། བོད་ཀྱི་མི་ལ་གཟུགས་མཛེས་པ་ཁུ་སྟག་ཚབ། ཐང་བཟང་སྟག་ལོད། དམའ་གསས་ཀོང་གསུམ་ལ་དཔེ་བླངས་ནས། དབུས་ཀྱི་གཙོ་བོ་སྤྱན་རས་གཟིགས་དབང་ཕྱུག གཡས་ན་རྒྱལ་྾སྤྱན་྾། གཡོན་དུ་རྟ་མགྲིན་དང་གསུམ་བཞེངས། ལྕོག་རོ་བཟའ་ལྷ་བུ་སྨད་ལ་དཔེ་བླངས་ནས། ཇོ་མོ་སྒྲོལ་མ་དང་ལྷ་མོ་ཁྲོ་གཉེར་ཅན་གཉིས་བཞེངས།  སྒྲ་བསྒྱུར་སློབ་གླིང་སོགས་བཙུགས། སྦ་གསལ་སྣང་སོགས་ཐོག་མར་རབ་ཏུ་བྱུང་བས་བོད་ཀྱི་རབ་བྱུང་གི་སྡེ་ཐོག་མ་སད་མི་བདུན་བྱུང་། ལ་ལས་བོད་ཀྱི་རབ་བྱུང་ཐོག་མ་དབའ་དཔལ་དབྱངས་ཡིན་ཟེར། བོད་ལ་དགེ་སློང་གི་མིང་ཡང་མ་མཆིས་པ་ལས་དབའ་ལྷ་བཙན་བན་དྷེར་ཕྱུང་ནས་མིང་ཡང་དབའ་དཔལ་དབྱངས་སུ་བཏགས། གང་ལྟར་དུས་སྐབས་དེ་ལའང་བོད་ཀྱི་རབ་བྱུང་པ་བདུན་བྱུང་།  དེ་ནས་རྒྱལ་བློན་རྣམས་གྲོས་བྱས་ནས་བན་དེ་རྣམས་ཀྱི་རྐྱེན་རིས་གཏན་ལ་ཕབ། སྦ་གསལ་སྣང་ཡེ་ཤེས་དབང་པོ་ལྷོ་བྲག་ཏུ་དབེན་པར་ཕེབས་པའི་རྗེས་རྦ་དཔལ་དབྱངས་བཅོལ་ལྡན་འདས་ཀྱི་རིང་ལུགས་སུ་བསྐོས། དེ་ནས་རྒྱ་གར་དང་ཁ་ཆེ་ཡུལ་ནས་པན་གྲུབ་དུ་མ་སྤྱན་དྲངས་ནས་སད་མི་བདུན་དང་མཉམ་དུ་མང་བཀུར། ཕལ་ཆེན་བ། གནས་བརྟན་པ། གཞི་ཐམས་ཅད་ཡོད་སྨྲ་ལུགས་ཀྱི་འདུལ་བའི་མདོ་སྡེ་སོགས་བསྟན་བཅོས་མཐའ་དག་བསྒྱུར། སྐབས་དེར་བེེ་རོ་ཙ་ན་སོགས་ཀྱི་མཁས་པའང་མང་དུ་བྱུང་། དམ་ཆོས་དར་རྒྱས་ཀྱི་དུས་དེ་ལ་བོན་བློན་དང་བོན་ཆོས་དད་པ་བྱེད་མཁན་རྣམས་ཀྱིས་ཆོས་མི་བྱེད་བོན་བྱའོ་ཟེར། དེ་ནས་མཁན་པོ་ཞལ་ནས་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་དམ་པའི་ལྷ་ཆོས་བྱ་གསུང་།  དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་རྐྱང་བུའི་ཚལ་ན་བཞུགས་པའི་ཚེ་བོན་ཕྱོགས་ཀྱི་བློན་པོ་དང་དམ་ཆོས་ཕྱོགས་ཀྱི་བློན་པོ་རྣམས་ཕྱོགས་གཉིས་སུ་བཞུགས་ནས་རྩོད་པ་བྱས། མཇུག་བོན་རྣམས་ཀྱིས་ཕམ།  དམ་པའི་ཆོས་ཀྱི་ཡང་དག་པའི་གོ་གནས་གཏན་ལ་ཕབ་སྟེ་བོན་ཆོས་ལ་ལ་ས་གཞན་པར་སྤྱུགས། གླེགས་བམ་ལ་ལ་ཆུར་སྐྱུར།  དེ་ནས་རེ་ཞིག་སོང་བ་ན་རྒྱ་ནག་ནས་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་བོད་དུ་ཡོང་ནས་བོད་ཀྱི་བན་དེ་དང་འབངས་སོགས་མང་པོ་ལོག་ལམ་དུ་ཁྲིད། སྐབས་དེར་སྦ་གསལ་སྣང་གིས་མཁན་པོ་མདའ་ཁར་མཁན་པོའི་གསུང་ཡིད་ལ་དྲན་བྱུང་ནས་རྒྱ་གར་ནས་ཀ་མ་ལ་ཤཱི་ལ་བོད་དུ་གདན་དྲངས་ཏེ་བྱང་ཆུབ་གླིང་དུ་སེང་གེའི་ཁྲི་བཅས་ཏེ་བཙན་པོ་དགུང་ལ་བཞུགས། ཧྭ་ཤང་གཡས་སུ་ཁྲིར་བཞུགས་པའི་སྟོན་མིན་གྱི་སློབ་མ་རྣམས་གྲལ་རིང་བྱུང་། གཡོན་དུ་ཀ་མ་ལ་ཤཱི་ལ་ཁྲིར་བཞུགས་པའི་རྩེན་མིན་གྱི་སློབ་མ་གྲལ་རིང་བྱུང་།  སྟོན་མིན་དང་རྩེན་མིན་ གཉིས་ཆོས་ཀྱི་རྩོད་པ་མགོ་བརྩམས། མཇུག་མཐར་སྟོན་མིན་ཕམ་ནས་ཧྭ་ཤང་མ་ཧཱ་ཡ་ན་རྒྱ་ནག་ཡུལ་དུ་བརྫངས།

རྒྱ་ནག་ནས་སྦ་ཁྲི་བཞེར་སང་ཤི་ཏ་ལོག་པས་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། ས་ལི་ལྗང་པ། རྡོ་རྗེ་གཅོད་པ་དང་གསུམ་སྤྱན་དྲངས་ཏེ། ཆོས་དཀོན་ཅོག་གི་རྟེན་དུ་བཞུགས། དགེ་འདུན་དཀོན་ཅོག་གི་རྟེན་མདོ་སྡེའི་ལུགས་སུ། སྔོན་གྱི་སད་མི་བདུན་ལ་དཔེ་བླངས་ནས།  དགེ་དང་ཡིག་ཚང་ཅན་བརྒྱ་བཞི་བཅུ་རབ་ཏུ་བྱུང་། རྒྱུད་སྡེའི་ལུགས་སུ་ཤེས་རབ་དང་ལྡན་པའི་གང་ཟག་ལ་ཉན་བཤད་དང་སྒོམ་སྒྲུབ་ཏུ་གནང་། ནང་ས་སྡེ་གཉིས་དང་ཡང་དག་སྒྲུབ་པ་ལ་ཐུགས་དམ་དུ་མཛད། མིང་མཁན་པོ་དང་སློབ་དཔོན་དུ་གནང་། སྡེ་སྣོད་གསུམ་དུ་བསྒྱུར་ནས་ཕྱིས་མི་བཅོས་པར་བཀའ་བཅད་དོ།  དེ་ལ་གསང་སྔགས་འགྱུར་བཅུ་འཆད་ཚུལ་བཞི། ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཞེས་གྲགས།  ཞེས་པ་ནི།  ཁྲི་སྲོང་སྡེ་བཙན་གྱི་རིང་ལ་དྲུག་བསྒྱུར།  དབོན་དང་སྲས་ཀྱི་རིང་ལ་བཞི་བསྒྱུར།  སྔོན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་ཆོས་བཤིག་པ་ཐུགས་ལ་བཅགས་ནས་ཕྱིན་ཆད་དེ་ལྟ་བུ་མི་འབྱུང་བའི་ཕྱིར་བོད་སུས་ཀྱང་ཆོས་མི་བཤིག་པའི་དབུ་སྙུང་བཞེས་མནའ་བསྐྱལ་བའི་བཀའ་གཙིགས་ཀྱི་ཡི་གེ་རྒྱས་པ་དཀོར་མཛོད་དུ་བཞག་པ་ཡིན་ལ། མདོར་བསྡུས་བསམ་ཡས་ཀྱི་རྡོ་རིང་ལ་བརྐོས་བ་སོགས་མ་འོངས་པར་ཆོས་བྱེད་དགོས་པའི་དམ་བཅའ་འོ།།

ལྷ་སྲས་མུ་ནེ་བཙན་པོས་སྲིད་འཛིན་པའི་སྐབས་སུ་དགེ་བ་བཅུའི་ཁྲིམས་བཟུང་། ཡིག་ལམ་གཞན་དུ་མཆོད་ཆེན་བཞི་བཙུགས་པའི་མཆོད་པའི་རྒྱུར་འབངས་རྣམས་ཀྱིས་ཡོ་བྱད་ཕུལ་ཅིག་གསུངས་པས་ལ་ལས་གསེར་གཡུ་དང་ཟབ་ཆེན་ཕུལ། དབུལ་པོ་རྣམས་ཀྱིས་དངོས་པོ་བཟང་བ་འབུལ་རྒྱུ་མ་རྙེད་པར་གོས་ཧྲུལ་སོགས་ཕུལ་བས་ངའི་འབངས་རྣམས་དད་པའི་ཁྱད་པར་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས། བློན་པོ་རྣམས་ཀྱིས་དེ་ནི་འབྱོར་ཕྱུག་ཁྱད་པ་ཤོར་བའི་རྐྱེན་ཡིན་ཞུས་པས་བཙན་པོས་བསམ་པར་ངའི་འབངས་རྣམས་དབུལ་ཕྱུག་ཁྱད་པ་བྱུང་མི་འོས་སྙམ་ནས་འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་གྱི་བར་དུ་སྙོམས་པ་མཛད། འོན་ཀྱང་མི་འགྱངས་པར་དབུལ་ཕྱུག་གི་ཁྱད་པ་སྔར་བཞིན་བྱུང་བ། མུ་ཏིག་བཙན་པོ་སྐབས་སུ་ཡབ་མེས་ཀྱི་གཙུག་ལག་ཁང་ལ་མཆོད་པ། ཤུལ་དུ་བཞུགས་པའི་ལོ་པན་རྣམས་ལ་བསྙེན་བཀུར་དང་བཅས་ཏེ་སྔར་མ་བསྒྱུར་བའི་གསུང་རབ་མང་པོ་བསྒྱུར། དེ་མ་ཟད་ཐབས་ལ་བརྟེན་ནས་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས་ལ་དམ་ཆོས་ཡུན་རིང་ལ་བྱེད་དགོས་པའི་དམ་བཅའི་ཚུལ་གྱི་སྐར་ཆུང་རྡོ་རིང་བཙུགས།

 

བཞི་བ།  ཁྲི་རལ་བ་ཅན་སོགས་དུས་སྐབས་སུ་དམ་པའི་ཆོས་ལུགས་ཇི་ལྟར་འཕེལ་རྒྱས་དང་གཏན་ལ་ཕབ་ཚུལ།

 

ལྷ་སྲས་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་གྱི་མཁས་པ་མང་པོ་སྤྱན་དྲངས་ཏེ་ཀ་ཅོག་རྣམ་གསུམ་གྱིས་སྔར་མ་འགྱུར་བའི་ཆོས་རྣམས་བསྒྱུར། འགྱུར་བ་རྣམས་ཀྱང་སྐད་གསར་ཆད་ཀྱིས་གཏན་ལ་ཕབ། ལྷ་ཁང་བརྒྱ་རྩ་བརྒྱད་ཀྱང་གྲངས་ཀྱང་བསྲང་། ཆོས་ཁྲིམས་དར་གྱི་མདུད་པའང་བསྐྱར་ནས་བསྡམས་ཏེ་ལྷ་ཆོས་གཏན་ལ་ཕབ་བོ། བཙན་པོ་འདི་ནི་ལ་དགེ་འདུན་པ་ལ་རབ་ཏུ་དད། དེ་ཡང་བཙན་པོའི་ཐུགས་སུ་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་མ་ལུས་པར་འབྱུང་བའི་སྒོ་དམ་པ་ནི་ལུང་དང་རྟོགས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རག་ལས་ཤིང་། ལུང་རྟོགས་ཀྱི་བསྟན་པ་དེ་འཛིན་ཞིང་སྤེལ་བར་བྱེད་པ་ནི་འཕགས་པའི་དགེ་འདུན་ལ་ལྟོས་པར་དགོངས་ཏེ། རྒྱལ་པོ་དགུང་ལ་བཞུགས། གཡས་གཡོན་ལ་དགེ་འདུན་གྱི་སྟན་བཟང་པོ་བཤམས། དབུ་སྐྲའི་རལ་པ་ཚན་གཉིས་སུ་བྱས་པ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་ཐོག་ཏུ་བཀྲམ་པའི་སྟེང་ལ་རབ་ཏུ་བྱུང་བ་བཞུགས་སུ་འཇུག་སྟེ་བཀུར་བས་མཚན་ཡང་ཁྲི་རལ་བ་ཅན་ཞེས་དེ་ལྟར་ཐོགས། དབུར་རལ་ཚན་གཉིས་སུ་བྱས་པའི་སྣ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་སྟེང་དུ་བཀྲམ་པ་ལ་དགེ་འདུན་བཞུགས་ཏེ་དབུ་གཙུག་ཏུ་འཁུ་བས་དགེ་འདུན་དབུ་སྡེ་གཉིས་ཞེས་གྲགས། དགེ་འདུན་རེ་ལ་འབངས་དུད་ཁྱིམ་བདུན་དུ་བཅད་དེ་འབུལ་བ། དགེ་འདུན་པ་ལ་ཤིན་ཏུ་མཐོང་ཆེན་བྱས། ཁོ་ཚོས་ཁྲལ་དང་འུ་ལག་རྒྱུག་མི་དགོས་པ། ད་དུང་སྲིད་དཞུང་གི་ཡོང་འབབ་མང་ཆེ་ཤོས་དགེ་འདུན་དང་དགོན་པ་ཕྱོགས་སུ་འགྲོ་སོང་བཏང་བ། དེ་དག་གི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་འཇིག་རྟེན་པ་མང་པོའང་རབ་ཏུ་བྱུང་ནས་དགེ་འདུན་གྱི་གྲལ་དུ་ཚུད། དགེ་འདུན་པ་ནི་ཇེ་མང་ནས་ཇེ་མང་དུ་ཕྱིན་པས་སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་ཇེ་ཉུང་དུ་ཕྱིན་པ། སྲིད་གཞུང་གི་གནོན་ཤུགས་ཇེ་ལྕིར་སོང་།  འབངས་རྣམས་ཀྱི་ཕྱོགས་ནས་བསྡུས་པའི་ཁྲལ་དང་འུ་ལག་ཀྱང་ཇེ་ལྕི་ཡིན། རྒྱུ་རྐྱེན་དེ་དག་སྣ་མང་གི་འོག་ན་སྤྱི་ཚོགས་ཉམས་ཉེན་ཞིག་བག་ལ་ཉལ་ཡོད།  དེ་དག་གིས་རྒྱལ་པོ་གླང་དར་མ་དུས་སྐབས་སངས་རྒྱས་ཆོས་ལུགས་བསྣུབས་པ་ལའང་སྐུལ་འདེད་བྱས།  བཙན་པོ་དེའི་སྐབས་དེར་ད་དུང་ཡབ་མེས་རྣམས་ཀྱིས་བཞེངས་བའི་གཙུག་ལག་ཁང་ལ་མཆོད་པ་དང་ཞིག་གསོས་མཛད། གསར་དུ་ཐུགས་དམ་གྱི་རྟེན་དུ་གཙུག་ལག་ཁང་ཐོག་བརྩེགས་དགུ་ལྡན་འཕྲུལ་སྣང་གི་ཚད་ཙམ་བཞེངས་པའི་འོག་ཐོག་གསུམ་ནི་རྡོ་ལས་གྲུབ། བར་ཐོག་གསུམ་ནི་སོ་ཕག་ལས་གྲུབ། སྟེང་ཐོག་གསུམ་ནི་ཤིང་ལས་གྲུབ་པ། ཐོག་རེ་རེ་བཞིན་བྱ་འདབ་དང་།    སྒོ་ཕ་གུ    དྲ་ཕྱེད་སོགས་ཀྱིས་རྣམ་པར་མཛེས་ཤིང་།  སྟེང་གི་རྒྱ་ཕུབ་རླུང་གིས་བསྐྱོད་ཚེ་གདུགས་ལྟར་འཁོར་བའི་ངོ་མཚར་ཅན་གྱི་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་སྟེང་ཐོག་ཏུ་མཆོག་གསུམ་དམ་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས་སུ་གསོལ། བར་གྱི་ཐོག་གསུམ་དུ་ལོ་པན་རྣམས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་བྱ་བ་ལས་ཀྱི་འཁོར་ལོས་དུས་འདའ་བར་མཛད། འོག་ཐོག་གསུམ་དུ་རྗེ་བློན་རྣམས་སྟེ་བཞིའི་སྒོ་འཕར་བརྒྱ་ཕྲག་མངོན་པར་དུ་ཕྱེ་ནས་སྐྱེ་བོ་མཆོག་དམན་ཀུན་ལ་འཕྲལ་ཡུན་བདེ་སྐྱིད་ཀྱི་དཔལ་འབྱོར་ཆར་དུ་བསྙིལ། འོན་ཀྱང་སྐབས་དེར་བོན་ཆོས་ཀྱི་སྟོབས་ཤུགས་སྔར་བཞིན་གནས། ཁོ་ཚོས་སྔར་བཞིན་དམ་ཆོས་འཕེལ་རྒྱས་ལ་འགལ་རྐྱེན་བཟོས་བཞིན་འདུག  རྒྱལ་སྲིད་ཀྱི་རིན་པོ་ཆེའི་གདན་ཁྲི་ལ་གཡོ་བ་མེད་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་ཁོར་ཡུག་ཡངས་པོར་བདེ་སྐྱིད་ཀྱི་གྲིབ་བསིལ་ལ་སྐྱེ་རྒུས་དགའ་མགུར་སྤྱོད་པའི་སྐབས་སུ།  སྡུག་བློན་རྣམས་ཆོས་ཁྲིམས་ཤིན་ཏུ་དམ་པ་མི་བཟོད་པའི་ཟུག་རྔུ་ཆེན་པོས་མནར་པར་གྱུར།  ཆོས་ཁྲིམས་བཅས་པ་དེ་འཕྲལ་མར་འཇིག་པའི་གྲོས་བཤམས།  མོ་རྩིས་མཁན་པོ་རྣམས་བྱ་དགས་ཚིམ་པ་བྱས་ཏེ། ལྷ་སྲས་གཙང་མ་མཐའ་ལ་མ་སྤྱུགས་ན་རྒྱལ་སྲིད་འཇིག་འགྲོ་བས་མཐའ་ལ་སྤྱུགས་དགོས་པར་ལུང་བསྟན་དུ་བཅུག་པས་གཙང་མ་མོན་ལ་སྤྱུགས།   དགེ་འདུན་ལོ་པན་རྣམས་ཀྱིས་གཙང་པོའི་ཆབ་ཁ་བར་བསྐྱལ་བས། རྒྱལ་བློན་ཐམས་ཅད་བཀའ་ཡིས་བགྲོས་པ་ལགས།།  བདག་ལ་སྡོད་པའི་དབང་མེད་ས་མཐའ་འགྲོ། ཉེས་པ་མེད་པར་སྐྲོད་ལ་ཐབས་ཅི་ཡོད།།  དགེ་འདུན་ཐུགས་བདེ་འདི་ནས་ལྡོག་པར་ཞུ།།  སེམས་ཐག་ཆད་ཟིན་གྲུ་ཡི་ཉམ་ཐག་ཐོང་།། གསུང་ལྷོ་བྲག་ཁོ་ཐིང་གི་བར་དུ་བྱོན།། དེར་སྣ་ནམ་བཟའ་མང་རྗེས་དུག་གིས་བཀྲོངས་སྐད། དེ་ནས་བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་བས་ཁྲིམས་ལ་སྦྱོར་ཞིག་ཅེས་གསུང་བ་ན་བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་ལྕེབས་ནས་ཤི བློན་ཆེན་པོ་བྲན་ཀ་དཔལ་ཡོན་ཀྱང་བཀྲོངས། དེ་ནས་མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པ་ལ་དབའས་སྟག་རྣ་ཅན་དང་། ཅོག་རོ་ལྷ་ལོད་དང་། ལེགས་སྡུག་བཙན་ཏེ་སྡུག་བློན་གསུམ་གྱིས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས་སོ།   མདོར་ན། བཙན་པོ་འདི་ཡི་སྐུ་དུས་སུ་ཐང་བོད་བར་གྱི་མཛའ་བརྩེ་འི་མཐུན་པའི་རྡོ་རིང་བཙུགས་པ་དང་། བོད་ཀྱི་ཆབ་སྲིད་དཔལ་འབྱོར། རིག་གནས་བཅས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་ནས་ཁྲིམས་ཡིག་གསར་བཟོ་དང་། བྲེ་སྲང་སོགས་ལ་ལེགས་བཅོས་བྱས་ཏེ་ཚད་ལྡན་བཏང་། ལྷག་པར་དུ་བོད་ཀྱི་ཆོས་ལུགས་དང་རིག་གནས་ཆེས་ཆེར་དར་བར་མཛད་སྟབས་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱ་བའི་གྲས་ཀྱང་ཡིན།

བཙན་པོ་ཁྲི་རལ་པ་ཅན་བཀྲོངས་པའི་རྗེས་སུ་གླང་དར་མ་བྱ་བ་སྲིད་ཁྲིར་འཁོད། བློན་པོ་དབའས་སྟག་རྣ་ཅན་སོགས་རང་གི་གཅེན་པོ་ཁྲི་རལ་པ་ཅན་བཀྲོངས་མཁན་གྱི་སྡུག་བློན་དག་གིས་བྱས། ཐོག་མར་སྲིད་འཛིན་དུས་ལྷ་ཁང་སོགས་བཞེངས་མོད། སྐབས་དེར་སད་སེར་དང་ཡམས་ནད་བྱུང་བ། དེའི་སྟེང་བློན་པོ་ཡང་སྡུག་བློན་ཆོས་ལ་མི་དགའ་བས་ཤུགས་ཆེན་པོ་བཟུང་བས།  སད་སེར་དང་ཡམས་ནང་བྱུང་བ་ནི་ཆོས་བྱེད་པ་བཀྲ་མི་ཤིས་པའི་རྐྱེན་ཡིན་ཞེས་བསྙད་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས། ཇོ་བ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་ཆུ་ལ་སྐྱུར་ཟེར་བ་ལ་བློན་པོ་ཆོས་ལ་དགའ་བ་འགས་བསྐྱུར་ཟིན་པ་སྐད་དུ་ཐབས་བྱས་ནས་སོ་སོའི་ཁྲི་འོག་ཏུ་སྦས།་་་་་་ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ལྷ་ཁང་མང་དུ་བཤིག གསུང་རབ་དང་རྙེད་མེར་བསྲེགས་ལ་ཆུར་བསྐྱུར།  ལ་ལ་སའི་འོག་ཏུ་སྦས། པཎྜི་ཏ་བྲོས་མ་ཐར་བ་ལ་ལ་མོན་དུ་བཙོངས། རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་མང་དུ་བཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཤིང་མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་བསད། ཆོས་བསྣུབས་པའི་རྒྱུ་རྐྱེན་ལ་དེ་མིན་ད་དུང་དེའི་སྐོར་ལ་མཁས་པ་ཆེན་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་སྔོན་ལ་བླ་འབངས་རྣམས་ཀྱིས་རྒྱལ་པོར་དཔྱ་ཁྲལ་འཇལ་མི་དགོས་པ་དང་སྲིད་གཞུང་ལ་དམག་ཁྲལ་རྒྱུགས་མི་དགོས་པའི་དམིགས་བསལ་གྱི་ཁྲིམས་ཡིག་གཏན་འབེབས་བཟོས་ཡོད། དེར་བརྟེན་གཙུག་ལག་ཁང་རྣམས་སུ་ཡིད་པའི་གྲྭ་པ་ལ་རྒྱལ་བོའི་བླ་མཛོད་ནས་འཚོ་རྟེན་མུ་མཐུད་དུ་སྦྱར་བ་དང་གཅིག  གྲྭ་པ་ཚོར་དབང་བའི་མི་སེར་གྱིས་དཔྱ་ཁྲལ་འཇལ་བ་དང་དམག་ཁྲལ་རྒྱུགས་མི་དགོས་པའི་རྐྱེན་དང་གཉིས། ཕྱི་རོལ་དུ་བོད་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་དང་བོད་རྒྱའི་ས་མཚམས་སུ་བོད་ཀྱི་དམག་དཔུང་ཆེན་པོ་ཕྱོགས་ཐ་དད་དུ་མུ་མཐུད་ནས་ཉར་དགོས་པ་དང་གསུམ་བཅས་མདོར་ན་རྒྱལ་བོ་ཁྲི་དར་མའི་སྲིད་གཞུང་དང་མི་དམངས་ལ་དཔལ་འབྱོར་ཐོག་ནས་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ་མངོན་དུ་གསལ། སྔོན་བྱུང་བཙན་པོ་རྣམས་ཀྱི་སྐུ་རིང་ལ་དྲག་ཤུགས་ཀྱི་དམག་དོན་གཙོ་ཆེར་བྱས་ཡོད་ཀྱང་རྒྱལ་པོ་ཁྲི་དར་མའི་རིང་དུ་སངས་རྒྱས་ཆོས་ལུགས་དར་བས་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས། དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་ཆེ་བ་མ་ཟད་མི་འབོར་གྱི་ཐོག་ནས་ཀྱང་དཀའ་ངལ་བྱུང་ཡོད་ཅེས་བརྟག་ན་གླང་དར་མས་མཐར་མ་ཆོས་བསྣུབས་པ་ནི་རྒྱལ་རབས་ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་དང་མཐུན་པ་སྙམ། མཇུག་མཐར་ཆོས་པ་ལྷ་ལུང་དཔལ་གྱི་རྡོ་རྗེ་མ་བཟོད་ནས་རྒྱལ་པོ་མདས་བཀྲོངས་སོ། དེ་ནས་བཟུང་སྟེ་བོད་བཙན་པོ་རྒྱལ་རབས་མཇུག་རྫོགས་ཏེ་བོད་སིལ་བར་ཐོར།

 

ལྔ་བ། མཇུག་སྡོམ།

 

སངས་རྒྱས་ཆོས་ལུགས་བོད་དུ་ཆེས་ཐོག་མར་སྤེལ་བ་ནི་བསམ་བློ་གསར་བ་ཞིག་ཡིན་པའི་ཆ་ནས་སྟོབས་ཤུགས་ཆེ་བའི་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་དང་འཐབ་རྩོད་ཤུགས་དྲག་བྱས།  དེ་ནི་འཐབ་རྩོད་ཀྱི་གོ་རིམ་ཁྲོད་རིམ་བཞིན་སྟོབས་ཤུགས་རྒྱས་པ། མཇུག་མཐར་བོད་མི་རྣམས་ཀྱི་གཙོ་རྒྱུན་བསམ་བློར་གྱུར།  དེ་ནི་ཉིན་ཞག་གཅིག་ཏུ་འགྲུབ་པ་ཞིག་མིན་པ། དེ་ནི་རྒྱལ་རབས་དུ་མས་ཐོན་མོང་ཐོག་འབད་བརྩོན་བྱས་ནས་བྱུང་བ་ཡིན།

ཆོས་སྤྱོད་པའི་རྒྱལ་བོ་ཁྲི་ཏུ་གུམ་ཞེས་པ་ལྟར་རྒྱལ་པོ་གྲི་གུམ་བཙན་པོ་ནི་སྐབས་དེར་ཆོས་སྤེལ་ནས་ཆོས་ལ་དོན་གཉེར་བྱས་པས་བཀྲོངས་པ་ཡིན་ཟེར། དེ་ལས་སྐབས་དེར་སྲོལ་རྒྱུན་གྱི་བོན་ཆོས་བསམ་བློའི་སྟོབས་ཤུགས་ཆེ་བ་དང་འབངས་དཀྱུས་མ་མ་ཟད་རྒྱལ་པོས་ཀྱང་ཕོད་ཐུག་བཏང་མི་རུང་བ་ཡིན།  འོན་ཀྱང་སྔར་བཞིན་དེའི་ཕྱོགས་ལ་ཧུར་བརྩོན་རྒྱུན་མ་ཆད་པ། རྒྱལ་པོ་ལྷ་ཐོ་ཐོ་ར་གཉན་བཙན་སྐབས་སུ་གཉན་པོ་གསང་བ་བྱུང་ནས་དེའི་འཕྲོར་གྱི་རྒྱལ་རབས་རིམ་བྱོན་དེ་ལ་མཆོད་པ་རྒྱུན་མ་ཆད་པ་གནང་། སྲོང་བཙན་སྒམ་པོའི་དུས་སྐབས་སུ་ཐོན་མི་རྒྱ་གར་ཏུ་བཏང་པ་ནས་བཟུང་རྒྱ་གར་དམ་ཆོས་ཀྱི་ཤུགས་རྐྱེན་སྔར་ལས་མང་པོ་བོད་ཀྱི་སྤྱི་ཚོགས་སུ་སིམ་འཛུལ་བྱུང་བ། ཐོན་མིས་བོད་ཡིག་གསར་བཟོ་བྱས། གཉན་པོ་གསང་བ་ཡང་ཀློག་ཐུབ་བྱུང་། ད་དུང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ཀྱང་བསྒྱུར། དེའི་སྟེང་རྒྱལ་བོས་ཐོག་མར་དགེ་བ་བཅུའི་ཁྲིམས་གཏན་ཁེལ་བྱས། དེའི་རྨང་གཞིའི་ཐོག་མི་ཆོས་གཙང་བཅུ་དྲུག་གི་ཁྲིམས་བཅས། རྒྱ་བཟའ་བལ་བཟའ་ཇོ་བོ་རྣམ་གཉིས་བཅས་པ་བོད་དུ་སྤྱན་དྲངས། ར་ས་འཕྲུལ་སྣང་གཙུག་ལག་ཁང་བཙུགས།  བོད་ཡུལ་སངས་རྒྱས་ཆོས་ལུགས་བྱེད་པའི་སྲོལ་ཐོག་མར་བཙུགས། ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ་སླེབས་དུས་བོན་ཆོས་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་ཐེབས། འོན་ཀྱང་འགོག་རྐྱེན་དེ་དག་ལས་བརྒལ་ཏེ་རྒྱ་གར་ནས་མཁན་སློབ་གཉིས་ཀ་བོད་དུ་གདན་དྲངས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་སྔར་ལས་མང་པོ་བསྒྱུར། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། སྦ་གསལ་སྣང་སོགས་རབ་ཏུ་བྱུང་ནས་བོད་ཀྱི་དགེ་འདུན་པ་ཐོག་མའི་སྡེ་སྟེ་སད་མི་བདུན་བྱུང་།  ད་རུང་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཀ་ཕོ་བྲང་ཟུར་ཕུད་རྐྱང་བུའི་ཚལ་དུ་རྩོད་པ་བྱས་ནས་བོན་ཆོས་ཕྱོགས་ཀྱིས་ཕམ། བོན་ཆོས་མཐར་ལ་སྤྱུགས་གླེགས་བམ་ལ་ལ་ཆུར་བསྐྱུར། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱི་ཡང་དག་པའི་གོ་གནས་གཏན་ལ་ཕབ།  ཁོང་གིས་སྲས་ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་བཙུགས། ཡབ་མེས་ཀྱིས་བཞེངས་པའི་ལྷ་ཁང་ལ་མཆོད་པ་དང་ཞིག་གསོས་ཆད་མེད་མཛད།  མངའ་བདག་ཁྲི་རལ་པ་ཅན་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་ལ་ལྷག་ཏུ་བཀུར།   བཤད་སྲོལ་ཁོང་གི་རལ་བ་སྟེང་དུ་དགེ་འདུན་པ་བཞུགས་སུ་བཅུག་ཟེར།  ད་དུང་དགེ་འདུན་པ་ལ་འབངས་དང་དུད་ཁྱིམ་གྱིས་བཅད་པ།  ཁྲལ་དང་འུ་ལག་ཀྱང་རྒྱུགས་མི་དགོས་པ་གཏན་འབེབས་བྱས།  ད་དུང་ཁོང་གི་ཐུགས་དམ་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གླིང་བཙུགས།  ཁོང་ནི་ལྷ་ཆོས་ལ་དད་པ་ཆེས་དྲགས་པས་བློན་པོ་རྣམས་ཀྱིས་ཐབས་ལ་བརྟེན་ནས་བཀྲོངས།  བོད་བཙན་པོ་རིམ་བྱོན་ལྷག་པར་ཏུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས་སྐབས་ལ་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བའི་སྲོལ་བཏོན། འཕེལ་རྒྱས་སུ་བཏང་། གཏན་ལ་ཕབ་པ་བཅས་བྱས་ནས་ཕྱི་རབས་པས་རྗེས་སུ་རངས་པའི་མཛད་འཕྲིན་སྤེལ།   སངས་རྒྱས་ཆོས་ལུགས་སྤེལ་བ་ནས་བཟུང་བོན་ཆོས་སྟོབས་ཤུགས་ཀྱི་འགལ་རྐྱེན་རྒྱུན་མ་ཆད། མཇུག་མཐར་བོན་ཆོས་ལས་རྒྱལ་ཏེ་བོད་མིའི་གཙོ་རྒྱུན་བསམ་བློར་གྱུར།

 

དཔྱད་གཞི་ཡིག་ཆ།

 

1 དབའ་གསལ་སྣང་གིས་མཛད།   སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།   བོད་ལྗོངས་དཔེ་སྐྲུན་ཁང་།

2  དཔའ་བོ་གཙུག་ལག་ཕྲེང་བས་༡༥༦༤ལོར་བརྩམས། དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།   པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོར་ཟླ་༡པོར་པར་གཞི་དང་པོ་བསྒྲིགས།

3 མཁས་པ་ལྡེའུས་མཛད་པ།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།   བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།  ༡༩༨༧ལོར་ཟླ༦པར་པར་གཞི་དང་པོ་བསྒྲིགས།

4 རྒྱལ་དབང་ལྔ་བ་ཆེན་པོས་བརྩམས།   གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།   མི་རིགས་དཔེ་སྐྲུན་ཁང་།  ༡༩༥༧ལོར་ཟླ་༡པར་པར་གཞི་དང་པོ་བསྒྲིགས།

5  ནེའུ་གྲགས་པ་སྨོན་ལམ་གྱིས་༡༢༨༣ལོར་བརྩམས།   སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།

6 才让太 :佛教传入吐蕃的年代可以推前,中国藏学 ,2007年第3期,(总第79期)

7 ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད། གཡུང་དྲུང་བོན་གྱི་བསྟན་པའི་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན།

8  དྲན་པ་ནམ་མཁའ་ཡིས་མཛད།  སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ།  གཏེར་སྟོན་ནི་བློ་གྲོས་ཐོགས་མེད་ཡིན།

9 ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་༡༣༦༨ལོར་བརྩམས། རྒྱལ་རབས་གསལ་བའི་མེ་ལོང་།     མི་རིགས་དཔེ་སྐྲུན་ཁང་།

10  ནོར་བྲང་ཨོ་རྒྱན། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན།   མི་རིགས་དཔེ་སྐྲུན་ཁང་།  ༡༩༩༣ལོའི་པར་ཐེངས་དང་པོ།

11  王森:《西藏佛教发展史略》 北京:民族出版社,1985年。

12  班班多杰:《藏传佛教思想史纲》上海:三联书店上海分店,1992年。

རྩོམ་དངོས་ཀྱི་མཆན་འགྲེལ་འགའ།

སྐར་ཆུང་རྡོ་རིང་༏ རབ་བྱུང་༡༦པའི་མེ་ཁྱི་སྤྱི་ལོ་༡༩༤༦ལོར་ཟླ་༢་ཚེས་༥ཉིན་ར་མ་སྒང་དུ་སངས་རྒྱས་དགོན་ཞེས་པའི་བཙུན་མའི་དགོན་འཁྲིས་ཀྱི་བྱེ་མའི་དཀྱིལ་དུ་བཙུགས་པའི་སྐར་ཆུང་རྡོ་རིང་སྟེང་གི་ཡི་གེ་ངོ་མ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཧོར་ཁང་བསོད་ནམས་དཔལ་འབར་གཉིས་ནས་བསྡུས་པའོ།

དབའ་གསལ་སྣང་གིས་མཛད།   སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།   བོད་ལྗོངས་དཔེ་སྐྲུན་ཁང་། ཤོག་ངོས་༡་ན་གསལ།

དཔའ་བོ་གཙུག་ལག་ཕྲེང་བས་༡༥༦༤ལོར་བརྩམས།   དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།   པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤོག་ངོས༩༠ནས་༩༡་གསལ།

མཁས་པ་ལྡེའུས་མཛད་པ།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།      བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།

རྒྱལ་དབང་ལྔ་བ་ཆེན་པོས་བརྩམས།   གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།     མི་རིགས་དཔེ་སྐྲུན་ཁང་།

དེ་ཞེས་པ་འདིར་ལྷ་ཐོ་ཐོ་རི་གཉན་བཙན་ལ་གོ

ནེའུ་གྲགས་པ་སྨོན་ལམ་གྱིས་༡༢༨༣ལོར་བརྩམས།  སྔོན་གྱི་གཏམ་མེ་ཏོག་ཕྲེང་བའམ་ཡང་ན་ནེའུའི་ཆོས་འབྱུང་།   ཤོག་ངོས་༡༤ན་གསལ།

才让太  《佛教传入吐蕃的年代可以推前》中国藏学 2007年第3期(总第79期)

才让太  《佛教传入吐蕃的年代可以推前》中国藏学 2007年第3期(总第79期)

ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད། གཡུང་དྲུང་བོན་གྱི་བསྟན་པའི་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན་ལས་དྲངས།

དྲན་པ་ནམ་མཁའ་ཡིས་མཛད།  སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་ལས་དྲངས།  གཏེར་སྟོན་ནི་བློ་གྲོས་ཐོགས་མེད་ཡིན།

王森:《西藏佛教发展史略》 北京:民族出版社,1985年,第3页。

班班多杰:《藏传佛教思想史纲》上海:三联书店上海分店,1992年,第67页

才让太 :《佛教传入吐蕃的年代可以推前》2007年第3期(总第79期)

ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་༡༣༦༨ལོར་བརྩམས། རྒྱལ་རབས་གསལ་བའི་མེ་ལོང་།   མི་རིགས་དཔེ་སྐྲུན་ཁང་།

ནོར་བྲང་ཨོ་རྒྱན། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན།   མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་དང་པོ།  ཤོག་ངོས་༧༠ནས་༧༡གསལ།

དེའི་ཞེས་པ་ནི་ཐོན་མིས་བཙན་པོ་ལ་བོད་ཡིག་བསླབ་པའི་ཚེའམ་དུས་སྐབས་དེ་ལ་གོ

དབའ་གསལ་སྣང་གིས་མཛད།    སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།       བོད་ལྗོངས་དཔེ་སྐྲུན་ཁང་། ཤོག་ངོས་༢ནས་༣གསལ།

མཁས་པ་ལྡེའུས་མཛད་པ།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།    བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༢༦༢ན་གསལ།

ཞིབ་པ་མཁས་པ་ལྡེའུས་མཛདཔའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།    ཤོག་ངོས་༢༧༠ནས་༢༧༡གསལ།

དབའ་གསལ་སྣང་གི  སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།   བོད་ལྗོངས་དཔེ་སྐྲུན་ཁང་། ཤོག་ངོས་༥ན་གསལ།

མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༠་ལོར་པར་དུ་བསྐྲུན།

དཔའ་བོ་གཙུག་ལག་ཕྲེང་བས་མཛད། ཆོས་འབྱུང་མཁས་པའི་དགའ་སྟོན།   མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤོག་ངོས་༡༦༡ན་གསལ།

ནོར་བྲང་ཨོ་རྒྱན།     བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན།      མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་དང་པོ།  ཤོག་ངོས་༡༥༡ནས་༡༥༢གསལ།

དབའ་གསལ་སྣང་གིས་མཛད།   སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།   བོད་ལྗོངས་དཔེ་སྐྲུན་ཁང་།    ཤོག་ངོས་༡༥ནས་༡༦་ན་གསལ།

ནོར་བྲང་ཨོ་རྒྱན།    བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན།     མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་དང་པོ།  ཤོག་ངོས་༡༦༣ན་གསལ།

འདི་ནི་རྒྱལ་དབང་ལྔ་བའི་དགོངས་པ་ཡིན།

མཁས་པ་ལྡེའུས་མཛད་པ།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།    བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།   ཤོག་ངོས་༣༢༡ན་གསལ།

དབའ་གསལ་སྣང་གིས་མཛད།   སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།    བོད་ལྗོངས་དཔེ་སྐྲུན་ཁང་།    ཤོག་ངོས་༢༨གསལ།

སྟོན་མིན་དང་རྩེན་མིན་ནི་རྒྱ་ནག་གི་སྐད་ཡིན་ཏེ་བོད་སྐད་དུ་བསྒྱུར་ན་ཅིག་ཅར་པ་དང་རིམ་གྱིས་པར་གྱི་དོན།

མཁས་པ་ལྡེའུས་མཛད་པ།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོ་འབྱུང་རྒྱས་པ།      བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༢༨༦ན་གསལ།

ཀ་ཅོག་ཞང་གསུམ་ནི་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ།

དབའ་གསལ་སྣང་གིས་མཛད།   སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་བཞུགས་སོ།   བོད་ལྗོངས་དཔེ་སྐྲུན་ཁང་།    ཤོག་ངོས་༤༨ན་གསལ།

དཔའ་བོ་གཙུག་ལག་ཕྲེང་བས་༡༥༦༤ལོར་བརྩམས།   དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།   པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤོག་ངོས༢༢༡ན་གསལ།

དཔའ་བོ་གཙུག་ལག་ཕྲེང་བས་༡༥༦༤ལོར་བརྩམས།   དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།   པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤོག་ངོས༢༢༣ན་གསལ།

བརྒྱུད་སྐུལ།

མཆན་སྤེལ།