གཙང་གི་ཁ་བྱང་གཅིག་པའི་རྩོམ་ཡིག་སྤེལ་ཐེངས་ཉེར་གཉིས་པ།
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
སེམས་ཀྱི་རང་སྒྲ།
བཀྲ་ཤིས་ཉི་མ་གངས་ཅན་ཡུལ་ལ་ཤར། །
བཀྲ་ཤིས་ཟླ་བ་སྐར་ཚོགས་རྒྱན་དུ་ཕེབས། །
བཀྲ་ཤིས་སྐར་ཚོགས་རྟེན་འབྲེལ་བཟང་གསུམ་གྱིས། །
བཀྲ་ཤིས་སྨོན་ཚིག་ལྷ་ལྡན་གཉིས་པར་འབུལ། །
བཀྲ་ཤིས་གཟིམ་ཆུང་ཀ་བཞི་གདུང་བརྒྱད་ནང། །
བཀྲ་ཤིས་ཕ་སྤུན་འཛོམས་པའི་རྟེན་འབྲེལ་བཟང། །
བཀྲ་ཤིས་བདེ་ལེགས་ཤིས་ཚིག་སྨོན་བཟང་ཁྲོད། །
བཀྲ་ཤིས་བཞུགས་གྲལ་འཇའ་ཚོན་དར་ལས་བཀླུབས། །
བཀྲ་ཤིས་ལོ་གསར་དུས་བཟང་ཉིན་མོ་འདིར། །
བཀྲ་ཤིས་ལོ་ལེགས་སྦྲང་རྩིའི་མཆོད་ཆང་བཞེས། །
བཀྲ་ཤིས་གཡང་དཀར་ལུག་མགོའི་སྡེར་ཁ་འདི། །
བཀྲ་ཤིས་འབྲོག་ལས་འཕེལ་བའི་རྟེན་འབྲེལ་ཕུལ། །
བཀྲ་ཤིས་མཆོད་ཁང་གདུགས་ཀྱི་བསིལ་གྲིབ་ནང། །
བཀྲ་ཤིས་རྩ་ཆེན་སྐུ་གསུང་ཐུགས་རྟེན་བཞུགས། །
བཀྲ་ཤིས་བཞུགས་གྲལ་གསེར་ཉྭ་ཁ་སྤྲོད་ནང། །
བཀྲ་ཤིས་གཉིས་འཛོམས་བུ་ཕྲུག་བདེ་སྐྱིད་འཛོམས། །
བཀྲ་ཤིས་གཏེར་ཆེན་བུམ་པ༵འི་ཞལ་ཕྱེ་ནས། །
བཀྲ་ཤིས་ཟས་སྣའི་རོ་ཡི་མཆོད་པ་བཤམས། །
བཀྲ་ཤིས་མཛེས་རྒྱན་པ༵ད་མ༵འི་དྲི་ཞིམ་གྱིས། །
བཀྲ་ཤིས་ཟས་སྣར་དྲི་ཡི་ལྷ་བསངས་ཐུལ། །
བཀྲ་ཤིས་རིན་ཆེན་དུང་དཀར་སྙན་དབྱངས་ཀྱིས། །
བཀྲ་ཤིས་སྙན་དབང་གསོ་བའི་སྒྲ་མཆོད་འབུལ། །
བཀྲ་ཤིས་གཟིམ་ཁང་དཔ༵ལ་བེའུ་བཟོ་དབྱིབས་དེས། །
བཀྲ་ཤིས་རེག་བྱ་ལྷ་མོའི་ཡིད་དབང་འཕྲོག །
བཀྲ་ཤིས་ཕོ་ལྷ་རྒྱལ་མཚན་དབུ་རྒྱན་གྱིས། །
བཀྲ་ཤིས་ཕ་མའི་སྐུ་གཟུགས་ཚེ་རིང་ལྷ་དང་མཉམ། །
བཀྲ་ཤིས་རྩིབས་སྟོང་འཁོར་ལོ༵་རྩེ་བརྒྱད་ཀྱིས། །
བཀྲ་ཤིས་ཁྱིམ་གཞིས་དམ་ཆོས་འཕེལ་བར་སྨོན། །
བཀྲ་ཤིས་རྟགས་བརྒྱད་འཛོམས་པའི་དུས་བཟང་འདིར། །
བཀྲ་ཤིས་གཙང་ཁུལ་སོ་ནམ་ལོ་གསར་ཤར། །
བཀྲ་ཤིས་ཁྱིམ་གཞིས་མ་འོངས་བརྟན་པའི་ཆེད། །
བཀྲ་ཤིས་འདོད་ལྔའི་ལྷ་མོས་མཆོད་པ་འབུལ། །
བཀྲ་ཤིས་ལོ་ཆང་ཚེ་རིང་བདུད་རྩི་ཡིས། །
བཀྲ་ཤིས་མི་ལ་ཚེ་ཡི་བྱིན་རླབས་གནང་། །
བཀྲ་ཤིས་ཟླ་ཆང་དམ་ཚིག་བདུད་རྩི་འཇོ། །
བཀྲ་ཤིས་ཁྱིམ་ཚང་ཟ་ཁ་འཛོམས་པར་སྨོན། །
བཀྲ་ཤིས་ཉིན་ཆང་ལྷག་བསམ་བདུད་རྩི་ཡིས། །
བཀྲ་ཤིས་རིགས་བརྒྱུད་ཕྲེང་བའི་མྱུ་གུ་རྒྱས། །
བཀྲ་ཤིས་འཁྲུངས་ས་ནམ་མཁའི་རྒྱ་ཁྱོན་ཐོག །
བཀྲ་ཤིས་མཛའ་གཅུགས་ཉི་ཟླ་ལྷན་དུ་འཛོམས། །
བཀྲ་ཤིས་དངུལ་ཕོར་མཐའ་ཡས་རྒྱ་མཚོ་ལ། །
བཀྲ་ཤིས་ཡལ་སྒྲོན་དཀོན་མཆོག་རྣམ་གསུམ་བརྒྱབ། །
བཀྲ་ཤིས་ཆང་མ་མཁའ་འགྲོའི་ཡུལ་ནས་དྲངས། །
བཀྲ་ཤིས་ཆང་གླུ་དབྱངས་ཅན་ལྷ་མོའི་གསུང་། །
བཀྲ་ཤིས་ས་ཁྱི་ལོ་ངོ་ཕར་བསྐྱལ་ནས། །
བཀྲ་ཤིས་ས་ཕག་ལོ་གསར་བསུ་ལ་བྲེལ། །
བཀྲ་ཤིས་སྨོན་ཚིག་ལྷག་བསམ་དཀར་པོའི་ཁྲོད། །
བཀྲ་ཤིས་སོ་ནམ་ལོ་གསར་འཛུམ་གྱིས་བསུ། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ས་སྐྱ་ཉི་མ་བཀྲ་ཤིས།
རྣམ་དཀར་ལེགས་པའི་ཁ་གཡང་ལོ་གསར་བསུ། །
རྣམ་འགྲོའི་གུར་ཁང་འོག་ཏུ་དཀར་གཙང་སྒྲོན། །
རྣམ་ཀུན་ཤེས་བྱའི་ཟེགས་མ་འདི་ནས་འགུག །
རྣམ་པའི་ཕྱྭ་གཡང་སྙན་འཇེབས་ཡོང་ལ་ཉེ། །
གང་གིས་བྲིས་པའི་ཤིས་ཚིག་རྣལ་མ་ལ། །
བརྒྱན་པའི་དོ་ཤལ་རྣམ་བཀྲའི་འཇའ་ཚོན་སྤུན། །
ལོ་ཡི་རྣམ་པ་ཅི་ལ་མི་དྲན་སུ། །
དེ་ལ་ཚིག་གསུམ་འབོད་པའི་ཁོང་སེམས་ཆགས། །
གནམ་ལོ་གསར་ཚེས་འཆར་བའི་རྫོགས་ལྡན་འདིར། །
ཉལ་འགྲོའི་སར་ནས་གསེར་མིག་ལེན་ལ་ཕྱིས། །
གསེར་མིག་མི་ཟེར་བྱིན་རླབས་བདུད་རྩིའི་ཆབ། །
ཕུད་གཏོར་ལན་གསུམ་གནང་བའི་རྣམ་པ་དྲན། །
གཟའ་སྦྱོར་འཕྲོད་བཟང་བྱེ་བའི་ཚོགས་ས་རུ། །
དྲི་བསངས་སྣ་ཡི་ཕང་བར་སིམ་ལ་ཆགས། །
དར་ཚོན་སྣ་ལྔའི་གུར་ཁང་ཕུབ་ལ་ཉེ། །
སྟེང་ཕྱོགས་ཚངས་པ་ཉིད་ཀྱང་ཕྲེང་སེམས་ཆགས། །
མཆོད་ཆང་ཁྲུང་བཞེས་གནང་དང་དགེ་སྦྱོར་རྫོགས། །
ཞལ་ལ་གསུམ་སྒྲོན་མཉེས་ཐག་བཟང་བའི་སྤྲོ། །
གངས་ལྗོངས་སོ་ནམ་པ་ཡི་དུས་སྟོན་ལ། །
ཁང་ཆུང་གྲུ་བཞི་སྙན་ཀྱི་མཚོ་མོར་འགུག །
ལྷ་དར་བསུ་བའི་སྒྲོན་ཤོག་ཆག་པ་འདིར། །
རྒྱས་ཀྱི་གཡུ་ཆུང་མུ་ཏིག་བཏབ་ནས་ནི། །
གཞོན་དར་ཚང་གི་མདའ་དར་བཙུགས་པ་བཞིན། །
ཡུལ་གྱི་ལྷ་ལ་ཕུལ་བའི་མཆོད་པས་རྒྱན། །
འདི་འདྲའི་ཡ་མཚན་ཆེ་བའི་མི་ཚོགས་སུ། །
གང་དགོས་གང་ལ་གནས་པའི་འབྲི་མོ་བཞིན། །
ཇ་ཆང་གསོལ་ཁའི་གདོང་ཡངས་ཞལ་ལ་འཕགས། །
ཅི་ནས་དུང་བ་སྐྱེས་པའི་མ་མའི་བུ། །
ལོ་འཁོར་ཞིབ་མོ་རྟག་པའི་དུས་དྲན་འདིར། །
ཕ་མ་ཉེ་དུ་འཛོམས་པའི་བཟང་གསུམ་ལ། །
མཆོད་ཆང་བདུད་རྩི་བཀྱགས་ཏེ་ཀུན་ལ་འདྲེན། །
གླེང་བའི་དོན་གཞི་དག་ལ་སྤྲོ་བས་ཁེངས། །
དཀར་གཙང་མཇལ་དར་དྲུང་དུ་ཕུལ་བའི་ཚེ། །
ཚེ་ལ་བར་ཆད་མི་ཡོང་གྲོས་ཀྱི་བསུ། །
གཡང་ཀྱི་བག་ཕེབས་བསུ་བའི་དུས་སྟོན་ལ། །
དགའ་དགའ་ཕྱུག་ཀྱི་ནོར་བུའི་བང་མཛོད་ལགས། །
དུས་བཞི་ལས་ཀྱི་བྲེལ་བའི་མ་མཐའི་གནམ། །
གནམ་ལོ་ཡར་ཚེས་དུས་སྟོན་མཛུམ་གྱི་བསུ། །
བསུ་ལན་བཏེགས་པའི་གཙང་བཞེས་རྒུན་འབྲུམ་འཁྲུངས། །
ཁྲུང་བཞེས་མདུན་ལ་བསུས་ཏེ་ཧུབ་ཀྱི་མཆོད། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
གཉལ་བཀྲ་ཤིས་བསྟན་པ།
ཀ་བ་དྲོང་དྲོང་སོ་ནམ་ཞིང་པའི་ལོ་གཅིག་དུས་གཅིག་གནམ་ལོ་གསར་ཚེས་བཟང་སེ་བཟང་། །
ཁ་ས་དེ་རིང་ཆུ་ལས་གྲང་ཡང་སོ་ནམ་ཞིང་པའི་ལས་དེ་མཆོག་འགྱུར་བསྟོད་སེ་བསྟོད། །
ག་བཏང་གོ་ཆོད་སོ་ནམ་ཞིང་པར་ཨི་དང་ཨི་སྤགས་བྱུང་ན་ལས་ལ་འཇོན་སེ་འཇོན། །
ང་ཡི་དཀར་རྟགས་འཐེན་འདྲའི་ཀ་བཤད་འདི་ཡིས་གཙང་གི་སོ་ནམ་ལོ་གསར་ཤིས་སེ་ཤིས། །
ཅ་ཅོ་མ་ཡིན་ལོ་ངོ་བཅུ་ལྷག་གཙང་གི་ཞིང་ས་གཤིན་པོས་དྲིན་གྱིས་བསྐྱངས་འདྲ་བ། །
ཆ་ལུགས་གཙང་དང་ཟ་ལུགས་གཙང་གིས་ཤོད་ཡུལ་དག་ཀྱང་གཙང་གི་ཨ་ཇོ་རྦད། །
ཇ་ཡུན་ཙམ་གྱི་དུས་ཤིག་སོར་རྩེས་སྐུལ་ཏེ་གཙང་གི་སོ་ནམ་ཚོགས་ལ་བསྟོད་པར་འདོད། །
ཉ་མོ་འཁྱུག་འཁྱུག་གཙང་ཡུལ་གནས་ཀྱི་སོ་ནམ་ཞིང་པའི་བརྟུལ་བཞུགས་ལས་ལ་དགའ་བའི་རྐྱེན། །
ཏ་རེན་དབུ་ཁྲིད་དེ་འདྲ་ཙམ་ཡིན་སོ་ནམ་ཞིང་པ་འ་ཅག་གཙང་གཞུང་མི་ཡི་ཕུད། །
ཐ་མག་ཆང་ལ་ཅུང་ཟད་དགའ་ཡང་མི་རྒྱུད་དྲང་པོ་ཁོ་ཚོ་མ་གཏོགས་ཡོད་རེ་དཀོན། །
ད་ཆ་ཟ་རྒྱུ་གོན་རྒྱུ་འཐུང་རྒྱུ་མང་ཡང་སོ་ནམ་ཞིང་པའི་རྒྱུ་ལས་གཙང་བ་མེད། །
ན་སོ་ཆེ་ཆུང་མེད་པས་དེ་དག་བརྟེན་ན་ཚེ་ཡི་འཆི་ཐག་རིང་བ་ལྷ་སྒྲུང་མིན། །
པ་ཕ་ཨ་མ་ལ་སོགས་བཟའ་ཚང་ཁ་བྲལ་ལས་དེ་སོ་ནམ་ཡུལ་དུ་ཧ་ཅང་ཉུང་། །
ཕ་བུས་སྣེ་ཁྲིད་འ་ཅག་སོ་ནམ་ལས་ཀྱིས་འདུ་འཛོམས་དུས་ཀྱང་ཧ་ཅང་མང་། །
བ་མོ་གླང་གིས་བརྡུངས་འདྲ་ཐ་ཤལ་བརླང་སྤྱོད་གྲོང་ཁྱེར་ལྟ་བུ་ནམ་ཡང་ཡོད་མ་ཡིན། །
མ་བཟང་བུ་མོར་གཟིགས་དང་བལ་དཀར་རྒྱུད་འདྲ་སོ་ནམ་པ་ཡི་བུ་མོར་རིན་ཐང་ལྡན། །
རྩ་བ་ཐུང་ཡང་སོ་ནམ་པ་ཡིས་ཐབས་དང་ཇུས་ཀྱིས་བསྐྱངས་པའི་གཡུ་མདོག་ལྗང་པ་ཡང་། །
ཚ་གྲང་བཟོད་བསྲན་ཐུབ་ཏེ་ས་མཐོ་འདི་ན་འཕེལ་བའི་ངང་ཚུལ་འདི་ནི་ཨེ་མ་མཚར། །
ཛ་དྲག་དུས་སུ་ནས་རྡོག་རེ་རེས་སོ་ནམ་ཞིང་པའི་གདོང་ལ་སྟེར་བའི་འཛུམ་མདངས་དེ། །
ཝ་ལེར་བསམ་ན་བདག་གིས་ཡུན་རིང་སྒུག་པའི་གཙང་གི་ཕོ་མོའི་སེམས་ཀྱི་རྒྱགས་ཕྱེ་ལགས། །
ཞྭ་མོ་སྐྱིན་ཁེབས་ལ་སོགས་ལུས་ལ་མཛེས་སོང་སོ་ནམ་ཞིང་པའི་གནམ་ལོ་གསར་པ་ཚེས། །
ཟ་མ་ཁ་ལག་གང་ཡག་ཡོད་དོ་སོ་ནམ་ཞིང་པའི་དུས་ཆེན་གཏོང་དུས་ཟིན་སོང་ཞེས། །
འ་ཅག་གཙང་གི་མི་རྣམས་སྟོན་གྱི་འབྲས་བཟང་བསྣམས་ནས་འདི་ཀོ་གཙང་གི་ལོ་གསར་དགའ་གཏོང་རོལ། །
ཡ་གིའི་དཀོན་མཆོག་གཙུག་ཏུ་བཀུར་ནས་ཆང་གི་ཡོན་ཏན་གང་དགར་གླེང་ཞིང་གང་སྐྱིད་བྱེད། །
ར་བ་ཀུན་དུ་གཙང་གི་གཞས་དང་ཞབས་བྲོས་གནམ་ས་ཁེབས་སོང་སོ་ནམ་ཞིང་པ་ཉམས་རེ་དོད། །
ལ་ལུང་ཀུན་དུ་རླུང་རྟའི་དར་ལྕོག་བསང་ངད་ཁྲོད་ན་གཡབ་སེ་གཡབ་པ་བསོད་ནམས་རྟགས། །
ཤྭ་བའི་རྭ་བཟང་མངོན་འདྲ་དུས་འདིར་བོད་ཡུལ་ཁྱོན་ན་གཙང་ལྗོངས་ཡུལ་འདི་རྨད་དུ་བྱུང་། །
ས་ཡི་གཙུག་གཏོར་ཇོ་རིའི་རྒྱུད་ཀྱིས་དབུ་ལྕོག་ལྡེམ་ལྡེམ་དགའ་སྐྱིད་འཚོ་བར་བསྟོད་གླུ་ལེན། །
ཧ་ཧའི་དགོད་སྒྲས་གཙང་གི་སོ་ནམ་འགྲོ་བའི་ངོ་སོ་གུང་ལ་བསྟོད་ཡོད་ལྷ་རྒྱལ་ལོ། །
ཨ་ཙི་བརྗེད་ལ་ཁད་སོང་སོ་ནམ་ལོ་གསར་དུས་བཟང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
སྨྲེང་འཁྱམ་བུ།
ངོ་ཤེས་དང་མི་ཤེས་དྲྭ་གྲོགས་ཀུན། །
ས་ཐག་རིང་ཐུང་གང་ཡོད་ཀྱང་། །
ཡིད་བློ་བ་ཉེ་མིན་སུ་ཡིན་རུང་། །
སྐྱིད་སོ་ནམ་ལོ་གསར་དུས་བཟང་ཉིན། །
གཏམ་ཁ་གཡང་ཚིག་གསུམ་བསྐུར་ཆོག་ག །
ཁྲེལ་དམ་ཚིག་ཡོད་མེད་མཛའ་གྲོགས་ཀུན། །
ལམ་བདེ་མིན་སྐྱིད་མིན་གང་ཡོད་ཀྱང་། །
ཞེ་མཐུན་དང་མི་མཐུན་སུ་ཡིན་རུང་། །
བོད་རང་གི་སོ་ནམ་ལོ་གསར་ཚེས་གསར་ཉིན། །
སེམས་ཁ་བཏགས་མགུལ་ལ་སྒྲོན་ཆོག་ག །
བློ་དཀར་དང་མི་དཀར་དགའ་ཉེ་སྤུན། །
ལས་ལམ་བུར་དཀར་ནག་གང་ཐུག་ཀྱང་། །
རིགས་རུས་པ་སྲབ་མཐུག་ཅི་ཡོད་རུང་། །
སང་ཉི་ཤར་ནམ་ལངས་འགོ་མ་ལ། །
གྲོ་ཕྱེ་མས་མཆོད་ཁ་འཕེལ་ཆོག་ག །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ཤངས་པ་ཚེ་དབང་།
༡
གཙང་ལྗོངས་གཡུ་གཞོང་ཐིག་ལེར། །
སོ་ནམ་ལོ་གསར་ཤར་སོང་། །
གཙང་གི་ཨ་ཇོ་ཨ་ཅེས། །
ལོ་གསར་ཤིས་ཚིག་ཕུལ་ཡོད། །
མྱང་སྟོད་རྒྱལ་རྩེའི་འབྲུ་སྣས། །
གྲོ་སོའི་གཡས་ཕྱོགས་བཀང་ཡོད། །
པ་སྣམ་རྩམ་པའི་ཕྱེ་མས། །
གྲོ་སོའི་གཡོན་ཕྱོགས་བཀང་ཡོད། །
དེ་ལ་རམ་བུ་འདེགས་མཁན། །
རིན་སྤུངས་སྙེ་མའི་རྩེ་སྒྲོ། །
ཆང་གི་ཆང་ཕུད་དང་པོ། །
ལྕང་ལོ་ཁང་གསར་མཆོད་ཆང་། །
མཆོད་ཆང་ཞིམ་པའི་སྒང་ལ། །
ལྷ་རྩེའི་སྒྲ་སྙན་འཁྲུག་གཞས། །
དེ་ལ་རམ་བུ་འདེགས་མཁན། །
དིང་རིའི་པི་ཝང་མགྱོགས་འཁྲབ། །
༢
གནས་འདི་གཙང་ལྗོངས་ཡུལ་ནས། །
ལོ་གསར་སྨོན་ཚིག་ཕུལ་ཡོད། །
ཡུལ་འདི་ཤངས་པའི་ཡུལ་ནས། །
ལྷ་མོའི་ཟློས་གར་འཁྲབ་ཡོད། །
གཙང་གི་རྒྱལ་བ་བྱམས་པས། །
འགྲོ་དྲུག་བདེ་བའི་སྨོན་འདུན། །
ས་སྐྱའི་ཆོས་སྐྱོང་སྲུང་མས། །
གེགས་བར་བཟློག་པའི་སྨོན་འདུན། །
༣
སོ་ནམ་ལོ་གསར་འདི་ལ། །
གངས་ཅན་ཁ་བའི་ལྗོངས་ལ། །
མི་ལ་ནད་མེད་ཚེ་རིང་། །
ཕྱུགས་ལ་གཡང་གི་བཀྲིས། །
བདེ་སྐྱིད་ལྷ་དང་མཉམ་པ། །
ལོངས་སྤྱོད་ཀླུ་དང་མཉམ་པ། །
སྐལ་པ་བཟང་བའི་གླུ་གཞས། །
གཙང་གི་ཡུལ་ནས་ཕུལ་ཡོད། །
བསྟན་པ་དར་བའི་དར་ཤིང་། །
གཙང་གི་ཡུལ་ནས་བཙུགས་ཡོད། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
རྣམ་སྲས་མྱུ་གུ།
བཀྲ་མདངས་དཔལ་གྱིས་ཆོས་ལྡན་ཞིང་གི་མཆོག །
ཤིས་ཚིག་ངོ་མཚར་ལས་བསོད་རླུང་རྟ་དར། །
བདེ་ལམ་ཕུགས་འདུན་འབྲས་བུ་བཟང་པོའི་ཕྱིར། །
ལེགས་དར་རྟེན་འབྲེལ་སྒོ་གསུམ་གུས་པས་སྨོན། །
ལོ་མཇུག་རྫོགས་ཚིག་བྲིས་པའི་ཁུག་སོ་ནས། །
ངག་གི་འདབ་མ་རོ་མངར་རབ་ཏུ་བཟི། །
མ་འོངས་ལོ་གསར་དགའ་སྐྱིད་དྭངས་མའི་ཐིགས། །
ལྷན་དུ་རོལ་བའི་རྟེན་འབྲེལ་མཐའ་རུ་བརྒྱན། །
བཀྲ་ཤིས་ཁྱིམ་ཚང་ཀ་ལྕམ་གདུང་གི་བཀྲ །
བཀྲ་ཤིས་ལོངས་སྤྱོད་འདོད་ཡོན་སྣ་ལྔས་ཤིས། །
བཀྲ་ཤིས་ཕ་སྤུན་ཚེ་རིང་རྣམ་དྲུག་བདེ། །
བཀྲ་ཤིས་བོད་ཀྱི་ལོ་གསར་ཨེ་མ་ལེགས། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
སྨྱུག་རྩ།
དུས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ཤིང་བྲེལ། །
ཁྱུག་ཙམ་ཞིག་ལ་ནམ་ལོ་གསར་ལ་རན། །
མ་གསར་ལོ་རྙིང་ནང་གི་བྱ་བ་རྣམས། །
ཡག་སྡུག་གང་ཡིན་བྱི་དོར་བྱེད་པར་ཚུགས། །
ནམ་ལོ་གསར་བའི་དུས་ཀྱི་འགྲོས་སུ་ནི། །
ཚགས་སུ་ཚུད་པའི་ལས་བྱ་བསྒྲུབ་རྒྱུ་སྟེ། །
བསམ་པའི་ནང་གི་རྨང་གཞི་དང་པོ་ནི། །
དམ་བཅའ་འཇོག་རྒྱུ་ཧ་ཅང་གལ་ཆེན་རེད། །
དུས་ཀྱི་འགྲོས་དང་རང་གི་བྱ་བ་རྣམས། །
བསྟུན་ཐབས་ཡག་པོ་རང་གི་མ་བྱས་ན། །
གནམ་ལོ་གསར་པ་མང་དུ་འཆར་ན་ཡང་། །
དོན་མེད་ངང་དུ་དུས་ཚོད་ཡུད་ལ་རྫོགས། །
དེ་ལྟར་རང་གི་ལས་བྱའི་འཆར་གཞི་ཞིག །
འོས་འཚམས་ངང་གིས་དམིགས་ཤིང་རྩོམ་རྒྱུ་ནི། །
རང་གི་གནམ་ལོ་གསར་པའི་ལོ་གསར་ལ། །
བཀྲ་ཤིས་བཟང་པོའི་བྱ་བ་ཡག་པོ་ཞིག །
དེ་ལྟར་མ་བྱུང་དུས་ཚོད་གང་འཁྱོལ་གྱི། །
ཉིན་ལྟར་རེ་ཞིང་བཀྲ་ཤིས་བརྗོད་ནས་ཀྱང་། །
མ་འོངས་ལོ་མོ་གསར་པའི་དུས་ལ་ནི། །
བཀྲ་ཤིས་ཚིག་སྐམ་ཞིག་ལས་ཅང་མི་ཡོང་། །
དེ་ལྟར་ཀུན་ལ་ཅུང་ཟད་བཞུ་བ་འདི། །
ཆལ་ཆོལ་ལས་ལྷག་དོན་ཞིག་མ་མཆིས་ཀྱང་། །
ཁོག་ཆུང་ནང་གི་བསམ་ཚུལ་ཆུང་ངུ་ཞིག །
མ་འོངས་ལོ་གསར་དེ་ལ་ཕན་ཆེད་ཡིན། །
མདོར་ན་སོ་ནམ་ལོ་ཡི་ལོ་གསར་འདི། །
ཀུན་ཀྱང་བསམ་དོན་ཆོས་བཞིན་གྲུབ་པ་དང་། །
འདོད་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཡི། །
དགའ་སྐྱིད་སྤྲོ་གསུམ་ལྡན་པའི་བསུ་བ་ཞུ། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
བློ་གྲོས།
ངའི་མགོན་སྐྱབས་སྣང་བྱེད་ཉི་མ་ཡིན། །
ཁོང་ཁ་བ་ཅན་གྱི་དཔྲལ་བའི་མིག །
སྙིང་དམར་པོའི་དད་ས་མ་ལོག་པར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
ངའི་དྲིན་ཆེན་ཕ་མ་གཉིས་པོ་ཡིན། །
དྲིན་འཇལ་ནས་ཚར་དུས་ག་ལ་ཡོད། །
དུས་ནམ་ཡང་དྲིན་ལན་མ་བརྗེད་པར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
ངའི་ཚེ་འདིའི་རོགས་ལོ་ཆུང་མ་ཡིན། །
ཚེ་གང་གི་དགའ་རོགས་སྐྱོ་རོགས་ཡིན། །
སེམས་བརྩེ་བའི་རང་མདངས་མ་འགྱུར་བར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
ངའི་མི་ཚེའི་བརྩམ་བྱ་བུ་ཆུང་ཡིན། །
རྩོམ་ལེགས་ཉེས་ཅི་བྱུང་ཕ་མར་ཐུག །
བུའི་མདུན་ལམ་སྙིང་ནས་མ་བོར་བར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
ངའི་དཔུང་ཡ་བརྩེ་བའི་སྤུན་མཆེད་ཡིན། །
ཁྲག་རུས་པས་ཕན་ཚུན་སྦྲེལ་ནས་ཡོད། །
སེམས་བརྩེ་བའི་ལག་གདང་མ་ལྷོད་པར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
ངའི་ལས་ཀ་བོད་ཡིག་དགེ་རྒན་ཡིན། །
བོད་ཁ་བའི་ལས་དབང་དེ་དང་འབྲེལ། །
འགན་ལྕི་མོ་སྙིང་ནས་མི་བརྗེད་པར། །
བཀྲ་ཤིས་པའི་ལོ་གསར་འཛུམ་གྱིས་བསུ། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
རྡོ་ཐང་། རྣམ་གླིང་།
ལོ་ཟླའི་གཙང་བོ་མུ་ནས་མུ་རུ་བཞུར་དུས།
དུས་ཚོད་ཀྱིས་བཏབ་པའི་ཁྱེད་ཀྱི་རྒས་གཉེར།
ཇེ་མཐུག་ནས་ཇེ་མཐུག་རེད།
འདས་ཟིན་པའི་ལོ་དེ་དག
བྲེལ་འཚུབ་དང་ལྷན་དུ་ཟད་དུས།
ཡིན་གཅིག་རང་གིས་རང་ལ་ཚང་བརྩིས་ཤིག་བརྒྱབ་དགོས།
ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔར།
ཕུགས་བསམ་ཟེར་བའི་ཞོགས་པ་ག་ཚོད་ཀྱིས།
ཁྱེད་རང་མདུན་དུ་འཁྲིད་ནའང་།
སེམས་ནང་གི་དབྱར་གཞུང་དེར།
ད་དུང་ཡང་ལག་འཇུ་ཐེངས་གཅིག་ཐུབ་ཨེ་ཡོད།
དེ་བས་སྙིང་ཉེ་ཉེ་དང་ཤ་ཚ་ཚ་ཡི་མི་དེ་དག་ལ།
སྡང་རབས་དང་སྡུག་རབས་ག་ཚོད་གླེང་ཡོད།
འཁང་ར་དང་སུན་སྣང་ག་ཚོད་བྱས་ཡོད།
ད་ནི་དུས་ཚོད་ལ་སྒྱིད་ལུག་མེད་དེ།
ང་ཚོ་སླར་ཡང་ལོ་གསར་པ་ཞིག་ལ་གདོང་གཏད་དགོས་འདུག
འདས་ཟིན་པའི་ན་ཟུག་རེ་རེར།
ཐ་སྙད་འགའ་ཡིས་ལྷན་པ་ཐེབས་མི་སྲིད་ནའང་།
ལོ་ཟླ་མཛུབ་རྩེར་འཁོར་བའི་འབྱུང་འགྱུར་གྱི་སྣེ་མོར།
ཅིས་ཀྱང་བྱིལ་བྱིལ་འགའ་བྱེད་དགོས་པས།
སྤྲོ་བ་སྟོང་གིས་འདེགས་དགོས།
དགའ་བ་འབུམ་གྱིས་བསུ་དགོས།
དེ་བས་འཚོ་བའི་ཉིན་སྲིབ་ཁྲོད།
རྨི་ལམ་ལ་འདབ་ལོ་རྒྱས་པའི་སྨོན་པ་འདེབས་དགོས།
གཤོག་རླབས་འོད་དང་འདྲེས་ཤོག་ཅེས་ཁ་གཡང་འབོད་དགོས།
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ཞང་ཞུང་བུ་རྒྱུད།
རྟ་བདུན་དབང་པོ་དབང་སྔོན་དབྱིངས་སུ་སྒེག །
ནོར་འཛིན་དགའ་མས་གོས་དཀར་ན་བཟའ་བཀླུབས། །
གངས་རིའི་ལྗོངས་ལ་དགའ་སྐྱིད་ལོ་གསར་ཤར། །
གངས་ཅན་སྐྱེ་འགྲོ་དགའ་བདེའི་དཔལ་ལ་རོལ། །
མེས་པོའི་བཀའ་དྲིན་སེམས་ཀྱི་སྙིང་དུ་རུམ། །
བཀའ་དྲིན་བཅུ་ཕྲག་རི་བོའི་གཏོས་དང་མཉམ། །
དཔའ་མཛངས་སྙིང་སྟོབས་ཅན་པོའི་ཡབ་མེས་དྲུང་། །
ལོ་གསར་ཚེས་པའི་ལེགས་སྐྱེས་གུས་པས་མཆོད། །
ལྟེ་ཁྲག་ཤ་ལས་མཆེད་པའི་འགྲོ་བའི་ཁུངས། །
རང་དོར་གཞན་གཅེས་བྱམས་རྩེས་བསླུས་པའི་འཕྲུལ། །
སྒྱུ་མའི་སྣང་ངོར་མི་འཇིགས་གཞན་ལ་བསྩལ། །
གོ་ལའི་གཙུག་གཏོར་ཡབ་ཡུམ་གཉིས་དེར་མཆོད། །
དཀའ་སྡུག་འདམ་རྫབ་ཕམ་ཁའི་སྟེས་དབང་གིས། །
ལས་མཐུན་མཛའ་གྲོགས་སྙིང་མཐུན་དྲང་བདེན་ཅན། །
ལས་དབང་གོ་བསྐལ་འཛའ་བའི་རོགས་ཟླ་ཉིད། །
བརྩེ་བ་ཨ་ལོང་དགུ་སྒྲིལ་བདུད་རྩི་མཆོད། །
ཁེར་རྐྱང་ལོ་ཟླའི་མནར་གཅོད་གཟིར་བའི་ཚེ། །
སྐྱོ་གདུང་ངག་གི་རོལ་མོ་དཀྲོལ་ལེན་དང་། །
སེམས་གསོ་ཡིད་ཀྱི་བུ་རམ་མངར་ཁ་ཁྱོད། །
མི་འཇིག་རྟག་བྲལ་མེད་དེ་རྟེན་འབྲེལ་བཟང་། །
སྐྱིད་སྡུག་འདྲེས་མའི་འདས་ལོ་ཕར་ལ་བསྐྱལ། །
རེ་བདུན་འབུམ་ཕྲག་ཕྱུག་པའི་འབྱུང་འགྱུར་བསུ། །
འདས་ལོ་མ་འོངས་གསེང་ནས་དར་དཀར་འདིས། །
ནོར་མཛོད་གཡུ་གཞོང་འཁྱིལ་བར་ཁ་གཡང་འབོད། །
བཀྲ་ཤིས་ལོ་གསར་དགའ་སྟོན་མཉམ་དུ་བསུ། །
སྨོན་འདུན་མཛའ་གཅུགས་གསེར་གཟམ་མཉམ་དུ་སྦྲེལ། །
ཨ་ཁུ་ཞིང་པའི་གདོང་གི་འཛུམ་ཆུང་གྲོལ། །
སོ་ནམ་ལོ་གསར་གངས་རིའི་ལྗོངས་ལ་བསུ། །
གཙང་ལྗོངས་བཀྲ་ཤིས་གཞིས་རྩེའི་ཕང་བ་རུ། །
གཞིས་བྱེས་ལྷན་འཛོམས་བཀྲ་ཤིས་གཡང་ཆགས་འཁོར། །
མཉམ་འཛོམས་སྐོར་བྲོ་གཞས་ར་ཕྲ་མོ་དང་། །
སྒེག་ཆང་མཛེས་མའི་ཆང་གླུ་སྙན་སེ་སྙན། །
རིག་པའི་སེང་གེས་གད་རྒྱངས་བསྒྲགས་ཏེ་འཕགས། །
པཎ་ཆེན་རིམ་བྱོན་ཕྲེང་ལས་ཅན་དེའི་ཁུངས། །
ཤངས་གཞུང་རྣམ་པར་རྒྱལ་བའི་གླིང་ནས་མཆོད། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
འབྲུ་རིགས་ལོ་ཏོག་བྱེ་མའི་གྲངས་སུ་འཁུ། །
ཨ་ཅེ་སྣང་སའི་ལྟེ་ཁྲག་འཕོས་སའི་ཡུལ། །
གཙང་ལྗོངས་རྒྱལ་རྩེའི་གཞུང་ནས་ལོ་གསར་བསུ། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
རྒྱལ་ཡོངས་དངོས་མིན་ཤུལ་བཞག་རིག་གནས་གཏེར། །
དིང་རི་ཤེལ་དཀར་ཇོ་རིའི་དབུ་འཕང་མཐོ། །
གཙང་ལྗོངས་དིང་རིའི་གཞུང་ནས་གླུ་གར་མཆོད། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
ལོ་རྒྱུས་ཏུན་ཧོང་གཉིས་པའི་རྗེས་སུ་འགྲོ། །
གོང་མ་རྣམ་ལྔ་དངོས་བྱོན་མཛད་འཕྲིན་རྗེ། །
གཙང་ལྗོངས་གནའ་གྲོང་ས་སྐྱའི་གདན་ས་གྲགས། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
སྒྲ་སྙན་དཀྲོལ་ལེན་དབྱངས་ཅན་ལྷ་མོའི་མཐུ། །
སྟོང་གསུམ་ཁམས་སུ་སྙན་གྲགས་བ་དན་གཡོ། །
གཙང་ལྗོངས་རྣམ་རྒྱལ་ལྷ་རྩེའི་བསྟོད་གཞས་མཚར། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
གྲུབ་ཐོབ་ལྕགས་ཟམ་བླ་མའི་བྱིན་རླབས་ཆེ། །
ལྷ་མོའི་ཁྲབ་གཞུང་མཛད་པའི་བརྩོན་འགྲུས་ཅན། །
གཙང་ལྗོངས་ངམ་རིང་སྐྱེམས་ཚོའི་འགྲམ་ངོགས་ནས། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
སློབ་དཔོན་པདྨའི་གཟི་བྱིན་ཞབས་པད་བརྟན། །
ཀུན་གྱིས་མཐོང་བས་སྨོན་པ་སུམ་རྩེན་གནས། །
གཙང་ལྗོངས་བཞད་གཞུང་མཐོང་སྨོན་ཡུལ་ལུང་ནས། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
པ་སྣམ་འབྲུ་སྣ་བང་མཛོད་རབ་འཁྱིལ་བའི། །
ཕོ་ལྷ་བསོད་ནམས་སྟོབས་རྒྱས་བྱོན་པ་ལེགས། །
གཙང་ལྗོངས་པ༵་སྣམ་གྲུམ་ཟེ་རྩམ་པའི་ཕུད། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
རིན་སྤུངས་ངག་དབང་འཇིགས་སྐྲག་གཡུ་རལ་ཆེ། །
ཁུ་ལུང་ཡོན་ཏན་རྒྱ་མཚོ་ནུས་རྩལ་འཕགས། །
རིན་ཆེན་སྤུངས་འདྲའི་གནས་མཆོག་རིན་སྤུངས་ནས། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
རྒྱ་ཁྱོན་ཡངས་ཤིང་གཏེར་རྫས་སྣ་འཛོམས་ཡུལ། །
སྐྱེ་དངོས་ཐོན་ཁུངས་མཚན་མོའི་སྐར་ཚོམས་རྒྱན། །
གཙང་ལྗོངས་ཁང་དམར་ཡུལ་ནས་དགའ་སྟོན་བྱེད། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
ཧི་མ་ལ་ཡའི་བྱང་འདབས་མཚེའུ་གཞོང་ཁུལ། །
ཐོན་རྫས་སྣ་མང་རི་སྐྱེས་སྲོག་ཆགས་གཙོད། །
གཙང་ལྗོངས་ཡུལ་ལུང་མཛེས་ལྗོངས་གཏིང་སྐྱེས་ནས། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
ཡར་ཆབ་བཞུར་ཁུངས་བྱེ་མ་གཡུང་དྲུང་གནས། །
གངས་དཀར་ཏི་སིའི་དཔུང་གཤིབ་སྤུན་ཟླ་ཡིན། །
གཙང་ལྗོངས་འབྲོང་པ༵འི་གནས་ཀྱི་བདེ་ལེགས་སུ། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
གྲོ་མ་ལྷ་རི་གངས་རིའི་སྙན་གྲགས་འབར། །
གཏུམ་དྲག་ངར་སྐད་གྲགས་པའི་སྲོག་ཆགས་མང་། །
གཙང་ལྗོངས་གྲོ་མོ༵འི་ཡུལ་ནས་ལྗོངས་ཀུན་དུ། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
སྐྱིད་པའི་ལུང་ཆུང་གཡུ་ཆུང་དྲུག་དཀར་མཛེས། །
ནགས་ལྗོངས་གོས་སུ་རྒྱན་པའི་རྩི་ཤིང་མང་། །
གཙང་ལྗོངས་སྐྱིད་རོང་གཡུ་གཞོང་མུ་ཡངས་ནས། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
ཁྱོན་ཡངས་མུ་མེད་རྩ་ཐང་ནོར་གྱིས་བཀང་། །
ཨ་ཁུ་འབྲོག་པའི་སྐད་ངག་དབྱངས་སུ་འཐེན། །
གཙང་ལྗོངས་ས༵་དགའི་བདག་པོས་ཕེབས་བསུ་ཡོད། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། །
ཁྱད་འཕགས་རོ་བཅུད་ཞིམ་མངར་ལུག་ཤ་དང་། །
གནས་མཆོག་མཆོད་རྟེན་ཉི་མའི་བྱིན་རླབས་ཅན། །
གཙང་ལྗོངས་ག༵མ་པ༵འི་ཡུལ་ནས་གླུ་དབྱངས་ལེན། །
སོ་ནམ་ལོ་གསར་བཀྲ་ཤིས་རྟེན་འབྲེལ་ཞུ། །
དྲི་མེད་ལྷ་དར་དཀར་པོས་རྒྱང་རིང་ནས། །
གནས་ལ་འཁོར་བའི་བུ་ཕྲུག་རེ་འབོད་བྱས། །
དབུ་སྐྲ་དཀར་པོ་གཉེར་མའི་ཕ་མ་ནས། །
སོ་ནམ་ལོ་གསར་ལྷན་འཛོམས་རེ་སྒུག་ཡོད། །
སྙན་སྙན་ཚིག་གི་མཆོད་པ་འདི་རུ་བཤམས། །
མཛེས་མཛེས་མིག་གི་སྟོན་མོ་འདི་རུ་གར། །
ཞིམ་ཞིམ་ལྷ་རྗས་གསོལ་སྟོན་མངར་གྱི་བཅུད། །
མཆོད་མཆོད་ཨོ་ལོའི་ཆང་འདི་གསོལ་རོགས་མཛོད། །
བདེ་བདེ་དུས་བཞི་ཆར་ཆུ་འགྲོ་དྲུག་བདེ། །
ལེགས་ལེགས་སོ་ནམ་ལས་འདིས་བང་མཛོད་བཀང་། །
སྙན་སྙན་ཨ་ཁུ་ཞིང་པའི་གླུ་ཆུང་སྙན། །
མཛེས་མཛེས་ཨ་ཁུ་ཞིང་པའི་འཛུམ་ཆུང་མཛེས། །
ལེགས་ལེགས་ཤོག་དཀར་ཐང་དུ་ཤིས་ཚིག་འཕོས། །
ཕ་སྐད་དབྱངས་རྟས་སོ་ནམ་ལོ་གསར་བསུ། །
ལེགས་ལེགས་སྨྲ་བརྗོད་ཚིག་ཏུ་ལན་གཅིག་ཕབ། །
སོ་ནམ་ལོ་གསར་བཀྲ་ཤིས་བདེ་ལེགས་ཤོག །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ཁ་བའི་གླང་པོ།
གངས་དཀར་པོའི་མཆོད་རྟེན་གཤམ་འོག་ནས། །
དགུན་ངར་མའི་ཆབ་རོམ་དར་གྱིས་བསྡམས། །
གུང་ཉི་ཟེར་ལྷེབ་མོའི་བང་རིམ་དུ། །
གན་འགྲོ་དྲུག་འཁྱག་གི་བཙོན་རར་ལྷུམས། །
དུས་ནམ་ཟླའི་འཕོ་འགྱུར་གཏུམ་པོའི་ཁྲོད། །
ཁྲོམ་མི་ཚོགས་འདུ་འཛིའི་མཚོ་མོ་འཁྱོམས། །
ལས་བྲེལ་ཟིང་ཆེ་བའི་ཚ་རླབས་ཁྲོད། །
གན་ལོ་གསར་བསུ་བའི་ཁ་གཡང་སྒྲོག །
དྲིན་ཕ་མ་བཞུགས་པའི་གཡང་ཁྱིམ་ནང་། །
ནང་ཕུ་ནུ་འཛོམས་པའི་དགོད་སྒྲའི་ཀློང་། །
ཆང་བདུད་རྩིའི་མར་ཁུ་འཁྱིལ་ལེ་བ། །
ལོ་གསར་པ་བསུ་བའི་རྟེན་འབྲེལ་སྒྲིག །
དར་དཀར་པོ་ཨ་སྔོན་དབྱིངས་ནས་ལྡིང་། །
ལས་བཟང་པོའི་འབྲས་བུས་བང་མཛོད་བཏམས། །
ལོ་ཁྱི་ལོ་ལེགས་པའི་བཀྲ་ཤིས་དང་། །
སང་ཕག་ལོ་བསུ་བའི་ཆང་འདྲེན་ཡིན། །
ལུག་གཡང་མོའི་དབུ་འཕང་དགུང་ལས་མཐོ། །
དར་སྣ་ལྔའི་མེ་ཏོག་རི་ལྟར་སྤུངས། །
སྐྱེས་ཕོ་མོའི་རླུང་རྟ་དར་བའི་ཆེད། །
རི་མཐོ་པོའི་རྩེ་ནས་ལོ་གསར་བསུ། །
གཞས་ཞབས་བྲོས་རི་རབ་འགུལ་ལ་ཁད། །
ཟས་སྣ་བརྒྱས་རང་དགའ་རང་སྐྱིད་གདའ། །
སྐྱིད་སུམ་རྩེན་གནས་ལ་སྐྱེངས་པ་སྟེར། །
གན་ལོ་གསར་བསུ་བའི་སྟ་གོན་རྒྱས། །
ས་ཐག་རིང་འགྲིམས་པའི་སྤུན་ཟླའི་ཚོགས། །
ལུས་གདོང་ཐུག་གླེང་མོལ་ཉུང་ན་ཡང་། །
སེམས་བསམ་པའི་བར་ཐག་མི་རིང་གིས། །
བློ་ཤེས་བྱས་ཕྱུག་པའི་དུས་མཚམས་སུ། །
ཡུལ་རང་ཡུལ་སྐྱ་བོ་མ་བརྗེད་ཅིག །
ལོ་གསར་པའི་སྨོན་ཚིག་འདུན་པ་དེ། །
ཐལ་དྲགས་ཀྱང་རང་དབང་མེད་ཀིས་ཟེར། །
ངེད་ལོ་གསར་མཉམ་གཏོང་དགའ་བདེར་རོལ། །
༄༅། །སོ་ནམ་ལོ་གསར་བསུ།
ཁ་བ་རྐང་གླིང་།
ཞིང་རྣང་སྙེ་མ་ལྡེམ་ཞིང་།
འབྲུ་བཅུད་ཀྱི་སྟེང་ན།
ལྗིད་ཆེ་བའི་དངུལ་ཁུག་བཞད་ཅིང་།
སྟོན་ཁའི་ལོ་ཏོག་གི་སྟེང་ན་འཛུམ།
ལོ་གསར་གྱི་སྨོན་འདུན་དག
སྡེར་ཁའི་ནང་ན་དགད་དེ།
རླུང་རྟར་བརྐོས་པའི་ཡིག་འབྲུ་དག
རི་རྩེའི་དར་ལྕེའི་སྟེང་བབས་པའི་བྱེའུ་ཞིག
མཁའ་ནས་མཁའ་ལ་འཕུར་ཏེ།
ཇོ་མོ་གླང་མའི་ཡང་སྟེང་ན་ལྡིང་།
༄༅། །སོ་ནམ་ལོ་གསར་བསུ།
ཚེ་རིང་དཔལ་མོ། ས་སྐྱ།
ཐོ་རེངས་བྱ་ཕོ་ཚ་ལུས་གསུང་སྙན་སྒྲོག་པའི་སྐབས། །
ཤར་ཕྱོགས་སྐྱ་རེངས་བུ་མོས་འཛུམ་དཀར་ངོམ་ནས་ཕེབས། །
ས་སྟེང་འགྲོ་བ་ཀུན་ལ་བདེ་སྐྱིད་འབྱིན་ནས་ཕེབས། །
གནམ་ལོ་གསར་ཚེའི་བཀྲ་ཤིས་ལོ་གཡང་བསྣམས་ནས་ཕེབས། །
རབ་དཀར་འཁྱག་པས་བསྡམས་པའི་ཉལ་འགྲོའི་འགྲམ་ངོགས་ན། །
གཞོན་ནུ་མང་པོས་བཀྲ་ཤིས་སྨོན་ཚིག་སྒྲོན་བཞིན་དུ། །
ཁ་ལ་འབྲི་མར་སེར་པོ་བརྒྱན་པའི་ཆུ་ཟོའི་ནང་། །
ལོ་གསར་ཆུ་ཕུད་ལེན་བཞིན་དགའ་བའི་འཛུམ་མདངས་གྲོལ། །
གྲུ་བཞི་ཤོ་འདྲའི་གཡང་ཁྱིམ་དྲོན་མོའི་ཐོག་སྟེང་ན། །
གཡས་ཕྱོགས་ཕོ་ལྷ་གསོ་བའི་ཡབ་ཆེན་པ་ཕ་དང་། །
གཡོན་ཕྱོགས་སྲུང་མ་མཆོད་པའི་ཡུམ་ཆེན་ཨ་མ་གཉིས། །
བཀྲ་ཤིས་ལོ་གཡང་འགུག་པའི་སྨོན་ཚིག་བཟང་པོ་སྒྲོན། །
དགུང་ན་ཁྲི་གདུགས་ཉི་མ་སེར་པོ་དལ་གྱིས་འཛུམ། །
བར་ན་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་དལ་མེད་གཡོ། །
མཚམས་ན་ལྷ་བསང་དྲི་བསུང་ཀུན་ནས་འཐུལ། །
སྤྲོ་དགའི་བྱིས་པའི་དགོད་སྒྲ་ལྷང་ལྷང་གྲགས། །
ལོངས་སྤྱོད་ཀླུ་ལ་འགྲན་པའི་གཟིམ་ཆུང་གྲུ་བཞིའི་ནང་། །
བཅུད་ལྡན་ཇ་ཆང་ཨ་རག་བདུད་རྩི་ཡོངས་སུ་རི་ལྟར་སྤུངས། །
ནང་མི་མཉམ་འཛོམས་གླུ་གར་དགའ་བདེ་དཔལ་ལ་རོལ། །
དེ་འདྲའི་སྐལ་བཟང་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། །
འདས་པའི་འོད་སྟོང་ལོ་རྒྱུས་སྒམ་ཆུང་ནང་དུ་བླུགས། །
སྐྱོ་བའི་མིག་ཆུ་བརྗེད་ངད་རྐུན་པོས་གསེར་ཟྭ་བརྒྱབ། །
ཨ་རག་བདུད་རྩི་ཕོར་པ་གང་དང་ལྷན་དུ་ནི། །
མ་འོངས་ལོ་གཅིག་ནང་གི་མཚར་སྡུག་འོད་སྟོང་བསུ། །
རེ་བས་ཁེངས་པའི་གནམ་ལོ་གསར་ཚེས་འདི་ཡི་ནང་། །
གངས་དཀར་རི་བོའི་ལྷག་བསམ་ནམ་ཡང་འགྱུར་མེད་དང་། །
རིག་གཞུང་རྩྭ་ཐང་ཡངས་པོར་ཤེས་རིག་མེ་ཏོག་བཞད། །
ཀ་ཁའི་རྫི་གླུ་དེ་བས་རྣ་བར་སྙན་པར་ཤོག །
དྲིན་ཆེན་ཡབ་ཡུམ་སྐུ་ཚེ་རི་རབ་བརྟན་གྱུར་ཅིང་། །
དགེ་བའི་བཤེས་གཉེན་ཀུན་ལ་བྱ་བ་ལམ་ལྷོངས་ཤོག །
མཛའ་བའི་གྲོགས་མཆེད་ཀུན་ལ་ནད་མེད་ཚེ་རིང་ཤོག །
མདོར་ན་འཇིག་རྟེན་ཐམས་ཅད་ནམ་ཡང་བཀྲ་ཤིས་ཤོག །
གསར་དུ་བསུ་བའི་སྟོང་ལོ་བཅུ་དགུའི་ལམ་བུའི་ནང་། །
ལས་དང་སྐལ་བ་འཛོམས་པའི་མི་ལ་གཅེས་སྤྲས་དང་། །
མི་ཚེའི་མགྲོན་པོར་གྱུར་བའི་མི་ལ་སྨོན་ལམ་འདེབས། །
ཐམས་ཅད་རང་མཚམས་བདེ་བར་སྙེགས་པ་བཀྲ་ཤིས་ཤོག །
སྲིད་པའི་སྒྲོན་མེ་ཆུ་ལྷའི་ལྷུན་པོར་བསྙེགས་པའི་སྐབས། །
སྤྲིན་དམར་གསེབ་ན་མཚམས་སྤྲིན་མཚར་སྡུག་ལྷག་པར་ཆེ། །
གསར་དུ་བསུས་པའི་བཀྲ་ཤིས་ལོ་གསར་དེའི་ནང་ལ། །
མཚར་སྡུག་འོད་སྟོང་མཚམས་སྤྲིན་དེ་ལས་ལྷག་པར་ཤོག །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ལ་སྟོད་གངས་སེང་།
ཀ་བ་གདུང་གྱི་བཀོད་པའི་དོན་སྒྲུབ་ཁང་། །
ཁ་དར་བཀྲ་ཤིས་སྙན་པའི་དབྱངས་དང་འགྲོགས། །
ག་ལེར་ཡུལ་ལྷ་ནོར་ལྷ་ཡི་དམ་ལྷ་ཚོགས་འཛོམས། །
ང་རོའི་མདངས་དང་བཀྲ་ཤིས་མེ་ཏོག་འབབ། །
ཅ་ཅོ་འུར་གྱི་རྣམ་པས་ལོ་གསར་བསུ། །
ཆ་ཤས་རྫོགས་པ་ཟླ་བའི་དཀྱིལ་འཁོར་ཟབ། །
ཇ་ཆང་བདེ་བའི་ལོངས་སྤྱོད་བཀྲ་ཤིས་འཕེལ། །
ཉ་ཆུང་འཁྱུག་པ་གནམ་ལོའི་རྟེན་འབྲེལ་སྒྲུབ། །
ཏ་རེ་ཏུ་རེ་མ་ཎི་ཆོས་ཚོགས་འཕེལ། །
ཐ་ཡས་དོན་སྒྲུབ་གནམ་ལོའི་འདོད་དོན་བཟང་། །
ད་ལམ་འོད་དང་དད་པས་ལོ་གསར་བསུ། །
ན་ཚོད་དར་འབབ་ཚེ་རིང་སྨོན་ལམ་བཞུ། །
པ་ཕ་དང་བཅས་སྤུན་མཆེད་ཉེ་འདུར་སྨོན། །
ཕ་ས་གཡང་དང་བསོད་ནམས་ལོངས་སྤྱོད་སྨོན། །
བ་ལུ་ཤུག་པ་བཀྲ་ཤིས་ལྷ་བསངས་གཏོང་། །
མ་ལུས་ཡེ་ཤེས་བདེ་བའི་ཆོ་གར་ངེས། །
ཙ་རིའི་སྨན་དང་ལེགས་པོའི་གསོལ་བ་འདི། །
ཚ་གྲང་ལོ་འཁོར་ཕེབས་པའི་གནམ་ལོར་འཕུལ། །
ཛ་ཡ་ཆོས་དང་བཟང་སྤྱོད་རིང་དུ་སྤེལ། །
ཝ་སྐྱེས་གཡོ་གསང་བགྲང་བྱའི་འགྲོས་ལྟར་སྤོངས། །
ཞ་ལུ་ལོ་ཏོག་ནོར་ཕྱུག་འཕེལ་མཛད་ཅིང་། །
ཟ་འཐུང་བདེ་བ་གནམ་ལོའི་འགྲོས་དང་འཕེལ། །
འ་འུར་གཟིགས་མོའི་ལོངས་སྤྱོད་གནམ་ལོར་མང་། །
ཡ་རབས་སྲོལ་རྒྱུན་བཟང་བའི་ལོ་གསར་བསུ། །
ར་ལུག་གཡང་ཕྱུག་ནོར་ཀྱི་བཀྲ་ཤིས་ཤོག །
ལ་ཀླུང་ཆུ་ཀླུང་འདེབས་ཏེ་རླུང་རྟ་གཏོང་། །
ཤ་རུས་སྤུན་ཟླར་སྨོན་ལམ་བདེ་དོན་སྒྲུབ། །
ས་གཞི་སྤོས་དང་མེ་ཏོག་བརྒྱན་དུ་བསྐྲུན། །
ཧ་ལས་གནམ་ལོའི་འགྱུར་བག་སྨོན་ལམ་བཞུ། །
ཨ་རོག་ལོ་གསར་སྨོན་ལམ་རིང་དུ་བཞུ། །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
གངས་ཕྲུག་རྒྱལ།
དུས་ཀྱི་འཁོར་མོའི་བགྲོད་པ་མྱུར། །
འགྱུར་བའི་གློག་ཞགས་འོད་འཁྱུག་འཁྱུག །
ལོ་རྙིང་དང་གྱེས་གསར་པ་ཤར། །
སོ་ནམ་བཀྲིས་ལོ་གསར་ཚེས། །
གངས་རིའི་མྱུ་འཁྱུད་སྦྲེལ་བའི་ཞིང་། །
ཆོས་དང་བླ་མ་འཛོམས་པའི་གནས། །
དཀར་པོ་དགེ་བར་མོས་པའི་མི། །
གནས་འདིར་ཕྱྭ་གཡང་རྟག་འཛོམས་ཤོག །
ཡུལ་དུ་སྡོད་པའི་གཞིས་པ་དང་། །
རྒྱང་དུ་གནས་པའི་བྱེས་པ་ཚོ། །
ལོ་གསར་དགའ་སྟོན་ཚེས་པའི་སྐབས། །
ལྷན་དུ་འཛོམས་ཤིང་དགའ་བས་རོལ། །
ཆོས་ལ་བརྩོན་པའི་གྲྭ་བླ་དང་། །
ཤེས་རིག་སྦྱོང་བའི་སློབ་མ་ཚོ། །
ཤེས་རབ་མེ་སྟག་རབ་མཆེད་དེ། །
བདེན་པའི་ཞལ་ངོ་མཇལ་བར་ཤོག །
གང་དག་སོ་ནམ་ལས་འཇུག་པར། །
ལོ་ལེགས་རྟེན་འབྲེལ་འགྲིག་ཏེ་མཆིས། །
ཕྱུགས་རིགས་སྐྱོང་བའི་འབྲོག་པ་ལ། །
ཕྱུགས་ཤེད་རྒྱས་པའི་རྟགས་མཚན་གསལ། །
ཚོང་ལ་བྲེལ་བའི་དོན་མཐུན་ཀུན། །
ལས་ལམ་དཀར་ཞིང་ལམ་ལྷོངས་འབྱུང་། །
དྲང་པོའི་གཏམ་དང་བདེན་ལས་ཀྱིས། །
འབྱོར་པའི་ལོངས་སྤྱོད་རྒྱས་པར་ཤོག །
ལས་རིགས་སོ་སོར་འབད་པ་ཡིས། །
འཇུག་པའི་སྐྱེ་བོ་ཐམས་ཅད་ལ། །
རང་རང་ལས་ལ་འབྲས་སྨིན་ཏེ། །
དགའ་བདེའི་དཔལ་ལ་རོལ་བར་ཤོག །
མདོར་ན་མི་ཕྱུགས་སེམས་ཅན་ཀུན། །
བསམ་པའི་དོན་ཀུན་འགྲུབ་གྱུར་ཏེ། །
ལུས་བདེ་སེམས་སྐྱིད་བཀྲིས་ཤོག །
བཀྲིས་དེས་ཀྱང་བདེ་ལེགས་ཤོག །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
དབང་ཕྲུག་བཀྲ་ཤིས།
སོ་ནམ་ཞིང་པའི་ཞིང་ཕྲུག་གིས་བཀྲ་ཤིས་གནམ་ལོ་གསར་བ་བསུ།
གནམ་ནས་གངས་དཀར་ཕྱིང་པ་ཡི་གཟབ་སྤྲོས་ཞིང་ཐང་ཡོངས་ལ་གནང་།
སང་ལོའི་སོ་ནམ་བྱ་བ་ཡི་ལོ་ལེགས་ཡོང་བ་རྟེན་འབྲེལ་འདུག
དགའ་སྐྱིད་མི་ཚེའི་ལོ་གཅིག་ལ་སོ་ནམ་ཞིང་པའི་ལོ་གསར་སྐྱིད།
ཉེར་དགུའི་དགུ་ཐུག་སྣ་འཛོམས་དེས་ནང་མི་མཉམ་འཛོམས་བྱུང་བའི་རྟགས།
སང་ལོའི་རྟགས་དང་རྟེན་འབྲེལ་ཀུན་མཚན་དེར་བརྟག་ཚུལ་ཅོ་རེ་བྲོ།
ཉིན་ཟླའི་བྲེལ་གྱིས་མཛད་ཕྲིན་དང་གཟེ་མ་ར་མགོའི་མི་ཁའི་རྟགས།
མ་འོངས་ལས་ལ་སྔོན་དཔག་གིས་འབད་པས་སྐུལ་བ་དགུ་ཐུག་བཟང་།
ཚེས་གཅིག་དགུ་ཐུག་ཞལ་གྲོ་ཡིས་རྟེན་འབྲེལ་བཟང་པོ་དེ་ནས་ཚུགས།
གྲོ་ནས་སྲན་གྱི་གྲོ་དེ་ཡིས་དྲོ་སྐྱིད་བྲོ་ལྡན་རྟེན་འབྲེལ་ཆེ།
གཡང་དཀར་ལུག་གི་མགོ་བོ་དེས་ཞིང་འབྲོག་འཕེལ་རྒྱས་རྟེན་འབྲེལ་འདུག
ལུག་མགོ་ལོ་མགོ་ཟེར་བསྒྲགས་ཏེ་མ་འོངས་གསར་པའི་རྟེན་འབྲེལ་ལྡན།
ཚེས་གཉིས་གྲོང་གསར་སྲང་ལམ་ཀུན་པ་ར་པིར་རའི་ཤོ་བཤད་ཁེངས།
རྒན་གཞོན་ཀུན་ནས་རང་ལུགས་ཀྱི་རོལ་རྩེད་བྱེད་པ་གནའ་རྒྱུན་བཟང་།
གྲོ་མ་འབྲས་སིལ་གནའ་ཟས་དང་དེང་ཟས་ཚལ་རིགས་སྣེ་ཁ་འཛོམས།
འཁྲུངས་ཞུའི་བུ་མོ་གཤིས་རྒྱུད་རིང་གཞོན་དར་ཤོ་བཤད་རིག་པ་གསལ།
ཚེས་གསུམ་ལྷ་གསོལ་སྨོན་ལམ་གྱིས་སང་ལོའི་ཐམས་ཅད་སྨོན་པས་འགེངས།
བཀྲ་ཤིས་དར་ལྕོག་སྣ་ལྔ་གཟབ་ཡིད་ཀྱི་ལྷ་རྟེན་གུང་ལ་བཙུགས།
རང་སེམས་བཟང་པོའི་ལྷ་རྟེན་ནས་རང་དོན་བསམ་གྲུབ་ཡིད་ནས་དད།
ལྷ་ཆང་འཐུང་རྗེས་ཞལ་ཁ་ནས་བཀྲ་ཤིས་སྙན་དབྱངས་སྒྲོག་པ་བཟང་།
ཐེ་གེ་རྩེད་མཁན་མི་མཐོང་ཡང་ལག་རྩེད་ཁ་པར་དེང་གི་སྲོལ།
རྡོ་སྒོར་འགྲན་པ་མི་རིག་ཀྱང་མཱ་ཅང་ཟེར་བ་དུས་ཀྱི་ཁྱད།
བྱིས་དུས་སོ་ནམ་ལོ་གསར་ལ་དགའ་སྤྲོའི་རེ་སྒུག་སྣ་མང་ཡང་།
ལོངས་དུས་བདེ་ཐང་མཉམ་འཛོམས་ལ་སོ་ནམ་ཞིང་ཕྲུག་དགའ་བས་མྱོས།
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
བུ་ཚེ་རིང་རྒན་པ།
གྲང་ངར་ཞིག་གི་བར་གསེང་ནས།
གནམ་ལོ་གསར་པ་འཛུམ་གྱིས་བསུ།
འདས་སོང་ལོ་ཟླའི་ཁུག་སོ་ནས།
གཏམ་རྒྱུད་ཅིག་གི་སྙིང་རྩ་དལ་གྱིས་འཕག
གཏམ་རྒྱུད་དེའི་ནང་།
ཁྱེད་ཀྱི་ངོ་གདོང་ད་ང་ཡི་གྲིབ་གཟུགས་ཡོད་ལ།
གཏམ་རྒྱུད་དེའི་ནང་།
ཁྱེད་ཀྱི་དངུལ་ཆུ་དང་ང་ཡི་མིག་ཆུའང་མཆིས།
ལོ་ཟླ་ཆུ་མོ་བཞིན་དུ་རྒྱང་རིང་ལ་བཞུར་སོང་།
དྲན་པ་གྲམ་རྡོ་བཞིན་དུ་མིག་ལམ་ལ་གསལ་འོང་།
དྲན་པས་དྲུད་འོང་བའི་ལོ་ཟླའི་ཤུལ་དུ།
དངུལ་ཆུས་བརླན་པའི་མེ་ཏོག་འགའ་ཡིས་མགོ་ལྕོག་ལྡེམ།
ལོ་ཟླ་ཞིག་འདི་ལྟའི་ཚུལ་དུ་བཞུད་སོང་།
གངས་འཁྱགས་མང་པོའི་སྣེ་མོ་ནས།
གནམ་ལོ་གསར་པ་བྱིས་གདོང་བཞིན་དུ་འཛུམ་བྱུང་།
ལོ་ཟླ་འདི་ས་རྒོད་ཅིག་དང་མཚུངས་པས་ང་ཚོས་སློག་དགོས།
ལོ་ཟླ་འདི་ཞིང་ཐང་ཞིག་དང་འདྲ་བས་ང་ཚོས་འདེབས་དགོས།
དངུལ་ཆུའི་ཐིགས་པ་རེ་རེས་ས་བོན་རེ་རེ་བརླན་སྲིད་ལ།
ས་བོན་རེ་རེ་ནི་འབྲས་བུའི་མྱུ་གུ་རེ་རེ་ཡིན་ངེས།
དགུན་ཟླ་འདིར་གྲང་ངར་ཇི་ལྟར་རྒྱས་ནའང་།
དཔྱིད་མགོར་སླེབས་དུས།
དྲོད་ལྡན་རླུང་བུས་གངས་འཁྱགས་བཞུར་ཞིང།
ས་བོན་ཚོགས་ཀྱིས་རྐྱོང་ཤད་བྱེད་ངེས།
ནམ་ཟླ་ཞིག་འདི་ལྟའི་ངང་དུ་འཆར་བྱུང་།
ནམ་ཟླ་ཞིག་ཐག་རིང་གི་འགྲུལ་པ་བཞིན་དུ་འབྱོར་དུས།
ལོ་ཟླ་འདི་དྭངས་གསལ་གྱི་མེ་ལོང་ཞིག་དང་འདྲ་བར།
ངོ་རིས་མང་པོ་སྐར་གྲལ་བཞིན་དུ་གསལ་འོངས།
མེ་ལོང་དེའི་ནང་ཁྱེད་རང་ཡོད་འོས་ལ་ང་རང་འང་ཡོད་འོས།
ངོ་རིས་མང་པོས་མཛེས་པའི་དབྱར་ལྗོངས་ཤིག་འཆར་སྲིད་ལ།
སེམས་པ་མང་པོས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་གྲུབ་སྲིད།
ནམ་ཟླ་ཞིག་འདི་ལྟའི་ངང་དུ་འཆར་བྱུང་།
ཐག་རིང་གི་ཐག་རིང་ཞིག་ནས།
ང་ཚོར་རྒྱང་ལྟ་དང་གཡབ་མོ་བྱེད་མཁན་སུ་ཡིན།
ལོངས་ཤོག་སེམས་མཐུན་གྱི་སྤུན་ཟླ་ཚོ།
དུས་རབས་འདི་ལ་གནོངས་འགྱོད་མེད་པའི་རྐང་རྗེས་ཤིག་འཇོག་ཆེད།
རྡོག་སྒྲ་སྙོམས་པོས་གནམ་ལོ་གསར་པའི་འཛུམ་ཞལ་བསུ།
༄༅། །སོ་ནམ་ལོ་གསར་བསུ།
མདུན་བསྐྱོད། རྣམ་གླིང་རྫོང་།
ས་ཕྱོགས་ཁག་གི་སྐུ་མགྲོན། །
ལྷད་མེད་ཟས་ལ་རོལ་ན། །
སོ་ནམ་ལོ་གསར་དགའ་སྟོན། །
མཉམ་གཏོང་གནང་བར་ཕེབས་ཤོག །
ཨ་ཁུ་འབྲོག་པའི་ཐོན་ཁུངས། །
ཞིམ་མངར་སྤུས་གཙང་ཤ་མར། །
ཇ་ཆང་ལོངས་སྤྱོད་བདུད་རྩིས། །
སོ་ནམ་ལོ་གསར་བསུ་འོ། །
མི་རྣམས་དགའ་སྐྱིད་དཔལ་རོལ། །
ཀུན་ཀྱང་བྲེལ་འཚུབ་ངང་ནས། །
སོ་ནམ་ལོ་གསར་རེ་སྒུག །
ཕེབས་བསུ་ཞུ་དེ་མཚར་རོ། །
ལྷན་འཛོམས་གངས་དཀར་སེམས་པ། །
བཀྲ་ཤིས་བཞུགས་གྲལ་དཀྱིལ་དུ། །
སོ་ནམ་ལོ་གསར་གཏོང་བར། །
བདེ་ལེགས་ངང་ནས་ཕེབས་མཛོད། །
༄༅། །སོ་ནམ་ལོ་གསར་བསུ།
བདུད་རྩིའི་ཉིང་བཅུད། ས་སྐྱ་རྫོང་།
ཉིན་ཞག་སུམ་བརྒྱ་དྲུག་ཅུའི་འགོ་འཛུགས།
གོང་མའི་ལོ་ལ་རྫོགས་ཚིག་འཐེན།
ཉིན་ཞག་སུམ་བརྒྱ་དྲུག་ཅུའི་མཇུག་བསྡུས།
གསར་པའི་ལོ་ལ་མུ་འཁྱུད་འབྲི།
རེས་མོས་ཀྱིས་འཁོར་བའི་ལོ་ཟླའི་རི་མོ།
དཀར་ནག་གིས་མཚམས་ཐིག་གསལ་པོར་གཅོད།
ལོ་གསར་ནི་རྙིང་པ་ཡོད་ཚད་གཡུགས་ཤིང་གསར་པ་ཐམས་ཅད་ལེན་པ་མིན།
གསར་པ་ཐམས་ཅད་གསར་མི་དགོས།
རྙིང་པ་ཐམས་ཅད་རྙིང་མི་དགོས།
དོར་དགོས་ཡོད་ན་གསར་པ་ཡིན་ཡང་སྤོངས།
ལེན་དགོས་ཡོད་ན་རྙིང་པ་ཡིན་ཡང་ལོན།
མཆོད་ཆང་བདུད་རྩིའི་རྟེན་འབྲེལ།
བཀྲ་ཤིས་ཁ་གཡང་ཟབ་མོའི་འབོད་པ།
ལོ་གསར་པ། རེ་བ་གསར་པ།
ཕུགས་འདུན་གསར་པ།
སྡུག་བསྔལ་གྱི་ས་གདན་མཁྲེགས་པོ་གདན་ལ་འདིང་།
དགའ་སྤྲོ་ཡི་མལ་ཟན་འཇམ་པོ་ལུས་ལ་གཡོག
གོང་ཕ་མ་དགེ་རྒན་བཀའ་དྲིན་སེམས་ལ་འཇོག
བར་སྤུན་མཆེད་གྲོགས་པོར་མཛའ་མཐུན་གྱིས།
དམའ་སྤྲང་པོའི་ཚོགས་ལ་སྦྱིན་པ་གཏོང་།
དེ་ཡང་ལོ་གསར་གཏོང་ལུགས་ཅི་ལ་མིན།
བཀྲ་ཤིས་དྭངས་གཙང་ཁ་གཏགས་དཀར་པོས་བསུ།
དོན་གྲུབ་མཛད་རྗེས་གཡུར་ཟའི་འབྲས་བུས་བསུ།
ཕུན་ཚོགས་རྒྱུ་ནོར་ལོངས་སྤྱོད་དཔའ་གྱིས་བསུ།
ལོ་བཟང་། ཚེ་རིང་། ཐམས་ཅད་དགེ་བར་འཕེལ་གྱུར་ཅིག་གོ །
༢༠༡༩.༡.༤
༄༅། །སོ་ནམ་ལོ་གསར་བསུ།
བྱམས་པ།
ཁ་ཉིན་བབས་པའི་ཁ་བ་ལྕི་མོ་དེ།
འདས་ཟིན་པའི་ཁ་སང་གི་ཁ་དོག་ཡིན།
དུས་ཚོད་ཀྱི་སྐར་མདའ།
སླར་ཡང་ལོ་གསར་པ་ཞིག་གི་སྡོང་མགོར་བབས་འོང་།
ད་ནང་ལྡང་བའི་རླུང་བུ་བསིལ་བསིལ་དེ།
སང་ཉིན་ལ་སྒྲོན་པའི་དབུ་ཁྱུད་ཡིན།
ལོ་གསར་འདི།
ནག་ནོག་གིས་མ་གོས་པའི་དཀར་གཙང་མཇལ་དར་ཞིག་སྟེ།
འཆར་གཞི་གསར་པ་ཞིག་ལ་སྒྲོན་ཆོག
རེ་བ་གསར་པ་ཞིག་ལ་འཕུལ་འདོད།
ཉི་འོད་འཇམ་པོ་ཞིག་གི་སྣེ་མོ་ནས།
སོ་ནམ་བུ་མོའི་འཛུམ་ཞལ་མཐོང་ཐུབ།
ཆུ་མོ་ཤང་ཤང་ཞིག་གི་རླབས་རིས་ལས།
འབྲུ་དྲུག་སྙེ་མ་དག་གི་མགོ་ལྕོག་ལྡེམ་འོང་།
བཀྲ་ཤིས་ཀྱི་སྒོ་མོ་འདི་ནས་འབྱེད་ཆོག
ཕུན་ཚོགས་ཀྱི་ཁ་གཡང་འདི་ནས་འབོད་འོས།
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
ཞིམ་མྱོས། ངམ་རིངས་རྫོང་།
མི་འདོད་དང་མ་སྐྱིད་འདས་ལོའི་ཕ་རོལ་དུ་བསྐྱུར།
རེ་བ་དང་རྒྱལ་ཁ་འདི་ལོའི་འགོ་ནས་བརྩོན།
འདས་ལོར་གྱེས་ཕྱག་ཕུལ་ཞོར།
གསར་ལོར་བསུ་བ་ཞུ་བཞིན།
གདོང་ལས་འཛུམ་མདངས་ཀྱི་མེ་ཏོག་ལྷུག་པར་གྲོལ།
སེམས་ནང་སྤྲོ་སྣང་གི་དྲོད་འཁོལ་དུ་ལེར་འཁྱིལ།
དཀའ་སྤྱད་ཁུར་དུ་འཁྱེར་ནུས་པའི་སོ་ནམ་པ།
རང་གཤིས་བཟང་ཞིང་ཡ་རབས་སྲོལ་བཟང་སྐྱོང་བའི་ཨ་ཁུ་ཞིང་པ།
འདི་ནི་ཁྱེད་ལ་དབང་བའི་དུས་ཆེན་ཞིག
གསར་ལོ་འདི་ཡོད་ཚད་ཀྱི་རྟེན་འབྲེལ་ཐོག་མ།
གསར་ལོ་འདི་བཀྲ་ཤིས་ཀྱི་ཁ་གཡང་འབོད་པ་ཡིན་པས།
རྒྱུ་ནོར་ལོངས་སྤྱོད།
ཚེ་བསོད་དབང་ཐང་།
ལས་དང་རླུང་རྟ་ཅི་རིགས་དར་བའི་སྨོན་ཚིག་གི་དར་དཀར་ཁྱེད་ལ་བསྒྲོན།
ཁྱིམ་ཚང་འཆམ་མཐུན།
ཅི་བསམ་ལྷུན་གྲུབ།
བདེ་སྐྱིད་རྩ་བ་ཚུགས་པའི་རྟེན་འབྲེལ་གྱི་ཤིས་ཚིག་ཁྱེད་ལ་འབུལ།
གསར་ཚེས་ཀྱི་ལོ་འདི་ཡང་།
བཀྲ་ཤིས་པའི་ལོ།
དོན་འགྲུབ་པའི་ལོ།
བདེ་ལེགས་འབྱུང་བའི་ལོ།
གང་ལྟར་ལེགས་ཚོགས་ཀུན་འདུས་པའི་ལོ་ཞིག་ཡིན་པར་སྨོན་ལམ་འདེབས།
སོ་ནམ་ལོ་གསར་སྤྲོ་བས་བསུ།
དགའ་བདེའི་དཔལ་གྱིས་ཕྱུག་པའི་ལོ་གསར་བསུ།
ཉམས་པ་སོར་བཅུད་དང་མ་ཉམས་གོང་འཕེལ་གྱི་ཚ་རླབས་འཕྱུར་བའི་ལོ་གསར་བསུ།
མཐུན་སྒྲིལ་གྱི་ལག་གདང་དམ་དུ་སྦྲེལ་ནས་སྔོན་ཐོན་ཤེས་དཔལ་གྱི་ལམ་དུ་བསྐྱོད་པའི་ལོ་གསར་བསུ།
༄༅། །སོ་ནམ་ལོ་གསར་བསུ།
འཁྱམས་པོ་ཟླ་འོད།
ལོ་གསར་སྔ་སོང་མ་གསུངས། །
དཔྱིད་དཔལ་བཞད་ལ་ཉེ་སོང་། །
དཔྱིད་དཔལ་བཞད་པའི་དུས་ལ། །
ལས་བྲེལ་ཆེ་བ་ཡོད་རེད། །
ཆང་རག་མང་སོང་མ་གསུངས། །
ཆང་གླུ་དེ་བས་སྙན་པ། །
ཨི་དང་ཨི་པག་བྱུང་ན། །
ལས་ལ་དཀའ་སྡུག་མིན་འདུག །
ཕོ་གསར་ཐང་དཀར་རྒོད་པོ། །
ཁོག་སེམས་ནམ་མཁའ་ཁེངས་འདྲ། །
མོ་གསར་ལྷ་བྱ་གོང་མོ། །
སེམས་བཟང་སྣང་སའི་བརྒྱུད་རེད། །
བཀྲ་ཤིས་སོ་ནམ་ལོ་གསར། །
ནང་མི་སྤུན་མཆེད་འཛོམས་སོང་། །
ལོ་རྙིང་ཕར་ལ་བསྐྱལ་ནས། །
ལོ་གསར་ཚུར་ལ་བསུས་ཡོད། །
དགུ་ཐུག་ཐུག་པའི་ཞིམ་ཤས། །
ཟ་རྒྱུ་སྣེ་ཁ་འཛོམས་པ། །
སྣེ་ཁ་མི་འདྲ་རེ་རེས། །
གོ་རྒྱུ་མི་འདྲར་ཡོད་དོ། །
གྲོ་སོ་ཕྱེ་མར་འཁུར་ནས། །
བཀྲ་ཤིས་སྨོན་ལམ་བཏབ་ཡོད། །
ནད་མེད་ཚེ་རིང་ཡོང་བའི། །
མཇལ་དལ་དཀར་པོ་ཕུལ་ཡོད། །
༄༅། །སོ་ནམ་ལོ་གསར་བསུ།
དྲང་བདེན།
ཆག་སྒོ་དང་གོད་ཆག་གིས་ཁེངས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
གཟི་བརྗིད་དང་རེ་བ་ཡིས་ཁེངས་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
རྐྱེན་ངན་དང་བར་ཆད་ཀྱིས་ཁེངས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
དགོད་དྲོ་དང་གཏམ་བཟང་གིས་ཁེངས་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
ཆར་ཤོད་དང་གངས་འཁྱགས་ཀྱིས་བཏུམས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
སྦྲང་ཆར་དང་ལོ་ལེགས་ཀྱིས་ཁེངས་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
དཀའ་སྤྱད་དང་ངལ་དུབ་ཀྱིས་ཁེངས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
གུ་ཡངས་དང་བག་ཕེབས་ཀྱིས་ཁེངས་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
ཟང་ཟིང་དང་རྙོག་གྲས་ཁེངས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
ཞི་འཇགས་དང་བརྟན་ལྷིང་གིས་ཁེངས་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
འཁོན་འཛིན་དང་རྩོད་གཞིས་ཁེངས་པའི་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
གཅེས་འཛིན་དང་བསམ་ཤེས་ལྡན་པའི་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
ཐལ་རླུང་དང་གངས་རླུང་གི་ཁྲོད་ནས་ཉིས་སྟོང་བཅོ་བརྒྱད་ཕར་ལ་བསྐྱལ་ནས།
ཞིང་ཐང་དང་གཙང་འགྲམ་གྱི་ཟུར་ནས་ཉིས་སྟོང་བཅུ་དགུའི་སོ་ནམ་ལོ་གསར་བསུ།
ལོ་རྙིང་གི་རྐྱེན་ངན་ཡོད་ཚད་ཉི་ཤུ་དགུར་གཡུགས་ནས།
ཉིས་སྟོང་བཅུ་དགུའི་ས་ཕག་ལོ་ཡི་སོ་ནམ་ལོ་གསར་བསུ།
༄༅། །སོ་ནམ་ལོ་གསར་བསུ་བ།
སྤྲོ་ཁང་ཨ་ནན།
དུས་ཀྱི་འཁོར་ལོ་དལ་བུའི་བགྲོས་དང་བསྟུན་ནས་སྐྱེས་སྟོབས་ཀྱི་ལང་ཚོའི་དཔལ་ཡོན་དར་བའི་སྣ་ཚོགས་མྱུ་གུ་གཞོན་མས་ས་གཞི་མ་མའི་རུམ་ལས་གྲང་བསིལ་བསིལ་བུ་ཡུག་གི་སི་སྒྲ་དང་སྐྱ་ཐལ་ཐལ་གངས་འཁྱགས་གྲང་རེག་དང་འགྲོགས་ཏེ་གཤིས་བརྒྱུད་གངས་རི་དཀར་པོའི་རང་བཞིན་བཟང་པོ་དང་ཁོང་ཡངས་མུ་མཐའ་དང་བྲལ་བའི་བྱང་ཐང་ལྟ་བུའི་རང་གཤིས་ལས་གངས་ལྗོངས་ས་ལའི་ཡིད་འོང་ཞལ་རས་ལ་ལྗང་ལྗང་གཡུ་ཡི་མཆོར་སྒེག་དང་སྣ་ཚོགས་ཡིད་དུ་འོང་བའི་ཕྲ་ཆིལ་མེ་ཏོག་ཚོམ་བུའི་ཁྲ་རྒྱན་བསྒྲོན་ལ་བྲེལ།དེ་དང་མཚུངས་པར་དུས་ཀྱི་ཕོ་ཉའི་འགྱུར་ཁུགས་གདངས་དང་ལྡན་པའི་སྒྲ་དབྱངས་སྙན་མོས་གངས་ལྗོངས་བསོད་ནམས་ཀྱི་ཞིང་ས་གཤིན་པོ་འདིར་ཆར་ཆུ་དུས་སུ་བབས་ཤིང་།ལོ་ཡག་རྩ་བ་ཚུགས་པ། བདེ་སྐྱིད་ལོངས་སྤྱོད་དཔལ་ཡོན་འཛོམས་པའི་སྔ་ལྟས་བཟང་པོའི་རྟེན་འབྲེལ་ལས་རང་ཡུལ་གཙང་གི་ཡུལ་གྲུ་ཆེན་པོ་འདིའི་སྟེང་དུ་རྣམ་དཀར་སོ་ནམ་ལས་ལ་བརྩོན་པའི་ཡ་རབས་ཀྱི་མི་རྣམས་ལ་སོ་ནམ་ལོ་གསར་བསུ་བའི་བཀྲ་ཤིས་ཀྱི་སྨོན་ཚིག་དང་ལན་བརྒྱའི་རྟེན་འབྲེལ་མཚོན་པར་བྱས།ད་དུང་དྲི་ཟའི་བུ་མོས་སྣ་ཚོགས་དར་གོས་རྒྱན་ཞིང་སིལ་སྙན་དང་རྫ་རྔ། པི་ཝང་སོགས་དཀྲོལ་ཞིང་ཉམས་འགྱུར་གར་གྱི་ཡིད་འོང་སྟངས་སྟབས་ཀྱིས་ཀྱང་མི་རབས་ནས་མི་རབས་ས་ཞིང་གཤིན་པོར་འགྲོགས་པའི་ཡ་རབས་ཀྱི་མི་རྣམས་ལ་སོ་ནམ་ལོ་གསར་བསུ་བའི་བཀྲ་ཤིས་ཀྱི་རྟེན་འབྲེལ་མཚོན་པར་བྱས།ཉི་གཞོན་ཤར་རིའི་ཕྲག་ལས་འཆར་དང་ལྷན། ཉི་མའི་དཀྱིལ་འཁོར་འཇའ་ཚོན་གདུགས་གུར་ཕུབ། ཉི་ཟེར་སྟོང་ལྡན་ཁྲོད་དུ་སྔོ་སངས་ནམ་མཁའ་བཀྲ་ཤིས་རྟགས་བརྒྱད་དང་ས་གཞི་པད་མ་བཀྲ་ཤིས་རྫས་བརྒྱད་ཀྱི་ལྟས་བཟང་གང་བར་བྱས།དེ་ནི་གངས་རིའི་ར་བས་བསྐོར་བའི་ཕ་ཡུལ་གངས་ལྗོངས་ལ་བསོད་ནམས་ཀྱི་བདེ་རྩ་དང་། འཚེ་མེད་ཞི་བདེའི་བདེ་རྩ་སྲིད་པའི་ཕ་མཐར་དྲག་ཏུ་རྒྱུགས་པའི་ཆུ་མོ་ཡར་ཀླུ་གཙང་པོའི་རྦ་རླབས་ཇི་བཞིན་ལང་ལོང་དུ་འཕེལ་བར་བྱེད་པའི་བཀྲ་ཤིས་ཀྱི་སྨོན་འདུན་བཟང་པོ་དེ་རེད་ལ་ཞིང་ས་གཤིན་པོའི་སྟེང་གི་རང་རྒྱུད་ལས་ལ་བརྩོན་པའི་ཡ་རབས་ཀྱི་སྐྱེ་བོ་རྣམས་ལ་སོ་ནམ་ལོ་གསར་བསུ་བའི་བཀྲ་ཤིས་ཀྱི་རྟེན་འབྲེལ་བཟང་པོ་དེ་ཡང་རེད།གངས་ལྗོངས་ལགས། ཁྱེད་ནི་འཛམ་གླིང་གོོ་ལའི་རྩེ་མོ་རེད་ལ་འཛམ་གླིང་གོ་ལའི་གཙུག་རྒྱན་ཞིག་ཀྱང་རེད།ཁྱེད་ལ་འཕྲོ་བའི་འཛམ་གླིང་མིག་གཅིག་གི་འོད་ཟེར་ལས། ལ་སྟོད་གངས་རིའི་ལྗོངས་ལ་གངས་བཞུན་བསིལ་མའི་ཤང་ཤང་ཆུ་སྒྲ་རྣ་བའི་བདུད་རྩིར་རོལ་བར་བྱེད།དེ་ནི་བསིལ་བསིལ་དཔྱིད་རླུང་ཁྲོད་ཀྱི་སོ་ནམ་རྒད་པོས་ནག་པོའི་ས་གཞི་འདུལ་བའི་སྐད་གསང་རྨོ་འདེབས་ཀྱི་ལ་གཞས་སྙན་མོ་དེ་ཡིན་ལ།བཀྲ་ཤིས་སོ་ནམ་གྱི་ལོ་གསར་བསུ་བའི་ཞིང་པའི་ཆང་གཞས་སྙན་མོ་དེ་ཡང་ཡིན་ལགས། དེ་ནི་དབྱར་གཞུང་རྒྱ་མཚོའི་རླབས་སྒྲ་ཇི་བཞིན་སོ་ནམ་ཞིང་སའི་གྱ་གྱུའི་སྙེ་རླབས་ཀྱི་རྦ་ཀློང་རེད་ལ།སོ་ནམ་ལོ་གསར་བསུ་བའི་ཞིང་གྲོང་བུ་མོའི་ལྡེམ་ལྡེམ་བྲོ་གར་འཁྲབ་པའི་ཡིད་འོང་གི་སྟངས་སྟབས་ཤིག་ཀྱང་རེད་ལགས།བདག་གིས་སྐུལ་སློང་བཟང་པོའི་བསམ་པས་བཀྲ་ཤིས་སོ་ནམ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་མཚོན་པའི་རྟ་དབྱངས་སྙན་མོ་ཞིག་ལེན་འདོད་ལ་ས་ཞིང་གཤིན་པོ་གཡང་སུ་ཆགས་པ་དང་རྣམ་དཀར་ས་བོན་འདེབས་ལས་ལྷུན་གྱི་གྲུབ་པ།འཕྲལ་ཡུན་ཕན་བདེའི་ལོ་ཏོག་སྨིན་པ་ལས་དམ་ཚིག་གཙང་མའི་འབྲས་བཟང་ཐོབ་གྱུར་ཏེ་གངས་རིའི་ལྗོངས་ཀྱི་ཕྱོགས་དང་ཕྱོགས་མཚམས་སུ་བཀྲ་ཤིས་བདེ་རྩ་ཆུ་མོའི་རྒྱུན་བཞིན་འཕེལ་བ་དང་མི་ནོར་ལོངས་སྤྱོད་འཛོམས་པའི་བཀྲ་ཤིས་ཤོག །
༄༅། །སོ་ནམ་ལོ་གསར་འཛུམ་གྱིས་བསུ།
སྨྱུག་སྨྱོན། ས་སྐྱ།
སྨད་གམ་པ་ལ་མོ་ཡན་ནས། སྟོད་ཟངས་ཟངས་རྟ་ཟམ་བར།བྱང་ནགས་ཆུ་རྩྭ་ཐང་མཚམས་ནས། ལྷོ་རྒྱ་གར་བལ་ཡུལ་ཚུན་ཆད། གཙང་ཡུལ་ཨི་དང་ཨི་པག་གི་ཕ་ས་སྟེ།སོ་ནམ་ཞིང་པའི་མཁར་རྫོང་ཡ་མེད་ཅིག་ལགས།
གནས་འདི་ན། བཙན་པོའི་དུས་ཀྱི་རྨོས་གཉའ་དོར་འདེབས་སམ།རྟ་བོང་ཁལ་འདྲེན་གྱི་སྲོག་ཤིང་རྟིང་མ་གནས། སྲོལ་རྒྱུན་གྱི་སྐྲ་ལོའི་ཉག་མ་དག །སོ་ནམ་གྱི་རི་མོའི་ཐགས་སུ་བཀྲ།སོ་ནམ་ལོ་གསར་ཚེས་དུས་སུ། གྲོ་སོ་ཕྱེ་མར་སྒྲིག་ཅིང་ཞལ་ལ་མཆོད།ཁ་ཟས་སྣ་ལྔས་སྡེར་ཁ་རི་ལྟར་སྤུངས། ལོ་ཕུད་ཟས་ཕུད་མཆོད་པའི་རྒྱན་དུ་བྱེད།ལུག་མགོ་དབུས་སུ་འཇོག་པ་འབྲོག་ལ་ཕྱོགས། ཉེར་དགུའི་གླུད་བརྫངས།གདོན་འདྲེའི་རྒྱབ་གཟུགས་ན་བསྔོ་སྨོན་གྱི་ཞིང་ཁམས། ལོ་གསར་ཉིན་མོ།ཡབ་ཡུམ་སྤུན་མཆེད་ལྷ་ཡུལ་ལ་དང་བ་འགྲན། ཆང་རག་གི་ཡོ་འཁྱོམ་ལས། གླུ་གར་དང་།རོལ་རྩེད་ཀྱི་དབྱར་མཚོ་བསྐྱིལ། ཞགས་གཅིག །ཞགས་གཉིས། ཐ་ན།རེ་གཟའ་དང་རེ་གཟའ་སྟུད་ནས། ཉི་མ་འཕར་སྐྱེལ་ནམ་འཚུར་བསུ།སོ་ནམ་ལོ་གསར་ལ་བཀྲ་ཤིས་དང་། རྟེན་འབྲེལ་མང་། སོ་ནམ་ལོ་གསར་ལ་གེགས་བར་དང་།གོད་ཆག་བཟློག །སོ་ནམ་ལོ་གསར་ལ་དང་གཟུགས་དབེན་ཞིང་།ཡ་མ་ཟུང་གི་ཆ་ལུགས་དང་བྱེད་ལུགས་མང་བས། གཙང་པ་བ་བདག་དང་ཁྱེད་ཀྱིས་ཕ་ཡབ་ཀྱི་བང་སོ་སྲུང་བ་ཁ་གཡང་དུ་བྱེད།
རྩོམ་སྒྲིག་པ། གཉལ་བཀྲ་ཤིས་བསྟན་པ། འདྲུ་བཀྲ་ཤིས་རྒྱལ།