གངས་གཙང་འབྲོག་གཙང་ནི། ཕ་ཡུལ་བཞད་མཐོང་སྨོན་རྫོང་རྩེ་ཤོད་འབྲོག་སྡེ་རུ་ཕྱུག་མོར་ལྟེ་ཁྲག་འཕོས་ཤིང་། ད་བར་དབྱངས་གསལ་སོ་བཞི་ཁོ་ནར་དུང་དུང་ཞེན་ཞེན་བགྱིས་ཏེ་རྩོམ་འབྲིའི་ལས་ལ་སྤྲོ་བ་ཆེ་བའི་ན་གཞོན་ཞིག་ཡིན་ཞིང་། སྔ་ཕྱིར་དེབ་ཚགས་དང་དྲྭ་འཕྲིན་སོགས་སུ་བརྩམས་ཆོས་མང་དུ་སྤེལ། ལོ་འདིའི་ཟླ་བདུན་པར་༼སོར་སྨྱུག་གི་ལང་ཚོ།༽བྱ་བའི་སྲོལ་རྒྱུན་སྙན་ངག་གམ་ཚིགས་བཅད་སྙན་ངག་ཕྱོགས་བསྒྲིགས་ཤིག་དཔར་དུ་བསྐྲུན།
༄༅། །ལྷ་ས་ནས་ལྷ་ས་བྲིས་པ།
གྲོགས་པོ་ཚོ།
ཁྱེད་ཚོས་ང་ལྷ་ས་ལ་སླེབས་པའི་བསུ་ཆང་ཡིན་ཞེས།
རིང་མ་ཐུང་གི་འཕྲིན་པ་དག་བདག་ལ་བསྐུར་མ་གནོངས།
ཁྱེད་ཚོས་ང་ལྷ་ས་དང་བྲལ་བའི་གྱེས་ཕྱག་ཡིན་ཞེས།
འཕུར་མ་ལྡིང་གི་སྙན་ངག་དག་བདག་ལ་སྤུར་མ་གནོངས།
རྒྱུ་མཚན་ནི།
ངས་ཡང་ལྷ་ས་རུ་གནས་ཡོད་པས་སོ།
འོ་ན་ཁྱེད་ཚོས་ལྷ་ས་བྲིས་ན་པོ་ཏ་ལ་འབྲི་བ་ལས་དམར་པོ་རི་མི་བྲི་བ་ཅི།
འོ་ན་ཁྱེད་ཚོས་ལྷ་ས་བྲིས་ན་སྐྱིད་ཆུ་བྲི་བ་ལས་སྨི་ཏི་ཁའི་མཚེའུ་མི་བྲི་བའང་ཅི།
འོན་ཀྱང་། ད་ཆ་ལྷ་ས་ནི་ཆེས་སྤྱིར་བཏང་གི་ས་ཆ་ཞིག་སྟེ།
པོ་ཏ་ལའི་བརྗིད་ཉམས།
སྐྱིད་ཆུའི་བཞུར་རྒྱུན།
གཙུག་ལག་ཁང་གི་རྡོ་བཅལ།
བར་སྐོར་གྱི་མ་ཎིའི་སྒྲ་དབྱངས།
ད་དུང་རླངས་འཁོར་གྱི་དུང་སྒྲ་དང་བ་གམ་གྱི་སྒམ་རླིང་སོགས།
སྙན་ངག་པ་ཚོས་བྲིས་བྲིས་ནས་ཟད་པའི་མཚམས་སུ་ཐུག་ཡོད།
༢༠༡༨-༡༢-༡༠
༄༅། །སྤྱན་ཆབ་བསིལ་བ།
གངས་ཆུ་བརྡོལ་ཚབ་ཆེ་དུས་ཉི་མའི་བགོ་བསྐལ་ལ་ཧབ་ཐོབ་བྱེད་མཁན་ཡོད་པས་སོ།
དབྱར་ཁ་ལྟ་བུའི་སྨུག་སྤྲིན་དེ་ཚོས་སྔོན་ཐོན་ལ་ར་སྤྲོད་བྱེད་པ་རེད།
ད་སྐབས་ཀྱི་གངས་རི་དུས་རབས་ཀྱི་ཚེ་ཚད་འཇལ་མཁན་གྱི་ཚངས་ཐིགས་དེ་རེད།
ད་སྐབས་ཀྱི་གངས་རི་བས་མཐའི་གླང་རྒན་ཁྱུར་མིད་གཏོང་མཁན་གྱི་སྲིན་པོ་དེ་རེད།
ངས་གངས་རི་ལ་རྒྱུས་མའ་ཆེ་སྟེ་ས་སྲོས་འབའ་ཞིག་ཏུ་འཚོ་བཞིན་པས་སོ།
ངས་གངས་རི་ལ་རྒྱུས་མངའ་ཆེ་སྟེ་ངའི་མེ་ལོང་གངས་རིའི་སེམས་པ་རུ་གྲུབ་པས་སོ།
སྒོང་གཟུགས་ཤིག་གི་རྣོ་ཁ་ལྟ་བུའི་གངས་རི།
འབར་རྡེལ་ཞིག་གི་ལྗིད་ཚད་ལྟ་བུའི་གངས་རི།
ས་དཀར་པོ་ཡོད་ཚད་ཞེ་ལ་བཞག་པའི་གངས་རི།
དར་དམར་པོ་ཡིན་ཚད་སྙིང་ལ་དཀྲི་བའི་གངས་རི།
ཆུ་མིག་བཞིན་རུས་པའི་གཏིང་ནས་ཅི་ཞིག་བཙིར།
གཏེར་ཁ་བཞིན་ཁོག་པའི་ནང་ནས་གང་ཞིག་བྲུ།
༢༠༡༨-༡༢-༡༧
༄༅། །ཁ་བ་དང་བརྩེ་བ།
ཁ་བ་དང་པོ།
རྣོ་ངར་དང་ཞེ་འཇམ་གྱི་བརླན་པའི་མེ་ཏོག་དེས།
བརྩེ་བ་ཞིག་གི་ཁ་དོག་གཏན་ལ་ཕབ་ནས།
སྐྱ་ཐུལ་ཐུལ་གྱི་ལྷིང་འཇགས་ཁོ་ན།
མཛེས་པའི་ཏོག་དང་དགའ་བའི་དབྱིངས་སུ་གྲུབ་བྱུང་།
ཁ་བ་དང་པོ།
གྲང་ངར་དང་དྲོད་ཐིགས་ཀྱི་གཏམས་པའི་རོ་བཅུད་དེས།
ལྷག་བསམ་ཞིག་གི་རིས་དབྱིབས་གཟུགས་སུ་བཞེངས་ནས།
སྙན་ལྷང་ལྷང་གི་གསང་བ་ཁོ་ན།
ལང་ཚོའི་དཔལ་དང་གཞོན་ནུའི་དཔྱིད་དུ་བསྐྲུན་ཡོད།
ཁ་བ་དང་པོ།
དལ་ཤིག་ཤིག་ངང་མགོ་ཐོག་ཏུ་ལྷུང་ཞིང་།
བྲེལ་ཚུབ་ཚུབ་ཀྱིས་སྐྲ་གསེབ་ཏུ་སིམ་དུས།
ང་དང་ཁྱེད་ཀྱི་གཏམ་གླེང་གི་དག་སྣང་འཚོལ་གྱིན་པ་འདྲ་ཨང་།
དཀར་ལྷང་ལྷང་དུ་ནོར་འཛིན་ལ་གཡོགས་རྗེས།
ནག་ཁྲིག་ཁྲིག་གི་རྐང་རྗེས་འགའ་བཞག་དུས།
དགུན་གནམ་སྐྱ་བོ་འདིའི་དྲོད་ཐིགས་ལ་སུན་སྦྱིན་བྱེད་པ་ཅིས་མ་ཡིན།
གངས་ཁྲོད་ནས་ཐུལ་འོངས་བ་གསང་བ་ཁོ་ནའི་དྲི་བསུང་རེད།
གངས་ཁྲོད་ནས་གྱེར་འོངས་བ་དྲོད་ཐིགས་ཁོ་ནའི་གད་རྒྱངས་རེད།
ད་ནངས་ཀྱི་ཁ་བ་བརྩེ་བ་ཞིག་གི་གཏིང་ཚད་འཇལ་མཁན།
ད་ནངས་གི་བརྩེ་བ་ཁ་བ་འདི་ཡི་ཁ་དོག་བརྟག་མཁན།
ཡང་གཅིག་བཤད་ན།
ཁ་བ་དང་བརྩེ་བ་ནི་གཞི་གཅིག་ལ་འདྲེས་ནས་ཡོད་དེ།
ཁ་བའི་ཁ་དོག་དེ་ལ་བརྩེ་བའི་མཐིལ་ཟེར།
ཁ་བའི་རང་གཤིས་དེ་ལ་བརྩེ་བའི་མཐའ་ཟེར།
བརྩེ་བ་ནི་ཁ་བའི་རང་ཚུགས་ཡིན།
བརྩེ་བ་ནི་ཁ་བའི་དན་རྟགས་ཡིན།
༢༠༡༨-༡༢-༡༨ཞོགས་པ།