གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ། ཞེས་པའི་དཔེ་ཚོགས་འདི་ནི་བོད་ལྗོངས་སྨན་རྩིས་ཁང་ནས་མི་ལོ་ ༣༢༠ ཐམ་པའི་ལོ་རྒྱུས་ཡོད་པའི་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་དང་། ལོ་བརྒྱ་འཁོར་བའི་སྨན་རྩིས་ཁང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་རྙིང་རྣམས་རྨང་གཞིར་བཟུང་བའི་ཐོག སྤྱི་ལོ་ ༢༠༠༦ ནས་བཟུང་ཕོ་བྲང་པོ་ཏ་ལའི་དཔེ་མཛོད་དུ་བཞུགས་པའི་རྩིས་རིག་དང་། གསོ་རིག་གི་གནའ་དཔེ་རྣམས་བཤེར་འབེབས་བྱས་པས་མཚོན། བོད་ལྗོངས་ཀྱི་ས་གནས་ཁག་དང་། སི་ཁྲོན་དང་མཚོ་སྔོན་སོགས་བོད་ཀྱི་གསོ་རིག་དང་རྩིས་རིག་དར་ཁྱབ་ཆེ་བའི་ས་གནས་ཁག་ཏུ་ལན་མང་བསྐྱོད་ནས་སྨན་རྩིས་གཉིས་ཀྱི་གནའ་གཞུང་ཡོད་དོ་ཅོག་གི་ཆ་འཕྲིན་རྟོག་ཞིབ་དང་། གནའ་དཔེ་འཚོལ་བསྡུ་བྱེད་པའི་ལས་གཞི་ཆེན་པོ་ཞིག་སྤེལ་བ་ལས་གྲུབ་པ་ཞིག་ཡིན།
སྨན་རྩིས་གནའ་དཔེའི་ཆ་འཕྲིན་རྟོག་ཞིབ་དང་། འཚོལ་བསྡུའི་ལས་དོན་དངོས་ནང་དུ་གྲགས་ཅན་མཁས་པའི་གསུང་རྩོམ་དཔྱད་གཞིར་བཟུང་ཐོག །གནའ་དཔེ་ཞིབ་འཇུག་ལས་དོན་ཐད་ལ་མཁྱེན་སྤྱན་ཡངས་པ་དང་། ཐོས་རྒྱ་ཆེ་བའི་གྲགས་ཅན་མཁས་དབང་ལ་དགོངས་འཆར་ཞུ་བ་དང་། འབྲེལ་ཡོད་དགོན་སྡེ་དང་ལས་ཁུངས་མང་པོར་འདྲི་རྩད་བྱེད་པ། དམངས་ཁྲོད་སྨན་པ་རྒན་རབས་ལ་བཅའ་འདྲི་ཞུ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྨན་རྩིས་གནའ་དཔེའི་འབྱུང་ཁུངས་ཞིབ་རྩད་ཡོང་བ། མ་དཔེ་གཡར་ཐབས་དང་དེའི་ནང་དོན་ཁག་བཤེར་འབེབས་ཀྱི་ལས་དོན་འབོར་ཆེན་ཞིག་བརྩོན་པ་ཆེན་པོས་ལེགས་གྲུབ་ཐུབ་པ་བྱུང་ཡོད།
གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ། ཞེས་པའི་ནང་དོན་ཐད་གསོ་རིག་དང་། རྩིས་རིག །གསུང་འབུམ་བཅས་ཁག་གསུམ་དུ་ཕྱེ་ཡོད་པ་དང་། གསོ་རིག་ནང་གསེས་ལ་ལོ་རྒྱུས་རྣམ་ཐར་དང་། རིག་གཞུང་རྩ་འགྲེལ། ནད་ཐོག་ཉམས་ཡིག །སྨན་རྫས་ངོས་འཛིན་དང་ལག་ལེན་བཅས་རིག་ཚན་ཆེ་བ་ཁག་བཞིར་བགོས་པ་དང་། ཁྱོན་པུ་ཏི་གྲངས་གྱ་གསུམ་ཕྱོགས་བསྒྲིགས་ཞུས་པ་དང་། རྩིས་རིག་ནང་གསེས་ལ་བསྟན་རྩིས་དང་། གོ་ལ། སྐར་རྩིས། ལོ་ཐོ། དབྱངས་འཆར། དུས་སྦྱོར། ཉི་ཟླ་གཟའ་འཛིན། མགྱོགས་རྩིས་དང་རེའུ་མིག །ནག་རྩིས། རྒྱ་རྩིས་ཀྱི་སྐོར་བཅས་ཁག་བཅུར་བགོས་ཡོད་པ་དང་། ཁྱོན་པུ་ཏི་ཞེ་དྲུག་ཕྱོགས་སྒྲིག་བྱས་ཡོད། དེ་བཞིན་སྨན་རྩིས་མཁས་དབང་གི་གསུང་འབུམ་ཁག་གཅིག་ཀྱང་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་ཁྱོན་པོད་ཆེན་ ༡༣༠ ཐམ་པ་བཞུགས་པ་བཅས་སོ།།