བྲག་དམར་གཞས་ཆེན་ངོ་སྤྲོད།
གཏིང་དོན་གྲུབ་ཀྱིས་མཁོ་འདོན་ཞུས།
བྲག་དམར་གཞས་ཆེན་ཞེས་པ་འདི་ནི་ཐོག་མར་སྤྱི་ལོ1450སྐོར་ལ་དམངས་ཁྲོད་ངལ་རྩོལ་མི་དམངས་ནང་གི་སྒྱུ་རྩལ་ལ་ཤིན་ཏུ་དགའ་བའི་གཞས་པ་འགའ་ཞིག་སྒྲིག་འཛུགས་བྱས་ཏེ་གསར་གཏོད་བྱས་པའི་གཞས་གཞུང་ཞིག་ཡིན། དེའང་མི་ལོ་ལྔ་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་ཞིང་དཔལ་ལྡན་ས་སྐྱའི་ཤར་ལྷོའི་ཆར་གནས་པའི་སྲད་གཞུང་ལུང་པ་ལས་སྲད་སྟོད་བྲག་དམར་གྲོང་ཚོ་ཞེས་པ་སྟེ། དེ་སྔོན་སྲད་རྒྱུད་པ་དགོན་པའི་ཁྲལ་པ་ཡིན་ཙང་། སྲད་རྒྱུད་པ་དགོན་གྱི་མཆོད་ཡོན་སྦྱིན་བདག་ཡིན་པའི་རྒྱལ་རྩེ་དགའ་གཞིའམ་རྡོ་རིང་བ་ཡི་སྐུ་ངོ་སྲད་རྒྱུད་པ་དགོན་དུ་ཕེབས་སྐབས་དང་། དེ་བཞིན་དགོན་པའི་ལྷ་ཁང་དང་བརྟེན་ཁྱད་པར་ཅན་བཞེངས་པ་སོགས་ཟབ་རྒྱས་ཀྱི་བྱེད་སྒོ་ཁག་ལ་བྲག་དམར་གྲོང་ཚོས་སྲད་རྒྱུད་པ་དགོན་དུ་གཞས་ཆེན་འཁྲབ་ནས་མགྲོན་ལ་བསུ་བ་ཞུ་བ་དང་། བཀྲ་ཤིས་པའི་བྱ་བར་རྟེན་འབྲེལ་མཚོན་པར་བྱེད་ཀྱི་ཡོད་པ་མ་ཟད། བྲག་དམར་གྲོང་ཚོར་ལོ་ལྟར་དགུན་དུས་སུ་གཞས་ཆེན་ཐེངས་རེ་འཁྲབ་ནས་ལོ་ལེགས་ཡོང་རྒྱུའི་རྟེན་འབྲེལ་བྱེད་ཀྱི་ཡོད་པ་རེད།
ལོ་བཅུའི་གོད་ཆགས་ཀྱི་སྐབས་སུ་བོད་ཀྱི་རིག་རྩལ་སྤྱི་དང་འདྲ་བར་གཞས་ཆེན་དེའང་སྐབས་ཤིག་རིང་འཁྲབ་མཚམས་འཇོག་དགོས་བྱུང་། འོན་ཀྱང་དེང་སྐབས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་འཕེལ་རྒྱས་གཏོང་བའི་དུས་འདིར་བྲག་དམར་གཞས་ཆེན་ཡང་སླར་གསོ་བྱུང་བ་དང་གཞས་ཚིག་དང་འཁྲབ་གཞུང་ཉམས་མེད་དུ་གནས་པ་མ་ཟད། གནའ་རབས་ཀྱི་གཞས་གོས་དང་། རིན་ཐང་ཅན་གྱི་རྒྱན་ཆའི་རིགས་ཐོར་གྱར་མེད་པར་གནས་པ་ནི་དགའ་བ་སྐྱེས་འོས་པ་ཞིག་རེད།
གཞས་ཆེན་འདིའི་ནང་སྲིད་པ་ཆགས་ཚུལ་དང་། གཞས་དཔོན་དང་གཞས་རོགས་ཀྱི་འབྱུང་བ་བརྗོད་པ། གཞས་ཀྱི་སྒོ་མོ་ཕྱེ་བ། ཕྱོགས་བཞིར་མཆོད་པ་འབུལ་བ། དེ་བཞིན་ཆོས་འཁོར་ལྷ་ས་དང་། གཙང་གི་བཀྲིས་ལྷུན་པོ། དཔལ་ལྡན་ས་སྐྱ། ཕ་ཡུལ་བཅས་ལ་ལ་བསྟོད་གླུ་འབུལ་བ། ད་དུང་ས་འདུལ་དང་། བར་འཇུག ཆང་གཞས། མཇུག་བསྡུའི་བཀྲ་ཤིས་སོགས་ཁྱོན་བསྡོམས་ལེའུ་བཅུ་གཉིས་ཡོད་ཅིང་གཞས་ཆེན་འདི་སྔ་རབས་ཀྱི་ཉམས་འགྱུར་ཤིན་ཏུ་ཆེ་བ་སྟེ། བུ་ཡི་སྐུལ་བ་དང་བུ་མོས་ལན་སློག་ཞིང་། གཞས་དཔོན་གྱིས་རྒྱ་ཆས་སྤྲད་པས་རྒྱ་ལུའི་ཆས་སྤྲད་པ་ཚང་མ་སྔོན་ལ་ཕྱིན་ནས་གཙོ་བོའི་ཚུལ་བྱེད་པ་དང་། དེའི་རྗེས་སུ་སོག་ཆས་སྤྲད་པ་རྣམས་བཞུགས་པ། མཐའ་མར་གོས་ཆེན་དང་སྤུས་ལེགས་ཀྱི་གོས་སྣམ་གྱོན་པ་རྣམས་བཞུགས་པ། བུད་མེད་ཚོས་རྒྱ་སློག་ཤ་སྟག་གྱོན་དགོས་པ་དང་། མགོ་བོར་སྤ་དྲུག་ཉིས་བརྩེགས་བཏགས་དགོས་ཀྱི་ཡོད། གཞས་པ་དང་གཞས་མ་རྣམས་ཀྱི་གཞས་གོས་ཀྱི་བཟོ་དབྱིབས་དང་གཞས་ཀྱི་སྒྱུ་རྩལ་སོགས་ལས་གནའ་རབས་ཀྱི་ཉམས་འགྱུར་མ་ཉམས་པར་མངོན་པ་ལགས་སོ།
དང་པོ། སྲིད་པ་ཆགས་ཚུལ་བརྗོད་པ།
ཨེ་མ་ཧོའོ་ནི་ཟེར་བ་ལ།། ཨེ་མ་ཧའོ་ནི་ངོ་མཚར་ཆེ།།
དང་པོ་ཅི་ཡང་མེད་པ་ལ།། ཕྱོགས་མཚམས་ཀུན་ནས་རླུང་ཞིག་བྱུང་།།
རླུང་གི་རྡོ་རྗེ་རྒྱ་གྲམ་ཆགས།། ཕྱི་ལྟར་རྒྱ་མཚོ་ཆེན་པོ་ལ།།
ནང་ལྟར་ནོར་བུ་རིན་ཆེན་ཆགས།། རྒྱ་མཚོ་དེ་ལ་སྤྲིན་དམར་ཆགས།།
སྤྲིན་དམར་རིན་ཆེན་གསེར་ལ་ཕྱིན།། གསེར་གྱི་སྟེང་དུ་ས་ཞིག་ཆགས།།
ས་ཡི་སྟེང་དུ་རྡོ་ཞིག་ཆགས།། དེ་ལ་སྲིད་པ་ས་ཆགས་རྡོ་ཆགས།།
ཟེར་བ་ལ་རྒྱབ་ཤོག་ཨཱ་ལ།། གཅིག གཉིས། གསུམ།།
གཉིས་པ། གཞས་དཔོན་དང་གཞས་རོགས་འབྱུང་ཚུལ་བརྗོད་པ།
ཨེ་མ་ཧའོ་ནི་ཟེར་བ་ལ།། ས་ཡས་སྣེ་བཅས་པའི་མས་སྣེ་ན།།
མས་སྣེ་བཅས་པའི་ཡས་སྣེ་ན།། སྲིད་པའི་བྲམ་ཟེ་རྒན་གོག་ཆགས།།
སྲིད་པའི་བྲམ་ཟེ་རྒན་གོག་ལ།། གཞོན་སོ་དཀར་དུས་ལ་བུ་ཞིག་མེད།།
རྒན་སྐྲ་དཀར་དུས་ལ་བུ་ཞིག་བྱུང་།། བུ་ཞིག་ཡོད་པ་ཆོས་ལ་བཅུག།
བློ་ཆོས་ལ་མ་སོང་གཞས་ལ་སོང་།། མིང་ལ་གཞས་དཔོན་མཆོག་ལེགས་ཟེར།།
མིང་བཀྲ་ཡོད་ཀྱང་གཞས་རོགས་མེད།། སྟེང་ལྷ་ཡི་ཡུལ་ནས་གཞས་རོགས་འབོད།།
ལྷ་ཡི་བུ་མོ་སྤུན་ལྔ་འབོད།། འོག་ཀླུ་ཡི་ཡུལ་ནས་གཞས་རོགས་འབོད།།
ཀླུ་ཡི་བུ་མོ་སྤུན་ལྔ་འབོད།། བར་བཙན་གྱི་ཡུལ་ནས་གཞས་རོགས་འབོད།།
བཙན་གྱི་བུ་མོ་སྤུན་ལྔ་འབོད།། ལྔ་གཅིག་གིས་ལྔ་རང་བྱས།།
ལྔ་གཉིས་ལོག་པས་བཅུ་རང་བྱས།། ལྔ་གསུམ་གསུམ་གྱི་བཅོ་ལྔ་ལ།།
གཞས་དཔོན་ཁོང་གིས་བཅུ་དྲུག་བྱས།། གཞས་རོགས་འཛོམས་པས་བཅུ་བདུན་བྱས།།
གཞས་གཞུང་འཛོམས་པས་བཅོ་བརྒྱད་བྱས།།གཞས་ལ་བཅོ་བརྒྱད་དར་སོང་ཟེར་བ་ལ།།
རྒྱབ་ཤོག་ཨཱ་ལ། གཅིག གཉིས། གསུམ།།
གསུམ་པ། གཞས་ཀྱིས་ས་འདུལ་བ།
ཧའོ་དང་ལགས་སོ་ཟེར་བ་ལ།། ཧའོ་དང་ལགས་སོ་ངོ་མཚར་ཆེ།།
ད་ནི་གཞས་ཀྱི་ས་འདུལ་བྱེད།། གཞས་ཀྱི་ས་འདུལ་མ་བྱས་ན།།
གཞས་དཔོན་མཁས་ཀྱང་དོན་གོ་མེད།། དང་པོ་རབ་ཏུ་དགའ་བའི་ས།།
གཉིས་པ་དྲི་མཆོག་འབེབས་པའི་ས།། གསུམ་པ་དཀོན་མཆོག་གསུམ་གྱི་ས།།
བཞི་པ་འདུན་མ་གྲུ་བཞིའི་ས།། ལྔ་པ་རྒྱལ་བ་རིགས་ལྔའི་ས།།
དྲུག་པ་འགྲོ་བ་རིགས་དྲུག་ས།། བདུན་པ་མཐོ་བ་བདུན་གྱི་ས།།
བརྒྱད་པ་འཁོར་ལོ་བརྩིབས་བརྒྱད་ས།། དགུ་པ་རྡོ་རྗེ་རྩེ་དགུའི་ས།།
བཅུ་པ་ས་བཅུད་འབེབས་པའི་ས།། སྟག་ཤར་དཔའ་རྩལ་ཆེ་བའི་རྟགས།།
མཛངས་མ་སྐྱེ་འབྲས་ངོམ་པའི་རྟགས།། དེ་ལ་གཞས་ཀྱི་ས་འདུལ་ཟེར་བ་ལ།།
རྒྱབ་ཤོག་ཨཱ་ལ། གཅིག གཉིས། གསུམ།།
བཞི་པ། གཞས་ཀྱི་སྒོ་མོ་ཕྱེ་བ།
ཧོའོ་དང་ལགས་སོའོ་ཟེར་བ་ལ།། ཧོའོ་དང་ལགས་སོ་ངོ་མཚར་ཆེ།།
ད་ནི་གཞས་ཀྱི་སྒོ་མོ་ཕྱེ།། གཞས་ཀྱི་སྒོ་མོ་མ་ཕྱེ་ན།།
གཞས་དཔོན་མཁས་ཀྱང་དོན་གོ་མེད།། འཛམ་གླིང་ཉི་མའི་ཤར་ཕྱོགས་ན།།
རྟ་དཀར་རྟ་རུ་སྤྲུལ་ལས་བྱ།། མི་དཀར་མི་རུ་སྤྲུལ་ལས་བྱ།།
ཁྱི་དཀར་རོགས་སུ་ཁྲིད་པར་བྱ།། ཞྭ་དཀར་ཀླད་ལ་འགྱིངས་བར་བྱ།།
ཕྱག་ཏུ་དར་ཚོན་དཀར་པོ་བསྣམས།། དུང་གི་ལྡེ་མིག་སྐེད་པར་གཟེར།།
གཞས་ཀྱི་སྒོ་མོ་ངས་ཕྱེ་ཟེར།། གཞོན་གྱི་སྒོ་མོ་ངས་ཕྱེ་ཟེར།།
དེ་རིང་གི་སྒྲོ་མདོག་ངས་གཅོད་ཟེར།། ཟེར་བ་ལ་ནི་རྒྱབ་ཤོག་ཨཱ་ལ།།
ཤར་ཟེར་ན་རྡོ་རྗེ་སེམས།། སྒོ་མོ་ཞིག་ཕྱེ་ལས་རྒྱབ་ཤོག་ཨཱ་ལ།།
གཅིག གཉིས། གསུམ།།
ཧའོ་དང་ལགས་སོའོ་ཟེར་བ་ལ།། འཛམ་གླིང་ཉི་མའི་ལྷོ་ཕྱོགས་ན།།
རྟ་སེར་རྟ་རུ་སྤྲུལ་ལས་བྱ།། མི་སེར་མི་རུ་སྤྲུལ་ལས་བྱ།།
ཞྭ་སེར་ཀླད་ལ་འགྱིངས་བར་བྱ།། ཁྱི་སེར་རོགས་སུ་ཁྲིད་པར་བྱ།།
ཕྱག་ཏུ་དར་ཚོན་སེར་པོ་བསྣམས།། གསེར་གྱི་ལྡེ་མིག་སྐེད་པར་གཟེར།།
གཞས་ཀྱི་སྒོ་མོ་ངས་ཕྱེ་ཟེར།། གཞོན་གྱི་སྒོ་མོ་ངས་ཕྱེ་ཟེར།།
དེ་རིང་གི་སྒྲོ་མདོག་ངས་སྤྱོད་ཟེར།། ཟེར་བ་ལ་ནི་རྒྱབ་ཤོག་ཨཱ་ལ།།
ལྷོ་ཟེར་ན་རིན་ཆེན་འབྱུང་གནས།། སྒོ་མོ་ཞིག་ཕྱེ་ལས་རྒྱབ་ཤོག་ཨཱ་ལ།།
གཅིག གཉིས། གསུམ།།
འཛམ་གླིང་ཉི་མའི་ནུབ་ཕྱོགས་ན།། རྟ་དམར་རྟ་རུ་སྤྲུལ་ལས་བྱ།།
མི་དམར་མི་རུ་སྤྲུལ་ལས་བྱ།། ཞྭ་དམར་ཀླད་ལ་འགྱིངས་བར་བྱ།།
ཁྱི་དམར་རོགས་སུ་ཁྲིད་པར་བྱ།། ཕྱག་ཏུ་དར་ཚོན་དམར་པོ་བསྣམས།།
བྱུ་རུའི་ལྡེ་མིག་སྐེད་པར་གཟེར།། གཞས་ཀྱི་སྒོ་མོ་ངས་ཕྱེ་ཟེར།།
གཞོན་གྱི་སྒོ་མོ་ངས་ཕྱེ་ཟེར།། དེ་རིང་གི་སྒྲོ་མདོག་ངས་སྤྱོད་ཟེར།།
ཟེར་བ་ལ་ནི་རྒྱབ་ཤོག་ཨཱ་ལ།། ནུབ་ཟེར་ན་སྣང་བ་མཐའ་ཡས།།
སྒོ་མོ་ཞིག་ཕྱེ་ལས་རྒྱབ་ཤོག་ཨཱ་ལ།། གཅིག གཉིས། གསུམ།།
ཧོའོ་དང་ལ་སོའོ་ཟེར་བ་ལ།། འཛམ་གླིང་ཉི་མའི་བྱང་ཕྱོགས་ན།།
རྟ་སྔོན་རྟ་རུ་སྤྲུལ་ལས་བྱ།། མི་སྔོན་མི་རུ་སྤྲུལ་ལས་བྱ།།
ཞྭ་སྔོན་ཀླད་ལ་འགྱིངས་བར་བྱ།། ཁྱི་སྔོན་རོགས་སུ་ཁྲིད་པར་བྱ།།
ཕྱག་ཏུ་དར་ཚོན་སྔོན་པོ་བསྣམས།། གཡུ་ཡི་ལྡེ་མིག་སྐེད་པར་གཟེར།།
གཞས་ཀྱི་སྒོ་མོ་ངས་ཕྱེ་ཟེར།། གཞོན་གྱི་སྒོ་མོ་ངས་ཕྱེ་ཟེར།།
དེ་རིང་གི་སྒྲོ་མདོག་ངས་སྤྱོད་ཟེར།། ཟེར་བ་ལ་ནི་རྒྱབ་ཤོག་ཨཱ་ལ།།
བྱང་ཟེར་ན་དོན་ཡོད་གྲུབ་པ།། སྒོ་མོ་ཞིག་ཕྱེ་ལས་རྒྱབ་ཤོག་ཨཱ་ལ།།
གཅིག་ལ་བྱས། གཉིས་ལ་བྱས། གཅིག། གཉིས། གསུམ་ཟེར་ན་ཞི་བར་བཞུགས།།