གཙང་གི་ཁ་བྱང་གཅིག་པའི་སྙན་ངག་འདོན་ཐེངས་ཉེར་དྲུག་པ། ༼བསམ་གཞིག༽

གཙང་གི་ཁ་བྱང་གཅིག་པའི་སྙན་ངག་འདོན་ཐེངས་ཉེར་དྲུག་པ། ༼བསམ་གཞིག༽

ཁ་བྱང་འདོན་མཁན།   སྨྱུག་སྨྱོན།

འགན་འཁྲིའི་རྩོམ་སྒྲིག་པ།   གཉལ་བཀྲ་ཤིས་བསྟན་པ།

ཁ་བྱང་གཅིག་པའི་སྙན་ངག་རྩོམ་མཁན་མཚན་ཐོ།

སྲིད་མྱུལ་འཁྱམ་མོ།    བུ་ཚེ་རིང་རྒན་པ།   ཕོ་ཉ་དམར་པོ།  གངས་གཡག་ཚེ་རྒྱམ།  ལྷུན་གྲུབ།  གཉལ་བཀྲ་ཤིས་བསྟན་པ།   རིག་པའི་རྗེས་འགྲོ།  དབང་ཕྲུག་བཀྲ་ཤིས།  མདུན་བསྐྱོད།   སྤེན་ཚེ་གཞོན་པ།  ཞིམ་མྱོས།   ཞང་ཞུང་བུ་རྒྱུད   བུ་རིག་དབང་།  ཤངས་སའི་རྩྭ་ཉག  ཤེས་བརྩོན།   ཤངས་སྲས་ཅོད་པན།    གདོང་ལྔའི་ང་རོ།    ལྷ་ཁྲོང་ཟླ་བཟང་།   རྡོ་ཐང་།  གངས་རྒོད།   རྐྱང་རྒོད།   འབྲོང་བུ།   རྒྱང་འགྲུལ་པ།   སྨྱུག་རྩ།  ཟླ་བ་བཀྲ་ཤིས།

གསལ་བཤད།  ཁ་བྱང་འདོན་པ་པོ་དང་།  བུད་མེད་རྩོམ་མཁན་གསར་པ་ཞིག  རྩོམ་པ་པོ་རྒན་གྲས་རེ་གཉིས།   རྩོམ་ཡིག་ལེགས་པ་རེ་གཉིས་མདུན་དུ་སྤེལ་བ་ཕུད་བྱིངས་ཚང་མར་ལེགས་ཉེས་ཀྱི་གོ་རིམ་མེད་དོ།།

སྨྱུག་སྨྱོན།

གངས་ཀྱི་ར་བར་ཕྱོགས་ཀྱི་བུ་མོས་མེ་ཁ་གསོ རི་གྲོང་གི་རྩི་ཤིང་མེ་ཏོག་གཉིད་ལས་དལ་བུར་སད། བྱ་བྱིའུས་དམར་ཆུང་སེམས་ཀྱི་དུང་བརྡ་ལྷང་ལྷང་སྒྲོག ཡུན་རིང་ལྷིང་འཇགས་དང་བསེར་བུས་ཁྱོགས་པའི་གནས་འདི། གསལ་གསལ་ལྡབ་ལྡིབ་གྱིས་བྲན་དུ་བཀོལ། སྐད་སྙན་སྒྱུར་བར་གོམས་པའི་འདབ་ཆགས་དག ཅ་ཅོ་འུར་ཟིང་གིས་གནས་མལ་བཟུང་། ཁུ་བྱུག་གིས་ནགས་གསེབ་དང་བྲག་སྐྱིབས་ཁང་ཐོག་ནས་ཁེར་གཞས་ལྷང་ལ་འབུད་ཀྱང་། བསུན་སྣང་གི་མཁའ་དབུགས་བྲག་ཅར་སིམ། ཕ་ཡུལ་གྱི་རི་ཐང་བསིལ་རླུང་གིས་བཞུར་ཡང་། སྙན་ངག་པའི་བརྩེ་འདང་ད་དུང་ཁ་བས་རུམ། ཨ་ཁ་ཁ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ་རེ་བའི་ངེད་ཅག ད་ལྟ་ད་དུང་བྱིས་སྒྲུང་གི་ཐོ་ཡོར་ལ་ཡི་དམ་བཅའོ།།

སྲིད་མྱུལ་འཁྱམ་མོ།

འཆར་ཡན་གྱི་སྣེ་མོ་གདོང་གིས་བསུས་ཤིང་བསམ་གཞིག་གི་དྭངས་ཆུ་ཧུབ་ཀྱིས་བཏུང་གིན། ལས་དབང་གི་སྒོ་མོ་རི་གྲོང་གི་འཕྲང་འགག་ནས་གཤགས་ཏེ། ས་དོག་མོ་འདོམ་ལ་འཇལ་གྱིན་མིག་རྒྱང་ཞིག་འཐེན་ནས་མི་ཚོགས་མང་སར། འདུ་འཛི་ཆེ་སར། གོམ་སྟབས་ཤིག་སྤོ་བར་བརྩམས།

དུས་ཚིགས་དེའི་སྣེ་མོར་ང་དང་འདྲ་བའི་ནར་མ་སོན་པའི་ལོ་ཆུང་བྱིས་པ་འདྲ་བོ་དེ་དག དབེན་གནས་ཀྱི་འབྲོག་སྡེ་སྐྱུར་མྱོང་བ་དེ་དག ཕ་ས་དང་ཕ་ཡུལ། ཕ་ཁྱིམ་གྱི་འཕེལ་འགྲིབ་ཀློག་གིན། ཕྲག་སྟེང་གི་ཁུར་པོ་ས་སྟེང་དུ་འཇོག་མི་ཕོད་པ་དེ་དག ལོ་དུས་ཀྱིས་དེད་པའི་ས་ཚིགས་འདིར་ཐད་ཀར་རྒྱུས་མེད་ཀྱི་སྤྱི་ཚོགས་ཤིག་ནས་རྒྱུས་མེད་ཀྱི་འཚོ་བ་ཞིག་ཅི་ཡིན་འདི་ཡིན་མེད་པར་ཀློག་དགོས་དུས།  ཚུགས་ཐུབ་དང་རང་གཅུན། རང་སྤོབས་དང་རང་སྟོན། སྡུག་བསྲན་གྱི་རང་མགོན་ནི་ཇི་འདྲའི་ཐབས་ཟད་པ་ཞིག་ལས་གང་ཡང་མི་མཐོང་སྟེ།  བསླུ་བྲིད་རུམ་གང་གི་ཆེད་དུ་རང་ལུས་ཕངས་མེད་དུ་འཚོང་མཁན་དང་བསླུ་བྲིད་སྦར་མོ་གང་གི་དོན་དུ་སྙིང་གཏམ་ཚེ་གང་བོར་ལབ་དགོས་མཁན། བསླུ་བྲིད་ཆུ་ཐིགས་ཙམ་གྱི་སླད་དུ་ཚེ་གང་བོར་གཡོག་ལྟར་འགྱུར་བཞིན་པ་དེ་དག སློབ་ཆེན་གྱི་སྒོ་ཐེམ་བརྒལ་མཚམས་འཇོག་པའི་བུད་མེད་ཅིག་གིས་སྤྱི་ཚོགས་ཀྱི་གདོང་རིས་དངོས་དེ་ཀློག་སྟངས་ཤིག་མ་ཡིན་ཅི་ལ་སྲིད། དེ་ནི་བུད་མེད་གཅིག་གིས་རང་གི་ཕུགས་བསམ་དང་ཐོག་མའི་འདུན་པ་བརླག་བདེ་བའི་འཚོ་བའི་གདོང་རིས་དངོས་བྲིས་མ་ཞིག དེ་ནི་ལོ་དང་ལང་ཚོ་ཡིས་བཟི་སོང་བའི་བོད་ཀྱི་བུད་མེད་མང་དག་ཅིག་གི་རྣམ་པ་ཁྲ་བོ། བུད་མེད་རིག་གནས་ཅན་མང་དག་ཅིག་གི་སྤྱི་ཚོགས་འདིར་བཞག་ཟིན་པའི་ཁྲེལ་མེད་ཀྱི་བག་ཆགས་སྟུག་པོ།

རེ་ཞིག་ཆུ་སྣེ་གར་འཁྲིད་ཀྱི་ཀླད་མེད་དེ་དག་མཐོང་ཐེངས་རེ་རེར། ཡ་ཆུང་གི་སེམས་ནང་ནས་བརྒྱུད་ཡོང་བའི་བསམ་གཞིག་གི་སྒོ་མོ་དེ་ང་ཁོ་ནར་དབང་བས། སྡུག་ཡུས་དང་འཁང་ར་ཅི་ཡང་མེད་པར། ང་དང་འདྲ་བར་ཚུགས་དཀའ་བའི་བུད་མེད་དེ་དག་ལ་དྲན་སྐུལ་གྱི་ཚུལ་དུ་དངངས་འཚབ་ཞིག་ངང་གིས་ལངས་ནས་འཁྱམ་མོ་ང་ཡི་དབྱངས་གསལ་སྟར་བརྒྱུས་ཀྱི་ལམ་ནས་འབུལ་བར་འདོད་པས་སྨྱུག་རྩེ་ལན་གཅིག་འགུལ་བར་ཐལ་ལོ། །

བུ་ཚེ་རིང་རྒན་པ།

མུན་པ་བུད་མེད་ཀྱི་སྐྲ་ལོ་བཞིན་དུ་རིང་བས།

ད་གཟོད་ངས་འོད་སྣང་ཕྱོགས་ལ་བསམ་གཞིག་བྱེད་འདོད་མ་བྱུང་།

མུན་པ་དེ་ངས་ལྷིང་འཇགས་ཤིག་ཏུ་བསམ་ཆོག་ལ།

མུན་པ་དེ་འཚོ་གནས་ཀྱི་ཁོར་ཡུག་ཞིག་ཏུ་བྱས་འཆོག

ད་གཟོད་མུན་པ་དེ་ཁོ་ནས།

ངའི་ཡ་མ་བརླ་བའི་རང་གཤིས་ལ་འགེབས་སྲུང་ཐུབ་པས།

ངའི་རྣམ་ཤེས་ལ་བདེ་སྣང་སྦྱིན་མཁན་མུན་པ་ལས་ཅི་ཡོད།

ང་རང་མུན་གསེང་ལ་འཚོ་བའི་བྱ་མ་བྱིའུ་ཞིག་ཡིན་པས་སོ།

ཁོར་ཡུག་མུན་པ་ཞིག་ཏུ་བྱས་ན།

རྣམ་ཤེས་ཀྱང་སེམས་པ་བཞིན་དུ་མུན་པ་ལོས་ཡིན།

རྣམ་ཤེས་མུན་པས་གྲུབ་ན།

སེམས་པར་སྒེའུ་ཁུང་ཡོད་མེད་ལ་ཁྱད་པར་མིན་འདུག

 

མཚན་མུན་རྔོན་པ་བཞིན་དུ་ཉམས་ཀྱིས་འགྱིངས་དུས།

རྣམ་ཤེས་རི་དྭགས་བཞིན་དུ་སིག་སིག་ལ་འདར་འོངས།

རི་ཀླུང་ཐམས་ཅད་མུན་པས་འཐག་པའི་དྲ་བ་ཅིག་ཡིན་དུས།

མུན་གསེང་གི་བསམ་གཞིག་ཕྲ་མོ།

རྣམ་ཤེས་ལ་ཟུག་ངུ་སྦྱིན་པའི་ལྕག་ཚན་ཞིག་གི་འཕྱར་ཚུལ་ཙམ།

ང་ཚོ་མུན་གསེང་དུ་འཚོ་ཡུན་རིང་བས།

སུས་ཀྱང་འོད་སྣང་ཕྱོགས་སུ་བསམ་གཞིག་བྱེད་མི་སྲིད།

མུན་པས་རུལ་བཞིན་པའི་ང་ཚོའི་རྣམ་ཤེས་དང་།

གསོན་ཤུགས་ཉམས་པའི་ངོ་གདོང་སྐྱ་བོར་འགེབས་སྲུང་ཐུབ་པས།

མུན་པ་འདི་ད་གཟོད་ང་ཚོའི་བློ་གཏད་ཁོ་ན་ཡིན།

ནམ་ཞིག་ང་ཚོའི་ཤ་རུས་དང་རྣམ་ཤེས་ཚང་མ་རུལ་སོང་ན།

མུན་པ་ནི་ས་རྡོས་བརྩིག་མི་དགོས་པའི་ང་ཚོའི་དུར་ས་ཡག་པོ་ཞིག་ཡིན།

དེ་དུས་ང་ཚོས་གང་ལའང་བསམ་གཞིག་བྱེད་མི་དགོས་པས།

མུན་པ་ནི་ང་ཚོའི་ཐར་ལམ་དང་མདུན་ལམ་ཁོ་ནར་ངེས།

ཕོ་ཉ་དམར་པོ།

དུས་ཀྱི་བསྒྱུར་བ་གར་མཁན་སྟངས་སྟབས་སུ་གཡོ་ཞིང་།།

འཚོ་བའི་བདེ་སྐྱིད་སྐད་གཅིག་ཡུད་གཅིག་ནས་འཕར་ཡང་།།

འདུ་འཛོམས་ཁྲ་ཆིལ་ཁྲོད་དུ་དུས་ཚོད་རང་ཟད་མཁན།།

བསམ་གཞིག་མེད་པའི་འཁྱམས་པོའི་གླུ་ཆུང་ཨ་ལ་ལ།།

སྒོར་མོ་མཐོང་ན་སྤྱན་ཟུང་བྲག་ཁུང་ལས་ཆེ་ཞིང་།།

དཀའ་བ་འཕྲད་ན་གདོང་མདངས་དྲི་ཆེན་ལས་ངན་པའི།།

ལས་མེད་གཞན་ལ་བརྟེན་མཁན་སྒྱིད་ལུག་གི་ཨོ་ལོ།།

བསམ་གཞིག་མེད་པའི་སྐྱེ་བོའི་འདུན་པ་ཨ་ཁ་ཁ།།

སྐབས་འཕྲལ་ཡིག་རྒྱུགས་ཞིག་གི་གཉའ་མནོན་ལ་བརྟེན་ནས།།

སྦྱངས་བརྩོན་སློབ་ལ་འགྲིམས་པའི་བློ་གསལ་གྱི་བུང་བ།།

སྟོང་ཆ་སྐོང་བྱེད་ཚིག་འཛིན་དོན་སྙིང་དེ་མེད་མཁན།།

བསམ་གཞིག་མེད་པའི་ཨ་མའི་ཨོ་ལོ་ཡིད་སྐྱོ་སྐྱོ།།

མེས་པོའི་རིག་གཞུང་འཛིན་པའི་རྗེས་འཛིན་གྱི་བསམ་ལྡན།།

བཀའ་པོད་ཉམས་སུ་བླངས་ཀྱང་རང་མགོ་དེ་ཆུང་ནས།།

དམ་པའི་བཀའ་ལ་ཁྱད་སོད་ལོག་ལྟ་རུ་ཤོར་མཁན།།

བསམ་གཞིག་མེད་པའི་ཕུག་ཆུང་ཡིད་སེམས་རང་སྡུག་གོ།

དཔོན་པོའི་བཀའ་ལ་ལུས་ངག་ཡིད་གསུམ་གྱིས་དུད་ཅིང་།།

ཉམས་ཆུང་དམངས་ལ་སྡང་མིག་སྤྲིན་དཀར་དུ་གཡོ་བ།།

ཕྱི་མཛེས་ནང་སྟོང་དབྱར་གྱི་སྤྲིན་ནག་གི་རང་གཤིས།།

བསམ་གཞིག་མེད་པའི་ལས་བྱེད་བྱ་ཚུལ་སྐྱོ་རུལ་རུལ།།

ཕྱི་ཡི་ལུས་དེ་གངས་དཀར་ཤེལ་འཕྲེང་ལས་དཀར་བ།།

ནང་གི་སེམས་དེ་ཐབས་ནང་སོལ་བ་ལས་གནག་པ།།

ཀུན་གྱི་ཁུག་མར་འདིགས་པའི་འཚོ་བྱེད་ལ་བལྟས་ན།།

བསམ་གཞིག་མེད་པའི་ལས་ཀྱང་སྨན་པས་རྙེད་ནས་འདུག།

ཨ་ཕའི་བསླབ་བྱ་ཨ་མའི་སྙིང་གཏམ་དེ་དོར་ནས།།

བཟའ་བཏུང་མི་དྲན་དྲན་པའི་ཆ་ཤས་ཀུན་གཡེང་ནས།།

སྐད་ཅིག་མི་བྲལ་དུས་ཡོངས་ཁ་པར་དུ་ཤོར་བའི།།

བསམ་གཞིག་མེད་པའི་གཞོན་ནུའི་ལང་ཚོ་སྐྱུ་རུ་རུ།།

གངས་གཡག་ཚེ་རྒྱམ།

འོད་ཀྱི་གོར་མོ་ཞིག་ལ་སྐྱབས་འཇུག་ཞུས་ཏེ་གང་ཙམ་གསོན་བྱུང་།

མི་རྣམས་ཀྱིས་འདི་ལ”སྣང་བ”ཞེས་པར་འབོད་དེ།

ང་ཡང”་སྣང་བའི་”མཚོན་བྱེད་ཅིག་བྱེད་པར་འདོད།

མཚན་སྨག་གི་བདས་པའི་ནམ་ཟླ་སྐྱ་བོ།

ཁྲག་གི་དབྱེན་སྦྱོར་ཁྲོད་མ་ཤོར་བའི་སྔུན་དུ།

མ་འོངས་པ་རྟོགས་མཁན་དེར་བསམ་གཞིག་པ་རེད།

“ལམ་དཀར་པོ”ཡི་སྐྱོ་ཡ་ཡང་དེ་ཁོ་ནའོ།།

ཞི་བདེའི་ལྷ་བྱ་དེར”སུམ་སྒྲོག”མ་བརྒྱབ་སྔོན།

གཏན་ཚིགས་ཤིག་གི་ཁུངས་སྣེ་འཇིག་རྟེན་འདིར་གདོད་ནས་འཁྲུངས་ཟིན།

དེ་ལ་རྟེན་འབྲེལ་ཟེར། ང་ཡང་རྟེན་འབྲེལ་དེའི་དུམ་བུ་ཞིག་རེད།

“འགྲུལ་བཞུད”རེ་རེའི་འདུ་བྲལ་ཀློང་དུ།

བྱིངས་སུ་ཟག་པའི་མིག་ཆུ་དེ་དག

པར་མིག་ཏུ་མ་ཚུད་པ་འཇིག་རྟེན་པའི་ནོར་འཁྲུལ་ཆེ་ཤོས་སུ་འདོད་དེ།

“སྒྱུ་འཕྲུལ”གྱིས་བཞེངས་པའི་ཁོར་ཡུག་འདི་རུ།

ཁ་དོག་མེད་པའི་ནམ་མཁའ་ཞིག་གཤོང་དཀའ།

ཤོབ་ཀྱི་ཕུང་པོ་དག

ཁེ་གྱོང་གི་འདུ་ལོང་ཁྲོད།

གྲོག་མ་བཞིན་བང་ཁ་འདུར་མོད།

ཤི་དུས”འུག་རྒན”ཡིན་པ་བརྗེད་སོང་བ་འདྲ།

 

ལྷུན་གྲུབ།

དར་བཟོ་ཅན་ལ་སྤུས་ཚད་མི་གཙོ་བ། །

ངོ་སོ་ཅན་ལ་དྲང་བདེན་མི་གལ་བ། །

དབང་ཡོད་མཁན་ལ་རྒྱུ་འབྲས་མི་མཁོ་བ། །

བསམ་གཞིག་རང་ཁོག་ནང་དུ་མ་བརྗེད་ཨང་། །

ཁེ་འཚོང་འདོད་ལ་ངོ་ཚ་མི་གཙོ་བ། །

སྙན་གྲགས་འདོད་ལ་དོན་སྙིང་མི་གལ་བ། །

རང་འདོད་ཅན་ལ་ཁྲེལ་གཞུང་མི་མཁོ་བ། །

བསམ་གཞིག་ཉིན་བཞིན་བསྐྱང་རྒྱུ་མ་བརྗེད་ཨང་། །

ཐར་འདོད་ཅན་ལ་ཚུལ་ཁྲིམས་མི་གཙོ་བ། །

བསགས་འདོད་ཅན་ལ་སྤྱིན་པ་མི་གལ་བ། །

མཁས་འདོད་ཅན་ལ་བརྩོན་པ་མི་མཁོ་བ། །

བསམ་གཞིག་ཉིན་འཁྱོངས་མཚན་མཁྱོངས་མ་བརྗེད་ཨང་། །

བརྩེ་འདོད་ཅན་ལ་གཡོ་ལྷད་མི་གཙོ་བ། །

བཏུང་འདོད་ཅན་ལ་བདེ་ཐང་མི་གལ་བ། །

སྐྱིད་འདོད་ཅན་ལ་སྡུག་རུས་མི་མཁོ་བ། །

བསམ་གཞིག་དུས་དང་དུས་སུ་མ་བརྗེད་ཨང་། །

མཐོ་འདོད་ཅན་ལ་དམངས་བསྟུན་མི་གཙོ་བ། །

རྩོད་འདོད་ཅན་ལ་ལུངས་རིག་མི་གལ་བ། །

རྒྱལ་འདོད་ཅན་ལ་རང་མགོ་མི་མཁོ་བ། །

བསམ་གཞིག་ད་ལྟ་ད་ལྟར་མ་བརྗེད་ཨང་། །

འགྲོ་འདོད་ཅན་ལ་ལོག་རེ་མི་གཙོ་བ། །

མྱུར་འདོད་ཅན་ལ་བདེ་འཇགས་མི་གལ་བ། །

གླ་འདོད་ཅན་ལ་ལས་འགན་མི་མཁོ་བ། །

བསམ་གཞིག་སྙིང་གི་ཁོང་ན་ཉར་ཤོག་ཨང་། །

འགྲན་འདོད་ཅན་ལ་རང་གནས་མི་གཙོ་བ། །

གཞན་དམོད་འདོད་ལ་རང་ཚུགས་མི་གལ་བ། །

གྲོགས་འདོད་ཅན་ལ་རོགས་འདེགས་མི་མཁོ་བ། །

བསམ་གཞིགས་དེ་ལ་དེ་ཐོག་མ་བརྗེད་ཨང་། །

གཉལ་བཀྲ་ཤིས་བསྟན་པ།

ངས་ནམ་མཁའ་བསྐོར།

ཨ་རི་བས་ཟླ་བ་བསྐོར།

སྟོང་མེད་བསྐོར་བསྐོར་བས།

ཟླ་བས་ཀྱང་ང་ལ་སྐྱེངས་པ་སྟེར།

ངས་དགོན་པ་བསྐོར།

བསྐོར་གྲངས་རྡེའུས་བགྲངས།

ཕྱི་གླིང་པས་དགོན་པ་བསྐོར།

བསྐོར་གྲངས་རིག་པས་བགྲངས།

དགོན་སྟེང་གི་སིང་སིང་དྲིལ་བུས།

ང་ལ་སྐྱེངས་པ་ཡང་སྟེར།

མེས་པོས་དབེན་གནས་བསྟེན།

རིག་པ་ཆུ་བཞིན་དྭངས།

ང་ཡིས་རྒྱ་གྲོང་བསྟེན།

འདོད་པའི་རྦ་ཀློང་འཁྲུགས།

མེས་པོས་པོ་ཏི་རི་འདྲ་བརྩིགས།

ཉི་ཧོང་བས་དཔེ་ཆ་རི་འདྲ་བཀླགས།

ང་རང་གཉིད་ལ་ཤོར་བས།

དཔེ་ཆས་ཀྱང་ང་ལ་སྐྱེངས་པ་སྟེར།

ངས་དད་པ་སྔས་ལ་རྒྱབ།

རྒྱུ་ནོར་གདན་དུ་གཏིང་།

ཞིང་སར་མཆིལ་མ་འཕེན།

ལྷ་སྐུ་རྒྱ་རུ་བཙོངས་པས།

ཡུལ་ལྷ་ཡང་ཁོང་དགོད་ཤོར།

ངས་རིགས་ཀྱི་བྱེ་མའི་ཁང་པ་བརྒྱབ།

ཤིང་རུལ་གྱི་ཀ་བ་ཞིག་བཙུགས།

སྐད་ཡིག་ལ་ཚོན་རྩི་གང་དགར་བྱུགས།

ལྷ་སྐུར་གཟུངས་གཞུག་མེད་པས་ཅི་དོགས་ཟེར།

ཐབ་ལྷས་ང་ལ་སྨྱོ་སྤྱོད་པ་ཁྱོད་རེད་ཟེར།

ང་གཏོར་འགྱེལ་ལ་མོས།

རི་བོ་ཐང་དུ་གཏོར་ནུས།

འབྲོག་ཁྱི་ཀླུང་དུ་ཕབ་ནུས།

བླ་གཡུ་དངུལ་དང་བརྗེས་ནུས།

དཔེ་ཆ་མེ་ལ་བསྲེགས་ནུས།

རིགས་ཀྱི་བླ་ཡང་བརྗེད་སོང་།

བསམ་གཞིག་ནན་མོ་བྱས་ན།

ངས་མེད་མེད་ལ་མཛུབ་མོ་བཙུགས།

ཡོད་ཡོད་ཀྱིས་སྐྱེངས་པ་སྟེར།

མི་སེམས་ན་ཁྱི་བཞུགས་འདྲ།

རིག་པའི་རྗེས་འགྲོ།

སེམས་ཀྱི་ན་ཟུག་དྲག་པོ་ལུས་ཟུངས་ཁོ་ནར་རུམ་པ་ཐེངས་གཅིག་མིན།

ཨ་ཕས་ཀ་ཁ་བསླབ་ཀྱང་ཨ་མས་དེ་འཕྲོས་རླུང་ལ་བསྐུར།

དཔག་བསམ་ཁྲི་ཤིང་རྩ་བ་སྐམ་ཚེ་ཨ་མའི་བགྱི་བའི་འདོད་དོན་སྒྲུབ།

ཁྱིམ་ཚང་འགན་ཁྲི་ལྕི་མོས་བརྣན་པས་ལུས་ཟུངས་ཇེ་སྐམ་ཇེ་ཆུང་ངོ་།

ལས་ཁུངས་ལས་སུ་ཉིན་གང་བྲེལ་ཀྱང་དམ་པའི་བྱ་གཞག་སྒྲུབ་པ་ཡེ་ནས་དབེན།

མིག་མདུན་ཁེ་ཕན་ཁོ་ནར་མ་གཏོགས་རྒྱང་རིང་དམིགས་འབེན་རེ་བ་བྲལ།

རང་དོན་སྒྲུབ་ཕྱིར་ཐབས་དང་བརྩོན་འགྲུས་བློ་རིག་བསྐྱེད་པ་ལར་ནས་ཧད།

ཁ་མཁས་གཏིང་རྣག་དུག་སྦྲུལ་ནག་པོས་རང་རིགས་འདུལ་བ་བློ་རེ་ཕམ།

མ་འོངས་རྗོགས་ལྡན་དུས་བཟང་ལྡན་ཚེ་བློ་བརྒྱ་བསྐྱེད་ནས་མདུན་ནས་མདུན་དུ་བསྐྱོད་པར་རེ།

དབང་ཕྲུག་བཀྲ་ཤིས།

འདོམ་གང་ལུས་ལ་ཉམ་འགྱུར་སྟང་སྟབས་མང་།

དཔོན་གྱི་དྲུང་ན་ཞུམ་ནས་འགྲོ་ཚུལ་གཅིག

མང་ཚོགས་ཁྲོད་དུ་ཤུགས་འགྲོའི་སྤོ་ཀྱེར་གཉིས།

བསམ་གཞིགས་བྱེད་དུས་འགྱུར་མང་སྤྲེལ་ལད་ཅིག

རྒྱུས་མེད་ཡུལ་ལ་བཤད་པ་གཏོང་སྟངས་ཤིག

ཟེར་སྒྲོས་བསྒྲུགས་པའི་ཡོན་ཚད་ཆེ་ཚུལ་དང་།

རང་བགྱི་ལྡོག་པའི་རིན་ཐང་གླེང་སྟངས་བཅས།

བསམ་གཞིགས་བྱས་ན་ཁ་ཕོའི་གཏམ་ཆལ་རེད།

འཕྲིན་འཕྲན་ནང་ལ་ཁྱོ་ཤུགས་ཤོག་ཆག་མང་།

ཁྱིམ་གཅིག་དངུལ་ལོར་འགྲོ་འོང་བྱེད་པའི་སྲོལ།

སྐྱེས་མའི་དུས་ཆེན་སྐབས་ལ་བུ་བཟང་འཁྲབ།

ཞིབ་པར་བསམ་ན་རི་མོའི་བརྩེ་བ་ཞིག

ཆུང་དུས་མཛེས་གཡོས་བྱུང་བའི་བརྩེ་གྲོགས་མང་།

ལོངས་དུས་ནོར་ལ་སྤྱད་པའི་གཏན་གྲོགས་གཅིག།

རྒྱུ་དང་རྣམ་པ་གཉིས་འཛོམས་མི་ལྡན་ཁྲོད།

བསམ་གཞིགས་ཐོངས་ན་བརྩེ་དུང་བེད་མེད་མཐོང་།

མངོན་མེད་སློབ་གཉེར་མི་བྱ་འར་འུར་གྱིས།

ནུས་མེད་སྣ་ཚོགས་བྱེད་སྒོས་དུས་བཟང་བདའ།

སློབ་གསོའི་ཤུགས་ལ་དབྱེ་ཞིབ་གཏན་མེད་པའི།

པར་དུ་མཐོང་བའི་ལས་བཟང་བེད་མེད་འགའ།

ཁ་ཤོབ་སྤྲེལ་ལད་རང་དོན་འབའ་གྲུབ་ཚུལ།

འགོ་པ་གྲོགས་འགུག་ལས་བྱར་གཡོལ་བའི་ཐབས།

ལྐུགས་པས་མི་ཤེས་ཟེར་བའི་སྤྱང་གྲུང་འགའ།

ལྐུགས་པས་བསམ་ན་མི་གཤིས་བརླགས་པའི་གཟུགས།

མདུན་བསྐྱོད།

གངས་རིའི་ཡུལ་ལ་སྐྱེས་པའི། །

གངས་ལྗོངས་ན་གཞོན་ལྷན་རྒྱས། །

ར་མ་ལུག་སྐད་བསྲེས་ནས། །

ཕ་སྐད་དོར་སེམས་སྤོངས་ཤིག །

ཆོས་ལྡན་ཞིང་འདིར་གནས་པའི། །

བོད་རིགས་སྤུན་ཟླ་རྣམ་པ། །

རང་གཞན་འདྲ་མཉམ་མེད་ན། །

བདེ་སྐྱིད་འབྱུང་མིན་སོམས་ཤིག །

ཕ་མ་རྒན་རྒོན་རྣམ་པར། །

བུ་ཕྲུག་གསེར་འདྲ་ཡོད་ཀྱང་། །

ཕ་མའི་ཞབས་ཏོག་མེད་ན། །

དྲིན་ལན་སྟོང་འཇལ་མིན་ནམ། །

སྟོན་པ་གཅིག་གི་རྗེས་འཇུག །

གྲུབ་མཐའ་གླེང་རེས་གནང་ན། །

མ་འོངས་སངས་རྒྱས་བསྟན་པར། །

ཉམས་ཉེས་གྱུར་མིན་སོམས་ཤིག །

སྤེན་ཚེ་གཞོན་པ།

དུས་ཀྱི་འཁོར་ལོ་ལ་དལ་བ་མེད་པས།།

ལང་ཚོའི་མཛེས་པ་ལ་ར་རི་བྲིས་ཀྱིས།།

འདོད་ཡོན་སྣ་ལྔ་ཡི་མངར་ཁ་གཞིབ་པས།།

སེམས་ཀྱི་ནང་སྙིང་ལ་ཨ་ཐང་ཆད་སོང་།།

ནང་གི་རིན་ཆེན་དག་ཕྱི་ལ་འཚོང་གིས།།

ཕྱི་ཡི་སྙིགས་རོ་དག་ནང་དུ་འདྲེན་གྱིས།།

ཕྱི་ནང་ཉོ་འཚོང་གི་འདུ་འགོད་ཁྲོད་དུ།།

ཕ་མེས་ཡང་མེས་ཀྱི་བླ་རུས་བོར་སོང་།།

ལུས་ཀྱི་མཛེས་པ་དེ་ལྷ་ལས་མཚར་གྱིས།།

ངག་གི་འགྱུར་ཁུག་དེ་འཇོལ་མོར་འགྲན་གྱིས།།

ཡིད་ཀྱི་གཏིང་རུམ་དུ་བྲིས་པའི་རི་མོ།།

རང་ཉིད་ཁོ་ན་ལས་སུ་ཡིས་མཐོང་ནུས།།

ཕྱི་ཡི་མི་ལ་ནི་འཛུམ་པའི་སོ་ཕྲེང་།།

ནང་གི་མི་ལ་ནི་ཁྲོ་བའི་སྡང་མིག།

ཕྱི་ནང་མི་མཐུན་པ་ཡི་མི་བོ་དག་ལ།།

ཡིད་རྟོན་ཆ་འཇོག་ཞིག་སུ་ཡིས་བྱེད་ནུས།།

མཐོ་བའི་མདུན་ས་རུ་ངོ་དགའ་སྤྲེལ་ལད།།

དམའ་བའི་གཉའ་བ་ནསབཙན་གྱིས་གནོན་མཁས།།

བར་མའི་ཁྲོད་དུ་ནི་འུད་སྒྲོག་ཆེ་བའི།།

ངོ་གཉིས་སྐྱེ་བོ་དང་སུ་ཡིས་འགྲོགས་ནུས།།

བཅོལ་བའི་བྱ་བ་ནི་བསྒྲུབ་པར་མི་བརྩོན།།

ཟང་ཟིང་ལས་ལ་ནི་དེ་བས་འཇུག་མཁས།།

མདོ་མེད་སྐྱེ་བོ་ཡི་མི་ཚེའི་གང་པོ།།

དོན་མེད་འདུར་རྒྱུག་གི་ལམ་ནས་ཟད་སོང་།།

མཐོན་པོ་རྣམས་ལ་ནི་བཟང་བསྟོད་མང་གིས།།

དམའ་བ་རྣམས་ལ་ནི་ངན་སྨོད་མང་གིས།།

མཐོ་དམའ་མི་སྙོམས་པའི་འཚོ་བའི་ལམ་འཕྲང།།

སྙིང་གི་རྔ་ཆུང་དེ་ཡང་ཡང་དབྲལ་བྱུང་།།

ལེགས་པར་བཤད་ལ་ནི་མཁས་པ་དགའ་ཡིས།།

ཉེས་སྐྱོན་བཤད་ན་ནི་བླུན་པོ་སྡུག་གིས།།

ལེགས་ཉེས་དབྱེ་འབྱེད་ཀྱི་བློ་མིག་དགོས་ན།།

ཐོས་གསོག་ཉམས་ལེན་གྱི་བགྱི་བ་བསྟེན་དགོས།།

ཁ་མཁས་གཡོ་གཏམ་གྱིས་ཁ་ལྕེ་གཡུག་གིས།།

གྲུབ་མཐའི་རྩོད་ཉོག་གིས་རིགས་མཐུན་འགྲས་གྱིས།།

ཚུལ་འཆོས་ཆེ་ཚུགས་ཀྱིས་རང་གཟུགས་བསྐུང་གིས།།

རང་ངོ་རང་གིས་ནི་བཙལ་ཀྱང་མི་རྙེད།།

ཞིམ་མྱོས།

ཀ་གདུང་ལྕམ་ཤིང་དགའ་བའི་བྲོ་གར་འཁྲབ།།

ཁ་ནས་གང་ཐོན་མི་སེམས་དུམ་བུར་གཅོད།།

ག་ལེར་འཁྱར་འཁྱོར་གང་སར་འགྲོ་བཞིན་དུ།།

ང་ཡིས་ཞབས་འདྲེན་ཞུ་བའི་གཏམ་རྒྱུད་མང་།

ཅ་ཅོའི་གཏམ་གྱིས་རང་མཚང་ལྷུག་པར་གླེང་།

ཆ་ལུགས་རྫིག་མདོག་བུན་རྐྱལ་བོང་བུའི་ཨོང་།

ཇ་ཆང་ཁང་དུ་ཉིན་མཚན་དབྱེར་མེད་པར།།

ཉ་མོ་རྐྱལ་རྩལ་ངོམ་འདྲའི་འཚོ་བར་རོལ།།

ཏ་ལེར་གསལ་བའི་རིག་པ་མུན་བཞིན་འཐིབ།།

ཐ་མལ་སྤྱོད་པ་ལུས་ཀྱི་གྲིབ་ལྟར་འགྲོགས།།

ད་དུང་ལྷན་ཅིག་འཛོམས་པའི་དུས་ཡིན་ཞེས། །

ན་ཚ་རིམ་གྱིས་ཉོ་བ་ངས་མ་ཚོར།།

པ་ཕའི་ཚུལ་དོར་ཁྱིམ་གྱི་འགན་འཁྲི་དབེན།།

ཕ་ཤུལ་བུ་འཛིན་རིགས་ཀྱི་ལ་རྒྱ་དབེན།།

བ་གླང་རྟུལ་ཞུགས་ཨ་ན་ཨུ་ཚུགས་ཆེ།།

མ་ལུས་བྱུར་གྱི་སྣ་འདྲེན་ཆང་རག་སྤྱོད།།

ཙ་རིའི་མདའ་སྨྱུག་འདྲ་བའི་ལུས་གཟུགས་མེད།།

ཚ་གྲང་ཚོར་བ་སྐྱེན་པའི་བསམ་པ་མེད།།

ཛ་དྲག་ལས་ལ་འཛིན་པའི་འགན་འཁྲི་མེད།།

ཝ་སྐྱེས་བཞིན་དུ་གཞན་མགོ་བསྐོར་བར་མཁས།།

ཞ་ར་མིན་ཡང་རྫབ་དོང་ནང་དུ་མཆོང་།

ཟ་རོ་མིན་བཞིན་སྨྲ་ལྕེ་དབ་དིབ་གྱུར།།

འ་ཙི་ཀུན་གྱིས་འཕྱ་ཡུལ་ཆང་རྐྱལ་ང་།

ཡ་མེད་གཅིག་པུར་གྱར་བ་ཆང་གི་ལས།།

ར་རོས་མྱོས་པའི་རྣམ་ཤེས་སྐྱུར་མོ་འདི།།

ལ་ཀླུང་གང་དུ་མྱུལ་བ་མི་ཤེས་ལ།།

ཤ་ཚའི་གཏམ་དག་རྣ་རྒྱབ་རླུང་བུར་གཏོང་།

ས་སྟེང་འདི་ན་སྨྱོན་པའི་རྣམ་ཐར་མང་།

ཨ་ཕོས་བཤད་ཚད་རང་སྐྱོན་ལྷུག་པར་གླེང་།

ཧ་ལས་མི་དགོས་བདག་འདྲའི་ཆང་རྐྱལ་གྲོགས།།

ཨ་ཙི་སྔར་སོང་བྱ་བར་བསམ་གཞིགས་ཀྱིས།།

ཧ་ཉིད་རྟོགས་པའི་དོན་ཞིག་བསྒྲུབ་ན་བསམ།།

ཞང་ཞུང་བུ་རྒྱུད།

རྣམ་རྟོག་འདྲེས་མའི་འཆར་ཡན་གྱི་ཞིང་ནས། །

དགའ་སྐྱོའི་མཆུ་སྒྲོས་དམར་པོ་དེ་བཀུགས་ཏེ། །

མི་ཚེའི་ལྡིང་ཆར་ཟློར་གར་རང་ཁྲབ་པའི། །

སྒྱུ་མའི་འཕྲུལ་ཞགས་སྣ་མང་དེར་སོམས་དང་། །

ཕུགས་འདུན་སྟོང་ཕྲག་རུམ་ནུས་ཀྱི་བུ་ཚ། །

ལྟེ་ཁྲག་འཕོས་ཡུལ་རྒྱང་རིང་གི་ཕ་མཐར། །

བཅོའི་བའི་ཨམ་གཙིགས་ལོས་ཡིན་དེ་བསམ་ན། །

འཐབ་རྩོད་འབད་འབུང་རྒྱུ་འབྲས་དེར་སོམས་དང་། །

ཆུང་ནས་སྙོར་སྐྱོང་མཛད་མཁན་གྱི་བྱེད་པོ། །

ཚེ་གཅིག་ལུས་གཅིག་དྲིན་ཆེན་གྱི་བདག་མོར། །

ཚིག་གི་དུག་མདའ་འཕེན་པ་དེ་སྨད་འཆལ། །

དྲིན་ལན་ཚོགས་གཉིས་སྒྲིབ་པ་དེ་སྒོམས་ཤིག །

ཕ་སྐད་ཕ་སྐད་བླ་སྲོག་དེ་བསམ་ན། །

ཕུང་གསུམ་སྦྲགས་སྐད་སྲེས་སྐད་དེ་བཞག་ནས། །

སྒྲིབ་གཉིས་དང་པའི་སྨྲ་ལྕེ་དེ་འཁྱུག་ནས། །

དོན་ལྡན་བོད་སྐད་རྣལ་མ་དེར་རེམ་དགོས། །

བུ་རིག་དབང་།

རིག་པའི་བང་རྩལ་ངོམས་པའི་ཞིང་ཁམས་ནས། །

མ་འོངས་ཕུགས་འདུན་རིང་མོའི་འགྲོ་ལམ་གཏོད། །

མི་སེར་ཀུན་གྱི་བསྐོར་རྒྱགས་བཟའ་བས་དུས། །

ཐམས་ཅད་དམངས་ལ་ཕྱོགས་པའི་དམ་བཅའ་བཀོད། །

ཡུམ་གྱི་མངགས་བྱས་རང་ཡུལ་བསྐྱུར་ནས་ཐོན། །

ཡབ་ཀྱི་སྐུལ་མས་མི་ཡུལ་པང་དུ་བླངས། །

གྲོགས་ཀྱི་སྐྱེལ་མས་ལས་རླུང་རྟེན་འབྲེལ་དང་། །

མཛའ་མོའི་སྙིང་གཏམ་སེམས་ཀྱི་རྒྱགས་ཕྱེ་ཙམ། །

གཞོན་ནུའི་ངར་ཤུགས་རི་རྒྱལ་ལྷུན་པོ་སྟེ། །

ཡར་ཀླུང་གཙང་པོ་ཧུབ་གང་བཏུང་འདོད་བཞིན། །

ཤེས་བྱ་མཐུ་བའི་ཉམས་མྱོང་ཏིལ་འབྲུའི་སྟེང་། །

རིག་བཅུའི་སྙིང་དོན་དེ་མུར་མྱངས་ན་བསམ། །

ལས་རྙོག་ཆེ་ལ་ཟང་ཟིང་འབྲེལ་གཏུགས་འོག །

དོ་ནུབ་གྲོགས་པོའི་བསུ་ཆང་རྟེན་འབྲེལ་དང་། །

སང་ཉིན་གྲོགས་མོའི་སྐྱེ་སྐར་བཀྲ་ཤིས་ཀྱིས། །

གཅིག་རྒྱང་གཉིས་རྒྱང་དཔེ་ཆའི་སྔས་མགོར་འགྱུར། །

ལས་སུ་བསམ་པ་མང་ཚོགས་མིག་ལ་འཆར། །

སྲིད་ཇུས་བརྒྱུད་བསྒྲགས་ལས་སྒོ་སྤེལ་ཙམ་ཡང་། །

འུར་རྡོའི་འཕིར་རྡོ་ཕོག་པའི་དོགས་ཆར་གྱིས། །

གང་ལ་གང་འཚམས་གཡོལ་ན་གནས་བཟོད་བསམ། །

ཡིག་གཟུགས་ཁྱར་ཁྱོར་གཞན་ལ་ངོ་གནོང་གིས། །

གློག་ཀླད་གྲུ་བཞིའི་འཐེབ་གཞོང་འཇུ་ཁུལ་བརྩམས། །

གཡས་ལ་མི་འཇོན་གཡོན་ནས་འཁྲེལ་དགོད་ཤོར། །

གཡས་གཡོན་གཉིས་ན་ཉི་མའི་བགྲོད་ལ་འགྲན། །

དེ་ལྟར་བསམ་ཞིང་འདོད་པས་མི་ཁེངས་པར། །

སྨད་ནས་སྐེ་སྣར་གོང་ལ་རེ་བ་དེ། །

ཁྱི་ལ་སེང་གེའི་མིང་ཞེས་ཁ་རྒྱུན་དང་། །

སྐྱག་པས་རྐུབ་བཀྱགས་འཇིག་རྟེན་གཏམ་དཔེར་འདོད། །

བྱ་དགོས་བྱེད་དགོས་བྱས་ན་བསམ་པ་དེ། །

མི་ཚེ་སྟོང་པར་འགྲོ་བའི་རྒྱུ་བཞིན་དུ། །

ལས་ལ་གང་བསྐོས་ཐོད་པའི་རི་མོ་བཞིན། །

དེ་ལ་བསམ་གཞིག་ངང་གིས་གཏམ་རྒྱུད་གཅིག །

ཤེས་བརྩོན།

ཐོ་རིང་ཟུར་དུ་བཏབ་མཁན་གྱི་ལག་ཆུང་དམར་པོས་མཁུར་ཚོས་སྐྱོར་རིང་།

ཐེ་ཚོམ་ཀྱི་ཤིང་སྒམ་རླུང་བུའི་འཁོར་ཕྱོགས་ཀྱིས་ངང་གི་ཕྱེས་སོང་།

ཉི་མ་ནས་ཟླ་བ་བར།  ཟླ་བ་ནས་ཉི་མ་བར།

ཉིན་མཚན་ནི་རྩ་དོན་དང་བདེན་པ་འཛིན་མཁན་ཞིག་རེད་ཨང་།

ང་ཚོ་ནི་སྔ་མོ་ནས་ད་ལྟའི་བར།

ད་ལྟ་ནས་སྔ་མོ་བར།  ཉི་མ་དང་ཟླ་བ་བཏུལ་མཁན་ཞིག་ཡིན་ན།

དགེ་འདུན་ཆོས་འཕེལ་ནི་དཀར་ནག་གི་རླུང་བུ་འཐག་མཁན་ཞིག་རེད།

ཟླུམ་བུ་འདི་ལ་རིག་པའི་གོ་ལ་ཞེས་སུས་ཀྱང་འབོད།

གོང་རབས་ཤིག་ལ་སྨུག་པོའི་དྲི་མ་བགོས་པ་ནས།

རྐང་རྗེས་སུ་འཇོག་དགོས་པའི་གླེགས་བམ་ལ་ནག་ཐིག་འབྱར་བ་ནས།

ཀུ་ཤུ་ས་ལ་ལྷུང་སྲིད་ཟེར། ཞྭ་མོ་ལྷགས་པས་འཁྱེར་སྲིད་ཟེར།

ད་དུང་། གནམ་ལ་ཐོག་མེད་ཟེར། ས་ལ་མཐིལ་ཡོད་ཟེར།

གསེར་གྱི་ལམ་ཆུང་ལ་སྐྱག་པའི་མདོག་ཁ་རྒྱན་པའི་དུས།

སྐྱག་པའི་སྐྱག་པ་བཟའ་མཁན་ང་ཚོ་རེད།

མཚན་མོའི་མུན་པ་འཐུང་མཁན་ང་ཚོ་རེད།

ད་དུང་། འུག་པར་ལོག་ལྟ་བྱེད་མཁན་ང་ཚོ་རེད།

སྔ་མོ་ཞིག་ནས། ང་ཚོ་ནི་ལག་ཆུང་གིས་མཁུར་ཚོས་སྐྱོར་མཁན་ཞིག་ཡིན་ན།

ཤིང་གི་ལོ་མ་འཐོར་བའི་སྒྲ་ནི་དེ་འདྲའི་ཡིད་དུ་འོང་ཞིང་།

ས་རུབ་པའི་ཁུ་སིམ་ནི་དེ་འདྲའི་ཁྱད་དུ་འཕགས།

བསམ་གཞིག  ང་ཞོགས་པ་ལངས་དོན་ཅི་རེད།

བསམ་གཞིག  ང་མཚན་མོ་ཉལ་དོན་ཅི་རེད།

ཤངས་སའི་རྩྭ་ཉག

དོ་ནུབ་ངས་བསམ་གཞིག་ཅིག་གཏོང་།

ཚོར་འདུའི་སྐྱོ་ངད་ཀྱིས་བཅིངས་པའི་མཚན་མོ་ཞིག་མིན་ལ།

དགའ་བདེའི་སྐྱིད་སྣང་གིས་ཕྱུག་པའི་རྨི་ལམ་ཡང་མིན།

ངས་ཚོགས་དྲུག་གི་སྣང་བ་རེ་རེ་མཆོད་མེ་རུ་སྤྲུལ་ནས།

རང་ཉིད་གསོན་འདོད་ཀྱི་རེ་བ་མཆེད་པས་ཡིན།

དོ་ནུབ་ཞི་འཇམ་གྱི་ཟླ་བ་འདི་དང་ལྷན་དུ།

སྔ་མོའི་གཏམ་རྒྱུད་ཀྱི་འགོ་མ་བཟུང་ཞོར།

འབྲོང་རྒོད་ཀྱི་དཔལ་རྩལ་ངོམས་པའི་འཇིག་རྟེན་ཞིག་སྒོམ་བཞིན།

དཔེ་རིང་ཟད་འཕྲོ་མང་པོའི་ཡིག་ཕྲེང་གི་གསེབ་ཏུ་མགོ་བོ་ནུབ་སྟེ།

སྐྱུར་ཟིན་པའི་ཞིང་ཁམས་ཞིག་གི་བཀོད་པ་འཚོལ་བཞིན་ཡོད།

བསམ་གཞིག་རེ་བྱེད་དུས།

སྣང་བ་དགུ་འགྱུར་དུ་མ་སོང་བའི་ལོ་ཟླ་དེར།

ལྷས་རའི་ནང་གི་ལྷིང་འཇག་གི་ཁོར་ཡུག་དེས།

ད་ཐེངས་ཀྱི་མིག་ཆུའི་དབུ་ཁྱུད་བྲིས་པས།

མྱོང་དགོས་པའི་ཨ་ཐང་གཅིག་པུ།

བཅོས་ཐབས་མེད་པའི་ཟུག་གཟེར་ལྟར།

བདག་གི་མཚན་མོ་ནས་མཚན་མོར་འཐུད་དེ་མྱང་།

རེ་ཞགས་ཀྱི་སྣེ་མོ་རྒྱང་ལ་བསྲིང་པའི་མི་མཐོང་བའི་སང་ཉིན།

སུ་ཞིག་གི་སྒོ་ཁ་རུ་སྒུག་དགོས་པའི་རྣམ་ཤེས།

སྲོག་ཐག་ཕྲ་མོ་དེ་ཤ་གསེང་དུ་ལུས་པའི་སྙིང་པོ་ཅི།

ཀ་ཡེ་རེ་སྒུག་གི་ནང་ན་གསོན་ལྷམ་མེར་གནས་པའི།

ཁྲག་སྦུབས་ཀྱི་དྲོད་དང་སྡོངས་པའི་བདག་གི་རྣམ་ཤེས།

སྦྲ་གུར་གྱི་རེ་ཐག་ཆད་ལ་ཉེ་བའི་སྒོ་ཁ་ན།

དུད་སྤྲིན་གྱི་ཡོ་ལངས་གསེབ་ཏུ་ཏི་སིའི་ཞུན་ཁུ་འཐུང་བཞིན།

རང་གི་ཤ་རུས་འདྲེས་པའི་ཐལ་བ་སྐམ་པོ་དེ་དག།

ནམ་ཞིག་དྲི་བཞོན་དང་ལྷན་དུ་ཇོ་བོའི་ཞིང་ས་དེར་ཐོར་རོགས།

དེ་ནི་བདག་གི་ཆེས་མཐའ་མའི་རེ་བ་རྐང་གསུམ་དེ་ཡིན་ནོ།།

ཤངས་སྲས་ཅོད་པན་གྱིས།

དུས་ཚིགས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་རྗེས་ཀྱི་དེ་རིང་།

ཁོ་བོས་སྔར་སོང་གི་མི་ཚེ་དག་ལ།

བསམ་གཞིག་གི་མདའ་མོ་ཞིག་འཕེན་ཚེ།

རྨི་ལམ་དང་འདྲ་བར་སྐད་ཅིག་ཉིད་ལ་ཁོ་པ་མི་ལོ་བཅུ་དགུར་བུད་པ་ཚོར་བྱུང་།

ཨེ་མ།   དུས་ཚོད་ཡ་དེ་རིང་།   དེ་རིང་ཡ་དུས་ཚོད།

ཁྱེད་ནི་ཅི་འདྲའི་འགྲོ་མགྱོགས་ཅིང་། ཅི་འདྲའི་གོང་ཆེན་ཅིག

འདས་ཟིན་པའི་མི་ཚེའི་གཏམ་རྒྱུད་འགར།

བསམ་གཞིགས་ཀྱི་སྒོ་མོའི་གྲུ་ཁར་ནན་གྱི་བྱས་པའི་ཚེ།

ང་ལ་ཡར་རྒྱས་ཀྱི་རྩ་བ།  ང་ལ་འབད་པའི་སྙིང་རུས།

ང་ལ་དཀའ་སྡུག་བཟོད་བསྲན།  ང་ལ་མི་གཤིས་བཟང་པོ།

ཞེས་པའི་རྩ་ཆེན་བརྡ་དོན་དག་ཉིན་མོའི་སྐར་མ་ཙམ་ལས་མ་འདས།

ཨེ་མ།   ཁོ་བོ་ཡ་ང་།     ཡ་ང་ཨ་ཁོ་བོ།

ཁྱེད་ནི་ཅི་འདྲའི་གཏི་མུག་དང་།     ཅི་འདྲའི་བསམ་མེད་ཅིག

དེ་དག་ལས་ཡོངས་སུ་ལྡོག་སྟེ་རྣམ་པར་རྒྱལ་བ།

མཐའ་འཁོར་གྱི་རི་ཆུ་རྩི་ཤིང་དག་ནི།

རང་རང་སོའི་སོའི་ཁྱད་འཕགས་དང་བྱེད་ནུས་མི་འདྲ་བར།

རང་རང་འཚོ་བའི་བསམ་གཞིགས་ཀྱི་སྨྱུག་རྩེ་ཞིག་ལ་འཁྱུད་ཅིང་།

དབྱར་དགུན་སྟོན་དཔྱིད་སོ་སོར་རྣམ་པ་འདྲ་མིན་གྱི་ཡོན་ཏན་གྲངས་ལས་མི་ལང་།

ཨེ་མ།     རི་ཆུ་ཡ་རྩི་ཤིང་།    རྩི་ཤིང་ཡ་རི་ཆུ།

ཁྱེད་ནི་ཅི་འདྲའི་ང་ཚོ་དང་མི་འདྲ་ཞིང་།    ཅི་འདྲའི་ཕུགས་བསམ་དང་ལྡན་པ་ཞིག

གདོང་ལྔའི་ང་རོ།

མི་རིགས་རིག་གནས་གླེགས་བམ་མཐོན་པོའི་སྤོ།།

སྔར་ནས་ད་བར་བློ་གསལ་ཤེས་འདོད་ཚོས།།

དཀའ་བ་དུ་མ་སྤྱད་པའི་འབྲས་བུ་འདིར།།

བསམ་གཞིག་བྱས་ན་ཨེ་མ་ངོ་མཚར་ཆེ།།

དུས་རབས་གསར་པའི་བློ་གསལ་གཞོན་ནུ་རྣམས།།

ཡང་དགོས་ཤེས་བྱའི་གནས་ལ་མི་བརྩོན་པར།།

ཆང་དང་འདུ་འཛོམས་ལས་ལ་སྨྱོ་བྱེད་པ།།

བསམ་གཞིག་བྱས་ན་ངོ་མ་སེམས་རེ་སྡུག།

སྔོན་བྱོན་མེས་པོ་དམ་པའི་སྙིང་སྟོབས་ལ།།

མི་རིགས་འདུ་ཤེས་གཅེས་པའི་སྲོག་ལས་ལྷག།

རང་སྐད་སྲོག་དང་གཞན་སྐད་རྒྱན་བྱེད་པ།།

བསམ་གཞིག་བྱས་ན་ཨེ་མ་ངོ་མཚར་ཆེ།།

ཉེར་གཅིག་སྤྱི་ཚོགས་ཡར་ངོའི་ཟླ་བཞིན་འཕེལ།།

མི་རྣམས་འཚོ་བ་ཉིན་ནས་ཉིན་དུ་བཟང་།།

དེང་གི་འགྲོ་བའི་མི་རིགས་འདུ་ཤེས་ལ།།

བསམ་གཞིག་བྱས་ན་ངོ་མ་ཡིད་རེ་སྐྱོ།།

རྒན་བཀུར་གཞོན་གཅེས་མེས་པོའི་སྲོག་ཤིང་སྟེ།།

དེ་ཡིས་ངག་ནས་སྨྲས་པའི་ཚིག་གཅིག་ཡང་།།

མ་བསྐུལ་དང་ལེན་ངང་ནས་མཛད་བྱེད་པ།།

བསམ་གཞིག་བྱས་ན་ཨེ་མ་ངོ་མཚར་ཆེ།།

ཕ་མ་རྒན་རྒན་ཉམས་མྱོང་འབེལ་གཏམ་འདི།།

རྣ་བར་བསུན་ཡང་རང་ལ་ཕན་པའི་ངག།

ཁྱེད་ལས་ང་མཐོ་ལྟ་བུའི་གཤིས་ངན་འདི།།

བསམ་གཞིག་བྱས་ན་སྐྱོ་བ་སྐྱེས་པའི་གནས།།

གཞན་ཕན་ལས་ལ་ལྷག་བསམ་རྣམ་དག་གིས།།

འཇུག་ཅིང་ཤེས་བྱའི་རྨོངས་གཉིད་སད་བྱེད་པ།།

དགེ་བའི་བཤེས་གཉེན་དམ་པའི་མཛད་རྗེས་ལ།།

བསམ་གཞིགས་བྱས་ན་ཨེ་མ་ངོ་མཚར་ཆེ།།

མཐོན་པོའི་དབུ་ཁྲིད་རི་བོའི་སྤོ་ལྟར་བརྩི།།

དགེ་བའི་བཤེས་གཉེན་སྒོ་ཁའི་འཐན་པར་བརྩི།།

དབྱེ་འབྱེད་མི་ཤེས་གང་ཟག་འདི་རིགས་ལ།།

བསམ་གཞིག་བྱས་ན་སྐྱོ་བ་གཏིང་ནས་སྐྱེ།།

ལྷ་ཁྲོང་ཟླ་བཟང་།

ཀ་ཕྲེང་རིག་པའི་གནས་ལ། །

ཁ་ལོ་ཕྱོགས་དང་ཞུས་པས། །

ག་ལེར་བཞུགས་དང་ཨ་ཇོ། །

ང་ཚོར་མདུན་ལམ་དགོས་གསུངས། །

ཅ་ཅོའི་འཆལ་གཏམ་མི་སྨྲ། །

ཆ་ཚང་དགོས་མེད་ཞུས་པས། །

ཇ་ཆང་འཛོམས་པའི་དུས་འདིར། །

ཉ་མར་ཁ་རྩལ་དགོས་གསུངས། །

ཏ་ལེར་དུས་རྣམས་མ་འདའ། །

ཐ་ལས་སྤོངས་དང་ཞུས་པས། །

ད་ལམ་ཚན་རྩལ་དུས་སྐབས། །

ན་ཆུང་འཇོན་ཐང་དགོས་གསུངས།།

པ་པིར་མི་ཚེ་མི་འགྲོ། །

ཕ་མ་སོམས་ཤོག་ཞུས་པས། །

བ་གླང་ཕྱུགས་ཟོག་མིན་པས། །

མ་ཕྲུག་རྫིག་པོ་གསུངས། །

ཙ་སྨྱུག་སྐུ་གཟུགས་མི་རྟག །

ཚ་གྲང་སྙོམས་ན་ཞུས་པས། །

ཛ་དྲག་སྤྱི་ཚོགས་ནང་ལ། །

ཝ་འདྲའི་མི་སྣ་དགོས་གསུངས།།

ཞྭ་དཔེ་ལྷམ་ལ་མ་སྦྱོར། །

ཟ་ཕོར་མ་འཕྲོག་ཞུས་པས། །

འ་ཅག་དུས་གསར་མི་ལ། །

ཡ་མཐོའི་ཀླད་པ་དགོས་གསུངས།།

ར་རིལ་ལུག་གིས་མ་ངོམས། །

ལ་ལ་སྙིང་རྗེ་ཞུས་པས། །

ཤ་ཁྲག་རྔུལ་ཆུ་མེད་པར། །

ས་གསུམ་གྲུབ་འབྲས་དགོས་གསུངས། །

ཧ་ཧ་ཁྱེད་རང་ཞལ་ཤོབ། །

ཨ་ཙི་ཨེ་ཡིན་ཞུས་པས། །

ཧ་ཧ་ཚང་མ་མི་ཤེས། །

ཨ་ཤག་ཁ་ཤས་རེད་འདུག། །

ཁྱེད་རང་ལྐུག་པ་མིན་ན། །

བསམ་གཞིག་ཏོག་ཙམ་གནོངས་དང་། །

རྡོ་ཐང་།

མེས་པོས་གནང་བའི་ཨ་ཡིག་འཁྱོག་ལ་ཁད༎

ཕ་མས་བྱིན་པའི་རྩམ་ཁུག་སྟོངས་ལ་ཉེ༎

དེ་ལྟར་བསམ་ན་འཚོ་ཐབས་མི་ཡོང་བས༎

ཅིས་ཀྱང་བསམ་གཞིག་ཐེངས་གཅིག་བྱ་རན་འདུག །

ཆེན་པོ་གཅམ་བུའི་ཚིག་གིས་བསུས་པ་དང་༎

སྙོམས་ཆུང་ཚེར་མ་བཞིན་དུ་ཕྱིར་དབྱུང་བ༎

དེ་ལྟར་བསམ་ན་མི་ཆོས་དང་འགལ་བས༎

ཅིས་ཀྱང་བསམ་གཞིག་ཐེངས་གཅིག་བྱ་རན་འདུག །

མནོག་ཆུང་བྱ་བས་རྙོག་དྲའི་སྒམ་ཆུང་ཕྱེས༎

དགོས་མེད་ལས་ཀྱིས་ཉི་མ་འཁྱོལ་ཐབས་བྱེད༎

དེ་ལྟར་བསམ་ན་ཕན་པའི་འབྲས་དང་བྲལ༎

ཅིས་ཀྱང་བསམ་གཞིག་ཐེངས་གཅིག་བྱ་རན་འདུག །

ཞི་དུལ་ལྷོད་ཡངས་དམ་པའི་རང་གཤིས་དང་༎

ང་རྒྱལ་ཆེ་འདོད་ཚུལ་མིན་རྟགས་ཡིན་གྱིས༎

རང་གི་མཛེས་པ་རང་གིས་མི་ནོགས་པར༎

བསམ་གཞིག་ཁྲོད་དུ་རང་ཉིད་ལེགས་པར་ཆོས༎

གངས་རྒོད།

ཀ་ལིའི་ཡིག་རིགས་སྤྱོད་མཁན་ཉུང་ཉུང་རེད།།

ཁ་ནས་བཤད་ཚད་ར་མ་ལུག་སྐད་རེད།།

ག་རེ་བྱས་སོང་གངས་ཅན་བོད་པ་ལགས།།

ང་རང་སེམས་པ་སྐྱོ་བྱུང་སྤུན་ཟླ་ཚོ།།

ཅ་ཅོའི་གཏམ་ལ་མ་གཡེང་གདོང་དམར་བ།།

ཆ་སྒྲིབ་ཟླ་བཞིན་ཉམས་པའི་སྐད་ཡིག་འདི།།

ཇ་ཞོར་ཆང་ཞོར་ལ་ཡང་མ་བརྗེད་གནང་།  །

ཉ་མོ་ཆུ་ལ་རོལ་བཞིན་སྦྱང་བཤད་མཛོད།།

ཏ་ལེར་རང་སྐད་རང་ཡིག་བློར་ངེས་དང་།།

ཐ་མར་བོད་ཡིག་བཀོལ་སྤྱོད་མ་ཤེས་རུང་།།

ད་ནི་རང་སྐད་གཙང་མ་བསྐྱོན་ནས་ནི།།

ནད་ཡམས་བགོས་འདྲའི་ར་མ་ལུག་སྐད་སྤོངས།།

པ་ཏྲའི་རིས་ལས་མཛེས་པའི་བོད་ཡིག་དང་།།

ཕ་མེས་དུས་ནས་དར་བའི་སྐད་རིག་འདི།།

བར་ཆད་དྲག་པོས་ཉམས་ཞན་འགྲོ་བཞིན་འདུག།

མ་ཡི་བུ་ཚོ་བསམ་གཞིག་བྱེད་རན་འདུག།

ཙ་རི་བསྐོར་ནས་གསོལ་འདེབས་བྱེད་དགོས་མེད།།

ཚ་གྲང་དཀའ་སྡུག་དེ་བས་སྤྱོད་དགོས་མེད།།

ཛ་དྲག་དུས་ལ་སླེབས་འདུག་གངས་ཅན་པ།།

ཝ་ལེར་སེམས་ལ་བཅང་ནས་སྐད་ཡིག་སྐྱོབས།།

ཞ་ཆག་འགྲོ་བའི་རང་རིག་སྐད་ཡིག་འདི།།

ཟ་ཞོར་འཐུར་ཤོར་ཙམ་ཡང་མ་བྲལ་སྤྱོད།།

འུ་ཅག་རྗེས་རབ་ཚོ་ཡི་འབད་འབུང་གི།།

ཡ་མེད་བོད་གྱི་སྐད་ཡིག་སྐྱོབས་པར་མཛོད།།

ར་མ་ལུག་སྐད་ནད་ཀྱི་གོས་པ་ཡི།།

ལ་ཁའི་ཉི་བཞིན་འཇིག་པའི་བོད་སྐད་འདི།།

ཤ་ཉེ་སྤུན་ཟླ་ཚང་མས་སྐྱོབས་པར་འབད།།

ས་སྟེང་འདི་ནས་མ་འཇིག་ངེས་པར་མཛོད།།

ཧ་ཅང་དྲང་པོར་བརྗོད་པའི་སྙིང་གཏམ་ལ།།

ཨ་ཙི་བསམ་གཞིག་ཡང་དུ་མཛོད་ནས་ནི།།

ཧ་ཧ་ཁྲེལ་དགོད་མེད་པར་ཞིབ་མོར་སོམས།།

ཨ་མའི་བུ་ཚོ་བློ་ཡི་ལེགས་པར་དཔྱོད།།

རྐྱང་རྒོད།

རེ་སྒུག་དང་དདངས་སྐྲག་གི་ཀློང་ནས།

སྔ་མོ་ཞིག་ལ་བསམ་གཞིག་མེད་པའི་སྨོན་ལམ་དེ།

ཁོ་བོའི་བྲང་ཁོག་ནས་འབུད་སོང་།

ཁུར་ལྕི་བའི་ཕྲག་སྟེང་གི་ལོ་ཟླ།

ན་ཚོད་འདི་ནས་བསྐྱུར་དུ་མེད་པའི་རྨི་ལམ་ཡིན།

སྐྲ་ལོ་དེ་རླུང་གིས་དེད་ནས་ཟད་མ་མྱོང་།

རྒྱབ་གཟུགས་དེ་ཆར་གྱིས་བརླན་ཡང་ཡལ་མ་མྱོང་།

ཞེ་ཁོག་དེ་རེ་སྙེགས་ཀྱི་ཕྱོགས་སུ་དམིགས་ནས།

ལམ་བུ་དེའི་སྐྱིད་སྡུག་ལ་བསམ་གཞིག་བྱས་མྱོང་།

ངག་སྒོ་འཇིགས་སྐྲག་གིས་གདམས་ཀྱང་།

བསམ་གཞིག་གི་འདུན་པ་སྨྱུག་རྩེར་འཁྱུད་དེ།

སྔར་བཞིན་ལམ་དེར་རྡོག་ཐོན་བྱེད་ཅིང་ཡོད།

ཐོབ་ཤོར་གྱི་ས་ཚིགས་རེ་རེ་ནས།

གོམ་ཁ་དེར་ཕྱིར་ཤུལ་གྱི་མིག་ལྟ་མེད་ན།

བསམ་གཞིག་གི་ལམ་བུར་འཇིགས་པ་མེད་ཅིང་།

གནས་ངེས་མེད་གཅིག་ནས་ཁྱེར་བའི་ན་ཟུག་རེ་རེ།

སུ་ཞིག་གིས་ང་ཚོར་གནང་བའི་སེམས་གཅོང་རེད་དམ།

ཚོར་ཤེས་ཀྱིས་ཐ་སྙད་ལ་བསྒྲོན་པའི་མར་མེ།

ཅི་ནུས་ཀྱིས་མུན་ནག་གི་ཁ་གཏད་ལ་འགྲེང་ནས།

ལམ་ཁ་དེར་འོད་སྣང་ཞིག་སྦྱིན་བྱུང་།

ཕ་ཡུལ་གྱི་རུ་དར་དང་ཕ་ཡུལ་གྱི་གླུ་སྒྲ།

མེ་ལོང་འདྲ་བའི་བསམ་གཞིགས་ཀྱི་བར་གསེང་ནས་ཚོར་ཡོང་།

ལྷིང་འཇགས་མིན་པའི་འཚོ་བའི་དབུས་སུ།

གངས་དཀར་སེམས་པའི་སྟོད་ལ་འཕགས་པའི་རྡོག་སྒྲས།

དབུགས་རྒྱུན་མ་ཆད་པའི་འགྲོ་མི་རྣམས་ལ།

བསམ་གཞིག་གི་བར་སྟོང་ཞིག་བསྩལ་བྱུང་བས།

ང་ལ་རྟག་ཏུ་སྡོད་ཁོམ་མེད་པའི་ན་ཟུག་གི་ལོ་རྒྱུས་དེ་སྔོག་དགོས།

འབྲོང་བུ།

སྣེ་མང་ཤེས་རིག་ཕྱུག་པའི་སློབ་གླིང་གི་དོ་རར། །

རང་དགོས་ཤེས་བྱའི་གནས་ལ་འབད་པ་ཙམ་མེད་པར། །

མི་དགོས་ཁྲེལ་མེད་བྱ་བས་རིམ་རིམ་དུ་འདས་ན། །

སློབ་མཐོན་ལག་ཁྱེར་དེ་ཡིས་མདུན་ལམ་ཞིག་སྤྲོད་དམ། །

གཞན་ཡིག་ཁྱ་ཁྱོར་དེ་ཡིས་བེད་སྤྱོད་དེ་མང་སྟེ། །

ཕ་སྐད་རིན་ཆེན་ནོར་བུར་དོ་སྣང་ཙམ་མེད་ཅིང་། །

རིགས་བཟང་བོད་མིའི་སྲོལ་རྒྱུན་རྒྱང་རིང་དུ་འབོར་ན། །

རིགས་ཞེན་ལ་རྒྱ་ཟེར་བ་དགོས་མེད་ཀྱི་འཆལ་གཏམ། །

འ་འུར་ནང་མ་ཨར་ཁང་རང་ཁྱིམ་དུ་བསྟེན་ཅིང་། །

དཀར་དམར་མཛེས་པའི་བྱུགས་རྫས་རང་ཞལ་ལ་འཁོ་ལ། །

བག་མེད་ལོངས་སྤྱོད་འཚོ་བའི་བདེ་བ་རུ་འདོད་ན། །

རྒྱང་རིང་ཕ་མའི་ཕྱོགས་ལ་བསམ་གཞིགས་རེ་བྱས་སམ། །

མགོ་སྐྱེས་དུང་ལྟར་དཀར་བའི་བྱམས་ལྡན་གྱི་ཕ་མས། །

ངག་ནས་ཤ་ཚའི་སྙིང་གཏམ་ལྡབ་ལྡིབ་ཏུ་སྨྲས་ཀྱང་། །

ངན་སྨྲས་ཚིག་གི་མདའ་མོ་འཛེམ་མེད་ངང་འཕེན་ན། །

སྐྱེ་རྒ་ན་འཆི་ཟེར་བར་བསམ་གཞིག་རེ་བྱས་སམ། །

ངག་ནས་མ་ཎི་ཡིག་དྲུག་བར་མེད་དུ་འདོན་ཀྱང་།

ལྷས་ར་གྲུ་བཞིའི་ནང་གི་ཉམ་ཆུང་གི་དུད་འགྲོ །

ཤ་ཚིལ་ཚོ་གཞན་ཟེར་ཏེ་བཤས་ར་ན་ཕབ་ན། །

འགྲོ་དྲུག་ཕ་མར་འཛིན་པའི་འདུ་ཤེས་དེ་ཀྱལ་ཀ །

ཕྱི་ལ་གསེར་དངུལ་ལ་སོགས་རྒྱན་ཆ་དེ་མཛེས་ཀྱང་།

རིག་གནས་དགོས་མེད་འཛིན་པའི་ས་མཐར་གྱི་འཁྱམས་པོ། །

ཤེས་རིག་ཕུགས་འདུན་མེད་པའི་གདོང་དམར་བའི་བུ་ཚ། །

མེས་པོ་དཔའ་མཛངས་ཅན་ལ་བསམ་གཞིག་རེ་བྱས་སམ། །

རྒྱང་འགྲུལ་པ།

བསམ་གཞིགས་བྱེད་ཞོར་གནའ་གཏམ་གླེང་ཆོག་ལ།

རྣོ་མོའི་བློ་ཡི་རྣལ་མའི་བསམ་གཞིག་གི་ཤོག་ཟུང་བརྐྱང་ནས།

ཁྱེད་རང་མཁའ་དབྱིངས་སུ་ལན་གཅིག་འཕུར་ཡང་ཆོག་སྟེ།

རྣམ་དག་བསམ་གཞིག་གི་ནུས་པ་ཞིག་ཡོད་པས་ཡིན།

ཡིན་ཡང་།

ངལ་བས་མནར་ཏེ་རང་སར་གཉིད་ན་མི་འགྲིག་སྟེ།

དཔའ་བའི་ལང་ཚོའི་གོ་འཁྲབ་གྱོན་པས་སོ། །

བསམ་གཞིག་བྱེད་ཀྱིན་མིག་ཆུ་གཏང་ཆོག་ལ།

བར་ཆད་སྦར་མོས་རྫིས་ཤིང་དཀའ་བ་རྡོག་པས་གནོན་ནས།

སྡུག་རུས་ཀྱི་སྒལ་ཚིགས་འགྲེངས་ཏེ་རྒྱལ་ཁའི་གླུ་དབྱངས་ཀྱང་བླངས་ཆོག་སྟེ།

བསམ་གཞིག་གི་བློ་སྣ་དེ་གཟུགས་དང་དྲི་མ་བཞིན་ཡ་གྱལ་དུ་འགྱུར་མེད་པས་སོ། །

འོན་ཀྱང་།

གེགས་དང་དཀའ་བ་མལ་གདན་དུ་བྱེད་མི་འོས་ཏེ།

ཁྱེད་ལ་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡོད་པས་ཡིན།

བསམ་གཞིག་མི་ཚེའི་རྡོག་ཐོན་གྱི་འགྲོ་ཆས་སུ་བྱས་ཏེ།

ལ་ཀླུང་གདོང་གི་བསུ་བའི་འགྲུལ་པ་དཀྱུས་མ་ཞིག་བྱས་ནས།

མངར་སྐྱུར་འདྲེས་མའི་སྤྱི་ཚོགས་དེར་རོ་མྱོང་ཞིག་བྱས་ཆོག་སྟེ།

ཁྱེད་ལ་རོ་འཛིན་གྱི་དབང་པོ་དེ་ལྡན་ཡོད་པས་ཅི་ནས་མིན།

ཡིན་ཡང་།

སྦྲང་བུ་བཞིན་ཤི་འཐམ་རོ་འཐམ་གྱི་རོ་ལ་འཁོར་ན་མི་འགྲིག་སྟེ།

འགྲུལ་བས་འགྲུལ་གོ་མ་ཆོད་པས་ཡིན།

སྨྱུག་རྩ།

འཇིག་རྟེན་འདི་རུ་འཚོ་ཞིང་གནས་ནས་ནི།།

འགྲོ་འདུག་བཟས་ཉལ་གང་རུང་ཅི་བྱས་ཀྱང་།།

སྙིང་ཁོང་རུམ་ལ་བདེ་བ་ཞིག་ལ་རེ།།

དེ་བས་བདེ་བའི་བདེ་རྒྱུ་ཞིག་ལ་རེ།།

རྐང་ཆུང་གོམ་པ་དང་པོ་སྤོས་མ་ཐག།

ཁ་ནས་ཚིག་འགོ་ཐོག་མ་སྨྲས་མ་ཐག།

རང་འདོད་བཞིན་དུ་གང་མཆོང་གཡང་མཆོང་དང་།།

རང་བསམ་བཞིན་དུ་གང་འདོན་སྨྲ་བར་བྱེད།།

ན་གཞོན་ལོ་ཚོད་ཅུང་ཟད་ལོན་པའི་སྐབས།།

རོལ་རྩེད་རྣམས་ལ་ཧ་ཅང་དགའ་བ་དང་།།

ཁྲ་ཁྲ་ཡོངས་ལ་ཧ་ཅང་དད་པ་ཡིས།།

གཡེང་བའི་རྣམ་པ་ཁོ་ནས་འདའ་བར་བྱེད།།

དར་མའི་ན་ལ་ཡར་ཙམ་ལོན་པ་ན།།

ཕྱི་ཡི་བཟོ་ལྟའི་རྣམ་པ་འབའ་ཞིག་ནི།།

ཡིད་ལ་གཉེར་ནས་ཁུར་སོགས་མང་དུ་འཁྱེར།།

དོན་དུ་བསམས་ན་ཚང་མ་བདེ་ཐབས་རེད།།

ད་དུང་ལ་ལ་འཕྲུལ་རིགས་སྣ་ཚོགས་ལ།།

འདུན་པའི་བསམ་པས་བློ་སེམས་ཆིག་སྒྲིལ་གྱི།།

གང་ལའང་མི་ལྟ་རང་འདོད་ཁོ་ན་ཡིས།།

འབྱོར་བའི་ཐབས་ལ་གང་དྲག་ཅི་དྲག་བྱེད།།

ལ་ལས་ཞིག་ནི་ཕྱུགས་རིགས་རྣམས་ལ་ཞེན།།

རི་དང་ཆུ་འགྲམ་ལུང་པ་ཕུ་མདའ་སོགས།།

དྲོ་གྲང་བཀྲེས་ལྟོགས་གང་ཞིག་བྱུང་ན་ཡང་།།

ཐབས་ཅད་གཟོད་ནས་ཚང་མར་ཉུལ་བར་བྱེད།།

ཁ་ཤས་ཅིག་ནི་ཞིང་ཐང་ལེབ་ཙམ་སྒང་།།

དབྱར་དགུན་སྟོན་དཔྱིད་མེད་པར་ཚང་མ་ལ།།

སྦྱག་མ་ལ་སོགས་ཕྲག་པར་མཁྱེར་ནས་སུ།།

འུད་སྟོང་སྒྲོག་གིན་དུས་རྣམས་འདའ་བར་བྱེད།།

རྐུབ་སྟེགས་ཡོད་པའི་མི་བུ་ཁ་ཤས་ཞིག།

མཐོ་ལ་ལྕེ་ནར་མགོ་བོ་ཡུན་དུ་དྲད།།

དམའ་ལ་སྡིག་ཤིང་མགོ་བར་བཞོན་ལ་ཁད།།

ཕོར་པ་ཁེངས་པོ་ཡིན་ཀྱང་ངོམས་རྒྱུ་མེད།།

ཁ་ཅིག་དཔེ་ཀློག་ངག་བཤད་ཉུང་ངུ་ཡིས།།

ང་བཙན་ང་ཆེ་རྒྱལ་བའི་རྣམ་པ་ཡིས།།

ཁེངས་ཤིང་དྲེགས་པའི་ལུས་ཀྱི་བཟོ་བལྟ་ཡང་།།

གུག་སྐྱེད་མི་བྱེད་རྒྱུག་ལྟར་སྲོང་པོར་བསྐྱོད།།

དོར་ན་གང་བྱས་ཡོངས་ནི་བདེ་ཐབས་རེད།།

བསྡུས་ན་རང་རང་སོ་སོའི་བདེ་སྐྱིད་རེད།།

འོན་ཀྱང་བདེ་སྐྱིད་ཡིན་མིན་ད་ག་རེད།།

བསྡོམ་ན་མཐར་ཐུག་བདེ་བ་ཅི་ལ་འདུག།

ཟླ་བ་བཀྲ་ཤིས།

སྔར་སོང་ཁ་བ་རི་པའི་ལུས་ལ།བྱ་རྒྱལ་རྒོད་པོའི་གཤོག་རྩལ་རྒྱས། བྲག་སྟོད་གཡང་གཟར་ན་རྒོད་ཚང་ཡང་བཅོལ་མྱོང་། ད་ཆ་ཁ་བ་རི་པའི་ལུས་ན།བྱིའུ་འཇོལ་མོའི་སྙིང་རྩ་སྡར་ཞིང་།ཤིང་ལོ་རུལ་པའི་ཚང་རུམ་བཅས། དེ་ལྟར་དུ་བསམ་ན་གདོང་དམར་རྒྱུད་པ་མི་འདྲ་གདོང་དམར་རང་དང་ཆ་མ་མཆིས། ལྷག་པར་དུ་རང་སྐད་དྭངས་མ་མེད་པའི་ར་མ་ལུག་གི་སྐད་དེ། རྐུ་མ་ཤེས་སྐྱུང་ཀའི་མཆུ་ལྟར་གང་དུ་སོང་ཡང་དམར་ཛ་ལེ། ད་དུང་དེ་ངོམས་རང་རིགས་ལ་སྡང་བ་དེ་མཐོང་དུས། དེ་ལྟར་དུ་བསམ་ན་བྷོ་ཊའི་ལོ་རྒྱུས་ཐག་ཉེ་ཞིང་སཾ་བྷོ་ཊ་ནི་ལྷ་སྒྲུང་ཙམ་མོ། ཁུག་ཁུག་གི་ཇ་ཁང་ནས་སློབ་ཆེན་པ་བན་བོན་ལ་རྩོད་པ་ཐོས་ཤིང་ཉག་ཉག་གི་ལ་ཁ་ན་སྐྱ་སེར་བསླབ་སྡོམ་ལ་རྩོད་པའང་རིག ཟང་ཟིང་གི་ཁྲོམ་ལམ་ན་སྒོམ་པའི་གྲུབ་ཆེན་མི་ཉུང་ཞིང་འ་འུར་གྱི་གཞས་རྭ་ན་ཡིག་དྲུག་གླུ་རུ་ལེན་མཁན་ཡང་མང་། དེ་ལྟར་དུ་བསམ་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སླ་ཆུ་འཐུང་བཤང་དོར་ལྟ་བུའོ། རྒྱུ་འབྲས་གཡང་དུ་བསྐྱུར་ནས་ཕུ་ཕྱུགས་ཚད་མེད་འདའ་ཡི་བཤས་རྭར་སྐྱེལ་དང་གཅིག  ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ་དམངས་ཕྱུགས་སྒེར་བཤས་བྱེད་དང་གཉིས། ལས་ངན་ཁུང་དུ་སྦས་དེ་ཐེར་འདོན་ཡིག་ཆ་སྒྲེམས་དང་གསུམ། ཡོན་ཏན་ཟར་བུ་གང་གིས་རྒྱ་མཚོའི་རླབས་སྒྲ་སྒྲོག་དང་བཞི། དེ་ལྟར་དུ་བསམ་ན་གནམ་འོག་ཕོ་རོག་ནག་ཆུང་ནམ་ཡང་དཀར་ཐབས་མེད་དེ་བདེན། འཁོར་རིགས་ལ་ཞེན་པའི་འབྲོག་པ་ཐང་དུ་བབ་ནས་རི་ཡམགོ་སྟོང་།

ཤོག་སྒོར་ལ་ཞེན་པའི་ཞིང་པ་རི་མགོར་སོང་སྟེ་འབྲོག་པ་བསླུད། བླ་རྒན་གྲྭ་གསར་རྟེན་བཞེངས་སྦྱིན་བདག་འཚོལ་ཕྱིར་རྒྱུགས། གྲོང་སྡོད་དགོན་སྡོད་ཡིག་ཚགས་མཎྡལ་སྤུངས་ལ་བྲེལ། དེ་ལྟར་བསམ་ན་བོད་ཡུལ་སྟོང་མཁན་བོད་མི་རང་། གཞུང་དོན་སླད་དུ་གཏམ་བརྗོད་འདོན་པ་བརྒྱ་ཚར་འདྲ། སྒེར་དོན་སླད་དུ་ལག་ལེན་དམ་བཅའ་ལྔ་ལྡན་མདའ། དེ་འདྲའི་དཔོན་དང་གཞུང་ཞབས་རྩ་རུལ་ཀ་བ་འདྲ། དེ་ལྟར་བསམ་ན་གནམ་འོག་དགེ་རྒན་ལས་འབྲས་ཅན།གཡང་གཟར་ལོག་གི་གྱང་རོ་རེ་རེ།དཔའ་ངར་དང་བློ་གྲོས་ཀྱི་རྒྱལ་མཚན་ཡིན་རུང་། བྱིས་བློར་མེས་པོའི་ལྐུགས་རྟགས་སུ་གྲུབ་དུས།མ་འོངས་བཙན་མཁར་དེ་ཇི་ལྟར་བསྐྲུན་ནམ།།

 

བརྒྱུད་སྐུལ།

མཆན་སྤེལ།