བྱང་ཤམ་བྷ་ལ་གཉིས་པ་ངམ་རིང་རྫོང་གི་ལོ་རྒྱུས།

བྱང་ཤམ་བྷ་ལ་གཉིས་པ་ངམ་རིང་རྫོང་གི་ལོ་རྒྱུས།

རྩོམ་པ་པོ། སྤེན་པ་ཚེ་རིང་།

 

ངམ་རིང་རྫོང་ནི་གཞི་རྩེ་ས་ཁུལ་གྱི་ལྷོ་ནུབ། གངས་ཏི་སེའི་དཀྱིལ་རྒྱུད། ཡར་ཀླུངས་གཙང་པོའི་སྟོད་ངོས་སུ་གནས་ཡོད་པ་དང་། གཞི་རྩེ་གྲོང་ཁྱེར་ནས་ལམ་ཐག་སྤྱི་ལེ་ ༢༡༧ ཙམ་ཡོད། དེའི་ཤར་ངོས་སུ་བཞད་མཐོང་སྨོན་རྫོང་དང་ལྷ་རྩེ་རྫོང་། ལྷོ་ངོས་སུ་གཉའ་ནང་རྫོང་དང་དིང་རི་རྫོང་། ནུབ་ངོས་སུ་ས་དགའ་རྫོང་དང་མངའ་རིས་མཚོ་ཆེན་རྫོང་། བྱང་ངོས་སུ་ནག་ཆུ་ས་ཁུལ་གྱི་ཤན་རྩ་རྫོང་དང་ཉི་མ་རྫོང་བཅས་དང་ས་འདྲེས་ཡིན། ངམ་རིང་རྫོང་ལ་གྲོང་བརྡལ་ ༢ དང་ཤང་ ༡༥ གྲོང་ཚོ་ཨུ་ཡོན་ལྷན་ཁང་ ༡༩༡ མི་གྲངས་ ༤༦༠༠༠ ལྷག་ཙམ་ཡོད། ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༧༥༩༦ ཙམ་ཟིན་ཡོད་པ་དང་། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༥༡༣ ཙམ་ཟིན་པའི་ཞིང་འབྲོག་ཟུང་ལྡན་གྱི་རྫོང་ཞིག་ཡིན།།

 

ངམ་རིང་ཞེས་པའི་མིང་ཐོབ་ཚུལ་སྐོར།  

 

དེ་ཡང་ངམ་རིང་ཞེས་པའི་མིང་ཐོབ་ཚུལ་ཐད་བཤད་ཚུལ་མི་འདྲ་བ་འགའ་ཡོད་པ་ནི་ངམ་རིང་ཡུལ་འདིར་གྲོག་པོ་ངམ་རིང་པོ་ཟེར་བའི་གྲོག་རོང་ཞིག་ཡོད་པར་བརྟེན་གྲོག་མིང་ཡུལ་ལ་ཆགས་པ་ཡིན་ལུགས་དང་། ཡང་ཡུལ་འདིར་ཡོད་པའི་མཚོ་ཆེན་པོ་ནས་ངང་པའི་སྐད་སྒྲོག་པའི་སྣེར་ཡོད་པར་བརྟེན་ངང་རིང་ཞེས་བརྗོད་ཚུལ་ཡོད་པ་ནི་དགའ་ལྡན་བེ་སེར་ལས། གད་པ་ངམ་ནག་པོའི་ཐད་དུ་ཡོད་པས་ངམ་རིང་ངམ་མཚོ་ཆེན་པོར་ངང་པའི་སྐད་སྒྲོག་པའི་སྣེར་ཡོད་པས་ངང་རིང་ཟེར་ཞེས་གསལ། ཡང་ངམ་རིང་ཡུལ་འདིར་མིང་སྙན་འཇེབས་དང་ལྡན་པ་ཞིག་ཀྱང་ཡོད་པ་ནི་བྱང་ཤམ་བྷ་ལ་གཉིས་པ་ཞེས་འབོད་ཚུལ་ཡོད་པ་ནི་ངམ་རིང་ཆོས་སྡེ་དགོན་གྱི་སྔགས་རམས་པ་ཤེས་རབ་རྡོ་རྗེ་མཆོག་གིས་མཛད་པའི་ངམ་རིང་ཆོས་སྡེ་དགོན་པའི་ལོ་རྒྱུས་ཞེས་པའི་ནང་དུ་ངམ་རིང་ཡུལ་འདིར་བྱང་ཤམ་བྷ་ལ་གཉིས་པར་ངོས་འཛིན་འགྲེལ་བརྗོད་ཐད། རང་ཉིད་ཀྱིས་ཡིག་ཆ་མིག་མཐོང་མ་བྱུང་ཞིང་དམ་པ་གོང་མ་རྣམས་ཀྱིས་ཤམ་བྷ་ལར་ཡིན་པ་བསྐལ་པའི་མར་མེ་ཟེར་བ་དང་མཚུངས་པ་མཐོང་གྲོལ་མཆོད་རྟེན་ཡིན་པ་དང་ཤམ་བྷ་ལར་མཚོ་ཆེན་གཉིས་དང་འདྲ་བ་སྐྱེམས་མཚོ་དང་གླང་མཚོ་གཉིས་ཡིན་ལུགས་མ་ཟད། ངམ་རིང་འདིར་དུས་འཁོར་སྐུ་བརྙན་དང་། དཀྱིལ་འཁོར་ཆོ་ག་ཕྱག་ལེན་དར་ཞིང་རྒྱལ་པར་བྱུང་བ་བཅས་རྒྱུ་མཚན་དུ་གསུང་རྒྱུན་རྣ་ཐོས་ཡིད་འཇགས་དང་། དེ་བཞིན་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་མཆོག་གིས་སྤྱི་ལོ་ ༡༠༢༧ བོད་རབ་བྱུང་དང་པོའི་མེ་ཡོས་ལོར་བོད་དུ་དུས་འཁོར་ཐོག་མར་བསྒྱུར་བ་ནས་རབ་བྱུང་བརྩི་བའི་འགོ་ཚུགས་པ་དང་འབྲེལ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཉམས་སུ་ལེན་པར་མཐུན་རྐྱེན་བཟང་པོ་སྤེལ་མཛད་པ་འདི་ལས་རིམ་བཞིན་བོད་སྤྱི་དང་། ལྷག་པར་བྱང་བདག་ཆོས་རྣམ་རྒྱལ་གྲགས་བཟང་མཆོག་གིས་དུས་བཟང་འདི་དང་བསྟུན་དགོངས་བཞེས་བླ་མེད་དུས་ཀྱི་འཁོར་ལོའི་གཞུང་ལུགས་ལ་ཕྱག་ལེན་ཕུལ་དུ་ཕྱིན་པ་མཛད་པས་ན། བྱང་ངམ་རིང་འདིར་གསེར་ཟངས་ལས་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་སྐུ་བརྙན་དང་། བློས་བསླངས་དཀྱིལ་འཁོར་གཞུང་དོན་བཞིན་བཞེངས་པ་མ་ཟད། ཡུལ་གྲུ་གཞན་ལས་ངམ་རིང་འདིར་སྔ་བར་དར་བ་དང་ཆ་ཚང་བའི་ཁྱད་འཕགས་ལ་བརྟེན་ནས་བྱང་ཤམ་བྷ་ལ་གཉིས་པར་ངོས་བཟུང་བ་དང་། དེ་བཞིན་ཁྱད་འཕགས་སྤེལ་མཛད་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་མཆོག་ལའང་བོད་ཀྱི་ལོ་རྒྱུས་དེབ་ཐེར་འགའི་ནང་རིགས་ལྡན་པདྨ་དཀར་པོ་སླར་བྱོན་པ་ཡིན་ཞེས་གསལ་བ་དང་། ཡང་ཆོས་རྒྱལ་ཟླ་བ་བཟང་པོའི་ཡང་སྲིད་དུ་ངོས་བཟུང་ཞེས་གསལ་བ་བཅས་གང་ལྟར་ངམ་རིང་འདིར་བྱང་ཤམ་བྷ་ལའི་ཕྱི་ནང་སྣོད་བཅུད་ཀྱི་མཐུན་རྐྱེན་ངེས་ཅན་ཞིག་ལྡན་ཡོད་པ་ཡེ་ཤེས་གཟིགས་དཔྱད་ལས་ཤམ་བྷ་ལ་གཉིས་པ་ཞེས་ཐ་སྙད་འདི་འདོགས་པར་མཛད་པ་ཡིན་སྙམ་མོ་ཞེས་གསལ། ཡང་མང་ཚོགས་ཀྱི་ཁ་རྒྱུན་དུ་ངམ་རིང་འདི་ཤམ་བྷ་ལ་གཉིས་པ་ཡིན་པའི་རྒྱུ་མཚན་ནི་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་ལུས་ཀྱི་སྤྱིན་པ་གཏང་སའི་མཐའ་མ་འདི་ངམ་རིང་ཡིན་པར་བཤད་པས་ཡིན།།

དེ་གར་ད་དུང་སྔོན་མའི་ངམ་རིང་ཁྱུང་རྫོང་དཀར་པོའི་གནའ་ཤུལ་ཡོད། དེ་ནི་དཔལ་འབྱོརཤེས་རབ་དགུང་ལོ་བརྒྱད་བཞེས་པའི་ཚེ་གསར་དུ་གཙུགས། ཁོང་ནི་ངམ་རིང་ཆོས་སྡེའི་མཁན་རབ་དགུ་པ་ཡིན། ངམ་རིང་ན་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཡང་ཤིན་ཏུ་མང་པོ་ཡོད་པ་ནི་ངམ་རིང་ཆོས་སྡེ་དང་། རི་བོ་བཀྲ་བཟང་། ལྷ་བྲག་དགོན། གླེ་ལུང་ཆོས་སྡེ་ཆེན་པོ། གཅུང་རི་བོ་ཆེ་དགོན། བཟང་ལྡན་དགོན། བསམ་གྲུབ་དགའ་ལྡན་དགོན་ལ་སོགས་པ་ཡོད་ལ་རིན་ཐང་བྲལ་བའི་རིག་དངོས་ཀྱང་བགྲང་གིས་མི་ལངས་པ་ཞིག་ཡོད། དགོན་གནས་དེ་དག་མང་ཆེ་བ་ནི་རིག་གནས་གསར་རྗེའི་ནང་གཏོར་བརླག་ཏུ་སོང་ཡོད། འོན་ཀྱང་ངམ་རིང་ཁུལ་གྱི་དགོན་པ་མང་ཆེ་བ་ཉམས་བཟོ་ཐུབ་ཡོད།

དེ་བཞིན་ངམ་རིང་རྫོང་འདི་ལོ་རྒྱུས་ཧ་ཅང་རིང་པོ་ལྡན་ཡོདཔ་ནི་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་མིའི་རིགས་འཚོ་གནས་བྱེད་པ་མ་ཟད། སྔོན་མའི་བང་སོ་ཡང་ཧ་ཅང་མང་པོ་ཡོད་ལ། ལྷག་པར་དུ་རྡོ་ཆས་གསར་པའི་དུས་ནས་རྟ་མཆོག་ཁ་འབབ་དང་མདོག་གཞུང་གཙང་མུས་ཆུ་སོགས་རྫོང་འདི་བརྒྱུད་ནས་རྒྱུག་པ་དང་། དེ་དག་བརྒྱུད་པའི་ཁུལ་དུ་བོད་ཀྱི་གདོད་མའི་མི་རྣམས་འཚོ་གནས་བྱེད་པའི་གནའ་ཤུལ་ཡང་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་རྫོང་འདིར་བོད་སིལ་བུའི་དུས་ནས་བོད་ཀྱི་དཀར་ཡོལ་བཟོས་བའི་ལག་རྩལ་ཡང་དར་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་ལ་འཁོད་ཡོད། དེའི་ས་གཤིས་ཕུན་སུམ་ཚོགས་པ་ཡོད་པ་ནི་མཚོ་མོ་ངང་ལ་དང་ངམ་མཚོ། གླང་མཚོ་སོགས་པའི་མཚོ་མོ་བཅོ་བརྒྱད་ཙམ་ཡོད་པ་དང་གསེར་དང་ཟངས་ལྕགས་ལ་སོགས་པའི་གཏེར་རིགས་སྣ་ཚོགས། རྒྱལ་ཁབ་རིམ་པའི་རྩ་ཆེན་སྲོག་ཆགས་འབྲོང་དང་། གཙོད། གནའ་བ། དགོ་བ། གཉན། གླ་བ།རྐྱང་། ས་གཟིག དྲེད་མོང་། ཝ། ཆུ་སྲམ་སོགས་དང་འདབ་ཆགས་གོང་མོ་དང་། ཁྲུང་ཁྲུང་། སྲེག་པ། ངང་སེར་ལ་སོགས་པ་མང་དག་ཅིག་ཀྱང་ཡོད།

བོད་ཀྱི་ལྷ་མོའི་སྒྱུ་རྩལ་གསར་གཏོད་གནང་མཁན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། པཎ་ཆེན་སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ། བོད་བྱང་རྒྱུད་གསོ་རིག་གསར་གཏོད་མཛད་མཁན་བྱང་པ་རྣམ་རྒྱལ་གྲགས་བཟང་། གཏེར་སྟོན་རིག་འཛིན་ཆེན་མོ་རྒོད་ཀྱི་ལྡེམ་འཕྲུ་ཅན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བློ་གྲོས་རིན་ཆེན། བ་སོ་ཆོས་ཀྱི་རྒྱལ་མཚན། ཁྲི་ཆེན་སྨོན་ལམ་དཔལ་བ། པཎ་ཆེན་ལུང་རིགས་རྒྱ་མཚོ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་མང་དག་ཅིག་རྫོང་འདིར་འཁྲུངས།།

ངམ་རིང་རྫོང་ཟང་ཟང་གྲོང་བརྡལ་གྱི་འབྲི་མར་ཡང་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་ནི། ཟང་ཟང་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱུང་གི་གསོལ་མར་གྱི་ཁྲལ་བསྐྱལ་དགོས་པས། ཟང་ཟང་གི་མར་ནི་སྤུས་ཚད་ཧ་ཅང་ཡག་པོ་ཡོད་པ་མཚོན་ཐུབ། དེ་མིན་ངམ་རིང་རྫོང་རྡོ་སྤེ་ཤང་གི་རྡར་རྡོ་ཡང་ལོ་རྒྱུས་ཐོག་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་ནི་སྔོན་མ་བོད་ས་གནས་སྲིད་གཞུང་ལ་རྡོ་སྤེ་ནས་རྡར་རྡོའི་ཁྲལ་བསྐྱལ་དགོས་པས་ངམ་རིང་རྫོང་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ལྡན་པའི་རྫོང་ཞིག་ཡིན།།

ད་ཆ་ངམ་རིང་རྫོང་ནི། ཆབ་སྲིད་དང་དཔལ་འབྱོར། རིག་གནས།སློབ་གསོ་ལ་སོགས་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། བརྟན་ལྷིང་ངམ་རིང་དང་ཞི་བདེའི་ངམ་རིང་འཆམ་མཐུན་ངམ་རིང་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད།།

 

བརྒྱུད་སྐུལ།

2 བསམ་ཚུལ། “བྱང་ཤམ་བྷ་ལ་གཉིས་པ་ངམ་རིང་རྫོང་གི་ལོ་རྒྱུས།

  1. གོང་དཀར་དགའ་བ། · བཟོ་བཅོས།

    འདིར་ངམ་རིངགི་ས་མིང་ཆགས་ཚུལ་སོགས་ཡུལ་དེའི་ཁྱད་ཆོས་ཙམ་ལས་དང་། ངམ་རིང་ཆོས་སྡེའི་ལོ་རྒྱུས་ཆ་ཚང་མི་འདུག་ཅིང་། དེ་སྔ་བོད་མས་བཏོན་པའི་དེབ་ཆུང་ཞིག་ཏུའང་འཁྱོག་བཤད་མང་བར་སྣང་བས། དེ་དག་གི་ཆོས་སྡེ་དེའི་མཁན་རབས་དག་གིས་མཛད་པའི་ལོ་རྒྱུས་དངོས་མཇལ་མེད་པར་བཀོད་འདུག་པས་བློ་ཚིམས་པ་མ་བྱུང་།

    ལན།

མཆན་སྤེལ།