སྙན་རྩོམ་བསྟོད་དབྱངས་རྗེ་བཙུན་བླ་མའི་འཁྲུངས་སྐར་བསུ།

སྙན་རྩོམ་བསྟོད་དབྱངས་རྗེ་བཙུན་བླ་མའི་འཁྲུངས་སྐར་བསུ།

དགའ་དད་སྤྲོ་གསུམ་ངང་༧རྗེ་བཙུན་བླ་མ་བློ་བཟང་ཐར་པའམ་དགའ་ལྡན་རྒན་སྙན་གྲགས་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་བསུ།

—————————————————————

བླང་དོར་གནས་ལུགས་བཀྲལ་ལ་ཟླ་མེད་པ། །

ཕུལ་བྱུང་མཁས་པའི་དབུས་ཀྱི་གཙུག་རྒྱན་ཞིག །

ཉེར་གཅིག་དུས་རབས་ཞི་བདེར་བསྒྱུར་མཛད་པའི། །

དུས་ཀྱི་སློབ་དཔོན་ཆེན་མོའི་འཁྲུངས་སྐར་བསུ། །

སྨོན་འདུན་གྱིས།

—————————————————————

འདྲེན་མཆོག་དམ་པ་གཤེགས་པའི་ཤུལ་ལམ་ན།།

དད་ལྡན་མུན་པའི་ཀློང་དུ་ཚུད་པའི་ཚེ།།

ཀུན་ལ་མུན་སེལ་སྒྲོན་མེ་འདེགས་དཔའ་བ།།

རྗེ་བཙུན་བློ་བཟང་ཐར་པའི་འཁྲུངས་སྐར་བསུ།།

ནམ་ཡང་དྲན་གྱིས།

—————————————————————

དམ་ཆོས་འཆད་ལ་ཐོགས་པ་མི་མངའ་བ།།

ཐུགས་རྗེས་འགྲོ་ལ་རྟག་ཏུ་ཉེ་བར་གཟིགས།།

གཟིགས་པ་དུས་ལས་མི་གཡོ་ནུས་ལྡན་མགོན།།

སྐྱེས་མཆོག་བློ་བཟང་ཐར་པའི་འཁྲུངས་སྐར་བསུ།།

རྐང་ལམ་ཕྲ་མོས།

—————————————————————

བློ་བཟང་རྒྱལ་བའི་ཆོས་ཚུལ་འཛིན་པ་ལ།།

 སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མི་གཡོ་བར།།

 སྙིགས་དུས་འགྲོ་ལ་ཆོས་ཀྱི་ལམ་སྟོན་མཁས།།

 ཟླ་མེད་བླ་མ་སྐུ་ཚེ་བརྟན་གྱུར་ཅིག།

 ཐང་དཀར་གྱིས།

___________________________________

བློ་གཏེར་འཇམ་དབྱངས་མི་ཡི་རྣམ་རོལ་བ།།

མཁས་བཙུན་བཟང་གསུམ་ཡོན་ཏན་རྒྱ་མཚོ་ཆེ།།

སྐལ་ལྡན་འགྲོ་ལ་ཐར་པའི་ལམ་སྟོན་པ།།

དཔལ་ལྡན་བླ་མ་སྐུ་ཚེ་བརྟན་གྱུར་ཅིག།

                                  དག་སྨྱོན།

_____________________________________

འཆད་ལ་མ་འཁྲུལ་སྙན་འཇེབས་ལྡན་པའི་གསུང་།།

རྩོད་པའི་དུས་ན་ཕྱོགས་གླང་ཡབ་སྲས་དངོས།།

རྩོམ་པའི་གཞུང་ནི་བཀའ་བསྟན་རྗེས་སུ་འགྲོ།།

བླ་མ་བློ་བཟང་ཐར་པ་སྐུ་ཚེ་བརྟན།།

                གཡས་རུ་ནས་མྱུག

—————————————————————

ཁྱེད་གསུང་བདུད་བརྩི་འཐུང་བའི་སྐལ་ལྡན་ཚོར།།

བློ་རྨོངས་མུན་པའི་ཡོལ་བ་ཕྱེ་མཛད་དེ།།

 ཡང་དག་ལམ་སྟོན་མཛད་པའི་སྒྲོན་མེ་མཆོག།

སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།

པིར་སད་ཀྱིས།

—————————————————————

བསྐལ་མང་སྔོན་ནས་སྒྲིབ་གཉིས་བྱང་ན་ཡང་།།

བརྩེ་བའི་དབང་གིས་ཉམ་ཐག་མགོན་དུ་ཕེབས།།

བདག་སོགས་སྐྱེ་འགྲོ་ཡོངས་ཀྱི་མགོན་གཅིག་པུ།།

སེམས་པའི་དཔའ་བོ་མཆོག་གི་མཛད་བཟང་བསུ།།

བདེན་པའི་མེ་ལྕེ་ནས།

—————————————————————

མུན་ནག་ཡུལ་དུ་ཆོས་ཀྱི་སྒྲོན་མེ་བཏེགས། །

རྨོངས་པ་ཁྱུ་ཚོགས་ལེགས་པའི་ལམ་དུ་ཁྲིད། །

དུས་རབས་འདི་ཡི་ལམ་སྟོན་ཚད་ལྡན་བཤེས། །

སྐྱབས་མཆོག་བློ་བཟང་ཐར་པའི་འཁྲུངས་སྐར་བསུ། །

གངས་ཕྲུག་ནས།

—————————————————————

གནས་ལུགས་སྤྲོས་བྲལ་དག་པ་ཆོས་ཀྱི་དབྱིངས།།

གཞན་ཕན་ཐུགས་རྗེའི་འོད་དཀར་བརྟག་བཞད་ཅིང་།།

འགྲོ་བའི་རྨོངས་པ་ཕ་མཐར་སྤྲད་མཛད་པ།།

བློ་བཟང་ཐར་པ་རིགས་ཀྱི་རྒྱན་དུ་མཛེས།།

 རྩ་བ་ནས་ཕུལ།

—————————————————————

ལྗགས་ཡངས་པདྨོ་ལས་བྱུང་ལེགས་བཤད་གཏམ།།

ཟིལ་མངར་དོག་པ་མྱོང་བའི་སྐལ་ལྡན་གྱི།།

རྐང་དྲུག་སྤྲིན་ཚོགས་བཞིན་དུ་འདུ་བ་འདིས།།

ཁྱོད་ཀྱི་སྙིང་ལ་བདུད་རྩི་བསྙལ་བ་མཚོན།།

ཅུང་པ་རྣམ་རྒྱལ་ཆོས་འཕེལ།

—————————————————————

གང་གི་སྐུ་ནི་མཚན་དཔེ་བརྒྱད་ཅུས་སྤྲས། །

གང་གི་གསུང་ནི་འགག་མེད་སེང་གེའི་སྒྲ། །

གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་གཏེར། །

གང་གི་མགོན་པོ་བློ་བཟང་ཐར་པར་འདུད། །

      ཅེས་སློབ་བུ་གྲལ་མཐར་བསྙེགས་པ་ཁ་བའི་ཟེགས་མས།།

—————————————————————

ཁྱེད་ཀྱི་གསུངས་དབྱངས་ས་གཞི་ཡོངས་སུ་ཁྱབ།།

ཁྱེད་ཀྱི་ཞལ་འཛུམ་མུན་པའི་འོད་ཆེན་བཀྲ།།

ཁྱེད་ཀྱི་བྱམས་བརྩེའི་ཀུན་ལ་བདེ་བ་སྦྱིན།།

ཁྱེད་ཀྱི་ཐུགས་རྗེས་འཛམ་གླིང་ཞི་བདེ་སྒྱུར།།

          ངག་འཕྲིན་སྨྱུག་གུ།

_____________________________________

ཁྱེད་ཞལ་མཇལ་དུས་དགའ་སྤྲོས་རབ་ཏུ་མྱོས།།

ཁྱེད་གསུང་ཚངས་པའི་དབྱངས་ལ་དབང་མེད་དད།།

ཁྱེད་ཐུགས་ཉི་མའི་འོད་ཟེར་ཕྱོགས་བཅུར་འཕྲོ།།

ཤཱཀྱའི་དགེ་སྦྱོང་ཁྱེད་ལ་གུས་པས་འདུད།།

ཁ་བའི་འདབ་མས།

—————————————————————

འཆད་པའི་ཚེ་ན་ཐུན་མིན་འཆད་ཉམས་ཤིག།

རྩོད་པའི་དུས་ནས་མི་འཇིགས་སྤོབས་པ་ཞིག།

རྩོམ་པའི་སྐབས་སུ་རྟོག་པའི་ཉམས་སྣང་ཞིག།

མཁས་པའི་དབང་པོ་ཁྱེད་ལ་རབ་ཏུ་འདུད།།

ཁ་བའི་འདབ་མས།

—————————————————————

མཁས་མཆོག་བྱེ་བའི་དབུས་ན་མགོན་ཁྱེད་མཁས། །

བཙུན་པ་ཁྲི་འབུམ་ཁྲོད་ན་མགོན་ཁྱེད་བཙུན། །

བཟང་པོའི་ལམ་བཟང་མཆོག་གྱུར་ལམ་སྟོན་བཟང་། །

བཟང་གསུམ་ཡོན་ཏན་མངའ་བའི་བླ་མ་རྒྱལ། །

སྨོན་འདུན་གྱིས།

————————————————————

སྙིགས་དུས་འགྲོ་བའི་རྨོངས་མུན་སེལ་ཕྱིར་སྙིགས་མའི་དུས་འདིར་བསམ་བཞིན་བྱོན་པའི།།

གངས་རིའི་ལྗོངས་ཀྱི་འགྲོ་བའི་འདྲེན་པ་སྟོབས་བཅུའི་མངའ་བདག་དུས་ཀྱི་མཁས་པ།།

ཁྱད་པར་དབུས་གཙང་ཉམ་ཐག་འགྲོ་བ་མ་རིག་རྨོངས་པའི་ལམ་ལས་འདྲེན་མཁན།།

མ་ལུས་རྒྱལ་བའི་འཕྲིན་ལས་མཐའ་དག་སྙིགས་མའི་དུས་འདིར་ཁྱེད་ལ་ཡོངས་མངའ།།

དྲིན་ཅན་རྗེ་བོ་བློ་བཟང་ཐར་པས་ནམ་ཡང་ཐུགས་རྗེས་མི་གཏོང་མཛོད་ཅིག།།

       རྩྭ་ཁའི་ཟིལ་པས།

————————————————————

ཚེ་རབས་དུ་མར་འགྲོ་དོན་གཞོལ་བ་ཡི། །

སྐྱེས་མཆོག་ཐར་པ་སླར་ཡང་གླིང་འདིར་ཕེབས། །

ཟབ་བརླིང་གསུང་གི་བདུད་རྩི་རེ་རེ་ཡིས། །

འགྲོ་ཀུན་སྐོམ་པ་སེལ་བའི་བཀའ་དྲིན་བསྐྱངས། །

སྨོན་འདུན་གྱིས།

————————————————————

བློ་གྲོས་ཟབ་མོས་མ་རིག་མུན་པ་བསྐྲད།།

བཟང་པོའི་འཕྲིན་ལས་འདུལ་བྱའི་ཚོགས་ལ་བསྒྲོན།།

ཐར་པའི་ཞིང་སར་ཐེམ་སྐས་རབ་བཙུགས་པའི།།

པ་ཊུ་ཆེན་པོའི་སྐུ་ཚེ་རྟག་བརྟན་ཤོག།

ཆོས་བློ་རྒྱན་གྱིས།

—————————————————————

       ཐབས་མཁས་ཐུགས་རྗེས་སྙིགས་དུས་འགྲོ་བ་ལ། །

     བདེ་གཤེགས་ལམ་བཟང་སྟོན་ལ་ཟླ་མེད་རྗེ། །

 རྡོ་རྗེ་འཆང་དངོས་མི་ཡི་རྣམ་རོལ་བ། །

     དཔལ་ལྡན་བླ་མ་བློ་བཟང་ཐར་པར་འདུད། །

          རྒྱལ་བསྟན་རིན་ཆེན་ཇི་བཞིན་སྟོན་གཅིག་རུང་། །

      ཐུན་མིན་འཆད་ཉམས་དེ་ལ་ཡིད་འཕྲོག་པ། །

    བྱིས་པ་ཁོ་བོས་སྤོས་ལྡན་གྲོང་འདི་ནས། །

       སྨྲ་མཆོག་ཁྱེད་ཀྱི་འཁྲུངས་སྐར་རབ་ཏུ་བསུ། །

                    བློ་དམན་དཔའ་དམར་ནས།

མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་མགོན་ཁྱེད་ཀྱི་མཛད་འཕྲིན་མཐའ་དག་ཡར་ངོའི་ཟླ་བཞིན་འཕེལ་བ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།

བརྒྱུད་སྐུལ།

མཆན་སྤེལ།