རྣམ་བཅུ་དབང་ལྡན་ངོ་སྤྲོད།

རྣམ་བཅུ་དབང་ལྡན་ངོ་སྤྲོད།

རྣམ་བཅུ་དབང་ལྡན་ནི། དུས་ཀྱི་འཁོར་ལོའི་སྙིང་པོ་ཡིན། དེ་ནི། ཡ ར བ ལ མ ཀྵ ཧ་ཞེས་པའི་ཡི་གེ་བདུན་དང༌། ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནཱ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པ་ཞིག་ཡིན། དེ་ཉིད་བོད་ཡིག་ཏུ་བྲིས་ན། ཞེས་པ་འདི་ཡིན། ད་ལྟ་འདིར་བཀོད་པ་ནི། ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་ལཉྫ་ལྟར་བྲིས་པ་ཞིག་ཡིན། ཡིག་གཟུགས་འབྲི་སྟངས་རྒྱས་བསྡུས་ལས། ཕྱི་ཤད་མང་ཉུང་གི་ཁྱད་པར་ཅུང་ཟད་རེ་ཡོད།

འདིའི་མཚོན་དོན་འཇིག་རྟེན་ཁམས་ལ་སྦྱར་ན། ཡ་ནི་རླུང་གི་ཁམས། ར་མེའི་ཁམས། བ་ཆུའི་ཁམས། ལ་སའི་ཁམས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་པོའམ་མཚོན་བྱེད་ཡིན། མ་ནི་འདོད་པའི་ཁམས་དང༌། ཀྵ་ནི་གཟུགས་ཀྱི་ཁམས། ཧ་ནི་གཟུགས་མེད་ཀྱི་ཁམས་ཏེ་ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་ནམ་མཚོན་བྱེད་ཡིན། སྣ་ལྡན་ཟླ་ཚེས་ནི། སེམས་ཅན་གྱི་སྲོག་དང༌། ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད། ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་ཁམས་མཚོན་བྱེད་ཡིན།

དེའི་ཚོན་མདོག་ནི། འོག་གི་འབྱུང་བ་རིམ་བརྩེགས་བཞི་ནི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་པོ། བ་དཀར་པོ། ལ་སེར་པོ། ནཱ་ད་ནམ་མཁའི་ཁམས་སྔོན་པོ་ཡིན། འདི་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། འདི་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀྲ་ཤིས་པར་བྱེད། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློགས་ནས་གནོད་པ་སྲུང༌། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང༌། དགེ་ཞིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་པར་བརྟེན། ཕལ་ཆེ་བས་ཁང་སྟེང་དང༌། གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཆགས་ཡོད། དོན་དངོས་ཐོག་འདིས་ནི་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པས་འདིར་ཆ་ཚང་བ་བཤད་མི་ནུས། ད་ལམ་འདིར་བྲིས་པའི་དགོས་དོན་ཡང་མཐོང་ཐོས་དྲན་པ་ཐམས་ཅད་གནས་སྐབས་བཀྲ་ཤིས་པར་བྱེད་པ་དང་། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་འགྱུར་བའི་ཆེད་དུ་ཡིན།

ངོ་སྤྲོད། རྣམ་བཅུ་དབང་ལྡན་ནི། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་ཡེ་གེ་ཧཀྵམལཝརཡཾབཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་གནས་པ་སྣ་ཚོགས་པདྨའི་གདན་བཞི་དང་བཅས་པ་སྟེ། དེའི་རིམ་པ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་ཀྱི་གདན་བཞིར་བྱུང་བ་རིམ་བརྩེགས་ཀྱི་རང་མདོག་སྟེ། རླུང་གི་ས་བོན་ཡ་ནག་པོ།(འདི་ལ་ལྗངས་ཁུ་ཞེས་ཀྱང་གསུངས།)མེའི་ས་བོན་ར་དམར་པོ། ཆུ་ཡི་ས་བོན་ཝ་དཀར་པོ། སའི་ས་བོན་ལ་སེར་པོ། མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗངས་གུའོ།། གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ།(དཀར་པོར་ཡང་གསུངས།)གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ་ཟླ་ཚེས་ལྔ་ལྡན་སྲོག ཟླ་བའི་ས་བོན་དཀར་པོ། ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ། ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚན་པའོ།། ཡང་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ལ་ཝ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་བརྟེན་པའི་ལྷ་ཚོགས་མཚོན་པར་བྱེད་པ་སོགས་དཔག་མེད་འབྱུང་ཞིང་འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་སོ། །

དགོས་པ། རྣམ་བཅུ་དབང་ལྡན་ནི་དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་སྔགས་ཡིག་ཧཀྵ་མ་ལ་ཝ་ར་ཡ་བཅས་ཡི་གེ་བདུན་དང་། ཡིག་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ཎཱ་ད་དང་བཅས་པའི་ཡི་གེ་བརྩེགས་མའི་ཡིག་སྲོལ་ཐུན་མོང་མ་ ཡིན་པའི་འབྲི་སྟངས་འདི་ནི་བོད་ཡུལ་སྤྱི་དང་བྲེ་བྲག་ཐམས་ཅད་ལ་ཁྱབ་ཅིང་། ཁང་སྟེང་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀྲ་ཤིས་པར་བྱེད་པ་དང་། གཟའ་སྐར་འཕྲོད་སྦྱོར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་སྲུང་བ། ཁྱིམ་གྱི་མཆོད་ཁང་དང་གྱང་ངོས་སོགས་སུ་བཤམས་ན་རྐྱེན་ངན་དང་བར་ཆད་ཅི་ཡོད་སེལ་ཐུབ་པ། ཆོས་དང་འཇིག་རྟེན་གང་གི་དགེ་ཞིང་བཀྲ་ཤིས་པར་བྱེད་པ་སོགས་ཕན་ཡོན་མང་པོ་ཡོད་པར་གསུངས་པས་ན་ཕལ་ཆེ་བས་ཁང་སྟེང་དང་གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་བ་དང་། རྡོ་ལ་བརྐོས་ནས་ཚོན་གྱིས་བརྒྱན་པ། ལ་ལར་གསེར་དངུལ་གྱིས་བཟོས་པ། ཁྱད་པར་དུ་དེང་སང་བོད་ཀྱི་ན་གཞོན་མང་པོའི་སྟོད་གོས་དང་ཞྭ་མོ་སོགས་གྱོན་ཆས་ཀྱི་ངོར་རྣམ་བཅུ་དབང་ལྡན་དཔར་བ་དང་འབྲི་བ། སྐེ་ལའང་རྣམ་བཅུ་དབང་ལྡན་གྱི་གའུ་འདོགས་པ། རྣམ་བཅུ་དབང་ལྡན་གྱི་རྒྱན་རིས་ལྡན་པའི་ལག་གདུབ་དང་མཛུབ་དཀྲིས་བཟོ་བ་སོགས་ཀྱི་བོད་ལུགས་ཀྱི་རྣམ་བཅུ་དབང་ལྡན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚོན་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཉིན་རེ་ལས་ཉིན་རེར་དར་ཁྱབ་ཇེ་ཆེར་གྱུར་དང་འགྱུར་བཞིན་པའོ། །

སྒྲའི་རི་མོ་སྒྲུབ་ཚུལ་དང་བཀླག་ཐབས།  ལེགས་སྦྱར་གྱི་སྐད་དུ་ཧ་ཀྵ་མ་ལ་ཝ་ར་ཡཾ་དང་བོད་སྐད་དུ་རྣམ་བཅུ་དབང་ལྡན་ཞེས་གྲགས་པའི་སྒྲའི་རི་མོ་སྒྲུབ་ཚུལ་ནི། ངེས་དོན་གཞི་རྣམ་བཅུ་དབང་ལྡན་ཡིན་ཞིང་། དེ་ཡང་ཕྲ་རིམ་གྱིས་འགྲུབ་པས་ན་གཡོན་སྐོར་དུ་བརྩམས་ཏེ་ཐིག་ལེ。རྣམ་བཅདཿཨ་ ཨི་ཨྀ་རྀ་ཨུ་ལྀ་སྟེ་རྩ་བའི་དབྱངས་ལྔ། མ། ཀྵ། ཧ་རྣམས་དགོད་པར་བྱ་ཞིང་། དབྱངས་ལ་ཨི་ཡའོ་ཞེས་པས་ཨི་ཡིག་ཡ་དང་། ཨུ་ཝའོ་ཞེས་པས་ཨུ་ཡིག་ཝ་དང་། རྀ་རའོ་ཞེས་པས་རྀ་ཡིག་ར། ལྀ་ལྭའོ་ཞེས་པས་ལོ་ཡིག་ལྭ་རུ་བསྒྱུར་ཞིང་། དེ་རྣམས་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ་སྲོག་མེད་ཨའི་སྟེང་དུ་དྲངས་པ་དང་། དེ་ནས་རིམ་པར་རུ་ཝ་ལྭ་མྲ་ཀླ་ཧ་རྣམས་དྲངས། ཚེག་དྲག་ཟླ་ཕྱེད་དུ་བྱས། ཐིག་ལེ་ནཱ་དས་མཚན་པ་བསྣན་པས་རྣམ་བཅུ་དབང་ལྡན་གྱི་ཡི་གེ་འགྲུབ་ཅིང་། དེ་ཡང་མས་ནས་ཡ་ར་ཝ་ལ་མ་ཀྵ་ཧ་དེའི་སྟེང་ཟླ་ཕྱེད་དང་ཐིག་ལེ་གཉིས་ཏེ་དགུ།  ཀུན་གྱི་སྲོག་གི་ཨ་སྟེ་རྣམ་པ་བཅུའོ། ། དེའི་གཡས་སུ་རོ་མའི་ས་བོན་ཨེ་དམར་པོ་དང་། གཡོན་དུ་རྐྱང་མའི་ས་བོན་ཝེ་སྔོན་པོའོ། ། རྣམ་བཅུ་དབང་ལྡན་ཞེས་པའི་སྔགས་ཡིག་གི་བཀླག་ཐབས་ནི། གསལ་བྱེད་མི་འདྲ་དུ་མ་བརྩེགས། ། རང་སྒྲ་ཐོན་ཙམ་མྱུར་བར་བཀླག ། དབྱངས་དང་ང་རོ་འོག་མ་དབང་། ། ཞེས《སྔགས་བཀླག་ཐབས》ལས་གསུངས་ཏེ། དཔེར་ན་སྔགས་ཡིག་རྣམ་བཅུ་དབང་ལྡན་ལྟ་བུ་ལ་མཚོན་ན། ཧ་ཀྵ་མ་ལ་ཝ་ར་ཡཾ་ཞེས་བཀླག་པར་བྱ་ཞིང་། ཡཾ་འདིའི་ང་རོ་ཀློག་སྟངས་ནི《སྔགས་བཀླག་ཐབས》ལས། རྗེས་སུ་ང་རོ་སྡེ་པ་ལ། ། རང་རང་སྡེ་པའི་ལྔ་པར་བཀླག ། ཡ་སོགས་བརྒྱད་ལ་ང་རུ་བཀླག ། ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། ། ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མ་བརྩི། ། ཞེས་གསུངས་པ་ལྟར། ཡ་སོགས་ཀྱིས་བསྡུས་པའི་ར་དང་། ལ་དང་། ཝ་ཞེས་མཐར་གནས་ཀྱི་ཡི་གེ་བཞི་དང་། ཤ་དང་། ཥ་དང་།  ས་དང་། ཧ་ཞེས་དྲོ་བའི་ཡི་གེ་བཞི་སྟེ་བསྡོམས་པའི་བརྒྱད་ལ་ང་རུ་བཀླག་པའོ། ། དེ་རིགས་ལ་ལ་ལས་དབྱངས་དང་ང་རོ་ཀུན་ལ་སྦྱར་ནས་བཀླག་པ་ནི་མ་དག་པ་ཡིན་ཞིང་། གསལ་བྱེད་བརྩེགས་པའི་དབྱངས་དང་ང་རོ་འོག་མ་གང་ཡིན་པ་དེ་གོང་མ་ལ་དབང་བས་དེ་ལ་སྦྱར་ནས་བཀླག་པ་ནི་རྣམ་དག་གོ།

སྒྲའི་རི་མོ་སྒྲུབ་ཚུལ་དང་བཀླག་ཐབས།  ལེགས་སྦྱར་གྱི་སྐད་དུ་ཧ་ཀྵ་མ་ལ་ཝ་ར་ཡཾ་དང་བོད་སྐད་དུ་རྣམ་བཅུ་དབང་ལྡན་ཞེས་གྲགས་པའི་སྒྲའི་རི་མོ་སྒྲུབ་ཚུལ་ནི། ངེས་དོན་གཞི་རྣམ་བཅུ་དབང་ལྡན་ཡིན་ཞིང་། དེ་ཡང་ཕྲ་རིམ་གྱིས་འགྲུབ་པས་ན་གཡོན་སྐོར་དུ་བརྩམས་ཏེ་ཐིག་ལེ。རྣམ་བཅདཿཨ་ ཨི་ཨྀ་རྀ་ཨུ་ལྀ་སྟེ་རྩ་བའི་དབྱངས་ལྔ། མ། ཀྵ། ཧ་རྣམས་དགོད་པར་བྱ་ཞིང་། དབྱངས་ལ་ཨི་ཡའོ་ཞེས་པས་ཨི་ཡིག་ཡ་དང་། ཨུ་ཝའོ་ཞེས་པས་ཨུ་ཡིག་ཝ་དང་། རྀ་རའོ་ཞེས་པས་རྀ་ཡིག་ར། ལྀ་ལྭའོ་ཞེས་པས་ལོ་ཡིག་ལྭ་རུ་བསྒྱུར་ཞིང་། དེ་རྣམས་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ་སྲོག་མེད་ཨའི་སྟེང་དུ་དྲངས་པ་དང་། དེ་ནས་རིམ་པར་རུ་ཝ་ལྭ་མྲ་ཀླ་ཧ་རྣམས་དྲངས། ཚེག་དྲག་ཟླ་ཕྱེད་དུ་བྱས། ཐིག་ལེ་ནཱ་དས་མཚན་པ་བསྣན་པས་རྣམ་བཅུ་དབང་ལྡན་གྱི་ཡི་གེ་འགྲུབ་ཅིང་། དེ་ཡང་མས་ནས་ཡ་ར་ཝ་ལ་མ་ཀྵ་ཧ་དེའི་སྟེང་ཟླ་ཕྱེད་དང་ཐིག་ལེ་གཉིས་ཏེ་དགུ།  ཀུན་གྱི་སྲོག་གི་ཨ་སྟེ་རྣམ་པ་བཅུའོ། ། དེའི་གཡས་སུ་རོ་མའི་ས་བོན་ཨེ་དམར་པོ་དང་། གཡོན་དུ་རྐྱང་མའི་ས་བོན་ཝེ་སྔོན་པོའོ། ། རྣམ་བཅུ་དབང་ལྡན་ཞེས་པའི་སྔགས་ཡིག་གི་བཀླག་ཐབས་ནི། གསལ་བྱེད་མི་འདྲ་དུ་མ་བརྩེགས། ། རང་སྒྲ་ཐོན་ཙམ་མྱུར་བར་བཀླག ། དབྱངས་དང་ང་རོ་འོག་མ་དབང་། ། ཞེས《སྔགས་བཀླག་ཐབས》ལས་གསུངས་ཏེ། དཔེར་ན་སྔགས་ཡིག་རྣམ་བཅུ་དབང་ལྡན་ལྟ་བུ་ལ་མཚོན་ན། ཧ་ཀྵ་མ་ལ་ཝ་ར་ཡཾ་ཞེས་བཀླག་པར་བྱ་ཞིང་། ཡཾ་འདིའི་ང་རོ་ཀློག་སྟངས་ནི《སྔགས་བཀླག་ཐབས》ལས། རྗེས་སུ་ང་རོ་སྡེ་པ་ལ། ། རང་རང་སྡེ་པའི་ལྔ་པར་བཀླག ། ཡ་སོགས་བརྒྱད་ལ་ང་རུ་བཀླག ། ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། ། ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མ་བརྩི། ། ཞེས་གསུངས་པ་ལྟར། ཡ་སོགས་ཀྱིས་བསྡུས་པའི་ར་དང་། ལ་དང་། ཝ་ཞེས་མཐར་གནས་ཀྱི་ཡི་གེ་བཞི་དང་། ཤ་དང་། ཥ་དང་།  ས་དང་། ཧ་ཞེས་དྲོ་བའི་ཡི་གེ་བཞི་སྟེ་བསྡོམས་པའི་བརྒྱད་ལ་ང་རུ་བཀླག་པའོ། ། དེ་རིགས་ལ་ལ་ལས་དབྱངས་དང་ང་རོ་ཀུན་ལ་སྦྱར་ནས་བཀླག་པ་ནི་མ་དག་པ་ཡིན་ཞིང་། གསལ་བྱེད་བརྩེགས་པའི་དབྱངས་དང་ང་རོ་འོག་མ་གང་ཡིན་པ་དེ་གོང་མ་ལ་དབང་བས་དེ་ལ་སྦྱར་ནས་བཀླག་པ་ནི་རྣམ་དག་གོ།

 

མཚོན་དོན།  དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་རྣམ་བཅུ་དབང་ལྡན་གྱི་མཚོན་དོན་དང་ཚོན་མདོག་བཤད་པ་ལ། ཐོག་མར་རྣམ་བཅུ་ཞེས་པ་ནི་ལལྫའི་ཡི་གེ་ཡ་ར་བ་ལ་མཀྵ་ཧ་བཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་གནས་པ་རྣམས་འབྱུང་བའི་ཁམས་དང་སྦྱར་ན་ནམ་མཁའ་དང་། རླུང་། མེ། ཆུ། ས། བརྟན་པ། གཡོ་བ། གཟུགས་མེད་པའི་ཁམས། ཉི་མ། ཟླ་བ་དང་སྣ་ཚོགས་པདྨ་་གདན་བཞི་དང་བཅས་པ་སྟེ། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་། ། སྒྲ་གཅན་དུས་མེ་ལ་སོགས་གདན་གྱི་སྟེང་། ། རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས། ། ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས། ། མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ། ། ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ། ། དེ་སྟེང་ཧ་དཀར་སྐྱེ་མེད་ཆོས་སྟོན་པ། ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར། ། དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར། ། ནཱ་ད་སྔོན་པོ་དུ་བའི་མདོག་ཅན་སོ། ། སྤྲིན་རིས་སྨུག་པོ་པདྨའི་ཚལ་དང་མཉམ། ། ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད། ། ཅེས་གསུངས་ཏེ།  དེའི་རིམ་པ་སྣ་ཚོགས་པད་མའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ།  སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་གདན་བཞིའི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་རང་མདོག་སྟེ། རླུང་གི་ས་བོན་ཡ་ནག་པོ(ལྗང་གུ་ཞེས་ཀྱང་གསུངས)། མེའི་ས་བོན་ར་དམར་པོ། ཆུའི་ས་བོན་ཝ་དཀར་པོ། སའི་ས་བོན་ལ་སེར་པོ། མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་ བོན་ཕྱོགས་མདོག་སྟེ་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗང་གུའོ། ། གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ(དཀར་པོ་ཡང་གསུངས)  གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ། ཚེག་དྲག་སྟེ་རྣམ་བཅད་ཟླ་ཚེས་སུ་བྱས་པ་དཀར་པོ། ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ། ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚན་པ་སོགས་དང་། ཡང་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ་དང་། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་རྟེན་བརྟེན་པའི་ལྷ་རྣམས་མཚོན་པར་བྱེད་པ་སོགས་དཔག་མེད་འབྱུང་ཞིང་འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་ནོ། །

ཐིག་འདེབས་ཚུལ།  བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གང་དུའང་རྣམ་བཅུ་དབང་ལྡན་འབྲི་བ་དང་རྐོ་བ་སོགས་ཤིན་ཏུ་དར་ཆེ་ལ། གལ་སྲིད་རྣམ་བཅུ་དབང་ལྡན་གྱི་ཐིག་རྩ་མ་ཤེས་པར་གང་འདོད་ལྟར་འབྲི་བ་དང་བརྐོས་ན་དགེ་བ་ཡོད་པ་ཕར་ཞོག་ཉེས་པར་འགྱུར་བའི་བཤད་སྲོལ་ཡོད། དེས་ན་རྣམ་བཅུ་དབང་ལྡན་གྱི་ཐིག་རྩ་འདེབས་ཚུལ་ཤེས་པ་ནི་གལ་ཆེ། རྣམ་བཅུ་དབང་ལྡན་ཆེ་ཆུང་ཇི་ལྟར་བྱ་བར་འདོད་པའི་གཞིར་ཐིག་ཆེན་སྤྱི་ལྟར་བྱ་ལ། ཚངས་ཐིག་གཡས་གཡོན་དུ་ཆ་ཆེན་དྲུག་རེའི་གཞུང་ཐིག་གདབ། གཡས་འགོའི་ཆ་གསུམ་ཡི་གེའི་ཁོག་པའི་རྒྱ་ཚད་དང་། གཞན་དགུ་རྐང་པའོ།། རྐང་པའི་བར་སྟོང་གི་ཆར་ཐིག་ཆེན་གཅིག་གི་བརྒྱད་ཆ་རེ་སྟེ། རྐང་པའི་གཞུང་ཐིག་རྣམས་ཀྱི་ནང་ངོས་ནས་ཆའི་གཞུང་ཐིག་རེ་བྱ། འཕྲེད་དུ་གོང་དུ་སྲིད་ཀྱི་རིམ་པར་ཐིག་ཆེན་ཉེར་གསུམ་དང་། ཕྱེད་དང་། གསུམ་བཅས་ཕྱེད་ཉེར་བདུན་གྱི་ཐིག་གདབ། སྲིད་དུ་ནཱ་ད་སུམ་འཁྱོགས་ཅན་ལ་ཆ་ཆེན་གཅིག ཐིག་ལེའམ་ཉི་མ་ལ་ཆ་ཆེན་གཉིས། ཟླ་ཚེས་གཞུང་གི་སྲིད་ཚད་ལ་གཅིག་རྩེ་གཉིས་བགྲད་པ་ལ་གསུམ།   (བཟོ་རིག་མཛེས་པའི་ཁ་རྒྱན་སོགས་ལས་འདི་ལྟར་བཤད་ཀྱང་། ཆ་ཆེན་གསུམ་གྱི་དབང་དུ་བྱས་ན། ཉི་མའི་རྩེ་དང་མཉམ་པས་མཐོ་སྐྱོན་ཡོད་པས་གཉིས་སུ་ངེས་ཤིང་རྩེ་གཉིས་ཀྱི་རྒྱར་ཆ་ཆེན་གསུམ་མོ)ཡིག་མགོ་ལ་ཆ་གསུམ། གཡས་ནས་ཆ་གཉིས་སོང་མཚམས་ཧ་ཡིག་གི་སྐེ་བཏོན། ཧ་ལ་ཆ་གཉིས། ཧའི་སྐེ་ལ་གཅིག་ཀྵ་ལ་གསུམ། མ་དང་ལ་གཉིས་པོར་ཕྱེད་གསུམ་རེ། ཝ་ལ་གཉིས་དང་། ར་ལ་གཅིག ཡ་ལ་གཉིས་སྟེ་ཡི་གེའི་དབུ་དང་བཅས་པའི་སྲིད་ཚད་དུ་ཆ་ཆེན་བཅུ་དགུའོ། ། མཛེས་ཆར་ཡི་གེའི་མགོ་འོག་ལུས་ཆུད་པ། ཡི་གེའི་རྐང་ལག་སླས་མ་ལྟ་བུ་སྟེང་འགྲོ་དང་འོག་འགྲོ་མི་ནོར་ཞིང་སྒྲོས་གཙང་བ་གལ་ཆེ། ཡི་གེའི་རྐང་པའི་མས་ཐིག་ནས་དུས་མེའི་གདན་ལ་ཆ་ཆེན་གཅིག དེ་འོག་ཉི་མ་དང་ཟླ་བའི་གདན་ལ་ཆ་ཆེན་གྱི་བཞི་ཆ་རེ། དེ་འོག་ཟེའུ་འབྲུ་ལ་གཅིག པད་མ་ལ་གཉིས་བཅས་གདན་གྱི་སྲིད་དུ་ཆ་ཆེན་བཞི་དང་ཕྱེད་ཡིན་ལ། དེའང་གདན་བརྩེགས་པ་ཐམས་ཅད་མས་ནས་ཡས་ཀྱི་རིམ་པར་རྒྱ་ཇེ་ཆུང་དུ་བྱ་ཞིང་པད་མ་ལ་པ་ཧྲ་སོགས་ཀྱིས་མཛེས་ཆས་བསྐོར། རྒྱབ་ཡོལ་གྱི་ཚད་ཞིབ་པར་མ་གསུངས་ཀྱང་བཟོ་བོས་རྣམ་བཅུ་དབང་ལྡན་གྱི་རྒྱས་བསྡུས་དང་འཚམ་པའི་ནོར་འཛིན་པ་ཧྲ་དང་འོད་ཟེར་པ་ཧྲ་སོགས་ཀྱིས་མཛེས་པར་བྱའོ། ། དེ་ལྟར་རྒྱས་པར་མི་ཕྱེ་ན། ཡ་ར་ཀྵ་ཧའི་ལག་བཞི་དང་ལྡན་པ་དང་། ཡཀྵ་ཧའི་ལག་གསུམ་དང་། ལག་པ་ལྔ་དང་། བཞི་དང་། གསུམ་སོགས་རྒྱས་བསྡུས་རིགས་འགྲེ་སྟེ་འབྲི་བར་བྱའོ་ཞེས་པ་ནི་དཀོན་མཆོག་བསྟན་འཛིན་གྱིས་བརྩམས་པའི《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》ཞེས་པ་ལས་བཤུས་ནས་དྲངས་པའོ། །

དམངས་སྲོལ།  བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕོ་བྲང་དང་དགོན་སྔེ། མཆོད་རྟེན། སྡོད་ཁང་སོགས་ཀྱི་གྱང་དང་། རྡོ་རྩིག བར་ཁྱམས། སྒོ་བཀག་སོགས་ཀྱི་ངོས་སུ་རྣམ་བཅུ་དབང་ལྡན་སོགས་ཀྱི་རི་མོ་རྣམས་འབྲི་བ་དང་ཡང་ན་རི་མོར་བརྐོས་ནས་ཚོན་གྱིས་བསྒྱུར་ཞིང་འབྲི་བའི་སྲོལ་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ། དེ་ནི་རི་མོ་ཙམ་མམ་མཛེས་མཚོན་ཙམ་མིན་པར་རི་མོ་དེ་དག་གིས་ཕྱི་ནང་གསང་གསུམ་གྱི་མི་མཐུན་པ་དང་བར་ཆད། འགལ་རྐྱེན་ཡོད་དོ་ཅོག་སེལ་བར་བྱེད་ཅིང་མི་དང་སྒོ་ཕྱུགས་ཐམས་ཅད་བདེ་ཞིང་སྐྱིད་པར་གནས་པ་དང་དར་བ། ཁྱད་པར་དུ་སེམས་ཅན་ཐམས་ཅད་གནས་སྐབས་ཀྱི་ཐར་པ་དང་མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་འགྲུབ་པར་བྱེད་ཅིང་མི་དང་སྒོ་ཕྱུགས་ཐམས་ཅད་བདེ་ཞིང་སྐྱིད་པར་གནས་པ་དང་དར་བ། ཁྱད་པར་དུ་སེམས་ཅན་ཐམས་ཅད་གནས་སྐབས་ཀྱི་ཐར་པ་དང་མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་སུ་འགྲོ་བའི་བོད་རང་གི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་མཚོན་དོན་ཡོད་པ་ཞིག་ཡིན་ནོ། ། སྒོ་དང་རྒྱལ་སྒོའི་སྟེང་དང་སྒོ་ཡོལ་ལ་རྣམ་བཅུ་དབང་ལྡན་ཞེས་པད་གདན་གྱི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་སྙིང་པོ་རྣམས་ཡི་གེ་བཅུ་རུ་བསྡུས་ཏེ་གཅིག་ཐོག་གཅིག་བརྩེགས་ལྟ་བུས་དབྱིབས་གཟུགས་གཅིག་ཏུ་མཚོན་པ་དང་། ཡི་གེ་རེ་རེ་ཚོན་མདོག་མི་འདྲ་བ་ལ་ལཉྫའི་རྣམ་པར་གནས་པ་འདི་ནི་དབང་དང་གྲགས་པ་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུའོ། །      མདོར་ན་རྣམ་བཅུ་དབང་ལྡན་ཞེས་པ་རི་མོའི་ཚུལ་དུ་གང་ལ་བྲིས་པ་དང་བརྐོས་པ་ལ་བལྟས་པ་ཙམ་གྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས་ལས་བྱུང་བའི་དམངས་སྲོལ་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ཞིང་། གཞན་ཡང་རྟེན་འབྲེལ་མཚོན་པའི་རི་མོ་སོ་སོའི་ནང་དོན་དང་རྣམ་པ། ཚོན་མདོག་སོགས་མི་འདྲ་བའི་ཁྱད་པར་ལས་མཚོན་བྱའི་རྟེན་འབྲེལ་གྱི་དོན་དང་མཚོན་བྱེད་ཀྱི་རྟགས་ཀྱི་རི་མོ་སོགས་ཀྱི་ཁུངས་དང་རྒྱུ་མཚན་སོགས་ཕུན་སུམ་ཚོགས་པ་ཞིག་བཤད་རྒྱུ་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གནས། དམངས་སྲོལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྙིང་པོ་དང་ཁྱད་ཆོས་མཚོན་ཐུབ་པ་ཞིག་གོ།    བོད་ཀྱི་དམངས་སྲོལ་རི་མོ་རྣམ་བཅུ་དབང་ལྡན་ལས་གཞན་བཀྲ་ཤིས་རྟགས་བརྒྱད་པོ་རེ་རེ་ནས་འབྲི་བ་དང་ཡང་བཀྲ་ཤིས་རྟགས་བརྒྱད་བུམ་གཟུགས་མ་འབྲི་བ་སོགས་གང་ལྟར་ཀྱང་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། ལོངས་སྤྱོད་སོགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་མཚོན་པར་བྱེད་པ་སྟེ།  ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། ། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག ། གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། ། ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། ། སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། ། ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། ། མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། ། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། ། བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག། རྫས་མཆོད་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། ། དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག། བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག  ཅེས《འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་མོའི་མདོ》ལས་གསུངས་པ་དང་། དེ་བཞིན་སྡོམ་མཚོན་དམ་པ་ཞེས་པས་ཀྱང་མཁན་སློབ་ཆོས་གསུམ་མཚོན་པར་བྱེད་པ་སོགས་ཀྱི་རྟེན་འབྲེལ་གྱི་བཤད་པ་ཕུན་སུམ་ཚོགས་པ་ཡོད་ཅིང་། གཞན་ཡང་བཀྲ་ཤིས་རྫས་བརྒྱད། ཉི་ཟླ་གཡུང་དྲུང་། ནོར་བུ་དགའ་འཁྱིལ། རི་དྭགས་ཆོས་འཁོར། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག ཕྱུག་པོ་རྣམ་གསུམ། སོག་པོ་སྟག་འཁྲིད། ཨ་ཙ་ར་གླང་ཁྲིད་སོགས་འབྲི་བ་དང་བརྐོ་བའི་སྲོལ་དར་ཞིང་། གཞན་ཡང་དར་ལྕོག་གི་ཁ་དོག་དང་རླུང་རྟའི་རི་མོ་སོགས་དམངས་ཁྲོད་ཀྱི་རི་མོའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་དར་ཞིང་རྒྱས་པའོ། །

པད་གདན།  དེ་ཡང་རྣམ་བཅུ་དབང་ལྡན་གྱི་གདན་ལ་པད་མ་བྱེད་པ་ནི་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་སེམས་ཏེ། སྤྱིར་པདྨ་ཞེས་པ་ནི་མེ་ཏོག་གི་རིགས་ཤིག་སྟེ་མེ་ཏོག་པདྨའམ་ཆུ་སྐྱེས་པདྨ་ཞེས་པ་ལྟ་བུ་འཛམ་གླིང་གི་ས་ཆ་སྤྱི་དང་བྱེ་བྲག་གང་ལའང་ཡོད་པའི་མེ་ཏོག་ཅིག་ཡིན་མོད། འོན་ཀྱང་རང་ཅག་ཁ་བ་ཅན་གྱི་ལྗོངས་ལྟ་བུའི་ཆོས་དང་རིག་གནས།

དམངས་སྲོལ་གོམས་གཤིས་གང་ལའང་མེ་ཏོག་པདྨའི་མཚོན་དོན་དང་མཛེས་སྡུག་གི་རིག་གནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དར་བ་ནི་བོད་མ་གཏོགས་གཞན་ལ་དེ་འདྲའི་རིག་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཤིན་ཏུ་དཀོན་པར་སེམས་སོ། །

འདི་ནས་བོད་ཁ་བ་ཅན་དང་མེ་ཏོག་པདྨ་ཞེས་པའི་སྐོར་ཅུང་ཙམ་ཞུ་ན། མེ་ཏོག་པདྨའི་མིང་གི་རྣམ་གྲངས་ལ་ཆུ་སྐྱེས་སམ་མཚོ་སྐྱེས། ཆུ་རྒྱན། ཟླ་བའི་དགྲ། ཉི་མའི་གཉེན་སོགས་མེ་ཏོག་པདྨའི་མིང་གི་རྣམ་གྲངས་བརྒྱར་ཉེ་བ་ཞིག་ཡོད་པ《མངོན་བརྗོད》ལས་ གསལ་ཞིང་། དེ་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་པོར་གྲུབ་ཅིང་། ཁྱད་ཆོས་དེ་ལས་ཁ་བ་ཅན་གྱི་འགྲོ་བ་མིའི་མིང་ལའང་པདྨ་གཡང་འཛོམས་དང་པདྨ་དབྱངས་ཅན། པདྨ་སྒྲོལ་དཀར་སོགས་མོ་རྒྱུད་ཀྱི་མིང་། པདྨ་ཚེ་རིང་དང་པདྨ་རྡོ་རྗེ། པདྨ་ཤེས་རབ་སོགས་ཕོ་རྒྱུད་ཀྱི་མིང་སོགས་པདྨའི་མིང་གིས་ཟིན་པའི་མིང་ཅན་ནི་བོད་ལས་མི་རིགས་གཞན་པ་ལ་དེ་འདྲའི་མང་བ་ནི་ཤིན་ཏུ་དཀོན་པ་དང་། ཡང་སྒོས་བོད་ཁ་བ་ཅན་གྱི་ལྷ་སྐལ་དུ་གྱུར་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་ལའང་ཕྱག་ན་པདྨོ་དང་། པད་དཀར་ཅན་དང་པད་དཀར་འཛིན་པ་ཞེས་པ་སོགས་ཀྱི་མཚན་ཕུན་སུམ་ཚོགས་པ་དང་། སློབ་དཔོན་གུ་རུ་རིན་པོ་ཆེ་ལ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་པས་མཚོན་པ་སོགས་ནི་དེ་བས་ཀྱང་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་པར་གྲུབ་བོ། །

བོད་ཀྱི་དམངས་ཁྲོད་ཡུལ་སྲོལ་གྱི་རི་མོར་མཚོན་ན། ཁང་པའི་གྱང་། ཀ་གདུང་། སྒོ་དང་སྒེའུ་ཁུང་གི་རུ་བཞི་སོགས་ཀྱི་ངོར་ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱིས་མེ་ཏོག་པདྨ་བྲིས་པ་ལ་པདྨ་ཡོངས་སུ་བཞད་པ་དང་། ལ་ལ་ཁ་འབྱེད་ལ་ཁད་པ། མ་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ། ཟུམ་པའི་པདྨ་རྣམས་ཐལ་མོ་སྦྱར་བ། དགོད་པའི་པདྨ་རྣམས་གེ་སར་ངོམ་པ། སྦས་པའི་པདྨ་རྣམས་སྦུགས་སུ་གནས་པ་ལ་སོགས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་པདྨའི་རི་མོའི་སྒྱུ་རྩལ་མངོན་པ་ནིའང་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་པར་གྲུབ་བོ། །

འཚོ་བའི་ཡོ་བྱད་ལ་ཅོག་ཙེ་དང་། མཆོད་གཤོམ། ཆ་སྒམ་སོགས་ཀྱི་ངོར་མེ་ཏོག་པདྨ་དང་པདྨའི་སྡོང་པོ་འབྲི་བ་དང་བརྐོ་བ་ལ་རིགས་གསུམ་མགོན་པོ་མཚོན་བྱེད་དུ་ཚོན་མདོག་དཀར་དམར་སྔོ་གསུམ་གྱིས་བརྒྱན་པ་སྟེ། དཀར་པོས་སྤྱན་རས་གཟིགས་ཀྱི་ངོ་བོ་སྟེ་སྙིང་རྗེ་མཚོན་པ་དང་། དམར་པོས་འཇམ་པའི་དབྱངས་ཀྱི་ངོ་བོ་སྟེ་ཤེས་རབ་མཚོན་པ་དང་། སྔོན་པོས་ཕྱག་ན་རྡོ་རྗེའི་ངོ་བོ་སྟེ་མཐུ་སྟོབས་མཚོན་པ་སོགས་གྱི་ངོ་བོ་གཅིག་ཏུ་བསྡུས་ནས་པདྨའི་སྡོང་པོ་བྲིས་པ་དང་། གཞན་པདྨའི་ཞྭ་དང་པདྨའི་ལྷམ། པདྨའི་རི་དང་པདྨའི་ཐང་སོགས་བགྲང་གིས་མི་ལངས་བ་བྱུང་དང་འབྱུང་བཞིན་ཡོད་པ་ནིའང་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་པར་གྲུབ་བོ། །

དེ་ལྟར་གོང་དུ་ཞུས་པ་ནི་བོད་ཀྱི་དམངས་སྲོལ་གྱི་ཆ་ནས་མེ་ཏོག་པདྨའི་སྐོར་བཤད་ཅིང་། གཤམ་ནས་བོད་ཀྱི་རིག་གཞུང་དང་བསམ་བློའི་ལྟ་གྲུབ་ཀྱི་ཆ་ནས་མེ་ཏོག་པདྨའི་སྐོར་ཅུང་ཙམ་ཞུ་ན། རྗེ་དགེ་འདུན་ཆོས་འཕེལ་གྱིས《ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་དང་ངོས་ཇི་ལྟར་འཕྲོད་ཚུལ》ཞེས་པའི་ནང་དུ་མེ་ཏོག་པདྨའི་ངོ་བོ་དང་། ཁ་དོག ཡོན་ཏན། རིགས་སོགས་བྲིས་པ་ནི་མེ་ཏོག་པདྨ་ཞེས་པ་རི་མོར་འབྲི་བའི་གཟུགས་བརྙན་གྱི་ སྒྱུ་རྩལ་ཁོ་ན་ཙམ་མིན་པར་བོད་ཀྱི་སྐྱེ་དངོས་རིགས་ཀྱི་རིག་པའི་རྩ་ལག་ཏུ་ངོས་འཛིན་བྱས་ནས་གཞུང་བརྩམས་པ་དང་པོ་ཡིན་ཞིང་། དེ་འདྲའི་ཐུན་མོང་མ་ཡིན་པའི་མེ་ཏོག་པདྨའི་རིག་གནས་དང་སྒྱུ་རྩལ་ལས་བོད་ཀྱི་རྩོམ་རིག་ཏུ་མེ་ཏོག་པདྨ་དཔེ་དང་དཔེ་ཅན་དུ་འགོད་པའི་རྩོམ་རིག་གི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་བྱུང་སྟེ། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས། པད་ཚལ་གྱིས་ནི་བུང་བ་དང་། ། འོད་དཀར་གྱིས་ནི་རི་བོང་དང་། ། སྨིན་ལེགས་གཟུགས་ལ་ཡིད་སྲུབས་བཞིན། ། འདིས་ནི་འགྲོ་བའི་ཡིད་རྣམས་འཛིན། ། ཞེས་པ་དང་། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་བརྩམས་པའི《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པ་ལས།   ངག་སྙན་རྩི་སྦྲང་ཁྱོ་ཤུག་གཉིས་ལས་ཤུགས་ཀྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་འདབ་ཡངས་ཀྱིས་ནམ་མཁའ་ལ་འཕུར་ལྡིང་གཡོ་བའི་སྐབས་ཤིག་ཉི་མའི་མདངས་གློ་བུར་དུ་ཉམས་ནས།   སྤྲིན་ནག་གི་གྲིབ་མ་ས་ལ་ལྷུང་སྟེ་པདྨ་རྣམས་ཅིག་ཅར་དུ་ཁ་ཟུམ་པས་ངག་སྙན་པདྨའི་སྦུགས་སུ་འཐུམས་ནས་དབུགས་འཐུམས་ཏེ་འཇིགས་སྐྲག་དངངས་ཤིང་གཏམ་བརྗོད་མ་ནུས་པར་བུབ་བུབ་བུབ་ཟེར་ཞིང་འདུག་པ་ན། འདབ་ཡངས་ཀྱི་འཇིགས་ཤིང་སྐྲག་སྟེ་ཅི་བྱ་གཏོལ་མེད་པར་གྱུར་ནས་པད་ལྗོན་གྱི་དྲུང་དུ་ས་ལ་བབས་ནས་མྱ་ངན་གྱི་གདུང་བས་སྙིང་ལ་གནོན་ཏེ་ས་ལ་འགྲེ་ལྡོག་བྱེད་ཅིང་འདི་སྐད་དུ། ཞེས་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐས། མཁའ་ལ་རང་བྱུང་འཁོར་ལོ་རྩིབས་བརྒྱད་དབྱིབས། མི་རང་བྱུང་འཁོར་ལོ་རྩིབས་བརྒྱད་དབྱིབས། ། མི་རྣམས་པདྨ་འདབ་རབ་རྒྱས་པ་འདྲ། །ཞེས་བོད་ཁ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་གསུངས་པ་དང་། ཤར་སྐལ་ལྡན་རྒྱ་མཚོས་རང་གི་བླ་མའི་ཡོན་ཏན་བརྗོད་པ་ལ། འཇམ་དབྱངས་ཉིན་བྱེད་མཁྱེན་བརྩེའི་འོད་སྟོང་ནི། ། གང་ཐུགས་པདྨའི་ཚལ་དུ་ཕོག་པ་ན། ། ངོ་མཚར་ཡོན་ཏན་འདབ་བརྒྱ་བཞད་པ་ལས། ། སྙན་གྲགས་དྲི་བསུང་འཕྲོ་ལ་གསོལ་བ་འདེབས། ། ཞེས་པ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ས་པཎ་ཀུན་དགའ་རྒྱལ་མཚན་ཇི་ལྟར་འཁྲུངས་པའི་སྐོར་ལ། ཡོན་ཏན་འདབ་མ་སྟོང་ལྡན་པའི། ། རྒྱལ་སྲས་པདྨ་དཀར་པོ་འཁྲུངས། ། དེའི་ཚེ་བྱིས་པ་ཐ་མལ་བའི། ། སྤྱོད་ཡུལ་མངལ་གྱི་འདབ་མ་ཡི། ། འཆིང་བའི་རྒྱ་དང་ལྷན་ཅིག་གྲོལ། ། ཞེས་གསུངས་པ་སོགས་མང་ཞིང་། ཁྱད་པར་དུ་ལྟ་གྲུབ་ཀྱི་འཆིང་གྲོལ་གྱི་གནད་ཆེན་པོའང་པདྨ་ལ་སྦྱར་ནས་གསུངས་པ་ནི། ཇི་ལྟར་འདམ་ལས་སྐྱེས་པའི་ཀ་མ་ལ། ། མི་གཙང་འདམ་གྱི་དྲི་མ་སྤངས་པ་བཞིན། ། མངལ་གྱི་ཆུ་འཛིན་ལྟོ་བ་ལས་འོངས་ཀྱང་། ། དེ་ཡིས་འཆིང་བའི་རྒྱ་ལས་རྣམ་པར་གྲོལ། ། ཞེས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་ཤིང་རྒྱས་པ་ནི་ཁོ་བོས་རྩོམ་སྒྲིག་བྱས་པའི《བོད་ཀྱི་སྒྲུབ་བརྒྱུད་འཛིན་པ་རྣམས་ཀྱི་ལྟ་གྲུབ་ཀྱི་ལེགས་བཤད་མཐོང་བ་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ》ཞེས་པ་དང་། བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་》ཞེས་པ་སོགས་ལ་གཟིགས་པར་བའོ།།  །།

 

ཡོང་ཁུངས། ཕུན་ཚོགས་སྡེ་བཞིའི་རྩོམ་རིག་འཕྲིན་སྟེགས།

 

 

བརྒྱུད་སྐུལ།

མཆན་སྤེལ།