༄། །སྒོམ་ཆེན་ཚུལ་ཁྲིམས་དང་། རྫ་ཙིག་གཉིས་ཀྱི་རྩོད་གཏམ།

༄། །སྒོམ་ཆེན་ཚུལ་ཁྲིམས་དང་། རྫ་ཙིག་གཉིས་ཀྱི་རྩོད་གཏམ།

༄༅། །ཨྃསྭསྟི། དང་པོའི་སངས་རྒྱས་རྒྱལ་བ་རབས་བདུན་དང་། །རིགས་ལྡན་ཉེར་ལྔ་སྟོབས་ལྡན་འཁོར་ལོ་ཆེར། ། སྙིང་ནས་འདུད་དོ་འདི་ནས་འཕོས་མ་ཐག །ཞིང་མཆོག་ཤམྦྷ་ལ་རུ་དྲང་དུ་གསོལ།།

༈ ན་མོ་ལོ་ཀེ་ཤྭ་རཱ་ཡ། ཧྲི༔  འཇིག་རྟེན་མགོན་པོ་བླ་མ་སྤྱན་རས་གཟིགས། །བདག་སོགས་ལས་ངན་རིགས་དྲུག་སེམས་ཅན་རྣམས། །གཅིག་ལ་གཅིག་གནོད་བསམ་སྤྱོར་ཞི་བ་དང་། །ཕན་ཚུན་དག་སྣང་འབྱོངས་པར་བྱིན་གྱིས་རློབས། དེ་ཡང་། བདག་ཉིད་བྲག་སྐྱ་སེང་བདེ་ཕྲུག་ཅེས་བྱ་བའི་དབེན་གནས་ཤིག་ན། མཚན་དུས་དགེ་སྦྱོར་གྱི་རྒྱུན་ལ་ཅུང་ཟད་གནས་པའི་ཚེ། ནམ་སྲོད་ཙམ་ལ་སྤྱིལ་བུའི་ནང་དུ་སྔོན་མེད་ཚིག་ཚོབ་དང་། ཐོ་ཅོའི་སྒྲ་ཆེན་པོ་ཞིག་བྱུང་བས་ཅི་ཡིན། སྔར་ངའི་གནས་འདི་དབེན་ཞིང་སོས་བསོད་པ་ལ། ད་རེས་ནི་ཐུག་ཆོམ་དང་འ་འུར་གྱི་སྒྲ་ཆེན་པོ་དེ་ཅི་རང་ཡིན། སྒོམ་ཆེན་མཆོད་སྡོར་ཞན་པས་རླུང་ལངས་པ་ཡིན་ནམ། ཆོམ་རྐུན་དང་ལྷ་འདྲེའི་འཕྲུལ་ཞིག་ཡིན་ནམ། དགེ་སྦྱོར་གྱི་འཕྲོ་ཡང་སྟོར། ཅུང་ཞིག་ཧར་ཏེ་ལུས་བྱུང་།

ཡང་གཅིག་བསཾ། ད་སྟེ་ཅིང་ཡིན་རུང་བྱ་རྒྱུ་མེད། བླ་མ་མཁྱེན་སྙམ། བླ་མ་ལ་གསོལ་བ་འདེབས་ཀྱིན་བསྡད་པས། དེ་ཁའི་མུ་ནས་ནམ་ལངས་སོང་བས། ཨ་དེ་མདང་དགོང་གི་ཆོ་འཕྲུལ་དེ་ཅི་རང་ཡིན་སྙམ་སྤྱིལ་བུའི་ནང་ལ་མིག་ཧྲིག་ཧྲིག་བལྟས་པས། གཏོར་མ་དང་ཞལ་ཟས་ནི་དུམ་བུར་བཏང་། རྩམ་པ་སྐྱ་ཐོ་རེ། ནང་ཡང་རྡུལ་བུན་བུན་ཧོར་འདྲ་ཤོར་བ་འདྲ་བཅོས་འདུག་པས། ག་རེ་འདི་འདྲ་ཨ་ཀྱང་རང་དྲག་བྱུང་། བྱེད་ལུགས་འདི་ལ་བསམ་ན་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་གཉིས་སྔར་ངས་གཟན་འབྲུ་ལ་སོགས་ཀྱི་དྲིན་གྱིས་བསྐྱངས་པས་ད་ནི་དྲིན་ལན་ལོག་པར་འཇལ་ནས་ང་ལ་ངན་བྱས་པ་མིན་ལས་ཆེ། གང་ནས་བསམས་རུང་བརྟག་པ་ཞིག་བྱ་དགོས་སྙམ། དེའི་སང་ནུབ་ཕོར་རྙི་ལེགས་པ་གཅིག་བཙུགས་ཏེ་བཞག་པས། རེ་ཞིག་ཅིག་ནས་ཁྲོབ་ཁྲོབ་སྡིག་ཆོམ་ཟེར་འདུག །མགྱོགས་པར་ལངས་ཞུ་མར་ཁྱེར་ནས་བལྟས་པས། སྤག་ཕོར་གྱི་འོག་ན་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་གཉིས་མིག་ནག་སིང་ངེ་། སྨ་ར་སེར་སུད་དེ་བསྡད་འདུག་ །ཁོ་བོའི་བསམ་པར། ཞིབ་ཏུ་དཔྱད་པར་རྟ་བ་རྟབ་པོར་ཁྲིམས་གཅོད་པ་རང་མི་རུང་། སྔོན་ལ་གཏམ་ཞིག་ཀྱང་དྲིས། ཁོང་གཉིས་ནས་གང་ཟེར་ཞིག་བལྟ་དགོས་སྙམ་ཁོ་བོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།།

རྫ་ར་སེར་སྐྱ་བྱི་བ་སྨུག་ཆུང་གཉིས། །དྲིས་པའི་གཏམ་པ་ལན་ཞིག་དྲང་པོར་ཐོབས། །ང་ནི་འཆི་བར་འཇིགས་ཏེ་རི་ཁྲོད་འགྲིམས། །དཀོན་མཆོག་མཆོད་ནས་གསོལ་བ་སྙིང་ནས་འདེབས། །དཀོན་མཆོག་མཆོད་གཏོར་ཁྱོད་ཀྱིས་མ་ཁྱེར་རམ། །མཆོད་གཏོར་བརྐུས་ན་རྣམ་སྨིན་ངན་པ་འབྱུང། །སྒོམ་ཆེན་བརྙས་ན་མཁའ་འགྲོའི་བཀའ་ཆད་འོང་། །ཡང་ན་གཞན་གྱིས་ཁྱེར་བ་མ་མཐོང་ངམ། །ད་ལྟ་གསལ་པོར་ཤོད་དང་ཁྱིམ་མཚེས་གཉིས། །ཞེས་ཉམས་སད་པའི་ཆེད་འཇམ་པོའི་ཚིག་གིས་གང་ཟེར་ཞིག་དྲིས་པས། །ཁོང་གཉིས་གྲུ་མོ་སུག་སུག་རྒོད་ཆུང་སིག་སིག་བྱས་ནས་མགྲིན་གཅིག་ཏུ་འདི་སྐད་ཟེར་རོ། །ཧེ་ཧེ། སྒོམ་གོགས་མེད་པའི་སྒོམ་ཆེན་རྒོད་རེ་བྲོ། །རང་དོན་མི་འབྱོན་གཞན་དོན་ཡ་རེ་མཚན། །ཆོས་པ་དཀོར་གྱིས་སྨྱོ་ན་ཐོ་ཅོ་བྱེད། །མི་ནག་ཚང་གིས་སྨྱོ་ན་སྐྱུར་འགོང་བྱེད། །སྒོམ་ཆེན་རླུང་གིས་བུན་ན་ཅིང་ཡང་ཟེར། །ངེད་གཉིས་ལྟོགས་ཀྱང་རྐུན་མ་ཅི་ལ་རྐུ། །རྒོད་པོ་ལྟོགས་ཀྱང་རྩྭ་སྔོན་གང་ནས་ཟ། །རྒོད་པོ་ལྟོགས་ཀྱང་རྩྭ་སྔོན་གང་ནས་ཟ། །ར་ཕོ་རྒས་ཀྱང་ཡས་ཟོ་ཅི་ལ་ཡོང་། །བྱ་རོག་རྒས་ཀྱང་སྐྲ་དཀར་ཅི་ལ་འོང་། ངེད་གཉིས་ནོར་རྫས་འཛོམས་པའི་ཤ་བོ་ཡིན། །མི་ནོར་རྫས་གསུམ་གཞན་ལ་སྨོན་དགོས་མེད། ཕ་མས་བསགས་པའི་གྲོ་དོང་འབྲུ་མཛོད་ཡོད། །ང་རས་བསགས་པའི་གསེར་དངུལ་གོས་དར་ཡོད། །ང་རས་བགས་པའི་གྲོ་དོང་འབྲུ་མཛོད་ཡོད། སྒོམ་ཆེན་ནོར་ལ་འགྲམ་ཆུ་སྐྱེ་དགོས་མེད།།་དེབས་སྒོམ་ཆེན་ཁ་རོག་བསྡད་ན་སྤམ། །ཞེས་ཟེར་འདུག་པས། ཁོ་བོའི་བསམ་པ་ལ། ག་རེ་ཁོང་གཉིས་ཀྱིས་ལབ་ཚུལ་ལྟར་བདེན་འདི་གཉིས་མིན་པའང་སྲིད། ཡང་ན་རྫ་ཙིག་གཞན་ཞིག་ཡིན་ནམ། གང་ལྟར་ཡང་ད་དུང་རྩ་ད་གཅོད་ཅིག་བྱེད་རང་དགོས་སྙམ་ཐེ་ཚོམ་ལོག་གེ་བསྡད་ནས་ཡོད་པས། ཉེལོགས་ན་ཁྱིམ་མཚེས་རྫ་ར་བློ་ལྡན་ཟེར་བ་ཕོ་ཚོད་ཆེ་ཆེ་འྲ་བ་དེ་ན་རེ། ཀ་ཡེ་སྒོམ་ཆེན་དམ་པ་ཚུར་གསོན་དང་། །བྱ་བ་ཐམས་ཅད་བརྟགས་ཏེ་བྱས་ན་བཟང་། །བརྟགས་དཔྱད་མེད་པར་བྱས་ན་ཕུགས་ནས་འགྱོད། །གཡོ་ཆེན་ཁ་ནས་བདེན་བདེན་ཅི་ཡང་ལབ། །གཡོ་ཆེན་མི་ཡིས་རང་སྐྱོན་སྔོན་ལ་གླེང་། །གཡོ་ཆེན་རྐུན་མས་གཞན་ནོར་ཐབས་ཀྱིས་རྐུ། །མི་རྐུ་བསམ་པས་བརྐུས་པའི་རྣམ་གྲངས་མང་། །ད་དུང་སུ་ཡིན་བརྟགས་དཔྱད་ངང་གིས་མཛོད། །དེ་ལྟར་ཐུགས་ལ་ཞོག་ཅིག་སྒོམ་ཆེན་པ། །ཞེས་ཟེར་འདུག་པས། ཁོ་བོས་ཟེར་བ་དེ་ཤིན་ཏུ་བདེན་ནོ་སྙམ།

ཁྱིམ་མཚེས་རྫ་ར་བློ་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་བདེན་ནོ་ཁྱིམ་མཚེས་བློ་ལྡན་པ། །སྔོན་ཆད་ང་ཡིས་གཏམ་ནི་བརྒྱ་ཐོས་ཀྱང་། །ཁྱོད་ཀྱི་གཏམ་ལས་བདེན་པ་ཐོས་མ་མྱོང་། །སྔོན་ཆད་ང་ནི་རྒྱ་ནི་རྒྱ་མཐོང་ཡང་། །ཁྱོད་ཀྱི་ཁ་ལས་བདེན་པ་ཅང་མ་མཐོང་། །སྔོན་ཆད་ང་ཡིས་རྒྱལ་ཁམས་མང་བསྐོར་ཀྱང་། །ཁྱོད་ལས་བདེན་པ་གཞན་དང་འཕྲད་མ་མྱོང་། །ད་དུང་ཁྱོད་ཟེར་བཞིན་དུ་བརྟག་དཔྱད་བྱེད། །ཅེས་སྨྲས་ཏེ། ཡང་མཆོད་གཏོར་གསར་པ་ཞིག་བཞེངས། །ཕོར་རྙི་ནམ་མཁའི་བྱ་ཡང་འཛིན་ཐུབ་པ་ཞིག་བཙུགས་ཏེ་བཞག །ང་སྟེ་སུ་འདྲ་ཞིག་ལག་ཏུ་ཐེབས་ཀྱང་བཟོ་ལྟ་བཅོ་བ་ལས་འོས་རང་མེད་སྙམ་དུ་བསྒྲིམས་ཏེ་སོ་རང་བྱེད་ཀྱིན་བསྡད་པས། ཡང་ཐོ་རངས་འགོ་ཟིན་ཙམ་ལ་ཚག་ཐོབ་ཙིག་ཙིག་ཟེར་འདུག །རྟབ་རྟབ་པོར་ལངས་ཏེ་རྩིད་སྐུད་ཕྲལ་གྲིམས་པ་ཞིག་དང་། སྤུ་གྲི་རྣོ་ལ་ངར་བ་ཞིག་དང་། །སྤུ་གྲི་རྣོ་ལ་ངར་བ་ཞིག་དང་། །ཞུ་མར་གསལ་ལ་དྭངས་པ་ཞིག་ཁྱེར་བལྟས་པས། །ཡང་ནི་སྤག་ཕོར་གྱི་འོག་ན་སེར་སྐྱ་སྨུག་ཆུང་གཉིས་མིག་སིང་ངེ་། །ཁ་རྩ་མ་རལ་རྫ་རེ་ངོ་སྦས་ནས་བསྡད་འདུག །ད་སྟེ་དགྲ་བོ་ལག་ཏུ་ཐེབས་པ་གཏོང་མི་བྲ་སྙམ། །གཉིས་ཀ་འཛིན་འཆང་སྤྲད། །འདི་གཉིས་ནས་ངན་པ་གཉའ་རེངས་འདི་འདྲ་དུས་རྟག་ཏུ་བྱས་ན། །སྒོམ་ཆེན་རི་ལ་མི་ཆགས་པའི་ཉེན་ཡང་འདུག་སྙམ། རྩིད་སྐུད་ཀྱིས་ཡན་ལག་དམ་དུ་བཀྱིགས་ནས་གཡོ་འགུལ་མི་ནུས་པར་བྱས། །སྤུ་གྲིས་རྣ་བ་དང་མཇུག་མའི་རྩེ་ནས་རྡོག་ཙམ་རེ་བཅད། །བཞུ་མར་གྱིས་ཁ་སྤུ་དང་སྨིན་མ་ཡང་བསྲེགས་ཏེ་ངོ་སེ་གཞོབ་པར་བཏང་བས་ཙིག་ཙིག་ཟེར་གྱིན་རང་གི་ཁུང་བུ་ལ་འཛུལ་སོང་། །ཡང་སང་ཉིན་ཁོང་གནིས་ཀྱིས་གྲོས་ངན་བྱས་པ། །ཨེ་མ་སྒོམ་ཆེན་ཚུལ་ཁྲིམས་ཟེར་བ་འདི་འདྲ། ཕྱི་ཚུལ་འཇམ་འཇམ་འདྲ་ཡང་ནང་མི་རྒོད་ལས་ཞེ་གྱོང་ལ་གནག་པ། འདི་འདྲ་ཆོས་པའི་ཁྱུ་ནས་འབུད་དགོས་པཞིག་འདུག །དེད་གཉིས་ནས་ཁོའི་མཆོད་གཏོད་ལ་ལོངས་ཅུང་ཟད་སྤྱད་པ་ལ། ཁོས་སྔར་མེད་གསར་བྱུང་གི་ཁྲིམས་གཅོད་འདི་འདྲ་རང་བྱེད་པ་སེམས་ལ་ཤར་ཡང་ལག་ལེན་ལ་འགེལ་བ་ཨེ་དྲན། ང་སྟེ་རང་གཉིཝས་རྒྱག་གཅིག་མཆོངས་གཅིག །གདུང་ཤུགས་གཅིག་བསྒྲིལ་མ་བྱས་ན། ཁོས་ཚུར་གཅིག་ལབ་ན་ཕར་གཉིས་ལབ། ཚུར་གཅིག་ལབ་ན་ཕར་གཉིས་ལབ། ཚུར་གཅིག་རྒྱབ་ན་ཕར་གསུམ་རྒྱག །དགྲ་ཤ་ལེན་མ་ཐུབ་ན་མིང་ནས་རང་མ་འབོད་ཅིག །ཅེས་ཟེར་ཞིང་འོངས་ནས། སང་ནམ་ཟླ་སྲབ་སྲིབ་ཙམ་ལ་མདུན་དུ་ཅོག་ཙེ་ཞིག་ཡོད་པ། དེའི་སྟེང་ན་རྩ་ར་སེར་སྐྱ་རྣ་བ་འུ་རྡུམ་མེ་ངོ་སེ་གཞོབ་བེ་བསྡད། སྤག་ཕོར་གྱི་སྟེང་ན་ཙི་གེ་སྨུག་ཆུང་ཡང་ཟུར་ཀྱོག་གེ་བསྡད་འདུག །ཡང་ཁོ་བོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །འཁོས་མེད་རྫ་རའི་ལུས་ལ་ཇག་པའི་སེམས། །ཉམ་ཆུང་བྱི་བའི་ལུས་ལ་རྐུན་མའི་སེམས། །རྐུན་ཆེན་རྫ་ར་བྱི་བ་སྨུག་ཆུང་གཉིས། །བྲོས་པས་མི་ཐར་ད་ནི་སྦར་འཛིན་ཐེབས། །ཞལ་ཟས་གཏོར་མའི་དཀར་རྒྱན་སུས་ཁྱེར་ཤོད། །མཆོད་པ་ཐར་ཐོར་གཏོར་མཁན་སུ་རང་ཡིན། །མ་ཎྜལ་མཆོད་འབྲུ་ཁ་རུ་སུ་སར་ཁྱེར། །ཕྱེ་ཕད་བརྟོལ་ནས་རྩམ་པ་གཏོར་མཁན་སུ། །ད་ནི་ཤོད་ན་གཅིག་དང་མི་ཤོར་གཉིས། །རྣ་བ་མཇུག་མ་བཅད་པར་ཧ་མི་ལས། །མགོ་དང་རྐང་ལག་གཅོད་པར་ཐག་མི་རིང། །དེ་བས་རང་སྐྱོན་ངོས་ལོངས་གསལ་པོར་ཤོད། །ཅེས་སྨྲས་པས། །དེ་གཉིས་སྔར་ལས་ཀྱང་དམུ་རྒོད་པ་ལྟར་སོང་སྟེ། རྐང་ལག་འཁྲབ་ཅིང་མགོ་ལུས་ལན་གསུམ་དུ་དཀྲུགས་ཏེ། རྐང་ལག་འཁྲབ་ཅིང་མགོ་ལུས་ལན་གསུམ་དུ་དཀྲུགས་ཏེ། །འདི་སྐད་ཟེར་རོ། །ཧེ་ཧེ། ཁ་ནས་ཚིག་ཤོར་ཡུ་བ་ཐུང་བའི་དཔེ། །བ་ནས་ཐོན་ཚད་ལབ་ན་འཐུས་ཡོང་ངམ། །སེམས་ལ་གང་ཤར་ལག་ལེན་འཐུས་ཡོང་ངམ། །སྔར་མེད་གསར་དུ་བྱུང་ན་འཐུས་ཡོང་ངམ། །དཔེ་ལ་ཨ་ཕོ་སྤྱང་ཀི་ཁས་ཞན་ཏེ། །ར་ལུག་འཇབ་ས་ཨ་ཅེ་ཝ་མོས་ཟ། །ཟེར་བ་དེ་བཞིན་ངེད་གཉིས་ཁས་ཞན་ཀྱང་། །མཆོད་གཏོར་རྐུ་མཁན་སུ་ཡིན་ཧ་མགོ ། ཡང་ཏིག་རྡོ་ཚིག་སྙིང་པོ་དའི་ལྟར་ཡིན། །མི་བསད་རྟ་ཁྱེར་བྱས་པའི་ནག་ཆེན་ཡང་། །བཀྱིག་བརྡུང་བཙོན་རར་འཇུག་པ་ཙམ་མ་གཏོགས། །བསམ་ངན་ཕོར་རྙིས་འཛིན་པའི་དཔེ་ཡོད་དམ། །རྣ་བ་མཇུག་མ་བཅད་པ་སྲ་མཐོངས་ངམ། །ཁ་སྤུ་སྨིན་མ་བསྲེགས་པ་འདི་འདྲ་ཨང་། །རྒྱལ་ཁྲིམས་གང་དང་མི་མཐུན་པའི། །འདི་འདྲའི་ཁྲིམས་གཅོད་ངན་པ་བྱེད་དྲན་ནམ། །རྫ་ར་འབུམ་ཚོ་ཙམ་གྱི་དམག་དཔུང་དང་། །བྱི་བ་ཁྲི་ཚོ་ཙམ་གྱི་དམག་བཀུག་ནས། །སྒོམ་ཆེན་ཁྲིམས་ལ་སྦྱར་ན་མི་འགྱོད་དམ། །དེ་བས་ངེད་ལ་ཆེ་འདོན་བབས་འབེལ་དགོས། །དེ་མི་ཁྱོད་དང་ངེད་གཉིས་སུ་རྒྱལ་བལྟ། །ནམ་དང་ཉི་མ་སུ་རིང་བལྟས་པས་ཆོག །ཅེས་ཟེར་རྒྱབ་ཟུར་ལོག་གེ་བསྡད་སོང་། ཁོ་བོའི་བསམ་པ་ལ་དཔེ་ལ་རྐུ་མ་ཁ་སྐྱོངས་མི་གསོད་ཟེར་བ་བདེན་པ་རང་འདུག །འདི་གཉིས་གནོང་ངོས་མི་ལེན་པའི་ཁར། ད་དུང་ཧམ་གཤགས་འདི་འདྲ་བསམ། །ཡང་ཁོ་བོས་འདི་སྐད་ཅེས་སྨས་པ། ངོ་ཚ་ཁྲེལ་མེད་ཧམ་ཅན་རྫ་ཙིག་གཉིས། །ལབ་རྒྱུ་ཕ་བསད་བུ་ལ་ཡོད་པའི་དཔེ། །མཆོད་གཏོར་ཞལ་ཟས་ཁྱོད་ཀྱིས་མ་བརྐུས་ན། །ཁྱོད་གཉིས་པར་རྙིའི་ནང་དུ་ཚུད་དོན་མེད། །ཁ་ལ་རྩམ་རལ་ཛ་རེ་ཡོང་དོན་མེད། །ཁྱོད་ལ་དཔུང་ཚོགས་ཁྲི་འབུམ་ཙམ་ཡོད་ཀྱང་། ང་ཡི་དཔུང་ཚོགས་འཇིགས་རུང་ཨོག་དཀར་དང་། དཔལ་ཆེན་སྟག་རིས་ལྕགས་ལ་སོགས་རྣམས་ཀྱིས། །ཁྱོད་གཉིས་ཟ་ཞིང་ཤ་ཁྱེར་ཁྲག་འཐུང་བྱེད། །ད་ནི་ཁ་ཆེམས་ཡོད་ན་འཇོག་རེ་རན། །ཞེས་སྨྲས་པས། ཡང་དེའི་ཚེས་སེར་སྐྱ་སྨུག་ཆུང་གཉིས་ཀྱིས་སྔར་ཚང་ལ་གནོད་པ་རང་བྱས་པའི་སྲེག་པ་མ་བུ་གཉིས་ཀྱིས་སྔར་ཚང་ལ་གནོད་པ་རང་བྱས་པའི་སྲེག་པ་མ་བུ་གཉིས་སེ་ཕུང་གཅིག་གི་འོག་ན་འདུག་པས། །ཨ་མ་སེར་སྐྱ་ཆུང་གི །ངོ་བསྲེགས་རྣ་བ་མཇུག་མ་བཅད་ལ་ལྟོས། །ལས་ཀྱི་ལ་ཡོག་རང་ལ་འཁོར་གསུངས་པ། །རྒྱལ་བའི་བཀའ་ལས་བདེན་པ་གང་ན་ཡོད། ཨ་མ་ཧར་ཏེ་ལོངས་ལ་ལྟད་མོ་ལྟོས། །ཞེས་ཟེར་བས། མ་དེ་དག་དྲག་འཛུམ་མུལ་བུད་ནས་འདི་སྐད་ཟེར་རོ། །བུ་བུ་ཡ་མཚན་དེ་དའདྲ་གང་ན་འདུག ། ལྟད་མོ་དེ་ལ་རྒན་མོ་དགའ་ཞིང་མགུ། །རྒན་མོ་པུས་ཚིགས་འཁྲོགས་ཀྱང་འགྲོ་སྙིང་འདོད། །རང་གཉིས་བསྡེབས་ནས་སྣིང་ཚིམ་རྒྱག་ལ་འགྲོ །ཞེས་ཟེར་གྱིན་འོང་ནས། སེར་སྐྱ་སྨུག་ཆུང་གི་མདུན་དུ་སླེབས་པ་དང་། གཤོག་པ་ཐབ་ཐབ་ལན་གསུམ་བྱས་ཏེ། འདི་སྐད་ཟེར་རོ། ཀྭི་ཀྭི་སྭོ་སྭོ་དེ་རིང་ཉི་མ་དྲོ། །གཏམ་གཅིག་ཐོས་པ་ལ་དེ་རིང་ལས་སྙན་པ། །ལྟད་མོ་ཆེ་བ་གཅིག་ལ་དེ་རིང་ལས་ཆེ་བ༑ ༑ངོས་ཀྱི་ཚང་ལ་རྟག་ཏུ་ངན་བྱས་པའི། ལས་ངན་འཕྲལ་དུ་སྨིན་པ་སྙིང་རེ་ཚིམས། །མགར་བ་རང་གི་རལ་གྲིས་བསད་པ་ལྟར། །ལས་ངན་མཚོན་ཆ་འཁོར་བ་སྙིང་རེ་ཚིམས། །ར་ཡི་འུར་རྡོ་ར་ལ་འཁོར་བ་ལྟར། །ལས་ངན་འུར་རྡོ་འཕོག་པ་སྙིང་རེ་ཚིམས། །བསམ་པ་ངན་པོ་གཞན་ལ་བྱས་པ་ཡི། །སྦྱོར་རྩུབ་རང་ལ་སྨིན་པ་སྙིང་རེ་ཚིམས། །ཁ་སྤུ་སྨིན་མ་མེད་པའི་ངོ་ལ་ལྟོས། །རྣ་བ་མཇུག་མ་བཅེད་པའི་འགབ་ལ་ལྟོས། །མ་ཤི་ཚེ་རིང་ལྟད་མོ་འདི་འདྲ་ཨང་། །གཏམ་སྙན་འདི་འདྲ་གཞན་དུ་སྒྲོག་ལ་འགྲོ །ཞེས་ཟེར་ནས་ཧུར་ཟེར་འཕུར་སོང་བས། །སེར་སྐྱ་སྨུག་ཆུང་གཉིས་གཞན་བྱ་ཐབས་མེེད་པར་ཨཾ་གཙིགས་དམ་དམ་མཇུག་ལ་མིག་ཅེ་རེ་ལྟ་གིན་བསྡད་འདུག །ཡང་དེའི་ཚེ་ཤིང་སྤེན་མ་ཐར་ཐོར་ཡོད་པ་ཞིག་གི་གསེབ་ན་བྱིའུ་མཆུ་རིང་དང་། །ཏིང་ཏིང་མ་ཟེེར་བ་གཉིས་འདུག་པས། །མཆུ་རིང་གིས་མ་ལ་འདི་སྐད་ཅེས་སྨྲས་སོ། །བྱ་རོག་ཕ་མས་ཕྲུ་གུ་རྣམས། །ཡུན་རིང་ངལ་བས་གསོས་གྱུར་ཀྱང་། ནམ་ཞིག་དྲིན་ལན་ལོག་པ་ཡིས། །ཕ་མ་ཡུལ་གཞན་མཐའ་ལ་འབུད། །སྐྱ་གསར་རང་གི་ཕྲུ་གུ་རྣམས། །ཡུན་རིང་གཟན་འབུས་གསོས་གྱུར་ཀྱང་། ནམ་ཞིག་དྲིན་ལན་ལོག་པ་ཡིས། །ཕ་མ་རྡུང་ཞིང་གསོད་ལ་རྔམ། །མི་ངན་ལྟོ་གོས་གཏཾ་གསུམ་གྱིས། །ཡུན་རིང་བརྩེ་བས་བསྐྱངས་གྱུར་ཀྱང་། །ནམ་ཞིག་དྲིན་ལན་ལོག་པ་ཡིས། །རང་གི་དགྲ་བོའི་དྭངས་མར་སོང་། །སྒོམ་ཆེན་བརྩེ་བས་རྫ་ཙིག་རྣམས། །ཡུན་རིང་དྲིན་གྱིས་བསྐྱངས་གྱུར། །ནམ་ཞིག་དྲིན་ལན་ལོག་པ་ཡིས། །སྒོམ་ཆེན་འཁྲུག་རྩོད་བརྙས་སྨོད་བྱེད། །ཅེས་ཟེར་འདུག་པས། ཏིང་ཏིང་མས་སྨྲས་པ། བདེན་ནོ། མཆུ་རི་དྲང་པོའི་གཏམ། །དྲིན་གྱིས་བསྐྱངས་པའི་བུ་ཚ་ཡིས། །ནམ་ཞིག་ཕ་མ་གསོད་པ་མཐོང་། །ཆོས་ཀྱིས་བསྐྱངས་པའི་སློབ་མ་ཡིས། །ནམ་ཞིག་སློབ་དཔོན་རྒོལ་བ་མཐོང་། །གཟན་གྱིས་གསོས་པའི་ཁྱི་རྒན་གྱིས། །ནམ་ཞིག་རང་ལ་འཆང་བ་མཐོང། །དྲིན་གྱིས་བསྐྱངས་པའི་གཡོག་འཁོར་གྱིས། །ནམ་ཞིག་རྗེ་དཔོན་ཁྲིམས་སྦྱོར་མཐོང་། །དྲིན་གྱིས་བསྐྱངས་པའི་རྫ་ཙིག་གིས། །སྒོམ་ཆེན་པ་ལ་བརྙས་སྨོད་བྱེད་པ་མཐོང་། །ད་ནི་རང་གཉིས་སྒོམ་ཆེན་ལ། །སེམས་གསོ་ཐུགས་ངལ་མ་ཛད་ཅེས། །ཞུ་བར་དྲུང་དུ་ཕྱིན་ན་བབ། །ཅེས་ཟེར་ཏེ་དེ་གཉིས་ཀྱིས་སྤེན་མའི་ཕོན་པོ་རེ་རེའི་སྟེང་ནས་མགྲིན་གཅིག་ཏུ་འདི་སྐད་ཟེར་རོ། །སྒོམ་ཆེན་ཚུར་གསན་བྱིའུ་ཡིས། །ཚིག་གསུམ་ཞུ་བ་ཐུགས་ལ་དགོངས། །བྱས་པ་དྲིན་དུ་མི་གཟོ་བ། །སྤྱིར་ནི་འཁོར་བའི་ཆོས་ཉིད་ཡིན། །ཕར་ལ་ཕན་བཏགས་ཚུར་གནོད་པ། །སྤྱིར་ནི་འཁོར་བའི་ཆོས་ཉིད་ཡིན། །མཐོ་བ་དམའ་སར་ལྷུང་བ་ནི། །སྤྱིར་ནི་འཁོར་བའི་ཆོས་ཉིད་ཡིན། །སྡུག་བསྔལ་ཆུ་ཡི་གཉེར་མ་ནི། །སྒོས་ནི་སྣིགས་མའི་ཆོས་ཉིད་ཡིན། །རང་སྤྱོད་ངན་པས་ལོག་སྒྲུབ་ནི། །ཡང་སྒོས་རྫ་ཙིག་གཤིས་ལུགས་ཡིན། །དེ་ལྟར་འཁོར་བའི་ཕུན་ཚོགས་ལ། །ཡིད་བརྟན་མི་འདུག་ཐུགས་ལ་དགོངས། །ཐུགས་ངལ་མ་མཛད་སྒོམ་ཆེན་པ། །ཞེས་ཟེར་འདུག་པས།  །ཁོ་བོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བདེན་ནོ་བྱི་ཆུང་སྨྲ་མཁས་ཅན། །ལོངས་སྤྱོད་འཛོམས་པའི་ཕྱུག་པོ་ཡང་། །མཐའ་མ་སྤྲང་པོ་བྱེད་པ་མཐོང་། །མངའ་ཐང་འབྱོར་རྒྱས་རྒྱལ་བློན་ཡང་། །་མཐའ་མ་ཡང་བྲན་བྱེད་པ་མཐོང་། །མཐོ་ལ་བཅན་པའི་སློབ་དོན་ཡང་། །མཐའ་མ་དམའ་སར་ལྷུང་བ་མཐོང་། །སྔ་དྲོ་མཐུན་པའི་མཛའ་བོ་ཡང་། །སྔ་དྲོ་མཐུན་པའི་གཉེན་དུ་མཐོང་། །དྲིན་གྱིས་བསྐྱངས་པའི་རྫ་རྩིག་གཉིས། །དེ་ནི་དགྲ་བོ་དག་ཏུ་མཐོང་། །ད་ལྟ་འཁོར་བའི་ཕུན་ཚོགས་ལ། །སྙིང་པོ་མི་འདུག་བྱི་ཆུང་གཉིས། །བློ་གཏད་མི་འདུག་བྱི་ཆུང་གཉིས། །ཞེས་སྨྲས་སོ། །ཡང་དེའི་ཚེ་སྤང་ཁ་ཞིག་ན་ཙི་གེ་བཀྲ་ཤིས་དང་དོན་གྲུབ་ཟེར་བ་གཉིས་འདུག །དོན་གྲུབ་ཀྱིས་བཀྲ་ཤིས་ལ་འདིི་སྐད་ཅེས་སྨྲས་སོ། །ཀ་ཡེ་གྲོགས་པོ་བཀྲ་ཤིས་ཚུར་ལ་གསན། །རྫ་ར་སེར་སྐྱ་བྱི་བ་སྨུག་ཆུང་གིས། །སྒོམ་ཆེན་ཐུགས་དཀྲུགས་ཕུང་གཞི་བྱེད་ལུགས་འདིས། །ཆུ་མ་བདེ་ན་ཉ་ཡང་མ་བདེའི་དཔེ། །རང་རེ་གཉིས་ཀྱང་མ་བདེ་བྱུང་དྭོགས་འདུག །ཤིང་གཉིས་གས་པའི་ཕྲག་ཏུ་སྦྱིན་ཆུ་དང་། །མེ་ནི་ཎུང་དུས་བསད་ན་ལེགས་པའི་དཔེ། །རང་རེས་བར་མི་བྱས་ན་ལེགས་ལམ་ཆགས། །ཞེས་ཟེར་བས་བཀྲ་ཤིས་ཀྱིས་སྨྲས་པ། །གྲོགས་པོས་སྨྲས་པ་ང་ཡི་སེམས་ལ་བབ། །མི་ངན་གཅིག་གིས་ཡུལ་ཚོ་ཕུང་ཞིང་དཀྲུགས། །ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུགས། །གཡོག་ངན་གཅིག་གིས་དཔོན་འབངས་ཚང་མ་དཀྲུགས། ངང་པ་གཅིག་གིས་རྒྱ་མཚོའི་གཏིང་ནས་དཀྲུག །ཅེས་ཟེར་བ་ལྟར་བདེན་པར་འདུག །ད་རང་རེ་གཉིས་ནས་གཏམ་གཏམ་གཅིག་བཏང་ན་ཨེ་ཉན་ཟེར་འདི་སྐད་ཅེས་སྨྲས་སོ། །ཁྱིམ་མཚེས་རྫ་ར་བྱི་བ་སྨུག་ཆུང་གཉིས། །བསམ་པ་ནང་དུ་ཁུག་ལ་དྲན་འཛིན་གྱིས། །ཁྱེད་གཉིས་དེ་འདྲ་ཧ་ཅང་མ་ཐལ་ལམ། །ཕོ་གཅིག་རྒོད་ཀྱང་རང་ཚོད་ཟིན་པ་དགོས། །རྟ་གཅིག་མགྱོགས་ཀྱང་ཐལ་ན་གཡང་ལ་ལྷུང་། ། གཏམ་གཅིག་མཁས་ཀྱང་མང་ན་ཆ་འཇོག་དཀོན། །ཟས་ནི་ཞིམ་ཡང་མང་ན་རྒྱུ་མ་འཁྲུག །ད་ནི་རང་ཚོད་ཟིན་ན་མི་ལེགས་སམ། །ཞེས་ཟེར་འདུག་པས། སེར་སྐྱ་སྨུག་ཆུང་གི་མཆང་ལ་འཕོག་ནས། །འདི་སྐད་ཟེར་རོ༑ ༑བཀྲ་ཤིས་དོན་གྲུབ་ཟེར་བའི་ཆོ་ཆུང་གཉིས། ལབ་ཁྲལ་མ་བྱེད་རང་ཚོད་ཁྱོདརང་བཟུང་། ངེད་ཀྱི་དོན་ལ་ཁྱོད་ལ་གཅུག་ལ་མེད། །འཕྱིང་པ་འཆག་སར་ཁྱི་ལ་གཅུ་གལ་མེད། །འཕྱིང་པ་འཆག་སར་ཁྱི་ལ་གཅུ་ག་ལ་མེད།་ངང་པའི་སྐྱལ་ལ་ཉ་ལ་གཅུ་གལ་མེད། །དོན་མེད་ལག་མགོ་རྡོ་སྲུབ་འཇུག་པ་ལས།། ཉི་ཁུག་ཅིག་ཏུ་བྲང་ཤིག་སྒྲུག་ལ་སོང་། །ཞེས་ཟེར་བས་བཀྲ་ཤིས་དོན་གྲུབ་གཉིས་ཁ་སྐྱེ་ངས་ནས་འཛུམ་མུལ་མུལ་ཅང་མི་སྨྲ་བར་ལོག་སོང་ངོ། །དེའི་ཚེ་བདག་ཉིད་གནས་ལ་བློ་ཡང་མི་ཕེབས། །དགེ་སྦྱོར་ཡང་བྱེད་མི་འདོད། སེམས་ཀྱང་སྐྱོང་ཞིང་ཡིད་ཆད་པ་ཞིག་བྱུང་། ཡར་བལྟས་པས་རྒོད་པོ་གཅིག་ནམ་མཁའ་ལ་ལྡིང་ཞིང་འགྲོ་འདུག ། ཀྱེ་མ་ང་རྒོད་པོ་ཡ་གི་ཡིན་ན་གང་མོས་ཀྱི་ཕྱོགས་སུ་ཡུད་ཙམ་ཞིག་ལ་འཕུར་ནས་ཕྱིན་ཆོག་པ་ལ། །ད་ང་ནི་གནས་འདིར་སྡོད་ཡུན་རིང་ན་རྫ་ཙིག་སོགས་ཀྱིས་བརྙས་སྨོད་བྱེད་པ་འདི་འདྲ་ཡིད་མུག་པ་ལས་མི་འདུག་སྙམ་རྒོད་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །མཁའ་ལ་ལྡིང་བའི་རྒོད་པོ་ཚུར་གསན་དང་། །ཧ་ཅང་འབྱོན་པའི་ཕྱོགས་ལ་མ་རིང་ན༑ ༑བདག་ཉིད་སེམས་པ་སྐྱོ་བའི་སེམས་གསོ་རུ། །ཅུང་ཞིག་འཐེན་ཙམ་མཛོད་དང་ཚིག་གསུམ་ཞུ། །ཞེས་སྨྲས་པས། རྒོད་པོ་དེ་ཅུང་ཞིག་ལྷོད་དུ་སོང་བས། །འདི་སྐད་ཅེས་སྨྲས་སོ། །ཨེ་མ་མ་ཁྱོད་ནི་བྱ་ཡི་དྲང་སྲོང་སྟེ། །སྲོག་གཅོད་སྤངས་ཤིང་བྱམས་པའི་ངང་ཚུལ་ཅན། །གཉན་ལ་མ་ཆགས་སུ་བྱམས་ཕ་མ་དང་། །ཡུམ་ལམ་ཆགས་གང་སྐྱིད་ཕ་ཡུལ་མཛད། །གནས་ལ་མ་ཆགས་རྒྱལ་ཁམས་ཕྱོགས་མེད་མཛད། །ཁྱོད་ཀྱི་སྤྱོད་ཚུལ་ལ་ནི་བདག་ཉིད་མོས། །ང་ནི་སྐྱོ་བའི་ངང་ཚུལ་ཅུང་ཟད་ཞུ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྨོན་ལམ་མ་གྲུབ་བོད་ཡུལ་མཐའ་འདིར་སྐྱེས། །ཀུན་དང་བསྟུན་ན་དམ་པའི་ཆོས་དང་འགལ། །ཆོས་མཐུན་གནས་ན་ཀུན་གྱིས་བརྙས་སྨོད་བྱེད། །ཆོས་ལ་འབུངས་ན་མཐོ་དམན་དགྲ་རུ་ལངས། །དམའ་ས་བཟུང་ན་སྣོམ་ཆུང་མཐའ་ལ་འབུད། །ཕར་ལ་ཕན་བཏགས་ཚུར་ལ་གནོད་ངན་བྱེད། །སྙིགས་མའི་ལོག་སྒྲུབ་བདག་གིས་མི་བཟོད་པའི། །ཆགས་མེད་རྒྱལ་ཁམས་མྱུལ་བར་བདག་ཉིད་མོས། །ཞེས་སྨྲས་པས། རྒོད་པོ་དེས་ལྡིང་འཁོར་གསུམ་རྒྱབ་ནས་འདི་སྐད་ཟེར་རོ།། ཀྭ་ཡེ་སྒོམ་ཆེན་དམ་པ་ཚུར་གསན་དང་། །ཁྱོད་ནི་བསོད་ནམས་བསགས་པས་མི་ལསུ་ཐོབ། །མི་ལུས་དོན་ལྡན་སྒྲུབ་པ་སྙིང་པོར་མཛད། །གཅིག་པོར་དབེན་གནས་མཛད་པ་བདག་ཉིད་མོས། །ང་ནི་སྙིགས་མའི་ངང་ཚུལ་ཅང་ཟད་ཞུ༑ ༑སaོན་དུས་པདྨ་སཾ་བྷའི་ལུང་བསྟན་ལས། མ་འོངས་བསྐལ་པ་སྙིགས་མའི་དུས་མཐའ་རུ། །ངན་པ་དཔུང་བསྡེབས་བཟང་པོ་མཐའ་ལ་འབུད། །ངན་པ་བཀུར་ཞིང་བཟང་པོ་ཁྱི་ལྟར་འབུད། །ངན་པ་མཐོ་ཞྀང་བཟང་པོ་དམའ་སར་འབུད། །རང་སྐྱོན་མ་ཐོང་གཞན་སྐྱོང་མཛུབ་མོས་སློང་། །ངན་པ་ཞེ་སྒྲུག་གཅིག་ལ་གཅིག་གནོད་བྱེད། །དེ་འདྲའི་དུས་སུ་དཀར་ཕྱོགས་ལྷ་རྣམས་འཁྲུག །ནད་མཚོན་འཁྲུག་མུག་ཆར་ཆུ་དུས་མི་ཕེབས། །དེ་ཚོ་སྐྱེ་འགྲོ་མ་བདེ་དུཿཁ་མྱོང། །ཞེས་གསུངས་སྙིགས་མའི་སྤྱོད་ཚུལ་ལ་དགོངས་ནས། །དབེན་པའི་གནས་སུ་སྒྲུབ་པ་སྣིང་པར་མཛོད། །ཅེས་ཟེར་རོ། །རྒོད་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ༑ ༑ཡང་གཅིག་གསན་དང་མཁའ་ལྡིང་འདབ་གཤོག་ཅན། །བདག་ཉིད་སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར། །གཉེན་མདུན་ཆོས་གྲོགས་ཡོད་པ་རིང་དུ་ལུས། །ཆ་མེད་ཡུལ་དུ་ཟླ་མེད་གཅིག་པུར་ལུས། །ཆ་མེད་ཡུལ་དུ་ཟླ་མེད་གཅིག་པུར་ལུས། །ཆོས་མཐུན་བགྱི་བ་ཆོས་མིན་དབང་དུ་ཤོར། །སེམས་ཉིད་འཕྱོ་ཞིང་བླ་མ་སྙི་ནས་དྲན། །སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ༑ ༑བར་ཆད་སེལ་ཞིག་མཁའ་འགྲོ་ཆོས་སྐྱོང་རྣམས། །ཞེས་སྨྲས་བས། །ཡང་གཅིག་གསན་དང་སྒོམ་ཆེན་དམ་པ་ལགས། །སྤྱིར་ན་འཁོར་བའི་གནས་ན་བདེ་བ་དཀོན།། སྒོས་ནི་སྙིགས་དུས་རྐྱེན་ངན་རུ་འཛིངས་པས། །སྡུག་བསྔལ་མི་ཟད་ཆུ་ཡི་གཉེར་མ་འདྲ། །ད་བས་གཅིག་ཏུ་དབེན་པ་ལེགས་སྟེན་ཏེ། །སྒྲུབ་པ་སྙིང་པོར་མཛོད་ཅིག་སྒོམ་ཆེན་པ། །རང་གཉིས་ཕྱི་མ་མཁའ་སྤྱོད་གནས་སུ་མཇལ། །དེ་བར་ཐུགས་སེམས་སྤྲོ་བའི་ངང་དུ་བཞུགས། ཞེས་སྨྲས་ཏེ། །ཤར་ཕྱོགས་ནམ་མཁའ་ལ་ལྡིང་བཞིན་སོང། ཡང་དེའི་ཚེ་སྤྱི་ལ་བུའི་ལྟག་ན་ལྷ་བྱ་གོང་མོ་གཉིས་འདུག་པ་དེ་གཉིས་ན་རེ། ད་རང་གཉིས་རྫ་རྩིག་གནིས་ལ་གཏམ་དཔའ་ཆེན་གྱི་མདའ་འདྲ་བ། རྣོ་ལ་དོན་འགྲིལ་བ་ཞིག་སྨྲས་ནས་བསླབ་བྱ་བྱས་ན་ཟེར་འདི་སྐད་ཅེས་སྨྲས་སོ། །རྫ་ཙིག་གཉིས་པོ་ངེད་ཀྱི་གཏམ་འདི་ཉོན། །ཕུང་གཞི་སྡེ་དཀྲུགས་འདི་འདྲ་བྱས་མི་འཐུས། །མི་གཅིག་ཞོར་ལ་ཡུལ་སྡེ་ཕུལ་ཞིང་དཀྲུག །ཁྱི་གཅིག་ཞོར་ལ་ལུང་པ་ཀུ་ཅོས་འགེངས། །ཤིག་གི་ཞོར་ལ་ཁྱི་ཤིག་སྦར་འཛིན་ཐེབས། །རྣ་བའི་ཞོར་ལ་རི་བོང་ལྡན་རྡོ་འཕོག །ར་ཡི་ཞོར་ལ་ལུག་གི་རྐང་པ་དཀྲུམ། །ཉན་ན་འཕྲལ་ཕུགས་ཕན་པའི་བསླབ་བྱ་ཡིན། །ཞེས་ཟེར་འདུག་པས། སེར་སྐྱ་སྨུག་ཆུང་གིས་སྨྲས་པ། གོང་མོ་ཟེར་བའི་འདྲེ་བྱ་བཅོལ་གཏོགས་མཁན། །རང་བྱུས་མི་ཤེས་གཞན་བྱས་བཞག་ན་སྤམ། །མི་ཤེས་བརྒྱ་ཡིས་གྲས་འགོ་སྟོན་པ་ལས། །ཤེས་པ་གཅིག་གིས་ཚིག་གཅིག་ལབ་པ་དགའ། །བསླབ་བྱ་ཤེས་ན་ཁྱོད་རང་གཉིས་ལ་རན། །དེ་བས་རྣ་་མ་ཚ་ཁ་རོག་སྡོད། །རྫ་མེད་སྤང་ལ་གྲོ་མ་བརྐོལ་སོངས། །རི་རྩེ་གང་མཐོར་བྱ་ར་བལྟ་ལ་སོངས། །ཞེས་ཟེར་འདུག་པས། །ཡང་བྱིའུ་ཅོ་ཀ་གཉིས་ཀྱིས་གོང་མོ་ལ་སྨྲས་པ། གཅེས་གཅེས་གསན་དང་ལྷ་བྱ་གོང་མོ་གཉིས། །མི་ཉན་ལ་ཁ་ཏ་བྱེད་པ་ལས། །ཡིག་དྲུག་མ་ཎི་བསྒྲོངས་ལ་ཞལ་རོག་བཞུགས། །མི་ཉམ་པ་ལ་ཁ་ཏ་བྱེད་པ་དེ། གྱོང་པོའི་ཤིང་ལ་མདུང་པ་རྒྱག་པ་འདྲ། །རི་གཟར་ཆུ་སྣ་གྱེན་ལ་འདྲེན་པ་འདྲ། མི་ཉན་པ་ལ་ཁ་ཏ་བྱེད་པ་དེ། གླ་ང་ཆེན་སྨྱོན་པའི་གོང་སྣ་འདྲེན་པ་འདྲ། །མི་ཉན་པ་ལ་ཁ་ཏ་བྱེད་པ་དེ། །ཀོ་བ་སྐམ་པོ་ལག་པས་མཉེས་པ་འདྲ། །དེ་བས་རང་ལ་འཆི་ཁར་ཕན་ངེས་པའི། །དམ་པའི་ལྷ་ཆོས་མཛོད་ལ་རང་མགོ་ཐོན། །ཞེས་ཟེར་ཏེ་འཕུར་སོང་། །ཡང་སེར་སྐྱ་སྨུག་ཆུང་གིས་བྱས་པ། །ད་རེས་ཀྱི་བྱ་བ་འདི་མགོ་ཉོག་ལ་གཏིང་རང་བ། རྒྱ་ཆུང་ལ་རྐྱེན་ཆེ་བ། འབ་འུབ་མི་འདུས་པ་གཅིག་བྱས་བྱུང་ཟེར། །མགོ་སྒྱུར་སློག་སློག་བསྡད་འདུག ཡང་བསམ་པ། གྲོགས་པོ་དཀར་ཆུང་དང་བསམ་གཏན་གཉིས་རང་རེ་ཆུང་ནས་འདྲིས་པའི་གྲོགས་ལ་ལ། སྡུག་དུས་མ་ཕན་གྲོགས་ངན་ཁྱི་ལས་ལོང་། །སྐྱོ་དུས་མ་ཕན་མཛའ་བོས་ཅི་རང་བྱེད། །དགོས་དུས་མ་ཕན་ནོར་གྱིས་ཅི་ར་ང་བྱེད། །སྒོམ་ཆེན་ཟེར་ཀྱང་སྒོམ་ཆུང་གྱོད་རྒན་འདིས། མི་དཀར་ཞྭ་ནག་གཡོགས་ནས་བསྙོན་དོར་བཙུགས། །ཉེས་པ་མེད་ཀྱང་ཁྲིམས་གཅོད་འདི་འདྲ་བྱས། །ངེད་གཉིས་ལྟོགས་ཀྱང་རྩ་སྔོན་ལོ་མ་ཟ། །སྐོམ་ན་གཡའ་ཆུ་གངས་ཆུ་རྫ་ཆུ་འཐུང་། །མི་ཟས་སྤངས་ནས་ལོ་ནི་དུ་མ་སོང་། །རྐུན་ཆུང་བྱས་པའི་ལོ་རྒྱུས་སྔར་ཡང་མེད། །ད་ནི་རང་ཚོས་དགྲ་ཤ་མ་ལོན་ན། རྫ་ར་ཙི་གེའི་ལ་རྒྱ་ཤོར་ཉེན་འདུག །ད་རེས་རེམ་ཞིག་རེམ་ཞིག་གྲོགས་པོ་གཉིས། །ཞེས་ཟེར་བས། །དེ་གཉིས་ཀྱི་བསམ་པ་ལ། སེར་སྨུག་གཉིས་ལ་སྔར་ནས་རང་ལབ་གཞི་ཞིག་ཡོད། །ད་རེས་ཀྱང་ཚམ་གྲོ་ཟེས། འདི་སྐད་ཟེར་རོ། །རྫ་ར་སེར་སྐྱ་བྱི་བ་སྨུག་ཆུང་གཉིས། །ཁྱེད་གཉིས་ཁྲ་ཆེན་ལྟ་བུའི་ཕོ་རྒོད་དང་། །ངེས་གཉིས་བྱིའུ་ལྟ་བུའུ་ཉམ་ཆུང་བ། །གྲོགས་པོ་སྔར་ཡང་མ་བྱུང་ད་མི་ཞུ། མི་མཉམ་བྱིའུ་ཁྲ་དང་བསྡེབས་པ་དེ། །ནམ་མཁའ་བྱ་སྤུས་ཁེངས་པའི་སྔ་ལྟས་ཡིན། །དེ་བས་ངེད་གཉིས་གནས་གསོའི་གང་བ་དེར་འགྲོ །ཞེས་ཟེར་ཞིང་ལ་ཆུང་གཅིག་རྒྱབ་ནས་སོང་། ཡང་བྱི་བ་སྨུག་ཆུང་གི་བསམ་པ་ལ༑ མི་རྣམས་ཕལ་ཆེར་ཕྱུག་པོའི་བུ་ལ་བྱམས་ཟེར་བ་བདེན་པར་རང་འདུག །འདི་ཚོ་ཐམས་ཅད་སྒོམ་ཆེན་འདིའི་ཕྱོགས་རང་བྱེད་པ་མ་གཏོགས་ངེད་ལ་གཤའ་མ་བྱེད་མཁན་ནི་བྱིའུ་རྐང་ཆགས་གཅིག་ཀྱང་མི་འདུག །ད་ནི་ཞང་པོ་སྤོ་ཐང་ལ་དྲིས་པ་ཨེ་དྲག་ཟེར། །རྫ་སྲུབས་ཤིག་ན་སྤོ་ཐང་ཟེར་བའི་ཙི་གེ་རྒད་པོ་ཞིག་འདུག་པ་དེ་ལ་བྱེ་བ་སྨུག་ཆུང་གིས་སྨྲས་པ། །ཀྱེ་མ་ཞང་པོ་སྤོ་ཐང་ཚུར་གསན་དང་། །མི་དྲག་བྱས་ཀྱང་ཞང་པོ་རང་ག་དྲག །ཚ་བོ་ང་དང་རྫ་ར་སེར་སྐྱ་གཉིས། །སྔར་ནས་ཡུལ་འདིའི་མི་ཚད་སྲང་ཚད་ཡིན། །སྨྲས་པའི་གཏམ་ལ་ཀུན་གྱིས་ཆ་འཇོག་བྱེད། །མང་པོ་ཚོགས་དུས་གྲལ་གྱི་གོ་རུ་སྡོད། །བཟའ་བཏུང་བཟང་ལ་ཞིམ་པ་ངེད་ལ་ཞུ། །འཕྲལ་ཕུགས་གྲོས་འགོ་གང་ཡིན་ངེད་ཀྱིས་འདོན། །དེ་ལྟར་ལགས་ཀྱང་སྒོམ་ཆེན་གྱོང་རྒན་འདིས། །ངེད་གཉིས་ཆེན་པོ་ཡིན་པ་ཆུང་ངུ་ར་བཏང་། །གྲལ་གྱི་མགོ་ནས་གྲལ་མཇུག་མཐའ་ལ་ཕུད། སྔར་མེད་གསར་བྱུང་ཁྲིམས་གཅོད་འདི་འདྲ་བྱས། །འདི་འདྲ་ཞང་པོའི་བློ་ལ་ཨེ་རང་ཤོང་། །ད་ནི་རང་རེ་ཞང་ཚན་བྱེད་འདོད་ན༑ ༑རང་རེའི་ཚ་བོའི་དཔུང་རོགས་ཅིས་ཀྱང་མཛོད། །ཅེས་ཟེར་བས། ཙི་གེ་རྒན་པོ་གོག་གོག་ལ་ལངས་ནས་འདི་སྐད་ཟེར་རོ། །ཚ་བོ་ང་ནི་ལོ་རྒན་ལོན་ཞིང་གོགས། །མགོ་ལ་སྐྲ་དཀར་ངོ་ལ་གཉེར་མས་ཁེབས། །ཁ་ཡིས་བུད་མིག་ཀྱང་གཏིང་ལ་རྡིབ། །སྡོད་ནས་ཐག་ཆང་ལྟར་སྡིག་བསྐྱུར་སྡོད། །ལངས་ན་ཤེད་རྩ་འདོན་བཞིན་རེམ་ནས་ལངས། །ལུས་པོ་དགུར་ཞིང་གོམ་འགྲོསའཁྱོར། །ད་ནི་འཆི་ཁར་མ་ཎི་འདྲེན་མ་གཏོགས། །ཚ་བོའི་དཔུང་རོགས་རྒན་པོས་ཅིང་ལ་ཡོང་། །སེམས་ལ་ཤར་ཡང་ལུས་པོས་ཅི་ལ་ལྕོགས། དེ་ནས་སྒོམ་ཆེན་ཞེས་ཟེར་རོ། །ཡང་དེའི་ཚེ་རྡོགསེབ་ཅིག་ནས་སྲེ་མོང་ཞིག་འདུག་པ་དེའི་བསམ་པ་ལ། །འདྲེ་སྲེག་ཤོར་འདྲ་བའི་སེར་སྨུག་གཉིས་ལ་གཏམ་སྡིགས་ཐོན་ལ་དོན་གོ་བ། །སྙིང་རྩ་ནོན་ངེས་པ་གཅིག་གཏོང་དགོས་པ་འདུག་ཟེར་མཇུག་མ་གནམ་ལ་བསྒྲེངས་མགྲིན་པ་གཟིངས་གཟངིས་ལན་གསུམ་བྱས་ཏེ། །འདི་སྐད་སྨྲས་སོ། །མགྱོགས་པོས་མ་དེད་སྐོབ་པོས་མ་ཟན་ཅིང། །ཆུ་ཆེན་མ་བརྒལ་ཆུ་ཆུང་མ་འཁྱེར་བ། །ངན་པ་གཉའ་རེངས་སེར་སྨུག་གཏམ་འདི་ཉོན། །རང་རེ་གཞི་གཅིག་མཉམ་པོར་སྡོད་པ་ལ། །གཅིག་གསི་གཅིག་ལ་གང་ཕན་བྱེད་མ་གཏོགས། །ཕན་ཚུན་གནོད་འཚེ་འཁྲུག་ལོང་བྱས་མི་ཆོག །སྤྱིར་ནི་སྒོམ་ཆེན་རི་ཡི་རྒྱན་ཆ་ཡིན། །སྒོས་ནི་སྒོམ་ཆེན་ང་ཡི་བླ་མ་ཡིན། ཕྱིན་ཆད་རང་ཚོད་ཟུངས་ཤིག་རྫ་ཙིག་གཉིས། །གཏམ་འདི་གོའམ་ཐོས་སམ་རྫ་ཙིག་གཉིས། །ཞེས་ཟེར་འདུག་པས། ཁོང་གཉིས་ཅུང་ཟད་བལྟས་སོ། ཡང་དེ་གཉིས་ནས་སྲེ་མོ་ང་ལ་འདི་སྐད་ཅེས་ཞུས་སོ། །ཡང་དེ་གཉིས་ནས་སྲེ་མོ་ང་ལ་འདི་སྐད་ཅེས་ཞུས་སོ། །སྤྱང་རིག་འཁྱུག་པའི་སྲེ་མོང་ཅུང་ཞིག་གསན། །སྒོམ་ཆེན་གཤའ་མ་ཡིན་པར་བདེན་ཉིད་ན། སྙིང་རྗེ་མེད་པའི་ཁྲིམས་གཅོད་འདི་ལ་གཟིགས། ངེད་ཀྱི་ངོ་དང་མཇུག་མ་འདི་ལ་གཟིགས།། ཕོར་རྙིའི་ནང་དུ་བཙོན་འཇུག་བཀྱིག་བརྡུང་བཏང་། །ལག་པ་ཚིག་པ་ཁ་ཡིས་མི་ཚུགས་ལྟར། །སེམས་ཀྱིས་ཚུགས་ཀྱང་ལུས་ཀྱི་དགུར་མ་ཚུགས། །ན་ཟུག་མ་བཟོད་འཁྲུག་རྩོད་བྱེད་དགོས་བྱུང་། རྩོད་བྱེད་དགོས་བྱུང་། །སྲེ་མོང་བཀའ་ལ་གྱེན་ལྡོག་ཅི་ལ་ཕོད། །འོན་ཀྱང་ད་དུང་ཞུ་ལམ་མ་འགོགས་ཤིག །ཅེས་ཟེར་རོ། །ཡང་ཁོང་གཉིས་ན་རེ། །ད་རང་གཉིས་གྲོས་བརླིང་ཆ་ཆེ་ལ་བས་བརྟན་པ། ཕུགས་ནས་མི་འགྱོད་པ་གཅིག་བྱེད་རང་དགོས་པ་འདུག །དཔེ་ལ་ཕོ་རྒོད་ཀྱང་རྒྱབ་ཏུ་དཔུང་ཞིག་དགོས་ཟེར་བ་དེ་བདེན་པ་རང་འདུག །རང་གཉིས་ཕོ་རྒོད་རྟ་མགྱོགས་ཀྱང་ལྟ་རྩ་སྒྲིང་སྒྲིང་རང་མེད་པ་འདིས་ལན་དའདུག །ད་ཕུ་ཡ་གི་ན་ཙི་གེ་སྲེག་ཤོར་ཟེ་བ། མེ་ལས་དབལ་ཚ། ཆུ་ལས་རྦ་དྲག་པ། ལྷ་འདྲེ་མི་གསུམ་གྱིས་མི་ཐུབ་པ་ཞིག་ཡོད་འདུག །ད་དེ་ལ་བརྒྱ་འབུལ་གཞཉ་གྱི་བློར་མི་ཤོང་བ་ཧ་ལས་འགྲོ་བ་ཞིག་ཕུལ་ནས། །མགོ་འདྲེན་ཡང་དག་པ་རང་བཅོལ་བ་དྲག་འདུག་ཟེར། གྲོ་མའི་ཐུམ་གཅིག །ཟན་དང་འབྲུ་སྣ་འདྲེས་པའི་ཐུམ་གཅིག །ཛ་མར་འདྲེས་པའི་ཐུམ་མཐེ་བོང་ཙམ་གཅིག །རས་དར་གྱི་ཚན་གྲངས་བཅས་ཁྱེར་ཏེ། སྲེག་གཤོར་གྱི་མདུན་དུ་སླེབས་པ་དང་། མགོ་བོ་གུག་གུ་ལན་གསུམ་གྱིས་ཕྱག་བྱས། །འབུལ་བ་རྣམས་མདུན་དུ་བསྒྲིགས། །དར་སྣ་གོས་སྣས་མཇལ་དར་བྱས་ཏེ། ཕུས་མོ་ས་ལ་བཙུགས། ཐལ་མོ་ཀྲོང་ཀྲོང་བྱས་ནས་མགྲིན་གཅིག་ཏུ་འདི་སྐད་ཞུས་སོ། །དཔའ་ཞིང་གཏུམ་པ་ཙི་གེའི་རྒྱལ་པོ་དགོངས། །ཁྱེད་ནི་མཐུ་སྟོབས་གེ་སར་རྒྱལ་པོ་འདྲ། །ཁྱེད་ནི་གཏུམ་དྲག་ཆེ་ལ་དྲག་ཤུལ་ཆེ། །ངེད་གཉིས་ཁྱེད་ལ་སྐྱབས་ཞུ་མགོ་འདྲེན་མཛོད།་།ད་ནི་ཞུ་དོན་སྙིང་པོ་འདི་ལསྟར་ལགས། །སྒོམ་ཆེན་ཚུལ་ཁྲིམས་ཟེར་བའི་གྱོད་རྒན་འདིས། ངེད་ལ་ཁྲིིམས་གཅོད་འདི་འདྲ་བྱས་ལ་གཟིགས། །སྒོ་རྒྱབ་ཐག་བཅད་ཁྲིམས་གཅོད་འདི་ལ་གཟིགས། །ད་རེས་གེད་ཀྱི་རྒྱབ་གནོན་མཛད་ན། །རང་རེ་རྫ་ཙིག་ལ་དོན་ཤཛོར་ཉེན་འདུག །དེ་དོན་དགོངས་ལ་མགོ་འདྲེན་ཅིས་ཀྱང་ཞུ། །ཞེས་ཟེར་འདུག་པས། ཙི་གེ་སྲེག་ཤོར་ཟེ་བ་དེ་ཧ་ལས་པར་བྱས་ཏེ། རྐང་ལག་གཉིས་ཀྱིས་ས་གནམ་ལ་བུན་བུན་གཏོར། །ཁ་སྤུ་དང་སྨིན་མ་ཡང་གྱེན་ལ་གཟིངས་ནས། འདི་སྐད་ཟེར་རོ། །

ཧ་ཧ་ང་ནི་ཨ་ཕོ་མཐུ་ཆེན་ཡིན། །ང་ནི་འཇིགས་རུང་སེངྒེ་ཁྲོས་པ་འདྲ། །ང་ནི་མིག་རྩ་དམར་ལ་སྦར་ཁྱིམ་ཆེ། །གོ་མཚོན་ཐོགས་པ་བརྒྱ་ཡིས་ང་མི་ཐུབ། །དཔའ་བོ་སྟོང་གིས་བསྐོར་ཡང་ང་མི་ཐུབ། །ང་དང་འདྲ་བའི་ཨ་ཕོ་སུ་ཡོད་སྟོན། །ཨ་ཕོས་མཆོངས་པའི་ལོ་རྒྱུས་མང་དུ་ཡོད། །ཕ་ཕོས་བྲོས་པའི་རྣམ་གྲངས་ཤོད་རྒྱུ་མེད། །ཁྱོད་གཉིས་མགོ་འདོན་ཁོ་བོས་ཅིས་ཀྱང་ཡོང་། །སྒོམ་ཆེན་དེ་འདྲ་གང་ན་དའདུག་པ་སྟོན། །ཅེས་ཟེར་ཞིང་འདུར་འདུར་རྒྱུགས་ནས་བདག་གི་མདུན་དུ་སླེབས་པ་དང་། བྲག་གི་ལོགས་ནས་ཨོག་དཀར་འཇིགས་སུ་རུང་བ་ཞིག་བབས་ཏེ། སྡེར་བཞི་ས་ལ་བགྲད། །མཆེ་བ་གཙིགས་ཁྲོ་གཉེར་བསྡུས་ཏེ་འདི་སྐད་སྨྲས་སོ། །ཉོན་ཅིག་རྫ་ཙིག་ཚེ་ཟད་རྣམས། །ང་ནི་སྒོམ་ཆེན་འདི་ཡི་ལགས། །སྒོམ་ཆེན་བཀའ་བསྒོས་དམ་ལ་གནས་ན་དགའ། །མི་གནས་ཁྱོད་རྣམས་ཟ་ཞིང་རྡུབ་པར་བྱེད། །ཅེས་ངར་སཀྡ་བཏོན་ནས་སྨྲས་སོང་བས། ཙི་གེ་སྲེག་ཤོར་ཟེར་བ་ཁ་བོ་ཆེ་དེ་ཤོབ་ཟེར་རྡོ་གསེབ་ལ་བྲོས་ནས། འཇུགས་པ་ལ་འཇུགས་པ་ལ་ང་ནི་དེ་ཕྱོགས་ལ་མི་ཐེཐག་ཆོད་ཡིན་ཟེར་འདར་ཞུམ་ཞུམ་བྲུན་ཙིག་ཙིག་བསྡད་འདུག་པས། བྲག་ལོགས་ན་ཕུག་རོན་དགེ་བསྙེན་ཟེར་བ་གཙིག་འདུག་པ་དེས་ཙི་གེ་སྲེག་ཤོར་བྲོས་པ་མཐོང་སྟེ༑ སྐོར་བ་ལན་གསུམ་བརྒྱབ། སྤུ་ར་གཟིངས་ཏེ་འདི་སྐད་ཟེར་རོ། །ཙི་གེ་སྲེག་ཤོར་ཟེར་བའི་ཁ་ཕོ་ཆེ།། མི་ཤེས་མི་འབྱོན་ཁ་ཕོ་འབྲུག་ལས་ཆེ། །ཁྱོད་ཀྱིས་མཆོངས་མཆོངས་མང་སྟེ་བྲོས་པ་མང། །བྲོས་པའི་ཤུལ་ལ་ལྕི་རློན་བཏང་བ་མང་། ལྷ་འདྲེ་མི་གསུམ་གཞན་གྱིས་མི་ཐུབ་ཅེས། །ཟེ་བ་ངོ་ཡང་ཚ་ཞིང་ཁ་རེ་སྐྱེངས། །ཙིགེ་སྲེག་ཤོར་བྲོས་པའི་ངོ་ལ་ལྟོས། །ཞེས་ཟེར་རོ། །དེ་ནས་སེར་སྨུག་གཉིས་ཤིན་ཏུ་འཇུགས་ཏེ། ལུས་འདར་ཞུམ་ཞུམ་སྐད་ཆུང་ངུས་འདི་སྐད་ཟེར་རོ། །མིག་རྩ་དམར་ལ་སྦར་ཁྱིམ་ཆེ་བ་ཡི། །དཔའ་རྩ་ལ་ཅན་གྱི་ཨོག་དཀར་གསན་དུ་གསོལ། ངེད་གཉིས་སྲོག་སྐྱོབ་ཞུའོ་ཐུགས་རྗེས་དགོངས། །དཀོན་མཆོག་མ་གུས་མཆོད་གཏོར་བརྐུས་པ་མིན། །བཀྲེས་སྐོམ་འཛོམས་ནས་མཆོད་གཏོར་ཅུང་ཟད་ཁྱེར། ད་ནི་སྙིང་ནས་འགྱོད་ཅིང་དམ་བཅའ་འབུལ། །ཕྱི་ཆད་སྒོམ་ཆེན་བཀའ་བཞག་དམ་ལ་གནས། །ཞེས་ཟེར་ཞིང་ཁ་ཚིག་མེད་པར་འགྱོད་བཤགས་བྱེད་དའུག་པས། ཁོ་བོའི་བསམ་པ་ལ། ཀྱེ་མ༑ སྐྱེས་བུ་དམ་པ་རྣམས་ནི་གནོད་ལན་ཕན་པས་འཇལ་བར་མཛད་མོོད། ང་ནི་ཅུང་ཟད་གནོད་པ་ལ་གནོད་ལན་འདི་འདྲ་རང་དྲན་པ་སྙམ་འགྱོད་ཅིང་ཡིད་ཆད་པ་ཞིག་བྱུང་། ཡང་བསམ་པ། ད་ནི་བླ་མ་དཀོན་མཆོག་ལ་རམ་མདའ་སྦྲན་ཏེ། འདི་རྣམས་ཀྱི་རྣ་བར་ཆོས་ཀྱི་གླེང་མོ་ཞིག་བཏང་ན་ཅུང་ཞིག་ཨེ་དྲག་སྙམ་འདི་སྐད་སྨྲས་སོ། །ཀྱེ་མ་ཀྱེ་ཧུད་བླ་མ་དཀོན་མཆོག་གསུམ། །བདག་སོགས་མ་རུང་སྙིགས་དུས་སེམས་ཅན་རྣམས། །ཕན་ཚུན་མ་བུའི་ཚུལ་གྱིས་མཐུན་པ་དང་། རང་ནོར་ཆོག་ཤེས་འཁྲུག་རྩོད་ཞི་གྱུར་ནས། །ཕན་ཚུན་དག་སྣང་འབྱོངས་པར་བྱིན་གྱིས་རློབས། འདིར་ཚོགས་རྫ་ཙིག་ཕན་པའི་ཆོས་འདི་ཉོན། །ལས་ངན་བསགས་པས་ཚེ་འདིར་ལུས་ངན་བླངས། །ལན་ཆགས་མ་ཁྱེར་ཚེ་འདིར་དགྲ་བོ་སྡང། །སྦྱིན་པ་མ་བཏང་ཚེ་འདིར་དབུལ་པོར་གྱུར། །རང་ནོར་ཆོག་ཤེས་གཞན་ནོར་ཧམ་མ་བྱེད། རང་ལུས་དཔེ་ལོང་གཞན་ལ་གནོད་མ་བྱེད། །དཀོན་མཆོག་མཆོད་གཏོར་སྒོམ་ཆེན་ནོར་རྫས་ལ། །ཕྱིན་ཆད་མི་གནོད་སྙིང་ནས་དམ་བཅའ་གྱིས། །ཞེས་སྨྲས་པས། སེར་སྐྱ་སྨུག་ཆུང་སྔར་བྱས་ལ་འགྱོད་དེ། ཕྱིན་ཆད་གནོད་ངན་མི་བྱེད་པའི་དམ་བཅའ་འདི་ལྟར་ཕུལ་ལོ། །ཀྱེ་མ་སྒོམ་ཆེན་དམ་པ་ཚུར་དགངོས་དང་། བདག་ཅག་ཚེ་འདིར་འདོད་པའི་དབང་གྱུར་པས། དཀོན་མཆོག་མཆོད་གཏོད་སྒོམ་ཆེན་ནོར་རྫས་ལ། །མ་གུས་ཐོ་ཅོ་བགྱིས་རྣམས་བཟོད་པ་བཞེས་སྨྲས་ཏེ་རང་རང་གི་གནས་སུ་སོང་ངོ་། །དེ་ཕྱིན་ཆད་ཙི་གེ་སོགས་ཀྱི་གནོད་ངན་མི་བྱེད་ཅིང་གནས་དབེན་པ་ལ་དགེ་སྦྱོང་ཡང་ཞིག་འཕེལ་བར་བྱུང་ངོ་། །

 

ཞེས་པ་འདི་ཡང་བོད་གཞུང་ཤེས་རིག་པར་ཁང་ནས་དཔར་བསྐྲུན་ཞུས། (པར་ཐེངས་གཉིས་པར་དེབ་གྲངས་པར།༣༠༠༠།) (རྒྱལ་ལོ་༢༡༡༣ ཕྱོ་ལོ། ༡༩༨༦) པར་རྩ་སྦྱིན་པ་རྒྱ་མཚོས་བྲིས་པ་ལྟར་འཇུག་འགོད་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།