གཙང་ཆུ་མིག་ཆོས་འཁོར་ཆེན་མོའི་དུས་དྲན། 2019-12-18 · ཆུ་དབར་བུ། · 0 དེ་ཡང་ཆུ་མིག་ཆོས་འཁོར་ཆེན་མོ་ཞེས་པ་ནི། རབ་བྱུང་ལྔ་པའི་མེ་གླང་ལོ་སྟེ་ཕྱི་ལོ་ ༡༢༧༧ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་གཙང་གི་ཆུ་མིག་རིང་མོར་དགེ་འདུན་ཁྲི་བདུན་འཚོགས་པའི་ཆོས་འཁོར་ཞིག་གནང་བ་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་ཆུ་མིག་ཆོས་འཁོར་ཟེར་ཞེས་དུང་དཀར་ཚིག་མཛོད་དུ་གསལ་ལ། དེ་རིང་ནི་ངོར་དགོན་ཆུ་མིག་སྒྲོལ་མ་ལྷ་ཁང་གི་ཚེ་དབང་ཆེན་མོ་སྟེ། དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པའི་ཆུ་མིག་ཆོས་འཁོར་ཆེན་མོའི་དུས་དྲན་གྱི་ཉིན་མོ་ཡིན། དུས་བཟང་འདིར་གནས་དེ་གར་དད་ལྡན་མང་ཚོགས་ཁྲི་ཕྲག་ལྷག་ཙམ་དང་། དགེ་འདུན་བརྒྱ་ཕྲག་གཅིག་ལྷག་ཙམ་འདུས་ནས་སྙིགས་དུས་འགྲོ་བའི་མགོན་པོ་འཇམ་དབྱངས་མི་ཡི་རོལ་གར་དཔལ་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཆེན་རྡོ་རྗེ་འཆང་༸འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་ནས་མགོན་པོ་ཚེ་དཔག་མེད་ཀྱི་དབང་དང་འབྲེལ་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་གྱི་གནད་ཟབ་མོའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དད་ལྡན་སེར་སྐྱ་ཡོངས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་འཇོག་གནང་མཛད་ཀྱིན་ཡོད། ཆུ་མིག་སྒྲོལ་མ་ལྷ་ཁང་ཞེས་པའི་གནས་འདི་ནི་ཐོག་མར་གླགས་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང་། བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་གི་ཆུ་མིག་ཁྲི་སྐོར་ཞེས་པ་དེ་ཡིན། གནས་འདི་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་རིམ་བྱོན་རྣམས་ཀྱིས་བདག་སྐྱོང་མཛད་བཞིན་ཡོད་པ་དང་། ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པ་ལྟར། དཔལ་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེས་ཆོས་འཁོར་རིམ་པ་གསུམ་བསྐོར་ནས་བོད་གངས་ཅན་གྱི་ལྗོངས་སུ་སྨོན་ལམ་ཆེན་མོ་ཚོགས་པའི་སྲོལ་གཏོད་མཛད་པ་སྟེ། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དགུང་ལོ་ ༢༩ ཕེབས་པ་སྤྱི་ལོ་ ༡༢༦༣ ལོར་ཆུ་མིག་ཆོས་འཁོར་དང་པོ་བསྐོར་བ་དང་། དགུང་ལོ་ ༣༣ ལ་ཕེབས་པ་སྤྱི་ལོ་ ༡༢༦༧ ལོར་ཆུ་མིག་ཆོས་འཁོར་གཉིས་པ་བསྐོར། དགུང་ལོ་ ༤༣ ལ་ཕེབས་པ་སྤྱི་ལོ་ ༡༢༧༧ ལོར་གནས་འདིར་དགེ་འདུན་ཁྲི་ཕྲག་བདུན་ལྷག་དང་། དད་ལྡན་མི་དམངས་ཁྲི་ཕྲག་གསུམ་བཅས་སྐྱ་སེར་འབུམ་ཕྲག་ལྷག་ལ་དམ་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་རྒྱ་ཆེར་བསྐོར་གནང་མཛད། དེ་ས་བཟུང་ཆུ་མིག་ཆོས་འཁོར་ཞེས་གྲགས་ཤིང་། དེ་རྗེས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་རྣམས་ཀྱིས་སྨོན་ལམ་ཆེན་མོ་ཚོགས་པའི་སྲོལ་དར་རྒྱས་སུ་ཕྱིན་པ་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བར་འཁོད་ཡོད། Post Views: 17,158 བརྒྱུད་སྐུལ། ཀྲུའི་ཀྲར། ངོ་དེབ། གུ་ཀུལ།+ ལིང་ཀྲི་ཨིན། པིན་ཀྲིའ་ས། གློག་འཕྲིན། ཁྱེད་ལ་འོས་སྦྱོར། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག བོད་ཀྱི་ཡིག་ཟམ་ལམ་ལུགས་ཀྱི་བྱུང་རིམ་དང་དངོས་ཡོད་ལོ་རྒྱུས་ཀྱི་གནས་ལུགས་དོན་ཚན་བཅོ་ལྔ། ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་མཛད་རྗེས་ལ་བསྟོད་པ། ༄༅། །བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་མོ། རྣམ་ཐིག །གནས་ཐིག་བཅས་བཞུགས་སོ།།