བཟའ་འཐུང་ཐད་ཀྱི་འཛེམ་བྱ།

༄༅། །བཟའ་འཐུང་ཐད་ཀྱི་འཛེམ་བྱ།

ས་གོང་དབང་འདུས།

བོད་མིར་བཟའ་འཐུང་ཐད་འཛེམ་དགོས་པའི་ཆ་མང་པོ་ཡོད། དང་ཐོག་མི་དང་། གླང་པོ་ཆེ། ཁྱི། བྱ་རྒོད། རྟ་དང་བཅས་པའི་ཤ་ཆེན་ལྔ་ནི་གཏན་ནས་བཟའ་མི་རུང་བ་ཞིག་རེད། དེ་ནས་མས་སོ་ལས་ཡས་སོ་མེད་པ། རྨིག་པ་ཁ་ཧྲལ་ཅན་གྱི་སེམས་ཅན་འབྲི་གཡག་བ་གླང་དང་། ར་ལུག་རྣ་གཡག་སོགས་ཀྱི་ཤ་བཟའ་ཆོག་རུང། ཡས་སོ་མས་སོ་གཉིས་ཀ་ཡོད་ལ། རྨིག་པ་ཁ་ཟླུམ་ཅན་གྱི་སྒོ་ཕྱུགས། དཔེར་ན་རྟེ་དྲེལ་བོང་བུ་ལྟ་བུ་དང་། གཅན་གཟན་སྡེར་མོ་ཅན་དཔེར་ན། སྟག་གཟིག་དོམ་དྲེད་སྤྱང་ཀི་ལ་སོགས་པའི་ཤ་རྣམས་གཏན་ནས་བཟའ་སྲོལ་མེད། འདབ་ཆགས་ཀྱི་རིགས་ལས་ངང་པ་དང་ཁྲུང་ཁྲུང་དེ་བཞིན་ཁྱིམ་བྱ་ལ་སོགས་ཀྱི་རིགས་རེ་གཉིས་ཙམ་ལས་བྱེའུ་དང་ཕུག་རོན་ལ་སོགས་པའི་འདབ་ཆགས་གཞན་པ་རྣམས་ཀྱི་ཤ་དང་། བྱི་ལ་ལ་སོགས་སྡེར་མོ་ཅན་གྱི་སེམས་ཅན་སྣ་ཚོགས་ཀྱི་ཤ་རིགས་བཟའ་བའི་སྲོལ་མེད། ད་དུང་གཤེར་གནས་སྲོག་ཆགས་ཀྱི་ནང་ནས་ཉ་ཤ་ཙམ་ལས། སྦལ་བ་དང་། རུས་སྦལ། སྡིག་སྲིན་སོགས་ཀྱི་ཤ་བཟའ་བའི་སྲོལ་མེད། འབྲི་གཡག་ར་ལུགས་སོགས་ཀྱི་ཤ་བཟའ་སྲོལ་ཡོད་ནའང་གསོད་པའི་ཉིན་དེར་གང་གི་ཤ་སྤྱོད་སྲོལ་མེད། དམ་ཆོས་ལ་དད་སེམས་ཆེ་བའི་མི་མང་ཆེ་བས། ཚེས་བཟང་དུས་བཟང་གི་སྐབས་སུ་“དཀར་སྐྱོང་”ཅེས་ཤ་རུས་ཚིལ་ཁྲག་སོགས་མ་འདྲེས་པའི་བཟའ་བཏུང་གཙང་མ་ཁོ་ན་ལོངས་སུ་སྤྱོད་སྲོལ་ཡོད། གཞན་ཡང་དུས་ཆེན་དང་། རྟེན་འབྲེལ་གྱི་མཛད་སྒོ། སྐུ་མགྲོན་བཅར་བའི་དུས་བཅས་སུ་དཀར་ཡོལ་ཁ་ཆག་དང་སེར་ཁ་གས་པའི་རིགས་བེད་སྤྱོད་བཏང་ན། དེ་ནི་རྟེན་འབྲེལ་མི་ལེགས་པར་བརྩི་སྲོལ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།