དགུ་ཐུག་སྐོལ་སྟངས་ཤེས་ན་སྐྱིད་པོ་ཡོད།

དགུ་ཐུག་སྐོལ་སྟངས་ཤེས་ན་སྐྱིད་པོ་ཡོད།

མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ནི་མི་རིགས་གང་དེའི་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་འཛིན་སྟངས་དང་།   མཛེས་དཔྱོད་ཀྱི་ལྟ་བ།   སྒྱུ་རྩལ་གྱི་དང་བ་བཅས་མཚོན་པའི་གཅིག་བསྡུས་ཀྱི་དཔེ་གཞི་གསོན་པོ་ཞིག་ཡིན་ཙང་།   མི་རིགས་གང་དེའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོའི་སྐས་ཐེམ་རེ་རེ་ན་གསལ་བའི་སྲོལ་རྒྱུན་གྱི་དུས་ཚིགས་རེ་རེ་ནི།   མི་རིགས་དེ་དང་དེའི་རིགས་གནས་གོམས་གཤིས་དང་།   དཔེ་ལུགས་རྒྱུན་སྲོལ་སོགས་མཚོན་པའི་རིག་རྩལ་གྱི་ཀྱོག་མཚམས་རེ་རེ་ཡིན་སྲིད།   དེས་ན་གནམ་ལོ་གསར་བ་འཆར་ལ་ཉེ་བའི་སྐབས་སུ།  རང་མི་རིགས་ཀྱི་དགུ་ཐུག་སྐོལ་བའི་སྲོལ་རྒྱུན་གྱི་དུས་ཚིགས་འདི་གཅེས་སུ་འོས་པ་ཞིག་ཡིན་པ་ཤོད་ག་ལ་དགོས།  དེ་ཡང་ཆེས་སྔ་མོའི་དུས་ནས་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་དགུ་ཐུག་སྐོལ་བའི་སྲོལ་ཡོད་ཅིང་།   དེའི་ནང་དུ་བཟང་ངན་བར་མའི་མཚན་མ་སྣ་ཚོགས་འདེབས་སྲོལ་ཡོད་པ་མ་ཟད།   སྐབས་བབ་ཀྱི་བརྗོད་དོན་ལ་དམིགས་པའི་བཤད་པ་སྣ་ཚོགས་ཤིག་སྐྱོན་སྲོལ་ཡོད་པ་རེད།  མདོར་ན་དགུ་ཐུག་སྐྱིད་པོ་ཞིག་སྐོལ་བ་ལ་དགུ་མཚན་ཕུན་སུམ་འཚོགས་པོ་ཞིག་དང་དགུ་བཤད་དགོད་བྲོ་བ་ཞིག་ངེས་པར་དུ་དགོས་ཕྱིར།   ངེད་འདི་ནས་ཡུལ་མི་སྤུན་གྲོགས་ཡོངས་ལ་གནམ་ལོ་གསར་བར་འཚམས་འདྲིའི་ཚུལ་དུ་དགུ་མཚན་ཞིག་གསར་དུ་བཟོས་ཡོད།

དེ་ཡང་དགུ་མཚན་ནི་དགུ་ཐུག་གི་ནང་དུ་འདེབས་རྒྱུའི་རྟགས་སམ་མཚན་མར་གོ་དགོས་ཤིང་།    དཔེར་ན་དཔའ་བ་ལ་འབྲོང་དང་།   སྡར་མ་ལ་ཝ།  གྲུང་པོ་ལ་ཁྲ།   གླེན་པ་ལ་ལུག་གིས་མཚོན་པའི་རྟགས་སམ་མཚན་མ་དེ་རིགས་ཀྱང་བརྗོད་དོན་ལ་བལྟོས་པའི་བཤད་པ་སྣ་ཚོགས་ཤིག་དགོས་ལ།   བཤད་པ་དེ་དག་ཀྱང་རྩེད་མཚར་དང་ཁ་ཤགས་ཁོ་ན་མིན་པར་བཟང་པོ་ལ་དགེ་བའི་མཚན་མར་བརྩིས་ཤིང་གཏན་དུ་དེ་ལྟར་བྱ་དགོས་པར་སྐུལ་བ་དང་།   ངན་པ་ལ་མི་དགེ་བའི་རྟགས་སུ་བཟུང་ནས་སླད་ཕྱིན་དེ་ལྟར་བྱ་མི་རིགས་པར་གདམས་པ་སོགས་བོད་ཀྱི་དམངས་སྲོལ་སློབ་གསོའི་དོན་སྙིང་གལ་ཆེན་ལྡན།

ངེད་ཀྱིས་འདི་ནས་བཟོས་པའི་དགུ་མཚན་ལ་ཡང་སྲོལ་རྒྱུན་གྱི་ཤོད་སྟངས་ཁོ་ན་མ་ཡིན་པར་གཙོ་བོ་དེང་སྐབས་ཀྱི་སྤྱི་ཚོགས་ལ་འཚམས་པའི་བཤད་པ་སྣ་ཚོགས་ཤིག་གསར་དུ་བསྣན་ཡོད་ཁར།   གཙོ་ཆེ་བའི་ཁྱད་ཆོས་མི་འདྲ་བ་དྲུག་རྨང་གཞིར་བྱས་ནས་གྲུབ་པ་སྟེ།

གཅིག   གོང་གསལ་ལྟར་སྲོལ་རྒྱུན་གྱི་བཤད་པ་རྣམས་རྨང་གཞིར་བྱས་པའི་ཐོག་དེང་སྐབས་ཀྱི་སྤྱི་ཚོགས་ལ་འཚམས་པའི་རྣམ་གྲངས་དུ་མ་ཞིག་གསར་དུ་བསྣན་པ།

གཉིས།   བཤད་པ་དེ་ཡང་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་དམངས་གཞས་ཀྱི་བྲོ་བ་ལྡན་པས་ཀུན་གྱིས་གོ་སླ་བ།

གསུམ།   བཤད་པ་ཤོ་ལོ་ཀ་རེའི་གོང་དུ་དེ་འབྲེལ་གྱི་རི་མོ་རེ་ཡོད་པས་སྐབས་དོན་གྱི་བརྗོད་བྱར་གནད་ལ་སྨིན་པའི་གོ་བ་སྦྱིན་ཐུབ་པ།

བཞི།   ཤོག་ངོ་རེ་ལ་བརྗོད་བྱ་མི་འདྲ་བ་རེ་རེ་ནས་གྲུབ་པས་བེད་སྤྱོད་བྱེད་བདེ་བ་མ་ཟད་ལྟ་བདེ་དང་ཀློག་བདེ་གཉིས་ཀ་ཡིན་པ།

ལྔ།   སྐབས་དོན་གྱི་བཤད་པ་རེ་ལ་སློབ་གསོའི་དོན་སྙིང་གལ་ཆེན་ཡོད་པའི་ཐོག་ཁ་ཤགས་དང་རྩེད་མཚར་གྱི་རྣམ་པས་ཡོངས་སུ་ཕྱུག་པས་ཁྱིམ་མི་སྐུ་མགྲོན་རྣམས་ལ་སྤྲོ་སྣང་དང་དགོད་སྒྲ་སྐྱེད་ནུས་པ།

དྲུག   ཤོག་ངོ་འགའ་ཞིག་གི་ངོས་ན་སྐབས་དོན་གྱི་བརྗོད་བྱ་དང་འབྲེལ་བའི་བྱ་འགུལ་སྣ་ཚོགས་ཡོད་པས་དགུ་ཐུག་ལ་མེད་དུ་མི་རུང་བའི་རྩེད་ཆས་གལ་ཆེན་ཞིག་ཡིན་པ་བཅས་སོ།།

 

ལོ་སར་འཆར་ལ་ཉེ་བས་ངས་ཁྱེད་ལ་དགུ་ཐུག་དང་འབྲེལ་བའི་ཤེས་བྱ་འགའ་ཞིག་ངོ་རུ་སྤྲོད།

 

བོད་ལ་མཚོན་ན་ལོ་སར་གཏོང་སྲོལ་དུ་མ་ཡོད་དེ།   དཔེར་ན།  སྤྱིར་ལོ་ཆེན་དང་ལོ་ཆུང་གཉིས་སུ་དབྱེ་བ་དང་།   ལོ་ཆུང་ལ་ཡང་ཐོན་སྐྱེད་འཚོ་བའི་ཆ་ནས་ཁམས་ཁུལ་གྱི་ས་ཆ་གཙོས་པའི་འབྲོག་ཁུལ་ཁག་ཏུ་བེའུ་ལུག་ལོ་སར་དང་།   དབུས་གཙང་གི་ས་ཆ་གཙོས་པའི་རོང་ཁུལ་ཁག་ཏུ་སོ་ནམ་ལོ་སར་ཞེས་པ་གཏོང་སྲོལ་ཡོད་པ་མ་ཟད།   ས་ཆ་འགའ་ཞིག་ཏུ་ཡང་ལོ་ཆུང་ཞེས་པ་འདི་དུས་རིམ་མི་འདྲ་བའི་ངང་ནས་གཏོང་སྲོལ་སྣ་ཚོགས་ཡོད་པ་འདྲ།  གཞན་ཡང་ཀོང་པོའི་ལོ་སར་སོགས་ལོ་སར་གཏོང་སྲོལ་མང་དག་ཅིག་ཡོད་ཀྱང་།   བོད་མདོ་དབུས་ཁམས་གསུམ་ལ་གྲགས་ཆེ་བའི་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་གི་ཉིན་འདི་ཡིན་ཞིང་།   ཉིན་འདི་མ་ཐུག་པའི་སྔོན་གྱི་ཉིན་གཉིས་པ་སྟེ།  ལོ་སྔོན་མའི་ཟླ་བ་བཅུ་གཉིས་ཀྱི་ཚེས་ཉེར་དགུའི་ཉིན་ནི་ལོ་སྔོན་མའི་བྱ་རིམ་དག་མཇུག་སྡུད་ཀྱི་ཉིན་དང་ལོ་གསར་པར་བསུ་བའི་སྟ་གོན་གྱི་ཉིན་ཞིག་ཀྱང་ཡིན་པས།  ཉིན་འདི་དང་འབྲེལ་བའི་ལས་བྱ་འགའ་ཞིག་ངོ་རུ་སྤྲད་ན།

དགུ་ཕྱག

དགུ་ཕྱག་(དགུ་བྱབ)ཅེས་པ་ནི་ལོ་སར་མ་ཐུག་པའི་སྔོན་གྱི་ཉི་ཤུ་དགུའི་ཉིན་མོར་སྐྱེས་པ་དག་གིས་ཁང་པའི་གྱང་ངོས་དང་།   གདུང་ལྕམ།  སྒེའུ་ཁུང་སོགས་གཙང་མར་འབྱིད་པ་མ་ཟད།   བུད་མེད་རྣམས་ཀྱིས་ཉལ་ཆས་དང་།   ཟས་སྣོད།  ཕོར་པ་སོགས་གཙང་མར་བྱེད་པ་ལ་འབོད་ཅིང་།   འབྲོག་པ་དག་གིས་འདི་ལ་དགུ་རྡེབ་བམ་དགུ་སྤུག(སྤྲུག)ཅེས་ཟེར་སྲོལ་ཡོད་དེ།  དེ་ཡང་སྔ་དུས་སུ་འབྲོག་ཁུལ་ཁག་ཏུ་ཉིན་འདིར་ཁྱིམ་སོ་སོའི་སྦྲ་གུར་གྱི་ཕྱི་ནང་ཚང་མར་རྡེབ་རྡེབ་སྤྲུག་སྤྲུག་གི་ངང་ནས་དུད་དྲེག་འབེབ་པ་དང་། དེ་བཞིན་ཁྱིམ་གྱི་ཐབ་ཀ་དང་སྒྲིག་ཆས་སོགས་ཀྱང་གཙང་སྦྲ་ལེགས་པར་བྱེད་སྲོལ་ཡོད་པས་དེ་ལྟར་བཏགས་པར་གྲགས།

དགུ་ལུད།

གོང་གསལ་སྡོད་ཁང་གི་ཕྱི་ནང་གཙང་འཕྱག་བྱས་པའི་དུད་ཐལ་དང་ཉོབ་ལུད་སོགས་ལ་དགུ་ལུད་དམ་དགུ་ཐལ་ཞེས་སུ་འབོད་པ་དང་།   དེ་རྒྱ་ལམ་དུ་བསྐྱལ་ནས་དུད་ཐལ་ཁག་དགུ་རུ་བགོས་མཐར་མདའ་གཞུའི་རི་མོ་ཞིག་ཏུ་འགྲུབ་པར་བྱེད་པ་ལ་དགུ་ལུད་སྐྱེལ་བའམ་དགུ་ཕྱག་འབོ་ཞེས་ཟེར།

དགུ་ཐིག

དགུ་ཐིག་ཅེས་པ་ནི་རྩམ་པ་དང་གྲོ་ཕྱེ་སོགས་ཀྱིས་ཁང་པའི་ཀ་གདུང་དང་།  སྒོ་སྒེའུ་ཁུང་སོགས་ལ་ཁྱིམ་གྱི་ཟས་ནོར་ལོངས་སྤྱོད་འཕེལ་བ་དང་།   མི་ལ་ཚེ་རིང་ཞིང་ཕྱུགས་ལ་གོད་ཀ་མི་འབྱུང་བའི་རྟགས་དང་རྟེན་འབྲེལ་མཚོན་བྱེད་དུ་བཀྲ་ཤིས་པའི་ཐིག་དང་རི་མོ་སྣ་ཚོགས་འདེབས་སྲོལ་ཡོད་པ་རེད།  སྦྲ་གུར་ཡིན་ན་རྒྱན་ཐག་དང་།  གུང་ཤིང་།   ཀ་ར་སོགས་ལ་འདེབས་སྲོལ་ཡོད།   དེ་ལ་དགུ་ཐིག་ཅེས་སུ་འབོད་པ་དང་ལ་ལས་དགུ་རིས་ཀྱང་ཟེར།

དགུ་ཆ།

ཉིན་འདིར་མི་རྣམས་ཀྱི་ལས་བྱ་གཙོ་བོ་ནི་ལོ་སར་གྱི་གྲ་སྒྲིག་ཡིན་ཏེ།  དེ་ཡང་ཁང་པའི་ཕྱི་ནང་གཙང་མར་བྱས་རྗེས།   ནང་གི་མཛེས་ཆས་དག་གྲལ་བསྟར་བསྒྲིགས་པའི་ཐོག   ལོ་སར་གྱི་བཟའ་ཆ་དང་རྒྱན་གོས་སོགས་གྲ་སྒྲིག་བྱེད་སྲོལ་ཡོད་ཅིང་།   དེ་ལ་དགུ་ཆ་(འཆའ)ཞེས་སུ་འབོད་པ་དང་ལ་ལས་དགུ་བཅའ་ཡང་ཟེར།

དགུ་སྐྲ།

གནམ་ལོ་གསར་པ་འཆར་ལ་ཉེ་བའི་སྐབས་ཀྱི་ཉི་ཤུ་དགུའི་ཉིན་ལོ་སར་གྱི་གྲ་སྒྲིག་ལེགས་པར་བྱས་རྗེས།   ཁྱིམ་མི་དག་མགོ་སྐྲ་འཁྲུད་སྲོལ་ཡོད་ཅིང་།   དེ་ཡང་བུ་ལ་དཔའ་བོའི་དགུ་སྐྲ་དང་།   བུད་མེད་ལ་མཛངས་མའི་དགུ་སྐྲ་ཞེས་སུ་འབོད་པ་དང་།   ཁ་དཔེར་སྐྱིད་ཀྱང་ཉ་སྐྲ་མ་འཁྲུད།  སྡུག་ཀྱང་ལོ་སྐྲ་མ་འཁུར་ཞེས་ཟེར་སྲོལ་ཡོད་པ་ལྟར་ཉིན་དེར་ཁྱིམ་མི་ཡོངས་རྫོགས་སྐྲ་འཁྲུད་སྲོལ་ཡོད་པ་རེད།  དེ་ལ་དགུ་སྐྲ་ཞེས་ཟེར་རོ།།

དགུ་གླུད།

དགུ་གླུད་ནི་གནོད་བྱེད་ཀྱི་གདོན་བགེགས་རྣམས་གླུད་ཀྱི་གཟུགས་སུ་བཟོས་ནས། གོས་ཀྱི་ཐུ་སྣེ་དང་།  བཟའ་འཕྲོ་འཐུང་འཕྲོ། དེ་བཞིན་ཕྱུགས་རིགས་གོད་ཁ་བྱུང་བའི་སྤུ་རྩིད་དང་། གདང་དུམ། སྐེ་ལུང་། སྣེ་འགུག  ཆ་རུ་སོགས་ཅི་རིགས་གླུད་གཟུགས་ལ་བཏགས་ཏེ་སྦྲ་ཁང་མི་མཐོང་བའི་སར་སྐྱེལ་བ་དང་།   དེས་ཁྱིམ་ལ་བཀྲ་མི་ཤིས་པ་དང་ཕྱུགས་ཀྱི་གོད་ཁ་སོགས་ཟློག་པར་བརྩི་སྲོལ་ཡོད།   དེ་ལ་དགུ་གླུད་ཅེས་འབོད་པ་དང་ཡུལ་ལ་ལར་དགུ་མདོས་དང་གོད་གླུད་ཀྱང་ཟེར།

དགུ་རྫས།

དགུ་རྫས་ནི་ཉི་ཤུ་དགུའི་དགོང་མོའི་ཐུག་པའི་ནང་དུ་འདེབས་རྒྱུའི་རྫས་སྣ་ལ་གོ་ཞིང་།   དེ་ཡང་ཁྱིམ་སོ་སོའི་ཆ་རྐྱེན་ལ་དཔག་པའི་རྫས་སྣ་ཚོགས་སྒྲིག་སྲོལ་ཡོད་ཀྱང་།   ཡོངས་གྲགས་སུ་དགུ་རྫས་ཞེས་པ་ནི་འོ་མ་དང་།  ཕྱུ་ར།   གྲོ།   ལ་ཕུག   འབྲས།   གྲོ་མ།   རྩམ་པ།  སྲན་མ།   ཚྭ་བཅས་ཡིན་ཞིང་།   དགུ་རྫས་དེ་ལ་ཡང་རྫས་སྣ་རེ་ཟུང་གིས་མི་ཆོག་པར་རྫས་སྣ་ཁ་དགུ་ངེས་པར་དུ་ཚང་དགོས་པར་བཤད།   དེ་ལ་ནི་དགུ་རྫས་ཀྱི་རྫས་དགུ་ཟེར།

དགུ་ཐུག

དགུ་ཐུག་ནི་ཉི་ཤུ་དགུའི་དགོང་མོར་བསྐོལ་རྒྱུའི་བག་ཐུག་ལ་གོ་ཞིང་།   ཐུག་པ་དེ་ཡང་རྒྱུན་གཏན་གྱི་ཐུག་རིགས་སྐོལ་སྟངས་ཁོ་ནས་མི་འགྲིག་པར་གོང་གསལ་གྱི་རྫས་སྣ་དགུ་པོ་དེ་ངེས་པར་དུ་ཚང་དགོས་པ་མ་ཟད།   དགོང་མོ་དེར་ཁྱིམ་མཚེས་གྲོང་རོགས་རྣམས་མགྲོན་དུ་བོས་ནས་དགུ་ཐུག་ལ་སྤྲོ་པོའི་ངང་ནས་རོལ་སྲོལ་ཡོད།    ཉིན་འདིའི་དགོང་མོར་བོད་ཁམས་ཡོངས་ལ་དགུ་ཐུག་མི་སྐོལ་བའི་དུད་ཁྱིམ་ཧ་ལམ་མེད།

དགུ་མཚན།

དགུ་མཚན་ཞེས་པ་ནི་ཉི་ཤུ་དགུའི་དགོང་མོའི་དགུ་ཐུག་གི་ནང་དུ་འདེབས་རྒྱུའི་རྟགས་སམ་མཚན་མ་སྟེ།   དེ་ཡང་དཔའ་བ་ལ་འབྲོང་གི་གཟུགས་དང་།   སྡར་མ་ལ་ཝའི་གཟུགས།  གྲུང་པོ་ལ་ཁྲའི་གཟུགས།   གླེན་པ་ལ་ལུག་གི་གཟུགས་སོགས་ཁ་སུ་མགྱོགས་དང་ལག་སུ་བདེའི་ངང་ནས་འདེབས་སྲོལ་ཡོད་ཅིང་།   དེ་ཡང་མི་སོ་སོའི་ཕོར་པའི་ནང་དུ་གང་ཐེབ་པའི་མཚན་མ་རྣམས་ཀུན་ལ་བསྟན་ཞིང་དེ་ལ་བཤད་པ་དང་འགྲེལ་སྣ་ཚོགས་རྒྱག་སྲོལ་ཡོད་པ་རེད།

དགུ་བཤད།

དགུ་བཤད་ཅེས་པ་ནི་མི་རྣམས་ཀྱི་ཕོར་པའི་ནང་དུ་གང་ཐེབ་པའི་རྟགས་སམ་མཚན་མ་དེ་རིགས་ལ་བཤད་པ་དང་འགྲེལ་རྒྱག་པ་ལ་གོ་ཞིང་།    དཔེར་ན་དཔའ་བའི་འབྲོང་ལ་“མཐོ་རྫ་ལུང་རག་པའི་གུར་ཁྱིམ་ན།།  མགོ་རུ་ཐུར་རྒྱས་པའི་བྲེ་སར་འབྲོང་།། དཔའ་ཡ་མེད་ཨ་སྔོན་དགུང་དང་མཉམ།། བུ་དཔའ་བོའི་དཔའ་རྩལ་དེ་ལས་རྒོད།། ”ཅེས་རྟགས་དེ་མི་སུ་ལ་ཐེབ་ན་མི་དེ་དཔའ་བ་ལ་འབྲོང་ལྟར་ཡག་རྟགས་སུ་བགྲངས་ཤིང་།   དེ་བཞིན་སྡར་མའི་ཝ་ལ་ཡང་“དོན་ཅི་མེད་ཕུ་མདའ་ཀི་ཡིས་སྐོར།། དགྲ་བྱུང་ན་རང་གྲོགས་སྔོན་ལ་སྐྱེལ།། ཐལ་འཚུབ་བེ་ལ་འབྲོས་ལུང་འབྲོས་བྱེད།། མི་ཐ་མ་སྡར་མ་ཝ་དང་འདྲ།། ”ཞེས་དཔའ་མེད་སྡར་མ་ཝ་རུ་བརྩིས་ནས་སྡུག་རྟགས་སུ་བགྲང་བ་སོགས་བཟང་ངན་བར་མའི་མཚན་མ་རེ་རེ་ལ་བལྟོས་པའི་བཤད་པ་རྒྱག་སྲོལ་སྣ་ཚོགས་ཡོད་པ་རེད།   རྟགས་དང་བཤད་པ་དེ་རིགས་ཀྱང་རྩེད་མཚར་དང་ཁ་ཤགས་ཁོ་ན་མ་ཡིན་པར།   བཟང་པོ་ལ་དགེ་བའི་མཚན་མར་རྩི་བཞིན་གཏན་དུ་དེ་ལྟར་བྱ་དགོས་པར་སྐུལ་བ་དང་།   ངན་པ་ལ་མི་དགེ་བའི་རྟགས་སུ་བཟུང་ནས་སླད་ཕྱིན་དེ་ལྟར་བྱ་མི་རིགས་པར་འདོམས་པ་སོགས་བོད་ཀྱི་དམངས་སྲོལ་སློབ་གསོའི་དོན་སྙིང་གལ་ཆེན་ལྡན།

དགུ་འཆམ།

དགུ་འཆམ་ཞེས་པ་ནི་ལོ་སར་མ་ཚེས་བའི་སྔོན་གྱི་ཉི་ཤུ་དགུའི་ཉིན་མོར་དགོན་པའི་བླ་གྲྭ་རྣམས་ཀྱིས་དགོན་དེའི་ཐུན་མིན་གྱི་བསྟན་སྲུང་དམ་ཅན་དང་།   ཐུན་མོང་གི་ཡི་དམ་ཆོས་སྐྱོང་སོགས་ཀྱི་ཞལ་འབག་དང་ཕྱག་མཚན་སོགས་བསྣམས་ནས་གར་དུ་བྱེད་པ་ལ་གོ་ཞིང་།   ཆོ་ག་འདིས་ཡུལ་དེའི་ནད་མུག་འཁྲུག་རྩོད་དང་།   ལོ་ཉེས་སད་སེར་སོགས་ཟློག་པར་བརྩི།   ཆོ་ཁ་འདི་དགོན་པ་ཁག་ཏུ་སྒྲུབ་སྲོལ་ཡོད་པ་མ་ཟད་དགུ་འཆམ་ཞེས་དགོན་སྡེ་ཁག་གི་དམིགས་བསལ་གྱི་དུས་ཆེན་ཞིག་ཏུ་བགྲང་སྲོལ་ཡོད་པ་རེད།  དགུ་གཏོར་ཡང་འདི་དང་མཉམ་དུ་འཕེན་སྲོལ་ཡོད།

དགུ་གཏོར།

དགུ་གཏོར་ནི་སྔ་དུས་སུ་ཁྱིམ་གྱི་ཟློག་རིམ་ཆོ་ག་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། དེ་ཡང་གླུད་དང་མཉམ་དུ་ཁྱིམ་སོ་སོར་དགུ་གཏོར་ཞེས་པ་དྲག་གཟུགས་ཀྱི་གཏོར་མ་ཞིག་བཅས་ནས་བསྒྲུབ་བྱ་དམིགས་བསལ་བ་ཞིག་བྱེད་སྲོལ་ཡོད་ཀྱང་།  དུས་ཕྱིས་དམངས་ཁྲོད་དུ་དེ་ཙམ་དར་རྒྱས་མེད་མོད།  དགོན་སྡེ་ཁག་ཏུ་ད་བར་སྔར་མུས་བཞིན་མ་ཉམས་པ་བཅའ་སྲོལ་ཡོད་པས་དེ་ལ་དགུ་གཏོར་ཞེས་ཟེར།   དེ་གཉིས་ནི་དགོན་སྡེ་ཁག་ཏུ་ཡོད་པའི་དམིགས་བསལ་གྱི་ཆོ་ག་ཞིག་ཡིན་ནོ།།

བྱང་འབྲོག་རིག་གནས་སྒྲོག་སྤེལ་ནས་སྐུ་ཉིད་ལ་གནམ་ལོ་གསར་བར་འཚམས་འདྲའིི་ཚུལ་དུ་ཕུལ།

 

བརྒྱུད་སྐུལ།

མཆན་སྤེལ།