༄༅། །མི་ཤི་བྱུང་རྗེས་ཀྱི་འཛེམ་བྱ།
ས་གོང་དབང་འདུས།
གང་ཞིག་ཚེ་ལས་འདས་པའི་རྗེས་བླ་མས་འཕོ་བ་མ་གནང་གོང་དེ་ཡི་ཕུང་པོར་མི་གང་བྱུང་གིས་ལག་པ་འཆང་བའི་རིགས་དང་། དེ་འབྲེལ་གྱི་སྤུན་མཆེད་ཚོས་མྱ་ངན་གྱི་དུས་ཚོད་མ་འདས་གོང་ནས་སྐྲ་ལྷས་གདོང་འཁྲུ་བྱེད་པ། གྱོན་ཆས་གསར་པའི་རིགས་གྱོན་པ། ཁང་ཐོག་གི་དར་ལྕོག་མི་འབེབས་པ། གླུ་གར་དང་རྩེད་འཇོའི་རིགས་ལ་འཛེམ་དགོས་པ་མ་ཟད། ཐ་ན་གྲོང་པ་ཁྱིམ་མཚེས་དང་དགའ་ཉེ་བློ་དཀར་ཚོས་ཀྱང་དམ་པ་ཚེ་ལས་འདས་པའི་མྱ་ངན་མཚོན་བྱེད་དུ་རེ་ཞིག་གོང་གསལ་གྱི་འཛེམ་བྱ་དག་ལ་དོ་སྣང་ཆེན་པོ་གནང་སྲོལ་ཡོད། གཞན་ཡང་སྐུ་ཕུང་སྐྱེལ་དུས་ཕྱི་མིག་ལྟ་བ་དང་སྡུག་ཆང་འདྲེན་དུས་ཡར་སྒྲོན་རྒྱག་པའི་རིགས་ནི་དེ་བས་འཛེམ་དགོས་པའི་བྱ་བ་ཞིག་རེད།
གཞན་ཡང་སྐུ་ཕུང་སྐྱེལ་དུས་ལམ་བར་དུ་ངལ་གསོ་བྱེད་པ་དང་། བྱ་གཏོར་གྲུབ་རྗེས་སྐྱེལ་མི་རྣམས་དམ་པའི་ཁྱིམ་ལ་ཕེབས་པ། ཚྭ་ལ་སོགས་པའི་ལྟོ་ཆས་ལྷག་མ་རྣམས་རང་གི་ཁྱིམ་ལ་འཁྱེར་བ་སོགས་ནི་དེ་བས་བྱེད་མི་ཉན་པ་ཞིག་རེད།