༄། །ཆོས་རྗེ་ས་པཎ་ལ་བསྟོད་པ་ཚངས་སྲས་འཕང་འགྲོ་བསླུས་པའི་གླུ།

༄། །ཆོས་རྗེ་ས་པཎ་ལ་བསྟོད་པ་ཚངས་སྲས་འཕང་འགྲོ་བསླུས་པའི་གླུ།

ཨིནྡྲ་ནཱི་ལའི་ཅོད་པན་རབ་སྤངས་ཏེ། །
ལི་ཁྲིའི་གོས་ཀྱིས་ཁྱེད་སྐུ་མཛེས་པར་བྱས། །
འཇམ་དབྱངས་མི་ཡི་གར་དུ་རྣམ་རོལ་བ། །
ས་པཎ་ཞབས་རྡུལ་བདག་གིས་སྤྱི་བོར་ལེན། །

གང་སྐུ་བལྟམས་ཚེ་སཾ་སྐྲི་ཏ། །
མ་བསླབས་མགྲིན་རྔ་བརྡུང་པ་ལས། །
བྲམ་ཟེ་ཕུར་བུའི་ཁེངས་དྲེགས་པིར། །
ཛམྦུ་ན་དའི་ཆུ་ལ་ལྷུངས། །

ཐ་སྙད་གཙུག་ལག་རིག་པའི་གནས། །
ཁྱེད་ཀྱི་གསུང་ལ་ཆགས་པ་ཡིས། །
སྒྲ་སྙན་སྡེབ་སྦྱོར་མངོན་པར་བརྗོད། །
ཁྱེད་ལས་གཞན་དག་གཟུགས་བརྙན་བཞིན། །

ཐུན་མིན་རིག་གནས་གངྒའི་ཆབ། །
ཁྱེད་ཐུགས་རྒྱ་མཚོར་བསྐྱིལ་བ་ཡིས། །
དབང་ཕྱུག་དྲང་སྲོང་ཛ་ཧུ་ནུ། །
བརྟུལ་བཞུགས་བཏང་ནས་རྒྱང་དུ་བྲོས། །

སྡོམ་པ་གསུམ་གྱི་ཁང་བཟང་ལ། །
བྱི་དོར་རབ་དབྱེ་ལེགས་མཛད་པས། །
ཁྱེད་ནི་ཐུབ་པའི་ཐུབ་པ་ཞེས། །
ཀུན་དགའ་རྒྱལ་མཚན་གུང་ན་བསྒྲེངས། །

འཆད་རྩོད་རྩོམ་པའི་ལྡེ་མིག་གིས། །
མཁས་པའི་འཇུག་སྒོ་རབ་འབྱེད་པས། །
གངས་ཅན་མཁས་པར་ཁས་ཆེ་ཀུན། །
ཁྱེད་ཀྱི་དྲུང་ན་སྤྱི་བརྟོལ་ཙམ། །

འཕྲོག་བྱེད་རྩོད་པའི་ང་རོ་ལ། །
སྐྲག་ནས་གཞན་དག་བྲོས་ཤིང་བྱེར། །
ས་པཎ་རིག་གཏེར་གད་རྒྱངས་ཀྱིས། །
ཧ་རྀ་སྙིང་ཆུང་བྲང་ཁར་བྱེར། །

ཉམས་ལྡན་སྙན་ཚིག་སྒེག་མོའི་ལུས། །
སྡེབ་སྦྱོར་མེ་ཏོག་ཆུན་པོས་སྤུད། །
མངོན་བརྗོད་ཚིག་གི་གཏེར་ཁ་ཡང། །
མཁས་པའི་ཁ་ཡི་རྒྱན་དུ་བྱིན། །

སྣ་ཚོགས་སྐད་དང་ཟློས་པའི་གར། །
དབྱངས་བདུན་རོལ་མོའི་བསྟན་བཅོས་ཀྱིས། །
སྒྱུ་རྩལ་གསེར་གྱི་རྣ་ལུང་ཆ། །
བོད་རྒན་རྣ་བའི་རྒྱན་དུ་བཏགས། །

བློ་གྲོས་མིག་དབང་ལྡོང་བ་ཡིས། །
བླང་དང་དོར་བྱའི་ལམ་འཕྱན་པ། །
ཁྱེད་ཀྱིས་ལུགས་ཟུང་གདམས་པའི་ངག།།
ས་སྐྱ་ལེགས་བཤད་དམིགས་བུ་སྦྱིན། །

མ་དག་ཡི་གེའི་སུག་བྲིས་ཀྱིས། །
བསྟན་པ་འཆལ་ཆོལ་སྤེལ་བ་ཡི། །
ཆེར་རློམས་བྱིས་པའི་བློ་ཅན་ལ། །
བྱིས་པ་དག་ཡིག་སྐྱེས་སུ་སྩལ། །

མཁས་མང་སྒྱུར་སྐར་བྱེ་བའི་ཁྲོད། །
ཁྱེད་ནི་ཉི་ཟླ་བཞིན་དུ་འཚེར། །
དེ་སླད་མ་ཧཱ་པཎྜི་ཏ། །
ཁྱེད་ལས་གཞན་དག་གཅམ་བུའི་ཚིག །

ལག་ཟུང་ཀུ་མུད་ཟུམ་བྱས་ནས། །
སྨྲ་བའི་ཉི་མ་ཁྱེད་ལ་ནི། །
བསྟོད་པའི་པདྨ་འདབ་གྲོལ་བ་ཡིས། །
བདག་ཀྱང་ཁྱེད་བཞིན་འགྱུར་བར་ཤོག །

བྷ་བ་ཏུ་སརྦམངྒལཾ།

རྩོམ་པ་པོ། ལྷ་སྒང་ཆོས་གྲགས།

བརྒྱུད་སྐུལ།

མཆན་སྤེལ།