ལ་སྟོད་ལྷོ་དིང་རི་ཁུལ་གྱི་དགུ་ཐུག་ངོ་སྤྲོད་མདོར་བསྡུས་ཤིག

ལ་སྟོད་ལྷོ་དིང་རི་ཁུལ་གྱི་དགུ་ཐུག་ངོ་སྤྲོད་མདོར་བསྡུས་ཤིག

ལ་སྟོད་ནོར་བུ།

དབུང་གཙས་གཉིས་ལས་གཙང་གི་ཁོངས་གཏོགས་ལ་སྟོད་ལྷོ་དིང་རི་ཁུལ་གྱི་དགུ་ཐུག་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ལགས་ན། དེ་ཡང་ལོ་རྙིང་པའི་ཟླ་བ་མཐའ་མ་སྟེ་བོད་ཟླ་བཅུ་གཅིག་པའི་ཚེས་༢༩ཉིན་ཏེ། ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས་གླུད་རྫོང་བྱེད་པའི་ཡུལ་སྲོལ་རྒྱ་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་ཟེར། དེ་བཞིན་དགུ་ཐུག་དེ་རོལ་བཅུད་ལྡན་པ་ཞིག་ཡོང་ཆེད་རྡོལ་གཙོ་བོ་ཤ་དང། ལ་ཕུག གྲོ་མ། ཕྲུ་ར། སྔོ་ཚོད་སོགས་ཟས་རིགས་སྣ་ཁ་དགུ་ཙམ་བླུགས་སྲོལ་ཡོད། དགུ་ཐུག་བསྐོལ་བའི་སྐབས་སུ་ནམ་ཀུན་དང་མི་འདྲ་བར་དོ་སྣང་བྱེད་དགོས་ས་གཅིག་ཡོད་པ་ནི་ནང་མིའི་གྲངས་འབོར་དང་མཉམ་པར་བག་རིལ་བྱིངས་ལས་དབྱིབས་ཏོག་ཙམ་ཆེ་བ་བཟོ་སྲོལ་ཡོད། དེ་བཞིན་བག་རིལ་དེ་དག་གི་ནང་དུ་རྫས་འདྲ་མིན་བླུགས་སྲོལ་ཡོད་པ་སྟེ། རྡོ་དཀར་གོང་། བལ་དཀར། དཀར་ཡོལ། སྐུད་པ་ནང་སྒྲིམ། སྐུད་པ་ཕྱི་སྒྲིམ། སོལ་བ། སི་པན། སྲན་རིལ། རྩོང་། ཚྭ། ཤོག་བུ་བཅས་རྫས་སྣ་ཚོགས་པ་བླུགས་སྲོལ་ཡོད།

ལར་ནས་རྫས་དེ་དག་བླུགས་དགོས་དོན་ནི་ནང་མི་རྣམས་ཀྱི་བསམ་སྤྱོད་བཟང་ངན་མཚོན་པས་ན་སྲོལ་དེ་རྒྱུན་བསྐྱངས་པ་རེད། དེ་ནས་རྫས་དེ་དག་གི་མཚོན་དོན་རྒྱས་བསྡུས་རན་པོ་ཞིག་ཞུས་ན། རྡོ་དཀར་གོང་གིས་སེམས་པ་དཀར་པོ་ཡང་ན་སེམས་པ་བཟང་པོ་མཚོན་པ་དང་། བལ་དཀར་གྱིས་བློ་སྣ་རིང་ཞིང་གཤིས་ཀ་འཇམ་པོ་མཚོན་ཟེར། དཀར་ཡོལ་གྱིས་ལྟོ་ལ་དགའ་ཞིང་ལས་ལ་གཡོ་བར་མཚོན་ཟེར། སྐུད་པ་ནང་སྒྲིམ་གྱིས་སེམས་ནུས་ནང་ལ་སྒྲིམ་པ། སྐུད་པ་ཕྱི་སྒྲིམ་གྱིས་བློ་རྩལ་ཕྱི་ལ་སྟོན་པ། སོལ་བས་སེམས་པ་གནག་པ་མཚོན། སི་པན་གྱིས་ཀུན་ལ་ཁ་ཚ་བའམ་བཤད་རྒྱུ་མང་བ། སྲན་རིལ་གྱིས་མགོ་བདེ་བོ་མཚོན། རྩོང་གིས་རྟུག་དྲི་ཚ་བ། ཚྭ་ཡིས་རྐུབ་ལ་ཚ་དོ་ལས་ལྗིད་པའམ་འགྱེད་ལུག་ཚ་བ། ཤོག་བུས་རྐུ་རྩག་རྩིག་རྐུ་བ་མཚོན། གོང་དུ་ཞུས་པ་དེ་དག་དགུ་ཐུག་བསྐོལ་སྐབས་མཉམ་དུ་བླུགས་པ་དང་། དེ་ནས་ཐུབ་པ་འཁོལ་མཚམས་སུ་མི་རེའི་ཕོར་པའི་ནང་དུ་གོོང་ཞུས་བག་རིལ་རེ་བླུགས་ནས་རྒན་པ་ཚོས་གཞོན་པར་ཚོར་འགྲེལ་བཤད་བྱེད་ཀྱི་ཡོད། དེ་བཞིན་ཐུག་པ་བག་ཐུབ་བཟོ་བའི་སྐབས་སུ་བག་ཟན་ལས་གྲུབ་པའི་གླུད་ཆེ་ཆུང་རན་པོ་ཞིག་བཟོ་བ་དང་གླུད་བླུགས་སའི་སྣོད་རྫ་ཁོག་ཆག་རོ་ཞིག་གྲ་བསྒྲིགས་བྱེད་ཀྱི་ཡོད། རྫ་ཁོག་ཆག་རོ་དེ་ཡི་དཀྱིལ་དུ་གླུད་དེ་བཞགས་ཐོག་དེ་ཡི་མཐའ་ཁོར་དུ་ཇ་ལོ་སྦང་མ་སོགས་ཟས་ཀྱི་སྙིགས་རོ་དགུ་བླུགས་པ་དང་། ནང་མི་རྒན་གཞོན་ཀུན་གྱིས་ལག་པར་རང་གི་གོས་ཀྱི་ལྕགས་གཤམ་ནས་ཆུང་ངུ་ཞིག་འཁྱེར་ཡོང་བ་དང་། གོས་ཟན་ཆུང་ངུ་དེ་བག་ཕྱི་ཡི་ནང་དུ་བླུགས་ཤིང་རང་གི་འཛུབ་མོ་ལྔའི་པར་རྗེས་བག་ཕྱི་འདིར་གསལ་བར་མངོན་དགོས་ཡོད། དེ་ནས་བག་ཕྱི་དེ་མགོ་བོའི་རྩེ་ནས་རྐང་པའི་མཐིལ་བར་ཨ་ཚ། ཚ་བ། ཨ་ན་ན། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་གསུམ་བརྒྱ་དྲུག་ཅུ་ལ་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གནོད་པའི་རིགས་ཐམས་ཅད་གླུད་ཁྱོད་ཀྱིས་འཁྱེེར་ཤིག་ཅེས་བརྗོད་རྗེས་གླུད་ཀྱི་མཐའ་ཁོར་དུ་ནག་རོག་གེར་བསྒྲིགས་བཞག་གི་ཡོད།

དགུ་ཐུག་དངོས་གཞི་ནི་དགོང་དྲོའི་ཆུ་ཚོད་བདུན་པ་གཡས་གཡོན་དུ་ནང་གི་མི་ལོ་ན་རྒན་གཞོན་ལ་གཞིགས་ནས་ཞུགས་གྲར་འཁོད་རྗེས་ནང་གི་ཨ་མའམ་མ་བྱན་གྱིས་དགུ་ཐུག་གི་ཕུད་དེ་མཆོད་པར་ཕུལ་བ་དང་། དེ་ནས་ནང་གི་ཨ་ཕ་ནས་བྱས་རིམ་པས་དགུ་ཐུག་བླུགས་ཀྱི་ཡོད། སྔོན་ཞུས་ལྟར་བག་རིལ་གཞན་ལས་ཆེ་བ་དེ་དག་མི་རེ་རེའི་ཕོར་བའི་ནང་དུ་བླུགས་ཀྱི་ཡོད། དེ་ནས་རྒན་གཞོན་རིམ་པ་བཞིན་བག་རིལ་ནང་གི་མཚོན་དོན་དེ་དག་མར་སྟོན་ནས་རྒན་པ་ཚོས་གཞོན་པ་ཚོར་འགྲེལ་བཤད་བྱེད་ཀྱི་ཡོད། དེ་བཞིན་གོང་ཞུས་མཚོན་དོན་དེ་དག་ལས་ཡག་པའི་ཆ་རྣམས་སྡེར་མར་གཞིག་གི་ནང་བླུགས་ཀྱི་ཡོད། དེ་བཞིན་མཚོན་དོན་སྡུག་པའི་རིགས་གླུད་སྣོད་ནང་དུ་བསྐྱུརགྱི་ཡོད། སྤྱིར་མཚོན་དོན་སྐོར་གོང་དུ་ཞུས་ཟོན་མོད་འདིར་དཔེར་བརྗོད་ཀྱི་ཚུལ་དུ་གཅིག་བཀོད་རྒྱུ་ཡིན། དཔེར་ན། ནང་མི་གང་རུང་བ་ཞིག་ལ་རྡོ་དཀར་གོང་ཐོན་པ་ཡིན་ན་དེ་ཡི་མཚོན་དོན་ནི་བློ་དཀར་པོའམ་བློ་ཆོས་ལ་ཕྱོགས་པ། སེམས་པ་དཀར་པ་ཡང་ན་སེམས་པ་བཟང་བ་སྟེ་བཟང་པོའི་སྤྱོད་ཚུལ་མཚོན་པ་ལྟ་བུ་རེད། དེ་བཞིན་ནང་མི་ཚང་མས་སོ་སོའི་ཕོར་བའི་ཐུག་ལྷག་དེ་ནས་ཐེགས་པ་གཅིག་ཉིས་ཞེས་དགུ་ཙམ་གླུད་སྣོད་རྫ་ཁོག་ནང་དུ་བླུགས་ཀྱི་ཡོད། གླུད་རྫོང་དངོས་ནི་མཚོན་དོན་སོགས་འགྲེལ་བཤད་ཆ་ཚང་གྲུབ་རྗེས་ནང་གི་སྐྱེས་པ་རྒན་གཞོན་གཉིས་ཀྱིས་དབྱུག་པའི་རྩེར་རས་དཀྲིས་རྗེས་དེ་ཡི་ཐོག་ལ་སྣུམ་ནག་འབྱུག་པའི་དཔལ་འབར་ལ་མེ་སྤར་པ་དང་། དཔལ་འབར་དེ་སྐྱེས་པ་གཉིས་ཀྱིས་ནང་གི་ཁང་པ་ཡོད་དོ་ཅོག་ལ་བསྐོར་ར་རྒྱག་གིན་རྒྱག་གིན་ཁ་ནས་ད་མར་དོན་ཤོག་ཅེས་ང་རོ་སྒྲོག་པ་དང་། དེ་ནས་སྐྱེས་པ་ཞིག་གིས་དཔལ་འབར་དེ་འཁྱེར་བ་དང་གཞན་དེ་ཡིས་གླུད་སྣོད་འཁྱེར་ནས་གདོན་བགེགས་མར་དོན་ཤོག་ཅེས་ང་རོ་དྲག་པོས་དེད་ཀྱི་ཡོད། གསལ་བཤད་ཞུ་དགོས་པ་ཞིག་ལ་གླུད་གཡུག་མཁན་དེ་སྐྱེས་པ་བུ་ཡིན་དགོས་པ་ལས་བུད་མེད་ཀྱི་གླུད་གཡུག་སྲོལ་མེད། དེ་བཞིན་གླུད་མར་འདེད་བཞིན་པའི་སྐབས་སུ་ནང་མི་གཞན་ཚོས་ཐུ་ལུ་འདེབས་པ་དང་ནང་མི་རྒན་གྲས་ཚོས་ལག་པ་གཉིས་ཀྱིས་བཟློག་པ་དྲག་པོར་རྡེབ་པ་སྦྲགས་གླུད་རྫོང་བ་ཕྱིར་ཐོན་མ་ཐག་སྒོ་དམ་པོར་གནོན་གྱི་ཡོད། དེ་དུས་གླུད་འཁྱེར་མཁན་གཉིས་ཀྱིས་དོ་སྣང་བྱེད་དགོས་པ་ནི་ཕར་གླུད་འཁྱེར་དུས་ཁྱིམ་ལ་ཚུར་ཁ་སློག་རྒྱུ་མེད། དེ་བཞེན་གླུད་གཡུགས་ཟེན་རྗེས་ཚུར་ནང་ལ་ལོག་ཡོང་དུས་ཕར་གླུད་ལ་ཕྱིར་བལྟས་བྱེད་རྒྱུ་མེད། རྒྱུ་མཚན་ནི་གལ་སྲིད་ཕར་འགྲོ་ཚུར་ཡོང་སྐབས་སུ་ཕྱིར་བལྟས་བྱས་ཚེ་གླུད་དེ་ཚུར་རང་འཇགས་ནང་ལ་ལོག་པར་གྲགས། ལར་ནས་སྐྱེས་པ་གཉིས་ཀྱིས་གླུད་དེ་ལམ་ཀ་གསུམ་མདོ་ཞིག་ཏུ་གཡུག་དགོས་ཤིང་མི་ཚང་སོ་སོའི་འཁོ་དཔག་ལ་གཞིགས་ནས་མི་མདའ་སོགས་རྒྱག་སྲོལ་ཡོད། གླུད་གཡུག་གྲུབ་རྗེས་སྐྱེས་པ་གཉིས་ཕྱིར་བལྟས་ཙམ་མ་བྱས་པར་ལོག་ཡོང་དགོས་པ་དང་། ཁྱིམ་གྱི་སྒོ་འགྲམ་དུ་སླེབས་དུས་མི་ཚང་ཆེ་འགའ་རེས་སྒོ་བཤད་རྒྱག་པ་སོགས་བྱེད་སྲོལ་ཡོད།

རང་གི་སྐྱེ་ཡུལ་ལ་སྟོད་ལྷོ་དིང་རི་ཁུལ་གྱི་དགུ་ཐུག་ངོ་སྤྲོད་མདོར་བསྡུས་བྱས་པ་དེས་ཀྱང་བོད་ཀྱི་དམངས་སྲོལ་རིག་པར་ཅུང་ཟད་སྨན་པའི་རེ་བ་དང་སྦྲགས། སོ་ནམས་ལོ་གསར་ལ་བཀྲ་ཤེས་བདེ་ལེགས་ཞུ།

 

 

བརྒྱུད་སྐུལ།

མཆན་སྤེལ།