དཔྱད་རྩོམ་ཕྱོགས་བསྒྲིགས་ལུང་རིགས་སྤུངས་པའི་ཚོམ་བུ། གསར་ཐོན་གྱི་གཏམ་བཟང་།

དཔྱད་རྩོམ་ཕྱོགས་བསྒྲིགས་ལུང་རིགས་སྤུངས་པའི་ཚོམ་བུ། གསར་ཐོན་གྱི་གཏམ་བཟང་།

རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།

 

མིང་། བློ་བཟང་རྡོ་རྗེ།

རུས། མྱང་།

གྲོང་མིང་། བཞད་པ།

སྨྱུག་མིང་། མྱོང་གི་ཕོ་ཉ།

སྐྱེས་ཡུལ། གཞིས་ཀ་རྩེ་དགེ་ལྡིང༌།

ཆུང་དུས་གཞི་རིམ་སློབ་གྲྭར་བསྐྱོད་རྗེས་གཙང་ལྗོངས་ས་ཡི་ལྟེ་བ་མྱང་སྨད་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོར་དཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བཏུགས་ཏེ་གཞུང་ཆེན་པོ་ཏི་ལྔའི་རྩ་བ་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན། གྲུབ་མཐའི་རྩ་བ། དོན་བདུན་ཅུ། ས་ལམ་གྱི་རྣམ་གཞག་སོགས་བློ་འཛིན་བྱས། བསྡུས་གྲྭ། ཚད་མ་རྣམ་འགྲེལ། ཕར་ཕྱིན། དབུ་མ་གསར་པའི་བར་གཞུང་ཆེན་དག་ལ་སློབ་གཉེར་མཐར་ཕྱིན། ༢༠༠༧ ལོར་རྒྱ་གར་དུ་སླེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་འོག ཤེས་རབ་དགའ་ཚལ་གླིང་དུ་ལོ་གསུམ་རིང་སློབ་སྦྱོང་བྱས། ༢༠༡༠ ནས་ལོ་ངོ་གསུམ་གྱི་རིང་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་ནས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་ཐོབ་པའི་རིག་གནས་རབ་འབྱམས་པ་དང་འབྲིང་རིམ་དགེ་རྒན་འོས་སྦྱོང་གི་མཐར་ཕྱིན་ལག་ཁྱེར་བླངས། ༢༠༡༣ ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དཔལ་ལྡན་གསོ་བ་རིག་པར་བོད་ཀྱི་སྨན་རྩིས་ཁང་དུ་ལོ་ངོ་དྲུག་རིང་སློབ་གཉེར་བྱས་ཏེ་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་བཅས་ནི། རང་གི་སློབ་གཉེར་གྱི་ལོ་རྒྱུས་སྙིང་བསྡུས་སུ།

 

ཆེད་བརྗོད།

 

༄༅། །རྒྱ་གར་འཕགས་ཡུལ་དྷ་རམ་ཤ་ལ་བོད་ཀྱི་སྨན་རྩིས་ཁང་གི་སྨན་སློབ་སྐབས་བཅུ་དགུ་པའི་སློབ་མ་བློ་བཟང་རྡོ་རྗེ་ལགས་ནས་རང་ཉིད་སྨན་གྱི་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་སྨན་པ་ཟུག་རྔུ་འབྱིན་པ་ཚད་ལྡན་ཞིག་ཆགས་པར་དོ་སྣང་དང་། འབད་བརྩོན་ཧུར་བསྐྱེད་ཀྱིས་ཉིན་རེ་སློབ་ཚན་སྦྱང་རྒྱུའི་ཞོར་དུ་ལོ་ངོ་བཞི་ཙམ་རིང་བྲིས་པའི་དཔྱད་རྩོམ་ཁག་ཕྱོགས་གཅིག་ཏུ་བསྡུས་ནས་<<དཔྱད་རྩོམ་ཕྱོགས་བསྒྲིགས་ལུང་རིགས་སྤུངས་པའི་ཚོམ་བུ་>>ཞེས་བྲིས་རྩོམ་བྱས་པ་འདིས་སྔོན་བྱོན་མཁས་དབང་མེས་པོ་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མི་རབས་གསར་པའི་གཞོན་སྐྱེས་ཚོར་སྙིང་སྟོབས་སྤེལ་རྒྱུའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་འདུག་ན། མ་འོངས་གསོ་རིག་སློབ་གཉེར་བ་རྣམས་ནས་ཀྱང་མིག་དཔེ་ཡར་ལྟའི་གསོ་རིག་བསྟན་པ་གོང་མཐོར་གཏོང་རྒྱུའི་བྱ་བཟང་འདི་འདྲ་བ་ལ་འབད་འབུངས་ཀྱིས་སྐུལ་མ་ཞུ་རྒྱུ་དང༌། གླིང་འདིར་ལུས་ཅན་གསོ་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་བཞིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་བཅས། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༦ལ།

 

ཆེད་དུ་བརྗོད་པ།

 

༄༅། །འཕགས་ཡུལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྐབས་བཅུ་དགུའི་སྨན་སློབ་བློ་བཟང་རྡོ་རྗེ་ནས། ལོ་ལྔའི་རིང་གསོ་བ་རིག་པའི་ཐད་སློབ་གཉེར་བྱེད་པའི་རྒྱུད་རིམ་ཁྲོད་གཙོ་བོ་ྋའཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་རླབས་ཀྱི་བཀའ་དྲིན་དང་། ཡང་སྒོས་དགེ་བའི་བཤེས་གཉེན་རྣམ་པའི་ཐུགས་འཁུར་འགན་བཞེས་ལ་བརྟེན་ནས། བོད་ཀྱི་ནང་ཆོས་དང་། གསོ་བ་རིག་པ། རྒྱལ་རབས། བརྡ་སྤྲོད། ཚན་རིག རྩོམ་རིག་སོགས་ལ་དུས་ཁོམ་ཇི་བྱུང་ལ་ནང་སྦྱོང་བྱས་པའི་དཔྱད་རྩོམ་ཐོར་བུ་འགའ་ཞིག་ཡོད་པའི་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་འདི་འབད་བརྩོན་བགྱིས་ཏེ། སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོའི་མཆོད་སྤྲིན་དུ་དམིགས་ཏེ་ལེགས་གྲུབ་ཟིན་པར་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་དེབ་དེའི་གཙོར་དོན་ནི། སྡེ་ཚན་དང་པོ་ཆོས་ལུགས་སྐོར་ལ། རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འགྲེལ་ཆུང་ཡབ་རྗེ་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་པ་དང་། གདོད་མའི་བོད་ཀྱི་ཆོས་ལུགས་བྱུང་འཕེལ་ལ་དཔྱད་པ། ཆོས་སྲིད་ཟུང་འབྲེལ་སྐོར་ལ་དཔྱད་པ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་གླེང་བ། སྡེ་ཚན་གཉིས་པ་གསོ་རིག་སྐོར་ལ། ལུས་སེམས་རླུང་གསུམ་གྱི་རྣམ་གཞག་ལ་བརྟག་པ་ཞེས་དང་། གཡུ་ཐོག་གསར་མའི་འཁྲུངས་ཡུལ་སྐོར་སྒོ་བཞི་རེ་ཐང་སྐོར་ལ་དཔྱད་པ། སྡེ་ཚན་གསུམ་པ་ལོ་རྒྱུས་སྐོར་ལ། མྱང་ཞེས་པའི་ཡུལ་གྱི་ཐ་སྙད་བྱུང་འཕེལ་ལ་དཔྱད་པ་ཞེས་དང་། ཆོས་སྲིད་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་ཚུལ་ལ་དཔྱད་པ། དཔལ་ས་སྐྱའི་དུས་སྐབས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བྱུང་ཚུལ་ལ་ལྟ་བ། སྡེ་ཚན་བཞི་པ་བརྡ་སྤྲོད་སྐོར་ལ། ཡུལ་གངས་ཅན་པའི་སྐད་ཀྱི་བརྡ་སྤྲོད་པའི་ཐུན་མིན་ཁྱད་ཆོས་གྲུབ་ཚུལ་སྐོར་ལ་ཅུང་ཟད་དཔྱད་པ་ཞེས་དང་། དབྱངས་ཀྱི་གྲངས་ངེས་ལ་དཔྱད་པ། མིང་བརྡ་ཡང་དག་པར་སྦྱོར་དགོས་པ་གལ་ཆེའི་སྐོར། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པར་ཅུང་ཟད་དཔྱད་པ། སྡེ་ཚན་ལྔ་པ་རྩོམ་རིག་སྐོར་ལ། གནའ་དེང་བོད་ཀྱི་སྙན་ངག་གི་འཕེལ་རིམ་དང་དེ་གཉིས་ཀྱི་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ་ཞེས་དང་། སྙན་ངག་གི་སྲོག་གི་སྐོར་ལ་དཔྱད་པ། སྙན་ངག་རིག་པ་དང་ཚིག་རྒྱན་རིག་པ། སྙན་ངག་གི་གོ་དོན་སོགས་ཀྱི་ཁྱད་པར་ལ་དཔྱད་པ། དོན་བརྗོད་སྙན་ངག་དང་ཡིད་འགྱུར་སྙན་ངག་གི་བར་ཁྱད་ལ་དཔྱད་པ། སྒྲུང་དང་སྒྲུང་གཏམ་བརྩམས་སྒྲུང་བར་གྱི་ཁྱད་པར་བཅས་གླེང་བ་རྣམས་ཀྱི་རྣམ་དཀར་གྱི་དགེ་ཚོགས་ཅི་མཆིས་ྋརྒྱལ་བའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྨན་རྩིས་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། འགྲོ་ཀུན་བདེ་བའི་རྒྱུ་རུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཞུ། དགེ་ལེགས་འཕེལ། སྨན་རྩིས་མཐོ་སློབ་ཁང་ནས་སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ལ།

 

གླེང་བརྗོད།

 

རབ་དཀར་གངས་རིའི་ཕྲེང་བའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྡན་སཱ་ལའི་སྨན་ལྗོངས་གངས་ཅན་ཆོས་ཀྱི་ཞིང་ཁམས་འདིར་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། སྨག་རུམ་གྱི་མུན་པ་སེལ་བའི་ཤེས་རིག་གི་འོད་སྣང་བསྐྱེད་དེ་བོད་མི་རིགས་ཀྱི་འཚོ་བའི་གནས་བབ་དང་མཐུན་པའི་སྐད་ཡིག་གི་མ་ལག་ཆ་ཚང་ཞིང་། དེའི་སྟབས་ཀྱིས་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་ལ། སྒྱུ་རྩལ་རིག་གནས་སོགས་སྣ་མང་ཤེས་དཔལ་གྱིས་ཕྱུག་པའི་གོ་ལའི་སྟེང་རྒྱུ་སྐར་ཁྲོད་ན་ཉ་གང་ཟླ་བ་བཞིན་མངོན་པར་འཕགས་པ་ཞིག་བྱུང་མོད། དུས་ངན་ཞིག་གི་ཀྱོག་མཚམས་དང་མི་རབས་ཤིག་གི་འཕོ་འགྱུར་ཁྲོད་བོད་མི་རིགས་ཀྱི་རིག་གཞུང་སྣོད་བཅུད་དང་བཅས་པར་བསམ་ཡུལ་ལས་འདས་པའི་ཉམས་གུད་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད།

འོན་ཀྱང་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་སྲིད་པ་བཟུང་བ་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་མི་རིགས་ཀྱི་བླ་སྲོག་ཆོས་དང་རིག་གཞུང་། མི་ཉམས་གོང་འཕེལ་ཉམས་པ་སླར་གསོ། འཕྲལ་ཡུན་ཕན་བདེའི་བདེ་རྩར་སྨན་པའི་ཆོས་ཀྱི་བསྟི་གནས་དང་། ལེགས་བྱང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་སོགས་པ་ཇི་སྙེད་ཅིག་གསར་འཛུགས་གནང་བ་ནས་བཟུང་། བོད་ཕྱི་ནང་གང་སར་གསོན་ཤུགས་ཆེས་ཆེར་རྒྱས་ཏེ་སྔར་ལས་ལྷག་པའི་དོ་སྣང་དང་སྦྱང་བརྩོན་བགྱིས་ཏེ་རིག་གཞུང་སྣེ་མང་སྐོར་ལ་འབད་པ་ལྷུར་ལེན་གྱིས་དཔྱད་བརྗོད་དང་། དཔྱད་རྩོམ་སྤེལ་མཁན་དབྱར་གྱི་ཆུ་བོའི་རྒྱུན་བཞིན་ཟམ་མི་ཆད་པར་བྱུང་དང་འབྱུང་བཞིན་པ་ནི་གོར་མ་ཆག དེར་བརྟེན་དུས་རབས་ཉེར་གཅིག་པའི་གངས་ཅན་པའི་སོན་རྩ་རྣམས་ཀྱིས་ཕ་ཤུལ་བུ་འཛིན་གྱི་འགན་འཁུར་ཕྲག་ཐོག་ཏུ་བླངས་ནས་རང་ངོ་རང་ཤེས་དང་། རང་དོན་རང་གཅེས་ཀྱི་སྒོ་ནས་མཐོ་སྒང་གི་མི་རིགས་འདི་ཉིད་འཚོ་གནས་ཀྱི་ཆེད། ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་གྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་ནི། གཉན་འཕྲང་ཅན་གྱི་ད་ལྟའི་གངས་ཅན་པའི་ལས་དབང་འདི་དང་། མེས་པོ་གོང་མ་ཚོས་བཞག་པའི་མཛད་རྗེས་ལ་ཕྱིར་དྲན། ལོ་རྒྱུས་ཀྱི་ང་ཚོར་སྤྲད་པའི་འོས་འགན་ཞིག་ལོས་ཡིན། མེ་ཏོག་ཆུང་ཡང་མཆོད་རྫས་དང་། གཡུ་རྙིང་ཆུང་ཡང་ནོར་རྫས་ཡིན་ཞེས་པ་ལྟར། ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ། ད་རེས་ཕྲན་གྱིས་<<དཔྱད་རྩོམ་ཕྱོགས་བསྒྲིགས་ལུང་རིགས་སྤུངས་པའི་ཚོམ་བུ།>>ཞེས་པའི་དེབ་ཕྲེང་འདི་ཉིད་སློབ་གྲྭའི་བརྒྱུད་རིམ་ནང་དུས་ཁོམ་ནམ་བྱུང་ལ་ངལ་བ་དང་དུ་བླངས་ཏེ་ཞར་ཞོར་དུ་བྲིས་པའི་དཔྱད་རྩོམ་ཐོར་བུ་འདི་དག དེང་དུས་རྒྱལ་སྤྱིའི་རང་བཞིན་གྱི་འཐུས་སྒོ་ཚང་བའི་དཔྱད་རྩོམ་ཞིག་ཏུ་གྲུབ་མེད་པར་མ་ཟད། གུས་པ་རང་ཉིད་ཉམས་མྱོང་དང་ཤེས་ཚད་ཞན་པས་ཚིག་དོན་སྔ་ཕྱི་གང་གི་ཆ་ནས་ཀྱང་ཆད་ལྷག་དང་འགལ་འཛོལ་ཡོད་སྲིད་པས་ནོར་འཁྲུལ་གང་ཡོད་གཟུར་གནས་བློ་ལྡན་རྣམས་ཀྱི་སྤྱན་སྔར་བཤགས་སོ། །ཞེས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༧ ཚེས་ ༦ ཉིན་བཞད་པ་བློ་བཟང་རྡོ་རྗེའམ་མྱང་གི་ཕོ་ཉར་འབོད་པས།

 

ཐུགས་རྗེ་ཆེ་ཞུ།

 

རང་མི་རིགས་ལ་ལྷག་བསམ་རབ་ཏུ་དཀར་ཞིང་རིག་གཞུང་ལ་དུང་བ་ཟབ་པའི་དཔའ་བོ་དཔའ་མོའི་ཐེབས་རྩའི་ལྷན་ཚོགས་ནས་བོད་བསྟན་པ་ཆབ་སྲིད། རིག་གཞུང་དང་བཅས་པའི་དོན་དུ་སྐུ་སྲོག་བློས་བཏང་གནང་མཁན་ཚོའི་དྲིན་གསོ་དང་ཤེས་ཡོན་ཡར་རྒྱས་ཆེད། བོད་ཀྱི་སྤྱི་ཚོགས་ནང་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་ཕྲུག་མང་དག་ཅིག་ལ་ལོ་ལྟར་སློབ་ཡོན་གནང་གི་ཡོད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དཔལ་ལྡན་གསོ་བ་རིག་པ་དང་། དཀར་ནག་རྩིས་ཀྱི་རིག་པར་སློབ་སྦྱོང་ཆེད་གུས་པར་ཡང་ལོ་ངོ་ལྔའི་རིང་གི་སློབ་ཡོན་བསྟུད་མར་མཐུན་འགྱུར་རོགས་རམ་གནང་བ་མ་ཟད། ད་ཐེངས་ཀྱང་ཕྲན་གྱི་ཆེད་དེབ་ <<དཔྱད་རྩོམ་ཕྱོགས་བསྒྲིགས་ལུང་རིགས་སྤུངས་པའི་ཚོམ་བུ།>> ཞེས་པ་འདི་ཉིད་ཀྱི་དར་སྐྲུན་འགྲོ་གྲོན་ཆ་ཚང་དེ་ག་ལྷན་ཚོགས་ནས་ཐུགས་འཁུར་ཆེར་བཞེས་ཀྱིས་རྒྱབ་སྐྱོར་གང་ལེགས་གནང་བ་དང་། དེ་བཞིན་བཀུར་འོས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཞུ་དག་ལམ་སྟོན་གནང་བ། གྲོགས་ངག་དབང་ཡར་འཕེལ་ལ་སོགས་པ་སློབ་གྲོགས་མང་པོས་སྔ་ཕྱི་བར་གསུམ་དུ་ལྟ་ཀློག་དགོངས་ཚུལ་གསུངས་པ་དང། ལྷག་པར་རྒན་ཆོས་གྲགས་ལགས་ཀྱིས་སྐུ་ངལ་འཛེམ་མེད་ཐོག་དེབ་གཟུགས་སྒྲིག་སྦྱོར་ཇུས་འགོད་གནང་བ་བཅས་ལས། ཁོ་བོའི་ཆེད་དེབ་འདི་དངོས་སུ་པར་སྐྲུན་ཐུབ་པ་བྱུང་བས་ཁོང་རྣམ་པར་ཐུགས་རྗེའི་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ།

བརྒྱུད་སྐུལ།

མཆན་སྤེལ།