འབྲོག་པའི་ཤེ་ནོར།

༄༅།།འབྲོག་པའི་ཤེ་ནོར།

སྤེལ་དུས།2009-01-05 ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>> རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ།

༼དཔྱད་གཏམ་སྤེལ་བ།༽

འབྲོག་མིའི་སྒོ་ཕྱུགས་ཀྱི་ནང་དུ་ཤེ་ནོར་ཞེས་བྱ་བའི་འབྲི་གཡག་གི་རྭ་ཐམ་མི་འདྲ་བ་ཅི་རིགས་ཡོད་པ་མང་དུ་སྣང་ཞིང་། དེ་དག་ནི་འབྲོག་སྡེ་སོ་སོའི་ཁུལ་གྱི་དགོན་སྤྱི་ཁག་གམ། བླ་སྤྱི་ཁག་གམ། འབྲོག་སྡེ་དེའི་ཁོངས་ཀྱི་སྤྱི་གང་རུང་ནས་བཞག་པའི་ཤེ་ནོར་ཏེ། ནོར་བདག་སོ་སོས་ལོ་རེ་བཞིན་ཤེ་བདག་ལ་“ཤེ་”ཞེས་བྱ་བའི་མར་ཞིག་འབུལ་དགོས་ཀྱི་ཡོད་པ་རེད། ཤེ་ཚད་ནི། འབྲི་“གྲུས་མ”ཞེས་པ་བེའུ་ཡོད་པ་རེ་ལ་ཡུལ་ནང་གི་མར་རྒྱ་བཅུ་རེ་དང་། “ཡར་མ་”ཞེས་པ་ཡ་རུ་ཡོད་པའི་བཞོན་། འབྲི་ལོ་གཉིས་མ་རེར་མར་རྒྱ་ལྔ་རེ་བཅས་ལོ་ཤེར་འབུལ་དགོས་པ་དང་། འབྲི་མ་ཤི་གོད་ཤོར་ན་དེའི་ཤ་ཀོ་རྣམས་ཤེ་བདག་ལ་རྩིས་འབུལ་ཐོག་འཕེལ་བརྒྱུད་གང་ཡོད་ངོས་སྤྲོད་དང་འབྲེལ་རྭ་ཐམ་ཞུ་དགོས་ཀྱི་ཡོད་པ་རེད། གཡག་གི་རིགས་ལ་ཤེ་ཁྲལ་དམིགས་བསལ་གང་ཡང་མི་འདུག་ཅིང་། འོན་ཀྱང་ཤི་གོད་ཤོར་བའི་ཚེ་གཡག་དེའི་ཤ་ཀོ་དང་རྭ་རྭ་ཐམ་དང་ལྡན་པ་ཤེ་བདག་ལ་རྩིས་འབུལ་བྱེད་དགོས་པ་རེད།
ཤེ་བདག་རྣམས་“ཤེ་རྩིས”ཞེས་བྱ་བ་འབྲི་ཤེ་བསྡུ་བ་དང་། ཤེ་ནོར་གྱི་འཕེལ་སྐྱེད་ངོས་ལེན་བྱེད་པའི་ཆེད་དུ་ལོ་རེ་བཞིན་དབྱར་དུས་སུ་ཤེ་ནོར་གང་དུ་ཡོད་པའི་གནས་རྣམས་སུ་འགྲུལ་བཞུད་བྱེད་ཅིང་། སྐབས་དེར་ཤེ་བདག་སོ་སོའི་ཤེ་ནོར་གྱི་རྭ་ཐམ་ལའང་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། རྭ་ཐམ་ནི་ཤེ་བདག་དགོན་སྤྱི་དང་བླ་སྤྱི་སོགས་གང་ཡིན་དེའི་མིང་ཡིག་བཀོད་པའི་ལྕགས་ཀྱི་ཐམ་ཁ་ཞིག་ཡོད་འདུག་པ་དེ་མེར་བསྲེགས་ནས་སེམས་ཅན་གྱི་རྭ་ལ་གཏིང་ཟབ་ཏུ་བརྒྱབས་པ་ཞིག་རེད།

བརྒྱུད་སྐུལ།

མཆན་སྤེལ།