བཀའ་བློན་ཤེལ་གླིང་གིས་བརྩམས།
གང་གང་རྐྱེན་ལས་གྲུབ་པའི་དངོས་མ་ལུས། །
དེ་དེ་རང་བཞིན་ཉིད་ཀྱིས་སྟོང་གྱུར་ཀྱང་། །
བདེན་བདེན་རྒྱུ་འབྲས་སྟོན་པའི་རྗེ་བླ་མ། །
མཁྱེན་མཁྱེན་ཉམ་ཆུང་བདག་ལ་ཐུགས་རྗེས་གཟིགས།།
ཤེས་ཤེས་ཐོབ་ཐོབ་ཅང་མེད་འབྲོག་ཐོམ་ངས། །
རྟོག་རྟོག་དོན་སྙིང་ལྷ་ས་དྲན་དྲགས་ནས། །
ཐོས་ཐོས་གང་ཤར་བྲིས་པའི་གླུ་གཏམ་ཞིག །
ཤོད་ཤོད་གཏོང་བར་གྲོགས་དག་ཚུར་གསོན་དང་། །
ཁྲུང་ཁྲུང་ངང་པ་མང་པོ་རྩེད་དགའི་གནས། །
ཆིལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ། །
ལྷུང་ལྷུང་འབབ་པའི་ཆུ་ཆེན་སྐྱིད་ཆུ་དང་། །
དལ་དལ་གཡས་སུ་འཁོར་བའི་ལྷ་ས་དྲན། །
གཤོང་གཤོང་ས་གཞི་ཡངས་ཤིང་ཁོད་སྙོམས་པར། །
ལྗང་ལྗང་རྩྭ་དང་ཤིང་ནགས་ཕྲེང་བས་སྤྲས། །
འཆོར་འཆོར་ཉི་ཟླའི་འབྱོན་ལམ་བདེ་བ་དང་། །
སྣུམ་སྣུམ་བཀྲག་མདངས་ལྡན་པའི་ལྷ་ས་དྲན། །
མུན་མུན་སྨུག་པ་བསང་བའི་དུས་མེད་པ། །
ཛུབ་ཛུབ་འཐིབས་པ་འདི་འདྲ་མ་ཡིན་པར། །
བསིལ་བསིལ་དགུན་དུས་དྲོ་ལ་དབྱར་བསིལ་བའི། །
སྙོམས་སྙོམས་དྲོད་གྲང་ལྡན་པའི་ལྷ་ས་དྲན། །
ཐེར་ཐེར་ས་ལ་པད་མ་འདབ་བརྒྱད་དང་། །
ཡོར་ཡོར་རིའི་ལོགས་བཀྲ་ཤིས་རྟགས་བརྒྱད་ཚང་། །
ཟླུམ་ཟླུམ་འཁོར་ལོའི་དབྱིབས་འདྲའི་ནམ་མཁའ་སོགས། །
མཚར་མཚར་ས་བཀྲ་ཤིས་པའི་ལྷ་ས་དྲན། །
ལོང་ལོང་ཁྲོམ་མང་ཚོགས་པའི་དོ་ར་ན། །
ལྡེམ་ལྡེམ་གཟུགས་ཀྱི་རྣམ་འགྱུར་སྟོང་སྤྲོ་ཞིང་། །
མཛེས་མཛེས་མ་ལུས་བསྡུས་པའི་ཡིད་འོང་མ། །
འཛུམ་འཛུམ་བཞིན་རས་ངོམས་པའི་ལྷ་ས་དྲན། །
བར་བར་རྣམ་སྲས་མཛོད་ལ་འགྲན་ནུས་པའི། །
ལེགས་ལེགས་དངོས་པོའི་འབྱོར་ཚོགས་དཔག་མེད་ཀྱིས། །
འཇག་འཇག་གཏམས་པའི་ཚོང་ཁང་བལྟ་བའི་ཞོར། །
ཡང་ཡང་བར་བསྐོར་འཁོར་བའི་ལྷ་ས་དྲན། །
བྲེལ་བྲེལ་འཚུབ་འཚུབ་དེ་འདྲ་མ་ཡིན་པར། །
ལྷོད་ལྷོད་མི་རྣམས་ངང་རྒྱུད་ཆེས་རིང་ཞིང་། །
མུར་མུར་ཁ་ཟས་ཟ་ཞིང་དྲང་པོའི་ལས། །
ཏན་ཏན་ཏིག་ཏིག་བྱེད་པའི་ལྷ་ས་དྲན། །
ལྷུག་ལྷུག་གྲོལ་བའི་མེ་ཏོག་བཞད་དུས་སུ། །
དགའ་སགའ་སྐྱིད་སྐྱིད་གཏོང་དུ་གླིང་གར་ཕྱིན། །
ཙེའི་ཙེའི་འུའུ་འུའུ་འབའ་ཆ་ཧོའུ་གླིང་དང་། །
དབིའི་དབིའི་བི་ཤུའི་སྒྲ་ལྡན་ལྷ་ས་དྲན། །
ཞིམ་ཞིམ་རྒྱ་ཟས་སྒྲིག་པའི་གསོལ་སྒྲོག་ནི་། །
གཟེངས་གཟེངས་བཏེགས་ནས་སྐུ་མདུན་དུ་ཕུལ་རྗེས། །
གང་གང་ཟ་བར་འདོད་པ་དེ་བླངས་ནས། །
ཀྲུག་ཀྲུག་སྒྲ་བཅས་གསོལ་བའི་ལྷ་ས་དྲན། །
སྙིང་སྙིང་མེ་ཏོག་ལྷ་མཛེས་ཁྲུང་ཞུ་མས། །
ཟིམ་ཟིམ་མིག་གིས་ཟུར་མདའ་འཕེན་བཞིན་པར། །
བཞེས་བཞེས་མཆོད་མཆོད་ཟེར་ནས་ཆང་རག་ནི། །
ཡང་ཡང་གུས་པས་འདྲེན་པའི་ལྷ་ས་དྲན། །
ཧེ་ཧེ་ཆོས་ལྡན་རྒྱལ་ཁབ་མངའ་ཐང་ནི། །
སྔོན་སྔོན་ནམ་མཁའི་ཁམས་ཀུན་ཁེངས་འདྲ་བའི།།
ཙི་ཙི་ཁུམ་ཁུམ་མེད་པར་སྦྱིན་གནས་སུ། །
མཆོད་མཆོད་སྦྱིན་སྦྱིན་བྱེད་གནས་ལྷ་ས་དྲན། །
འཇོལ་འཇོལ་ཟ་འོག་གིས་བཀླུབས་དཔོན་རིགས་རྣམས། །
ཞིབ་ཞིབ་མོལ་མོལ་བློ་གྲོས་ལེགས་བསྡུར་ནས། །
འཁྱུག་འཁྱུག་ཡི་གེ་འབྲི་སོགས་བསྟན་སྲིད་དོན། །
འཕྲལ་འཕྲལ་ལེགས་པར་སྒྲུབ་པའི་ལྷ་ས་དྲན། །
ཚ་ཚ་འཇམ་འཇམ་ཟུང་སྦྲེལ་རྒྱལ་ཁྲིམས་ནི། །
འཁྱོག་འཁྱོག་མེད་པ་ཚངས་པའི་ཐིག་ཤིང་འདྲ། །
གཡས་གཡས་གཡོན་གཡོན་ཁག་དཀྲི་མི་ཐུབ་པར། །
རང་རང་བྱེད་ལུགས་ལ་བལྟས་ལྷ་ས་དྲན། །
ཆབ་ཆབ་ཕོར་ཤུབས་སྟོང་སྐུད་ཕོད་འཛར་དང་། །
འཐིབས་འཐིབས་སོག་ཞྭའི་འཇའ་ལྭ་འགྲན་པ་ལ། །
ཕྲུལ་ཕྲུལ་སོག་བྱིལ་འཕྱ་བས་དགོད་འདྲ་བའི། །
སིར་སིར་སྒེར་གཡོག་ཚོགས་ཡུལ་ལྷ་ས་དྲན། །
སྙན་སྙན་འགྱུར་ཁུག་སྟོང་ལྡན་གླུ་གཞས་སོགས། །
ཀྱུར་ཀྱུར་སྐད་ཀྱི་བདག་ཡིད་བརྟེན་པ་འཕྲོག། །
འཇམ་འཇམ་ལག་པ་རེག་པས་བདེ་བ་སྟེར། །
གཞོན་གཞོན་བུ་མོའི་འདུ་གནས་ལྷ་ས་དྲན། །
སྐབས་སྐབས་འཆམ་དང་ལྷ་མོ་ལ་སོགས་པ། །
ལིང་ལིང་གར་གྱི་ཉམས་འགྱུར་ལྟད་མོའི་ཚོགས། །
རེ་རེ་ལ་ཡང་མིག་ཁྲག་ཀུན་ལུགས་པའི། །
དུས་དུས་མཆོད་མཆོད་མང་པོའི་ལྷ་ས་དྲན། །
ཁུག་ཁུག་ཀྱོག་ཀྱོག་འགྲོ་ལམ་གང་ཡོད་དུ། །
ངན་ངན་ཞ་ལོང་རྒན་གྱི་སྤྲང་པོ་ཡང་། །
མངར་མངར་སྐྱུར་སྐྱུར་ཆང་གིས་རབ་མྱོས་ཏེ། །
འཁྱོར་འཁྱོར་འགྲོ་ཞིང་ཉལ་བའི་ལྷ་ས་དྲན། །
ཕ་ཕ་ད་དུང་གསོན་དང་ཞུ་རྒྱུ་འདུག །
གཅེས་གཅེས་ལུས་ཀྱི་འཚོ་བྱེད་ལྷ་རྗེ་དང་། །
དུད་དུད་བརྩེ་བ་ལྡན་པའི་མཛའ་གྲོགས་དང་། །
བྱམས་བྱམས་ཕ་མའི་བསྟི་གནས་ལྷ་ས་དྲན། །
གསལ་གསལ་མར་མེ་ལ་སོགས་མཆོད་ཚོགས་དབུས། །
བརྗིད་བརྗིད་མཚན་དཔེའི་དཔལ་འབར་ཇོ་ཤཱཀ་གཉིས། །
གུས་གུས་མཆོད་མཇལ་ཞུ་གྲོགས་དང་བཅས་ཏེ། །
ཤོབ་ཤོབ་སྨོན་ལམ་འདེབས་གནས་ལྷ་ས་དྲན། །
ལ་ལ་དཔལ་ལྷ་ཞི་དྲག་བསྟི་གནས་སུ། །
ཀི་ཀི་བསྭ་ང་རོས་རི་རབ་ཀྱང་། །
སྦེར་སྦེར་ཡོ་བའི་སྐད་དང་དར་འཕྱར་ཞིང་། །
འཕྱུར་འཕྱུར་བསང་དུད་གཏོང་བའི་ལྷ་ས་དྲན། །
ཆེ་ཆེ་བཟང་བཟང་བླ་མ་ཁྲིར་བཞུགས་ནས། །
ཟབ་ཟབ་ཐེག་ཆོག་ཆོས་ཆར་འབེབ་པའི་ཚེ། །
མང་མང་སྐྱེ་བོའི་ལག་པ་ཟུམ་བཞིན་པར། །
སིམ་སིམ་ཉན་པའི་ཆོས་ར་ལྷ་ས་དྲན། །
པ་པ་ཨ་མ་རྒན་རྒོན་མང་པོ་ཞིག །
འདར་འདར་རྐང་པས་ལུས་པོ་ཐེག་དཀའ་རུང་། །
སྒུར་སྒུར་ཕྱག་དང་བསྐོར་བའི་གླིང་བསྐོར་ལམ། །
རོང་རོང་བསྐྱོད་པའི་ཡོངས་ཁེངས་ལྷ་ས་དྲན། །
ཛྷིམ་ཛྷིམ་རྔ་སྦུབ་དཀྲོལ་བའི་ཨ་མཆོད་རྣམས། །
འཐུལ་འཐུལ་གུས་དུད་འབྲུ་སྣ་འཐོར་བ་དང་། །
ཧཱུྂ་ཧཱུྂ་ཕགས་ཕགས་སྔགས་སྒྲས་འདྲེ་རྒོད་དཔུང་། །
འཁོམ་འཁུམ་རྒྱང་རིང་སྐྲོད་པའི་ལྷ་ས་དྲན། །
ཧྲིཿཧྲིཿམ་ཎི་ཁྲི་བསྐོར་ཆེ་ཆུང་རྣམས། །
ཐིང་ཐིང་དྲིལ་བུའི་སྐད་ཀྱིས་འགྲོ་དོན་ལ། །
བྱོན་བྱོན་ཞེས་པ་སྨྲ་བས་བསྐུལ་བ་བཞིན། །
འཁྱིལ་འཁྱིལ་བསྐོར་མི་མང་བའི་ལྷ་ས་དྲན། །
དད་དད་འཕགས་ནོར་ལྡན་པའི་སེར་སྐྱ་འགའ། །
ཞོར་ཞོར་འཁྱམས་རའི་སྒོ་མཆོར་ལ་སོགས་སུ། །
ལེབ་ལེབ་རྡོ་དང་སྤང་བཅལ་ཕྱག་གདན་སྟེང་། །
ཤུད་ཤུད་བརྐྱངས་ཕྱག་གསོག་པའི་ལྷ་ས་དྲན། །
ཕྱོགས་ཕྱོགས་ཀུན་ནས་གསེར་སྐྱེམས་འབུལ་བའི་ཕྱིར། །
རུབ་རུབ་འདུས་པའི་སྐྱེས་བུའི་བསོད་ནམས་མཚོ།།
འཁྱོམས་འཁྱོམས་བྱེད་ཀྱང་བོ་བར་མི་འགྱུར་བར། །
འཁྱིལ་འཁྱིལ་གཅིག་ཏུ་འཁྱིལ་བའི་ལྷ་ས་དྲན། །
གཅིག་གཅིག་བསྐལ་བས་རྙེད་དཀའ་དལ་འབྱོར་རྟེན། །
ཡུད་ཡུད་ཚེ་ནི་མི་བརྟན་འགྱུར་བ་དང་། །
སྡུག་སྡུག་ངན་འགྲོའི་དུཿཁ་བསམ་བཞིན་དུ། །
ལེགས་ལེགས་ཐར་པ་སྒྲུབ་གནས་ལྷ་ས་དྲན། །
ཟེར་ཟེར་ཙམ་མིན་བླ་མ་མཁའ་འགྲོའི་ཚོགས། །
ཕུང་ཕུང་སྤྲིན་ཚོགས་གཏིབས་ལྟར་ཡུལ་དེར་བཞུགས། །
ཆུང་ཆུང་བདག་དང་བདག་འདྲའང་ཐར་ལམ་དུ། །
ཤར་ཤར་བཀྲི་བར་མཛད་པའི་ལྷ་ས་དྲན། །
དཀར་དཀར་ལྷག་བསམ་ལྡན་རྣམས་རང་ཁྱིམ་ནས། །
འཁོན་འཁོན་ཐོགས་མེད་པར་རབ་ཏུ་འབྱུང་། །
ནག་ནག་སྐྲ་བཅད་ལུས་ལ་ངུར་སྨྲིག་གོས། །
དམར་དམར་སེར་སེར་གྱོན་གནས་ལྷ་ས་དྲན། །
ཐོས་ཐོས་ཆོས་ཀྱི་དོན་ལ་བསམས་བསམས་ནས། །
སེར་སེར་དགེ་བཤེས་ཚོགས་དབུས་རྩོད་པའི་ཚེ། །
ཐག་ཐག་ཕྱག་གི་སྒྲ་བཅས་ཐེ་ཚོམ་ཀུན། །
བསང་བསང་སེལ་བའི་ཆོས་གྲྭ་ལྷ་ས་དྲན། །
མཁས་མཁས་ལྡན་སྲོལ་གཉིས་ལྡན་དགེ་འདུན་རྣམས། །
འགྲིག་འགྲིག་གྲལ་ལ་འཁོད་ནས་དབྱངས་གཅིག་གིས། །
འུར་འུར་ཆོས་སྒྲ་སྒྲོག་པ་ཐོས་པས་ཀྱང་། །
འཇིགས་འཇིགས་ངན་འགྲོར་མི་ལྷུང་ལྷ་ས་དྲན། །
འགྲམ་འགྲམ་རི་ཁྲོད་དབེན་ཞིང་ཉམས་དགའ་བར། །
ཀྲོང་ཀྲོང་ལུས་ནས་བསྲངས་བའི་སྒོམ་ཆེན་འགའ། །
བྱིང་བྱིང་གཏི་མུག་ཁྲོ་རྒོད་སྐྱོན་མེད་པར། །
འཆམ་འཆམ་མཉམ་པར་འཇོག་པའི་ལྷ་ས་དྲན། །
ཟིང་ཟིང་འདུ་འཛི་འདོད་ཡོན་རྒྱ་ཆེ་བས། །
ཞོར་ཞོར་ཙམ་ལས་ལྷ་ཆོས་མ་ཁོམས་ཀྱང་། །
ཏུར་ཏུར་ངེས་འབྱུང་སྐྱོ་ཤས་སྙིང་རྗེ་སོགས། །
ངམ་ངམ་ཤུགས་ཀྱིས་བསྐྱེད་པའི་ལྷ་ས་དྲན། །
འོལ་འོལ་སྣང་བ་རྣམ་རྟོག་མ་ལུས་དང་། །
བུན་བུན་ཉམས་ཀྱི་རི་བྲག་མཐའ་ཡས་པ། །
རྗེས་རྗེས་རིག་སྟོང་ཆོས་ཉིད་ཀློང་ཆེན་པོར། །
སིབ་སིབ་རང་སར་གྲོལ་བའི་ལྷ་ས་དྲན། །
ང་ང་ད་བདག་ཟེར་བའི་གཉིས་འཛིན་ནི། །
ལྡན་ལྡན་འཇིག་མེད་དབྱིངས་སུ་བག་ལ་ཞ། །
ཝས་ཝས་སྣང་ཞིང་སྟོང་པའི་གཟུགས་སྣང་དང་། །
ལྷང་ལྷང་བྲག་སྟོང་སྒྲ་གྲགས་ལྷ་ས་དྲན། །
ཐོམ་ཐོམ་ཁྱིམ་བྱ་བདག་ཀྱང་གོ་གནས་ཁྲི། །
མཐོ་མཐོའི་སྟེང་དུ་དོན་གཉིས་སྒྲོ་གཤོག་ཟུང་། །
ལྷེབ་ལྷེབ་གཡོ་ཞིང་མགྲིན་པ་གཟེངས་བསྟོད་ནས། །
འཛེར་འཛེར་སྒྲ་སྐད་སྒྲོག་གནས་ལྷ་ས་དྲན། །
སྐྱིད་སྐྱིད་དགེ་བཅུ་ཚང་བའི་ཡུལ་ཕྱོགས་དེ། །
རྨོངས་རྨོངས་བདག་གི་སྐྱེ་ཡུལ་མ་ཡིན་ཀྱང་། །
སྔར་སྔར་བསགས་པའི་ལས་ཀྱིས་དེར་འཕངས་པས། །
ལམ་ལམ་ཡིད་ལ་དནུས་ལྗོངས་ལྷ་ས་དྲན། །
དེ་དེ་ལྷ་སའི་གནས་ལུགས་ཇི་བཞིན་དུ། །
ཅེར་ཅེར་མིག་གིས་ཕྱོགས་དེའི་ནམ་མཁའ་ལ། །
ཧྲིག་ཧྲིག་བལྟ་བཞིན་མགྲིན་པའི་རྐན་སྦུག་ནས། །
ཏོག་ཏོག་སྒྲ་བཅས་འདོན་པའི་ཚུལ་འདིར་གཟིགས། །
རེད་རེད་འོན་ཀྱང་ལྷ་གཅིག་སྤྱན་རས་གཟིགས། །
དེང་དེང་འདི་ན་བཞུགས་པའི་ལྷ་ས་ཡང་། །
ཅང་ཅང་ཞིག་ལས་མེད་པ་ཐག་ཆོད་པས། །
ཀྱེ་ཀྱེ་གྲོགས་དག་འདི་གར་བློ་གཏད་བྱོས། །
ངར་ངར་ཡན་ལག་བཞི་ལྡན་དཔུང་གིས་བསྐོར། །
ཤོག་ཤོག་རྒྱུགས་རྒྱུགས་ཁྲོལ་གྱིས་ལུས་སེམས་མནར། །
ལབ་ལབ་ཚིག་གི་མཐོ་དམས་སྲོག་འདོར་བས། །
ད་ད་ལྷ་ལྡན་ཁུལ་ལའང་ཆགས་ཞེན་ཆུང་། །
ཐུང་ཐུང་ཚེ་མཇུག་འདི་ལ་འཁོར་བའི་ལས། །
ཅམ་ཅམ་རང་སར་བསྐྱུར་ནས་དབེན་གནས་སུ། །
ཟིམ་ཟིམ་མིག་གིས་ཞི་བའི་ལྟ་སྟངས་བཅས། །
ཕྱལ་ཕྱལ་ལྷུང་བའི་ཉམས་ལེན་སྐྱོང་བ་དང་། །
རིང་རིང་བསྐལ་པར་ཡང་ཡང་ལུས་སྦྱིན་པའི། །
མ་མ་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །
ལྷག་ལྷག་ཤུལ་ཤུལ་མེད་པར་དག་ཞིང་དུ། །
མྱུར་མྱུར་འདྲེན་པའི་བྱེད་པོར་བདག་གྱུར་ཅིག །
དེ་དེ་གྲོང་ཚིག་སྨྲ་བའི་ཕ་རྒན་བདག །
སྦྱང་སྦྱང་སྦྱང་འབྲས་སྐྱེས་སྟོབས་གཉིས་ཀ་མེད། །
ཚོད་ཚོད་ཚོད་ལ་བྲིས་པ་འདིར་ཟིགས་དང་། །
ཧེ་ཧེ་བཞད་མོ་ཤོར་བ་ཁ་ཤས་ཡོད། །
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐུ་བཅར་བཀའ་དྲུང་ཤེལ་དཀར
སྙན་ངག་འདིའི་རྒྱན་ལ་ཅི་ཟེར་རམ་ལགས།