བོད་ཡུལ་དུ་ཕྱི་རོལ་བའི་ལྷ་དབང་ཕྱུག་ཆེན་པོའི་དད་མོས་དར་ཚུལ།

བོད་ཡུལ་དུ་ཕྱི་རོལ་བའི་ལྷ་དབང་ཕྱུག་ཆེན་པོའི་དད་མོས་དར་ཚུལ།
                         རྩོམ་པ་པོ། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ།
ཁ་བྱང་དང་འབྲེལ་བའི་གཏམ་འདི་བོད་དུ་རྒྱ་གར་ནས་ཚུར་དར་ཚད་ཀུན་སྟོན་པ་སངས་རྒྱས་དངོས་ཀྱིས་གསུངས་པའི་ནང་ཆོས། ནང་རིག་པ་ཤ་དག་ཡིན་ཞིང་། རྒྱ་གར་གྱི་ཡུལ་ཆོས་དང་འབྲེལ་བ་གཏན་ནས་མེད་དོ་སྙམ་པ་ལ་གོ་བར་བྱ་བའི་ཕྱིར་ཡིན་ལ། རྒྱ་གར་ནས་ཚུར་བོད་ཡུལ་དུ་དར་བའི་སྒྲ་སྙན་མངོན་བརྗོད། དབྱངས་འཆར། གསོ་རིག་སོགས་ལ་འདྲིས་པ་དག་གི་ངོས་ན་འདི་ནི་ཧ་ལས་པའི་གཏམ་ཅིག་མིན་ཏེ། དེ་དག་ཏུ་ལྷ་དབང་ཕྱུག་གི་རིག་གནས་མང་པོ་མཉམ་དུ་དྲངས་ཡོད་པ་མ་ཟད་རང་རེ་བེད་སྤྱོད་བཏང་དང་གཏོང་བཞིན་པ་ཤེས་ཟིན་པའི་ཕྱིར་རོ།།
འདིར་བཀོད་པའི་པར་འདི་ནི་བལ་ཡུལ་དང་ཉེ་བ། མངའ་རིས་གུང་ཐང་དང་ཉེ་བ། གནའ་བོའི་རྒྱ་བལ་དུ་བཞུད་ལམ། འཕགས་པ་ལྷ་ཁང་གི་བྱང་ངོས་དང་ཉེ་བ། མང་ཡུལ་སྐྱིད་གྲོང་གི་ཚོང་འདུས་ཞེས་པའི་ས་ཆ། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ཟུར་དུ་ཕ་བོང་གི་ཤར་ངོས་བརྐོས་ཡོད་ལ། འདི་ཉིད་ནི་རིགས་གསུམ་མགོན་པོའི་སྐུ་བརྙན་ཡིན་པར་ཡོངས་སུ་གྲགས་ཤིང་། འདིར་བརྐོས་དོན་ཡང་སྐྱིད་གྲོང་སྨད་ཀྱི་དུག་སྦྲུལ་གདུག་པ་ཅན་གྱི་ཁ་གནོན་དུ་བརྐོས་པ་དང་། འདིའི་མཐུས་ས་ཆ་འདི་ཡན་ཆད་ལ་དུག་སྦྲུལ་རྩ་བ་ནས་མེད་པའང་། རྟེན་འདིས་ཁ་གནོན་མཛད་པའི་དྲིན་ཡིན་པར་གྲགས།
ཁོ་བོས་བཙན་པོའི་དུས་སུ་བོད་དུ་དར་མྱོང་བའི་པཱ་ལའི་བཟོ་ཁྱད་ལྡན་པའི་རྟེན་འདི་ཉིད་ཐོག་མར་མཇལ་དུས་རིགས་གསུམ་མགོན་པོ་ཡིན་སྣང་མ་བྱུང་སྟེ། འཇམ་དབྱངས་དམར་པོ་ཡོད་པ་མཇལ་མྱོང་མེད་ཅིང་། དབུ་ཐོག་ལ་མཆོད་རྟེན་ཡོད་པས་ན། ཞིབ་འཇུག་པ་ལ་ལས་བྱམས་པ་ཡིན་པའམ་ཡིན་ཤས་ཆེ་གསུངས་འདུག བོད་ཡིག་གི་འདོད་གསོལ་བརྐོས་འདུག་ནའང་ལྷ་གང་ཡིན་འཁོད་མི་འདུག་ལ། གུཔྟའི་ཡི་གེ་འདྲ་བའི་ཁ་བྱང་ལྟ་བུ་བཀོད་འདུག་ཀྱང་ཀློག་མ་ཐུབ། དེའི་མདུན་ངོས་དེར་རྡོ་ལེབ་གསུམ་གྱི་ངོས་ལ་རིགས་གསུམ་མགོན་པོའི་གཟུངས་འཁོར་ལོ་རིས་སུ་བརྐོས་འདུག་ལ། ཅུང་ཟད་སྔ་ཉམས་ལྡན་པས་སྐུ་འདི་གསུམ་རིགས་གསུམ་མགོན་པོར་བརྩི་གི་ཡོད་པ་འདྲ་སྙམ་པ་བྱུང་།

རྗེས་སུ་སྐབས་དེར་པར་ལེན་བྱས་པ་ལ་ཐེངས་འགའ་བལྟས་དུས་དབུས་ཀྱི་ཞབས་ཀྱི་གཡས་སུ་སྤྲེའུ་དང་། གཡོན་དུ་གླང་སྣ་ཅན་ཞིག་བརྐོས་འདུག་པ་དེར་བསམ་གཞིགས་བྱས་པས། སྤྲེའུ་དེ་ནི་ཧ་ལ་མནྠ་ཡིན་པ་དང་། གླང་སྣ་ཅན་དེ་ཚོགས་བདག་གླང་སྣ་ཡིན་སྲིད་པར་མཐོང་བ་དང་། དེ་ནས་དེ་གཉིས་ནི་ལྷ་དབང་ཕྱུག་གི་སྲས་དང་འཁོར་ལྟ་བུ་ཡིན་པ་ལྷ་སྒྲུང་ནང་གསལ་བས། ལྡེམ་སྐུ་གསུམ་པོ་དེ་ཉིད་དབང་ཕྱུག་གཙོ་འཁོར་གསུམ་སྟེ། དབང་ཕྱུག་ལ་བཙུན་མོ་ཨུ་མ་དང་གོ་རི་མ་གཉིས་མཐའ་ནས་བརྟེན་པ་ཅིག་ཡིན་འདུག་སྙམ་པ་བྱུང་ལ། དེ་ལ་བརྟེན་ནས་བོད་ཡུལ་དུ་ཕྱི་པ་མུ་སྟེགས་པ་དབང་ཕྱུག་གི་རིང་ལུགས་དར་མྱོང་བའི་དཔང་པོར་བཞུགས་འདུག་སྙམ་པའི་ཚོར་བ་འགོག་མེད་དུ་ཤར་བྱུང་།།
འདི་ནི་ཀེ་ལ་ཤའམ་གངས་ཏི་སེ་ལྷ་དབང་ཕྱུག་གི་ཞིང་ཁམས་སུ་འདོད་པའི་ལུགས་ལ་བརྟེན་པ་ཅིག་མ་ཡིན་པར། བཙན་པོའི་དུས་སུ་མང་ཡུལ་དུ་དབང་ཕྱུག་ཆེན་པོ་སྒྲུབ་ས་ཁྲི་པེ་ལྷ་ཁང་བཞེངས་ཞེས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དུ་གསལ་བ་དེ་ཡིན་སྲིད་པར་སྣང་ལ། དེ་བཞིན་དུ་གསང་སྔགས་ཀྱི་བླ་མེད་དུ་ཕྱི་པའི་ལྷ་སོགས་ཅི་རིགས་མཉམ་བསྲེས་ཀྱིས་བོད་དུ་དར་ཡོད་པའི་ཚུལ་རྣམས་ཤེས་ན་དོགས་གནད་གང་ཡང་མེད་ལ། དབང་ཕྱུག་གིས་གསུངས་པའི་དབྱངས་འཆར་སོགས་མུ་སྟེགས་པའི་རྒྱུད་ཅི་རིགས་བསྒྱུར་སྤེལ་དང་། མགོན་པོ་དང་ལྷ་མོའི་རིགས་རྣམས་ཐོག་མར་མུ་སྟེགས་པ་དང་འབྲེལ་བའི་གཏམ་རྒྱུད། དབྱངས་ཅན་མཚོ་བྱུང་མ། རིག་བྱེད་མ། འདོད་རྒྱལ། ཚོགས་བདག་སོགས་མུ་སྟེགས་པའི་ལུགས་ནང་པས་བདག་བཟུང་བྱས་པའི་རིགས་རྣམས་ཤེས་ན་ངེས་པ་རྙེད་ཐུབ།
སི་ཏུ་པན་ཆེན་གྱི་ཞལ་རྒྱུན་ཟིན་བྲིས་ལས། མི་འགྱུར་རྡོ་རྗེའི་གཏེར་མའི་ཚེ་སྒྲུབ་ཏུ་བདུད་རྩི་མཆོད་པར་འོས་པའི་རྒྱལ་པོ་དཀྱིལ་འཁོར་དུ་བཀོད་པ་འདི་ལ་ཅུང་ཟད་ཐེ་ཚོམ་ཞུས་པས། གསུངས་པ་དེ་ལ་སྐྱོན་མེད་དེ། སངས་རྒྱས་ཀྱི་་ཆེ་བ་འདོན་པའི་ཕྱིར་ལྷས་བྱིན་སོགས་སྤྲུལ་པ་ཡིན་པར་མདོ་ལས་བཤད་ཅིང་། དེ་མ་ཟད་དུས་འཁོར་དུའང་སྐུ་དཀྱིལ་དུ་འདོད་པའི་དབང་ཕྱུག་ཡང་ཡོད་ཅིང་། དཔལ་མཆོག་དང་པོའི་དཀྱིལ་འཁོར་ཏུའང་འདོད་རྒྱལ་ཡོད་པ་དང་། ཁྲོ་བོ་བཅུའི་འདོད་པའི་རྒྱལ་པོ་དང་འཇིག་རྟེན་སྐྱེས་རྒྱུད་ཀྱང་གཅིག་པའི་དབང་གིས་ད་ལྟ་ས་ལུགས་ཀྱི་དམར་པོ་སྐོར་གསུམ་ནང་གི་འདོད་རྒྱལ་དམར་པོ་ཡང་བཤད་པའི་ཕྱིར་རོ།།ཞེས་བཀོད་འདུག
དེ་སོགས་ལ་གཞིགས་ན་གྲུབ་མཐའ་སྨྲ་སྐབས་དབྱེ་མཚམས་གསལ་པོ་ཅིག་གསུངས་ཀྱི་ཡོད་ནའང་། ཕྱག་ལེན་དངོས་ལ་སྦྲེལ་ན་གསང་སྔགས་ཀྱི་ལྷའི་ཆ་ལུགས་རྒྱན་སོགས་དང་ལྷ་ཡི་རྣམ་གཞག་ལ་ཕྱི་ནང་ཐུན་མོང་ངམ་མཉམ་བསྲེས་བྱས་པ་མང་བར་ཤེས་ལ། བོད་ཡུལ་གྱི་བོན་ཆོས་མདོས་གླུད་ཡས། བསངས་གསེར་སྐྱེམས། བླ་བླུ་ཚེ་འགུགས། ཕྱྭ་གཡང་འགུགས་ཤིང་དགྲ་ལྷ་དང་ལྷ་གཉེན་གསོལ་མཆོད་ཀྱང་བན་ཆོས་ནང་དུ་བསྲེས་ནས་བན་དེའི་འཚོ་བའི་ལག་ཆ་ཡིན་འདུག་པ་སོགས་ལ་བསམས་ན། དོན་ལ་ཕྱི་ནང་མཉམ་འདྲེས། བན་བོན་མཉམ་འདྲེས་ཅན་ཁོ་ན་ཡིན་པའི་ཚོར་བ་ཅིག་ངམ་ངམ་ཤུགས་ཀྱིས་བྱིན་འོངས་བར་སྣང་། དེས་ན་སྐུ་བརྙན་འདི་ཡིས་མུ་སྟེགས་པའི་གསང་སྔགས་དང་ནང་པའི་གསང་སྔགས་བར་གྱི་འབྲེལ་འདྲེས་ཐད་ལ་ཉམས་ཞིབ་མ་བྱས་ཀ་མེད་ཀྱི་བརྡ་གསལ་པོ་ཅིག་བཏང་ཡོད་པས། སྔགས་འཆང་ཚོས་ལྗགས་ཡངས་པོར་བསྒྱུར་ཅིག་གུ།

བརྒྱུད་སྐུལ།

མཆན་སྤེལ།