མངའ་མཛད་ལས་ཟ་རིད་དམ་ཟ་རམ་མཆེད་དྲུག་གི་འགོ་ཁུངས་འཚོལ་བ།

མངའ་མཛད་ལས་ཟ་རིད་དམ་ཟ་རམ་མཆེད་དྲུག་གི་འགོ་ཁུངས་འཚོལ་བ།

རྩོམ་པ་པོ། ར་སེ་དཀོན་རྒྱམ།

བོད་ཀྱི་ཡ་ཐོག་མངའ་མཛད་སྐོར་གྱི་ཡིག་ཆར་མཇལ་དུས།
ལྡེའུ་ཆོས་འབྱུང་རྒྱས་པ་ལས།
བཅུ་པ་ཟ་རིད་སྤུན་དྲུག་དབང་བྱས་ཏེ། །
ཡུལ་གྱི་མིང་ནི་སྟོང་སྡེ་བཅོ་བརྒྱད་ཟེར། །
སྔ་རྟགས་རྟ་བཞོན་རྣ་ཆ་འདོགས་པ་བྱུང་།།
ཞེས་བཀོད་ཡོད་ལ།
སྤུན་དྲུག་གི་མིང་ཡང་གཉན་ཟ་རིད་སྤུན་དྲུག་ཟེར་ཞིང་། གཉན་མི་མགོན་དཀར་པོ། གཉན་ཟེ་བ་ཅན། གཉན་བྲང་བྲུམ་ཅན། གཉན་རལ་པ་ཅན། གཉན་འདབ་མ་ཅན། གཉན་ཐོར་གཙུག་ཅན་ནོ།།
དེ་བཞིན་མངའ་མཛད་ཐད་ལ་ཡིག་ཆ་གཞན་དག་མཇལ་ན། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལས། བཅུ་པ་ཟ་རིད་སྐྱེས་དྲུག་གིས་དབང་བྱས་ཏེ་སྟོང་སྡེ་བཅོ་བརྒྱད་ཟེར། ཞེས་འཁོད་ཡོད་པ་དང་། བཀའ་ཐང་སྡེ་ལྔ་ལས་རྒྱལ་པོ་བཀའ་ཐང་ལས་ཀྱང་།
དེ་ནས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ། །
ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས། །
སྔ་རྟགས་རྟ་བཞོན་རྣ་ཆ་འདོགས་པ་བྱུང་། །
དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ།།
ཞེས་བཀོད་ཡོད་དོ།།

དེས་ན་ཟ་རིད་དང་ཟ་རམ་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་གསལ་བར་མངོན་ལ། ཟ་རིད་ཀྱི་སྒྲ་ཟུར་ཉམ་ནས་ཟ་རམ་དུ་གྱུར་པའང་མངོན་འདུག གནའ་དུས་མངའ་མཛད་ཀྱི་སྐོར་རྣམས་ནི་མི་མ་ཡིན་གྱིས་དབང་བསྒྱུར་བའི་དུས་རབས་སུ་བརྩིས་ཡོད་ནའང་། དེང་དུས་ཚན་རིག་པས་ནི་མི་མ་ཡིན་གྱི་རབས་མ་ཡིན་པར་མིའི་རིགས་ཀྱི་དབང་བསྒྱུར་དུས་རིམ་ཞིག་ལ་ངོས་འཛིན་གྱི་ཡོད་པས། དེ་དག་གི་མགོ་ཁུངས་སོགས་ལ་དཔྱོད་རྒྱུ་ནི་གལ་ཆེར་གྱུར་ཡོད་དོ།།
མངའ་མཛད་སོགས་སྐབས་དེའི་མི་སྣ་གཙོ་བོ་དག་ཀྱང་ཕྱིས་སུ་རིམ་པས་བང་སོ་གནས་སའི་རི་བོ་སོགས་ལ་བརྟེན་པའི་ཡུལ་ལྷ་གཞི་བདག་གི་རྣམ་པར་གྱུར་ཏེ། མི་རབས་ཕྱི་མ་དག་གིས་མྱེས་པོ་ལྷ་རུ་གྱུར་པར་བརྩིས་ནས་གསོལ་མཆོད་བྱ་སྲོལ་ཡང་དར་ཡོད་དེ། དཔེར་ན་འོལ་དེ་གུང་རྒྱལ་དང་རྨ་ཆེན་སྤོམ་ར་སོགས་ཀྱིས་མཚོན་ཡོད་པས། དེ་བཞིན་དུ་འཚོལ་བར་འདོད་དོ།།
ཟ་རིད་དམ་ཟ་རམ་སྤུན་དྲུག་གམ་མཆེད་དྲུག་ཅེས་པ་དེ་ཉིད་ནི་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་གོང་གི་ལོ་རྒྱུས་མི་སྣ་ཡིན་པས། ད་ལྟ་ས་ཕྱོགས་གནས་ཡུལ་སོགས་ངོས་འཛིན་བྱ་ཐུབ་བམ་ཞེ་ན། ལོ་རྒྱུས་ཀྱི་ཡིག་རྙིང་གི་ཐ་སྙད་འཕེལ་འགྱུར་གྱི་འགྲོས་དང་། བོད་ཀྱི་ས་མིང་གྲགས་དང་མ་གྲགས་པ་ཇི་སྙེད་པར་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་ན། གནད་དོན་འདི་རིགས་ཀྱི་ཁུངས་སྣེ་ཅི་རིགས་པ་རྙེད་ཐུབ་པའང་ཐེ་ཚོམ་མེད་དོ།།
སྐབས་འདིར་མཚོན་ན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་གི་དཔར་བའི་ངོས་༡༤ལས། གླང་གི་ལོ་ལ། བཙན་པོ་ཟ་རིད་ཀྱི་ལྡུ་ནག་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག སྟག་གི་ལོ་ལ་བབ་སྟེ། བཙན་པོ་ཟ་རིད་གྱི་ལྡུ་ནག་སླད་མ་ན་བཞུགས་ཤྀང་། ཞེས་དང་། ཟ་རིད་མདའ་ན་ཞེས་སོགས་ལན་འགའ་ཡར་གསལ་བ་འདི་ཡིས་ལམ་སྟོན་མཛད་འདུག་གོ།
དེས་ན་ཟ་རིད་ཀྱི་ལྡུ་ནག་དང་། ཟ་རིད་ཀྱི་མདའ་ཞེས་པ་འདི་ད་ལྟ་ས་ཆ་གང་ལ་ངོས་བཟུང་ཐུབ་བམ་ཞེ་ན། སྐབས་དེར་བཙན་པོ་དབྱར་དུས་བྱང་གི་རྩྭ་ཐང་ལ་བཞུགས་པ་མང་བས། རང་རེའི་བྱང་ཕྱོགས་སུ་བརྟགས་ན། ལྡུ་ནག་ཅེས་པ་འདི་ཉིད་ནི་འདམ་ཅོག་ཙེ་ལའི་ཤར་ངོས། མདོ་དབུས་སམ་མཚོ་བོད་གཞུང་ལམ་གྱི་འགྲམ་གྱི་ཐང་ཆེན་འདི་ཡིན་ལ། ད་ལྟ་ཡང་ལྡུ་ནག་ཐང་ཞེས་མིང་མ་འགྱུར་བར་གནས་ཡོད་དོ།།
ས་ཆ་འདི་ལ་ལྡུ་ནག་ཟེར་བ་བདེན་ན་ཡང་། ཟ་རིད་ཀྱི་ལྡུ་ནག་ཅེས་པ་དེ་ཡིན་པ་ཇི་ལྟར་ཆ་འཇོག་བྱ་དགོས་སྙམ་ན། ལྡུ་ནག་ཐང་གི་ནུབ་བྱང་ངོས། འདམ་གཞུང་རྫོང་ཁོངས་ཀྱི་ཀོ་ཁྱིམ་ཁུལ་གྱི་ཤར་ངོས། འདམ་དབུ་མ་ཁུལ་གྱི་བྱང་ངོས་ཀྱི་རི་རྒྱུད། ཅོག་ཙེ་ལའི་ནུབ་བྱང་གི་རི་རྒྱུད་འདི་ལ་ཟ་རིད་སྤུན་དྲུག་གམ། ཡུལ་མིའི་ངག་རྒྱུན་ལ་ཕོ་ཉ་ཟ་རམ་མཆེད་དྲུག་ཟེར་སྲོལ་མ་ཉམས་པར་གནས་ཡོད་དོ།།
(ད་ལྟའི་རྒྱ་མིའི་ཆ་བགོས་བྱས་པའི་)ནག་ཆུ་རྫོང་ཁོངས་(སྔར་དབུ་རུ་བྱང་གི་)ཅོག་ཙེ་ལའི་ཤར་ངོས་ལྡུ་ནག་ཁུལ་གྱི་ཡུལ་མིས་སྐྱི་རི་སྤུན་བདུན་ཟེར་སྲོལ་ཡོད་པ་ནི་ཏུན་ཧོང་ཡིག་ཆ་ཟ་ལ་ར་བཏགས་གི་གུ་དང་ད་རྗེས་འཇུག་ཡོད་པས། ཟི་རིད་དེ་ཉིད་སྒྲ་བསྒྱུར་བ་ཅིག་ཡིན་པར་ངེས་ལ། ཟ་རམ་ནི་ཟ་རིད་ཅེས་པ་སྒྲ་ཟུར་ཆག་པར་ཐེ་ཚོམ་མི་དགོས་པར་སྣང་ངོ་།།
ཟ་རིད་སྤུན་དྲུག་གཉན་རིགས་ཡིན་པར་བཤད་པ་དང་རི་རྒྱུད་འདི་ཡི་ནུབ་ངོས་གཉན་ཆེན་ཐང་ལྷ་དང་འབྲེལ་ཡོད་པས་ན། གཉན་འཁོར་སུམ་བརྒྱ་དྲུག་ཅུ་དང་འབྲེལ་ཡོད་པ་མ་ཟད། གཉན་དེ་དག་ནི་མངའ་མཛད་བཅུ་པའི་གྲས་ཡིན་པས་ན། སྐབས་དེའི་མངའ་མཛད་ཀྱི་གནས་ཡུལ་གཙོ་བོའང་འདི་ཕྱོགས་སུ་ཡིན་པར་ཆ་འཇོག་འོས།
དེ་བས་དོ་སྣང་བྱ་འོས་པ་ནི། ཏུན་ཧོང་ཡིག་ཆར་གསལ་བའི་རྒྱལ་ཕྲན་སིལ་མའི་སྐབས་སུ། ཡུལ་ངས་པོ་འི་ཁྲ་སུམ་ན། རྗེ་དགུག་གྲྀ་འི་ཟིང་པོ་རྗེ། བློན་པོ་འགར་དང་མཉན་གཉིས། ཞེས་བཀོད་འདུག་པས། བློན་པོ་གཉན་གྱི་རུས་པ་ཅན་འདི་ནི་ཟ་རམ་གཉན་གྱི་རུས་བརྒྱུད་ཡིན་པར་ཆ་འཇོག་འོས་ལ། འདམ་ཤོད་དང་ས་འབྲེལ་ཡིན་པ་སོགས་བསམ་ས་མང་བས་ཞིབ་ཆ་ལོགས་སུ་སྤྲོས་པར་འདོད་དོ།།
འདིར་མངའ་མཛད་ཟ་རིད་ཀྱི་ལོ་རྒྱུས་དུམ་བུ་འདི་ཡང་། རང་རིགས་ལ་རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་པར་འདུན་ཞིང་། དཔེ་ཀློག་དང་འབྲེལ་བའི་གནའ་བོའི་ས་མིང་རྙིང་པ་འདི་དག་ལ་དོ་སྣང་བྱ་མཁན་ཧ་ཅང་དཀོན་པས། བཙལ་ཞིབ་གང་ཐུབ་ཀྱི་འབྲས་བུ་རིགས་མཐུན་ལ་སྐྱེས་སུ་བསྟབས་པ་ཡིན་ལ། དྲྭ་གྲོགས་རོང་པོ་རང་འཚོལ་གྱིས་ཀྱང་རྩད་གཅོད་རོགས་གནང་བྱུང་བ་བཅས། དཔྱད་གཞིར་ར་སེ་དཀོན་རྒྱམ་པས་ཟིན་བྲིས་སུ་བཀོད་པའོ།།༢༠༢༠/༣/༢༠།

 

བརྒྱུད་སྐུལ།

མཆན་སྤེལ།