རྗེ་བཙུན་བློ་བཟང་ཐར་པ་རིན་པོ་ཆེ་མཆོག་ལ་བསྟོད་པ།

རྗེ་བཙུན་བློ་བཟང་ཐར་པ་རིན་པོ་ཆེ་མཆོག་ལ་བསྟོད་པ།

༼ བླ་མ་རིན་པོ་ཆེ་སྐུ་ཚེ་བརྟན།༽ རྩོམ་པ་པོ། རྒན་སྨོན་འདུན་ལགས། 

 

ལང་ཚོའི་མེ་ཏོག་དབུས་སྟོད་ཡུལ་ན་བཞད་ཅིང་། མཛད་པའི་འཕྲིན་ལས་ཆོལ་གསུམ་ཀུན་ལ་ཁྱབ་པའི་དུས་ཀྱི་སྒྲོན་མེ།  །མེས་པོའི་བཀའ་དྲིན་རུས་གཏིང་ནས་གཅེས་ཉར་མཛད་པའི་བསམ་བློ་བ་ཆེན་པོ།  ཉག་ཕྲའི་དུས་འདིར་བསྟན་དང་འགྲོ་བའི་དོན་དུ་དཀའ་སྤྱད་ཀྱི་ཁུར་པོ་ལྕི་ཡང་ཞུམ་མེད་ཀྱི་སྙིང་སྟོབས་རེ་རེས་མཁས་པ་ཁྲི་ཡི་དབུས་ནས་བཞེངས་བཞིན་འགྲོ་དོན་ལ་གཞོལ།  །གཞལ་དཀའ་བའི་བཀའ་དྲིན་རེ་རེས་དབུས་གཙང་ཞིང་གི་དད་ལྡན་སེར་སྐྱ་ཡོད་དོ་ཅོག་གི་སེམས་ཁོང་ན་བརྗོད་དུ་མེད་པའི་ཚོར་མྱོང་རེ་སྦྱིན་ཞིང་རིན་ཐང་གི་མེ་ལྕེ་ལྷོག་ལྷོག་ཏུ་སྤར།  །རྒྱུ་ནོར་དང་ཁེ་སྙན་གྱིས་ནམ་ཡང་བསླུ་མྱོང་མེད་པའི་འདུལ་བའི་དོན་གྱི་བདག་པོ་ཞིག   །བླ་བྲང་དང་རྒྱས་སྤྲོས་ཀྱི་འཚོ་བར་མི་ཞེན་པའི་གྲྭ་རྐྱང་དཀྱུས་མའི་གྲལ་དུ་བཞུགས་པའི་ཤཀྱའི་དགེ་སྦྱོང་གསོན་པོ་ཞིག    །སྤྲུལ་མིང་དང་མཁན་མིང་གང་གི་གོ་ཐོབ་མི་འཛིན་པའི་བོད་ཀྱི་རྗེ་བོ་ངོ་མ་ཞིག   །

ཐུགས་ཀྱི་ཞིང་བཀོད་དུ།   །ཉམ་ཐག་འགྲོ་བ་ཀུན་ལ་བཅངས་པའི་བརྩེ་ཞེན་རེ་རེ་འགྱུར་ཁུག་ལམ་ནས་དྲངས་པའི་བཀའ་སློབ་དག་གིས་རིས་མེད་དད་ལྡན་ཁྲི་མ་འབུམ་གྱི་ཡིད་ཀྱི་ཞིང་ས་བརླན།   །ཐ་མལ་ང་ཚོའི་གནས་སྟངས་འདི་འདྲ་གཟིགས་དུས་ལྗིད་ཏིག་ཏིག་གི་ཐུགས་ལ་མྱོང་མི་ཚར་བའི་ཚོར་སྣང་རེ་བབས་ཤིང་།  བརྗོད་མི་ཚར་བའི་འདྲི་རྟགས་མང་པོ་ཁ་བའི་འདབ་མ་བཞིན་དུ་འཕུར།  །སྐུ་ན་གཞོན་ནུའི་དུས་ནས་ལུང་རྟོགས་ཀྱི་བསྟན་པའི་ཐུགས་འགན་རླབས་པོ་ཆེ་བདག་གིར་མཛད་ཅིང་།  བསྟན་པ་འཕེལ་གྲིབ་ཀྱི་གནས་བབ་དང་ཉམ་ཐག་གདུལ་བྱའི་གནས་བབ་དག་གཟིགས་དུས་ཞི་བདེའི་འཇིག་རྟེན་ཞིག་དང་རྨོངས་པ་གཏན་བྲལ་དུ་གྱུར་བའི་མི་སྣ་གསོ་སྐྱོང་གི་ལས་འགན་ཕྲག་སྟེང་དུ་ལྷུང་།   །གཞན་བདེ་ཀུན་སྐྱིད་ཀྱི་ལྟ་བ་དེའི་སྟོབས་ཀྱིས་མཁས་པ་འདྲ་འདྲའི་ཁྲོད་ནས་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་བདག་གིར་བཞེས།  །གཡས་འཆང་གཡོན་འདེགས་ཀྱི་འཁོར་གཡོག་དང་རིན་ཆེན་གདོང་ལྔས་སྟེགས་པའི་གསེར་ཁྲི་དུང་དང་རྒྱ་གླིང་གི་བསུ་བར་མི་དགྱེས་པའི་བསྟན་འཛིན་གྱི་སྐྱེས་བུ་དྭངས་གཙང་ཞིག   །རྙེད་པ་དང་བཀུར་སྟི་ལ་མི་རེ་བའི་བུ་སློབ་ཁྲི་ཡི་ཡབ་ཆེན་ཞིག   །ཐུགས་ཀྱི་ཞིང་བཀོད་དུ་ཀུན་ལ་དབྱེར་མེད་ཀྱིས་ཁྱབ་པའི་འགན་ཁྲི་དང་བརྩེ་བ་ལྷད་མེད་ཅིག   །གང་ཉིད་བཞུད་པའི་ས་འཛིན་ན་དགོད་སྒྲ་ཡོད་ལ་མཐུན་སྒྲིལ་གྱི་ཨ་ལོང་ཡོད།   །བརྗོད་དུ་མེད་པའི་གསེར་ཐིག་གི་བཀའ་སློབ་རེ་རེ་རྨོངས་པ་ཁྱུ་ཚོགས་གཡང་ས་ནས་འདྲེན་པའི་ལྕགས་ཀྱུ་ཡིན་ལ་ང་ཚོའི་སེམས་ཁོངས་ཀྱི་རྟ་བདུན་དབང་པོ་ཡང་དེ་རང་ཡིན།   །དེ་ནི་ང་ཚོའི་རེ་བ་ཡིན་ལ་རྒྱབ་རྟེན་གྱི་བྲག་རི་ཡང་དེ་རང་ཡིན། སྐུ་ཡི་ལང་ཚོ་ཧ་ཅང་གཞོན་དུས་ནས་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་གསན་བསམ་སློབ་གཉེར་ཕལ་གྱིས་བྱ་དཀའ་བའི་གུས་རྟག་གི་སྦྱོར་བ་བརྩམས་ནས་ཕ་མཐར་སོན།  དེ་དུས་ནས་སློབ་གཉེར་གྱི་དམིགས་ཡུལ་དང་ཁ་ཕྱོགས་ཡོངས་རྫོགས་འཛམ་གླིང་ཞི་བདེ་དང་གང་ལ་གང་ཕན་གྱིས་མི་བུ་གསོ་སྐྱོང་མཛད་དགོས་པ་ཕན་བདེའི་ཉི་མ་ལྟ་བུའི་ཀུན་སློང་ལ་རླབས་ཆེན་དཔའ་སྟོབས་ཀྱིས་གོ་ཆ་སྤྲས།   སྟོང་ལོ་གསར་པའི་མི་ཡི་ཁ་ཕྱོགས་དང་མདུན་ལམ་སྟོན་པའི་རིགས་ཀྱི་སེམས་དཔའ་ཆེན་པོ།  ཕལ་ཆེར་ལམ་ལོག་ཏུ་གཡམ་བརྒྱུགས་བྱེད་དུས་ཕ་མཐའ་ཡས་པའི་སྙིང་རྗེའི་རྒྱབ་དཔུང་བཙན་པའི་བཀའ་ཡིས་སྐྱོབ་པར་མཛད་པའི་དྲིན་ཅན་གྱི་ཨ་མ།   །ཆོས་ལུགས་དང་གྲུབ་མཐའི་བར་དུ་མཐུན་སྒྲིལ་གྱི་ཟམ་ཆེན་བསྐྲུན་ཞིང་ཉེས་སྤྱོད་མཐའ་དག་རང་འགགས་སུ་ཞི་བར་མཛད་པའི་སློབ་དཔོན་ཆེན་མོ།  གང་སྐུ་ལྷུན་པོ་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ཐེངས་རེར།   དད་ལྡན་སེར་སྐྱ་ཡོད་དོ་ཅོག་འཛུམ་མདངས་དང་དགོད་སྒྲ་སྣུམ་པོར་འཁྱིལ་ཞིང་།  ལྷིང་འཇགས་ཀྱིས་ལུས་སེམས་བདེ་ལ་འཁོད།    མགོན་པོ་གང་གིས་ནུས་མེད་ཀྱི་སེམས་ཅན་འདི་དག་ཁ་ལོ་བཟང་པོ་ཞིག་དང་ལམ་སྣེ་འཁྲུལ་མེད་ཅིག་སྟོན་ཆེད་ཟབ་གསུང་བཀའ་ཡི་ནུས་པ་སེམས་ངོར་བསྐུས་ཤིང་།   གསུང་དབྱངས་སྒྲོག་ཐེངས་གཅིག་དང་ཞི་དུལ་གྱི་མཛད་སྤྱོད་ཀྱིས་བསམ་གཞིགས་མང་པོ་ཞིག་ལ་སྒུལ་ཤུགས་བྱིན་ཅིང་།   །ཐོབ་རྙེད་སྟོང་ཕྲག་འདོད་པ་ལ་བདེ་བ་བླ་མེད་དུ་བསྩལ་བས།   ཉམ་ཐག་སེམས་ཅན་ཚོར་སྤྲོ་སྣང་ཉག་ཅིག་གིས་བརྒྱན་པར་བྱས།   ཐུགས་རྗེ་དང་བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེ།   ཡོངས་ཀྱི་དགེ་བའི་བཤེས་གཉེན།    བློ་བཟང་ཐར་པ་རིན་པོ་ཆེ་སྐུ་ཚེ་བརྟན་གྱུར་ཅིག  །

སྨོན་འདུན་གྱིས་སྟོང་ལོ་ཉི་ཤུའི་སྤྱི་ཟླ་དང་པོའི་ཚེས་བདུན་ཉིན་དགའ་དད་སྤྲོ་གསུམ་གྱིས་བྲིས་པས་དགེ་བར་གྱུར་ཅིག་གུ  །

 

 

 

བརྒྱུད་སྐུལ།

མཆན་སྤེལ།