རྣམ་རབ་ལུང་པར་མིང་མི་འདྲ་བ་ཇི་ལྟར་བྱུང་ཚུལ་དང་ཡུལ་འདིའི་གླུ་གཞས་སོགས་སྒྱུ་རྩལ་གྱི་སྐོར།
རྣམ་རབ་མཁན་མིང་ངག་ཐུབ་ནས།
དྲུག་ཅུའི་དབྱངས་ལྡན་པི་ཝང་ཕྱག་ཏུ་འཁྲོལ།
བྱམས་བརྩེའི་བཞིན་རས་འགྲོ་བའི་མགོན་དུ་ཕྱོགས། །
ཐུགས་རྗེ་དུས་ལས་ཡོལ་མེད་ངག་གི་ལྷ། །
དབྱངས་ཅན་ལྷ་མོ་བདག་ཡིད་འཛུམ་པར་རོལ། །
སྙན་པའི་འགྱུར་ཁུག་རྣ་བའི་ཡུལ་དུ་སིམ། །
མཛེས་པའི་སྟངས་སྟབས་ནམ་མཁའི་གློག་ལྟར་འཁྱུག །
དགའ་བའི་སྙན་དབྱངས་གཞན་ཡིད་འཕྲོག་པའི་ནོར། །
རྣམ་རབ་གླུ་གར་ཡུལ་ལུང་མཛེས་པའི་རྒྱན། །
དེ་ཡང་ད་ལྟ་རྣམ་རབ་ཅེས་སུ་གྲགས་པའི་ཡུལ་ལུང་འདིར་ལོ་རྒྱུས་ཀྱི་བརྒྱུད་རིམ་ལས་གཡོར་པོ་གཞུང་དང་། རྒྱ་རི། ཡུལ་རྣམ་རྒྱལ་རབ་བརྟན། རྣམ་རབ་བཅས་ཀྱི་ཐ་སྙད་རིམ་བཞིན་བྱུང་བ་ལས། ཐོག་མར་གཡོར་པོ་གཞུང་ཞེས་པའི་མིང་ཐོགས་པའི་ཚུལ་ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡུལ་ཆོལ་ཁ་གསུམ་ལས། དབུས་གཙང་ཆོས་ཀྱི་ཆོལ་ཁ་འདིར་ཡུལ་ལུང་དུམ་བུ་བཞི་རུ་བགོ་བར་མཛད་པ་སྟེ། དབུས་ན་དབུ་རུ་དང་གཡོ་རུ་གཉིས་ལས། གཡོ་རུའི་ཕྱོགས་སུ་གཡོར་པོ་ལུང་པ་དགུ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་གཡོར་པོ་འཕྱིང་རུ་དང་། གཡོར་པོ་གཞུང་། གཡོར་པོ་དོལ་སོགས་ཡུལ་ལུང་མི་འདྲ་བ་དགུ་ཙམ་མཆིས་པའི་ནང་ནས་གཡོར་པོ་འཕྱིང་བ་ནི་དེང་གི་ས་ཁོངས་ལྟར་ན་གོང་དཀར་རྫོང་སྒང་སྟོད་དམ་དགོན་སྟོད་གྲོང་ཚོ་དེར་ངོས་འཛིན་པ་དང་། གཡོར་པོ་དོལ་ནི་གོང་དཀར་རྫོང་ཁོངས་ལྕེ་བདེ་ཞོལ་གྱི་ལུང་གཤོངས་དེར་འབོད།

དེ་ནས་གཡོར་པོ་གཞུང་ནི་ད་ལྟའི་རྣམ་རབ་ལུང་པའི་ཕུ་མདའ་བར་གསུམ་ལས་གཡོར་པོ་གཞུང་ནི་རྣམ་རབ་ཡུལ་གྱི་ཕུ་དང་། རྣམ་རབ་ཞོལ་གཙོ་བོར་གྱུར་པའི་རྣམ་རབ་བར་གྱི་ཡུལ་ལུང་དག་ལ་ངོས་འཛིན་ཞིང་། རྣམ་རབ་ལུང་པའི་མདའི་ཡུལ་རྣམས་ལ་གཡོར་པོ་གཞུང་གི་མདའ་ཞེས་བསྟན་པ་ཕྱི་དར་གྱི་འགོ་ཙམ་ལ་མིང་དེ་ལྟར་དུ་གྲགས་པར་མངོན་ཏེ། དེ་ཡང་རྗེ་མར་པ་ནས་བརྒྱུད་པའི་རྔོག་གཞུང་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་༼ བྷོ་ཏི་ཤྲིས་མཛད། དཔེ་གཟུགས་བྲིས་མ། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་སྒྲིག་གླེགས་བམ་ཟ་པ། སྤྱིའི་ཤོག་གྲངས། ༣༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༽ ལས། དེ་རྗེས་རྗེ་བཙུན་གྱི་གདུང་རྣམས་དབོན་མོས་གདན་དྲངས་བྱོན་ནས་ཉ་མོ་སྐྱུར་དུ་༼ གཞུང་མདའ། ༽ བླ་མ་ལ་ཕུལ་བས། ང་༼ བླ་མའི་གསུང་ནས། ༽ རྔོག་མདོ་སྡེ་བྱ་བ་སྔགས་པ་དམ་ཚིག་ཅན་ཡིན་གསུངས། དེར་ཆོས་འཁོར་ཆེན་མོ་མཛད་པའི་དུས་སུ་མཆིམས་ཆེན་པོ་༼ སྣར་ཐང་གི་མཁན་པོ་ནམ་མཁའ་གྲགས་པ། ༽ དང། བདག་ཉིད་ཆེན་པོ་༼ གསང་ཕུའི་གདན་ས་པ། ༽ ཆ་པ་གཉིས་ཀྱིས་གཙོ་མཛད་པའི་དགེ་བའི་བཤེས་གཉེན་གདུགས་སྐོར་བ་རང་སུམ་བརྒྱ་དང་དྲུག་ཅུ་རྩ་གཉིས་འཚོགས་སྐད་ཅེས་གསུངས་པ་ལྟར་གཞུང་ཉ་མོ་ཀྱུར་རམ་དེང་སང་ཡུལ་མིའི་ཁ་སྐད་དུ་ཉན་རྒྱུད་ཆགས་པའི་ཡུལ་དུ་གཞུང་གི་མདའ་ཞེས་ཐ་སྙད་དེ་ལྟར་དུ་གྲགས་པ་སོགས་མདོར་ན་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོའི་ནང་དུ་ཡང་ཡུལ་འདིའི་མིང་ལ་གཡོར་པོ་གཞུང་ངམ་ཡང་ན་གཞུང་ཞེས་པ་བྲིས་པ་དུ་མ་སྣང་བས་འདས་ལོ་སྟོང་ཕྲག་ལྷག་ཙམ་གྱི་དུས་ནས་ཡུལ་འདིར་གཞུང་ཞེས་གྲགས་པ་ལགས།
དེ་རྗེས་སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཡུལ་འདིར་རྒྱ་རི་ཞེས་འབོད་སྲོལ་ཡོད་པར་སྣང་སྟེ། དེ་ཡང་དཔལ་བསམ་ཡས་ཁམས་གསུམ་ཟངས་ཁང་གླིང་གི་ཐོག་བརྩེགས་གཉིས་པའི་ནུབ་ངོས་ཀྱི་ལྡེབས་རིས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་བསྐྲུན་མཛད་ནས་ལེགས་གྲུབ་བྱུང་བའི་མཛད་སྒོར་གནས་མཆོག་ལྷོ་ཁའི་ཁུལ་གྱི་ཡུལ་ལུང་ཁག་ནས་གཞས་ཞབས་བྲོ་སོགས་གླུ་གར་གྱི་རིགས་རྒྱག་མཁན་བསམ་ཡས་སུ་བཀའ་འགུགས་གནང་བའི་སྐབས་ཡར་ཀླུང་ཁུལ་དང་། གྲ་ནང་། དོལ་སོགས་ཡུལ་ལུང་ཁག་ནས་གཞས་ཞབས་བྲོ་རྒྱག་མཁན་ཇི་ཡོད་ཀྱི་སྐོར་ལྡེབས་རིས་དེ་ལས། རིམ་པར་རྒྱ་རི་ནས་ཕོ་གཞས་གསུམ་དང་། མོ་གཞས་ལྔ་ཞེས་དང་། ཡང་རྒྱ་རི་ནས་བྲོ་པ་དགུ་ཞེས་གཞས་པ་དང་གཞས་མ་བྲོ་པ་བཅས་ཀྱི་གཟུགས་དབྱིབས་རི་མོའི་ལྡེབས་སུ་འབྲི་གནང་མཛད་པའི་རྗེས་ཡིག་ཐོག་ནས་རྣམ་རབ་བམ་རྒྱ་རིའི་གཞས་པ་དང་བྲོ་པ་སོགས་ཡིན་པར་གསལ་བཤད་མཛད་ཡོད་པས་དེས་ན་དུས་སྐབས་དེ་ཙམ་ནས་ཡུལ་ལུང་འདིར་རྒྱ་རི་ཞེས་ཐ་སྙད་འབོད་སྲོལ་ཡོད་པར་སྣང་། འོན་ཀྱང་ཡུལ་མི་རྒན་པོའི་ངག་རྒྱུན་དུ་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་འགོ་ཙམ་དུ་རྣམ་རབ་ཞོལ་གྱི་གྲོང་གི་དབུས་སུ་ཨེ་ལྷ་རྒྱ་རིའི་གཞིས་ཀ་དེ་ཆགས་ནས་ཡུལ་འདིའི་མི་སེར་མང་པོ་གཞིས་ཀ་དེའི་ཁོངས་སུ་གཏོགས་པས་ཡུལ་ལུང་འདི་ལ་ཡང་དུས་དེ་ཙམ་ནས་རྒྱ་རི་ཞེས་འབོད་སྲོལ་དུ་ཆགས་ཞེས་གསུང་རྒྱུན་དུ་སྣང་ཡང་དུས་ཚོད་ཀྱི་ངོས་ནས་བརྟགས་ཤིང་དཔྱད་ན་རྒྱུ་མཚན་ཁུངས་བཙན་རང་མིན་པར་མངོན་ཏེ། ཨེ་ལྷ་རྒྱ་རི་ཆགས་ནས་ད་བར་མི་ལོ་ལྔ་བརྒྱ་ལྷག་ཙམ་ལས་མ་སོང་ཡང་ཡུལ་འདིར་རྒྱ་རི་ཞེས་པའི་མིང་ཐོགས་ནས་ད་བར་ཧ་ལམ་ཉུང་མཐར་ལོ་ངོ་སྟོང་ལྷག་སོང་འདུག་པར་བརྟེན་གང་ལྟར་ཡུལ་འདིར་སྒྲ་འདོད་རྒྱལ་ལམ་རྗེས་གྲུབ་གང་ཡིན་གསལ་པོར་བཤད་རྒྱུ་མེད་པར་རྒྱ་རི་ཞེས་པའི་མིང་དེ་ཐོགས་པར་མངོན།
དེ་ནས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་ཡུལ་ལུང་འདིར་རྣམ་རྒྱལ་རབ་བརྟན་ཞེས་ཡིག་ཐོག་ཏུ་བྲིས་པའི་ཚུལ་ཡང་། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་སྟོད་ཙམ་ལ་ཡུལ་ལུང་འདིར་རྣམ་རབ་དྭགས་པོ་གྲྭ་ཚང་ཕྱག་བཏབ་རྗེས་དགོན་འདིའི་འདོན་ཕྱག་ལེན་གྱི་སྐོར་བྱུང་བའི་སྐབས་རྣམ་རབ་དྭགས་པོ་གྲྭ་ཚང་དགོན་གྱི་གསེར་སྐྱེམས་ལས། རྣམ་རྒྱལ་རབ་བརྟན་གཡང་ཆགས་འཛིན་མའི་གཞིར། །རྒྱུ་བའི་ལུས་ཅན་ཀུན་སྐྱོང་དྲེགས་པ་ཆེ། །ལྷ་མཆོག་འོད་ལྡན་དཀར་པོ་འཁོར་བཅས་ལ། །གསེར་སྐྱེམས་འདི་འབུལ་ལས་བཞི་ལྷུན་འགྲུབ་མཛོད། །ཅེས་དང་། ཡང་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་༼ བྱང་ཆུབ་དབང་རྒྱལ་གྱིས་མཛད། གསུང་ངག་ལམ་འབྲས་ཕྱོགས་བསྒྲིགས་དེབ་ཆི་པ། ཤོག་གྲངས། ༣༤༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། ༽ ལས། ནམ་ཞིག་ན་ཉེ་གནས་ཆེན་པོ་བརྒྱ་བྱིན་པ་སྐུ་ཁམས་མ་བདེ་བའི་དུས་བྲིས་སྐུ་འདིའི་སྟེང་ནས་རྗེས་གནང་ཚར་འགའ་གནང་། རེ་ཞིག་སྔས་སྲུང་གི་ཚུལ་དུ་བཞུགས་པ་ལས། དེང་སང་ཡང་ཁོང་པའི་སྒེར་གཞིས་རྣམ་རྒྱལ་རབ་བརྟན་ན་རྟེན་གསུམ་ཀུན་གྱི་གཙོ་བོར་བཞུགས་སོ་ཞེས་གསུངས་པའི་ཉེ་གནས་བརྒྱ་བྱིན་ནི་རྣམ་རབ་ཡུལ་གྱི་སྡེ་དཔོན་ཆེན་པོ་ཞིག་ཡིན་པས་དེ་ཉིད་ཀྱིས་སྦྱིན་བདག་མཛད་ནས་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་ཕྱག་བཏབ་པར་གསུངས་ཏེ། རྣམ་རབ་དྭགས་པོ་གྲྭ་ཚང་དགོན་གྱི་ལྡེབས་རིས་རྙིང་པ་ལས་འབྲི་བཤུ་བྱས་པའི་རྣམ་རབ་དྭགས་པོ་གྲྭ་ཚང་གི་ལོ་རྒྱུས་མདོར་བསྡུས་ལས། སྔོན་བསགས་ཀྱི་སྦྱིན་འབྲས་དུས་སྨིན་པའི་བསོད་ནམས་སྟོབས་ཀྱིས་མངའ་བདག་ཤག་པ་ལེ་ནག་བརྒྱ་བྱིན་དང་། ས་སྐྱོང་ལྷ་རྒྱ་རི་བ་སོགས་ཀྱིས་ཀྱང་མཐུན་རྐྱེན་མཛད་དེ་གཡོ་རུའི་སའི་ཆ་རྒྱལ་བ་འོད་སྣང་མཐའ་ཡས་ཀྱི་རྣམ་རོལ་གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང་། མཉམ་མེད་ཇོ་བོ་ཡབ་སྲས། མངའ་བདག་མར་པའི་བརྒྱུད་འཛིན་རྔོག་སྟོན་རིམ་པར་བྱོན་པའི་བསྟི་གནས་ཀྱིས་རྣམ་པར་མཛེས་པ་གཞུང་ཞེས་པའི་ཡུལ་དབུས་རྣམ་རྒྱལ་རབ་བརྟན་དུ་གྲྭ་ཚང་འདི་ཉིད་བཏབ་ཅིང་དར་རྒྱས་མཛད་ཅེས་གསུངས་པ་ལྟར་དུས་སྐབས་དེ་ཙམ་ནས་ཡུལ་འདིར་རྣམ་རྒྱལ་རབ་བརྟན་ཞེས་སུ་གྲགས་པར་མངོན། གཞན་ཡང་རྒྱལ་ཁམས་པ་ཏྰ་ར་ནྰ་ཐ་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་ཐེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་༼ ཇོ་ནང་ཏྰ་ར་ནྰ་ཐས་མཛད། ཤོག་གྲངས། ༡༧༢ ནང་ཁུལ་ལྟ་དེབ། ༢༠༡༧ ལོའི་གཞན་སྟོང་འཛིན་གྲྭའི་དམ་བཅའི་དྲན་རྟེན་དུ་བསྐྲུན། ༽ ལས། དེ་རྗེས་གཞུང་རྣམ་རྒྱལ་རབ་བརྟན་དུ་བསུ་བའི་བཀོད་པ་རྒྱ་ཆེ་བ་དང་བཅས་ནས་སླེབས། འདིར་ཡང་ནི་གུ་ཆོས་དྲུག་སོ་སོའི་བཀའ་དབང་བཅས་པ་དང་། གཞན་ཡང་འདོད་ཆོས་རྣམ་གྲངས་མང་རབ་བྱས། ཞག་བཅུ་གསུམ་བསྡད། ཁོང་ཚོའི་ཕྱག་ན་ལས་སྟོད་ལྷོ་པ་བདག་པོའི་ཕྱག་གི་བྱིན་རླབས་རྟེན་མང་དུ་འདུག་པ་རྣམས་ལ་རྟེན་མཇལ་བྱས་ཞེས་གསུངས་པ་ལྟར་ཡུལ་འདིར་རྣམ་རྒྱལ་རབ་བརྟན་ཞེས་ཡིག་ཐོག་ཏུ་འཁོད་པར་སྣང་བ་ལགས།
དེ་རྗེས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་ཙམ་ནས་ཡུལ་ལུང་འདིར་རྣམ་རབ་བམ། ཡང་ན་གནའ་རབ་ཅེས་འབོད་སྲོལ་ཆགས་ཤིང་། ཡུལ་མི་ཚོས་མིང་དེ་ལྟར་དུ་ཐོགས་པའི་རྒྱུ་མཚན་དུ་སྔ་མ་རྣམ་རབ་ཅེས་པ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་ཡུལ་འདིར་རྣམ་རྒྱལ་མཆོད་རྟེན་ཆེན་པོ་ཞིག་གསར་བཞེངས་བྱས་པའི་རྗེས་ནས་ཡུལ་འདིར་རྣམ་རྒྱལ་རབ་བརྟན་ནམ་རྣམ་རབ་ཅེས་མིང་ཆགས་པར་གསུངས། ཡང་རྒན་རྒོན་འགའ་ཞིག་གི་ངག་རྒྱུན་དུ་ཡུལ་འདིར་གནའ་བོའི་དུས་ནས་ས་ཞིང་གཤིན་པས་ས་རབ། ཆུ་བཟང་བས་ཆུ་རབ། མིའི་གཤིས་རྒྱུད་འཇམ་པས་མི་རབ། སྣམ་ལས་བལ་ལས་སོགས་དར་བཟོ་ཆེ་བའི་རྐྱེན་གྱི་གོས་རབ་ཏུ་གྱུར་པར་བརྟེན་ཡུལ་འདིར་གནའ་རབ་ཅེས་ཐོགས་པར་གསུངས་ཀྱང་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཁག་གི་ནང་ཡུལ་འདིའི་སྐོར་འཁོད་པའི་ཚེ་རྣམ་རབ་ཅེས་པ་ལས། གནའ་རབ་ཅེས་བྲིས་པ་མི་སྣང་བས་ཡི་གེ་འབྲི་ཚུལ་སྔ་མ་དེ་འཐད་ཆེ་བར་མངོན་སྙམ། འོན་ཀྱང་འགའ་ཞིག་གིས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་སློབ་དཔོན་པདྨ་འབྱུང་གནས་མཆོག་ཡུལ་འདིར་ཞབས་སོར་འཁོད་པའི་སྐབས་ཙམ་ནས་ཡུལ་ལུང་འདིར་རྣམ་རྒྱལ་རབ་བརྟན་ནམ་རྣམ་རབ་ཅེས་གྲགས་པའི་ཚུལ་བཤད་མཁན་འདུག་ཀྱང་སྔོན་གྱི་ལོ་རྒྱུས་ཁག་གི་ནང་ཡུལ་འདིའི་མིང་འབྲི་ཚུལ་ལ་དཔྱད་པའི་ཚེ་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་གོང་ལ་ཡུལ་འདིའི་མིང་ལ་རྣམ་རབ་ཅེས་ལོ་རྒྱུས་སོགས་ཀྱི་ནང་བྲིས་པ་མི་སྣང་བས་དེ་མ་དག་པར་མངོན་སྙམ།
དེ་ལྟར་ན་ཡུལ་རྣམ་རྒྱལ་རབ་བརྟན་ཞེས་པའི་སྡུད་མིང་དུ་རྣམ་རབ་ཅེས་པའི་ཐ་སྙད་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པའི་ཚུལ་ཡང་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་རིགས་སྲས་ངག་དབང་བསོད་ནམས་དབང་ཕྱུག་གི་རྣམ་ཐར་སྐབས་དམ་པ་གང་ཉིད་དགུང་གྲངས་སོ་བདུན་ཏེ་༼ ༡༦༧༤ ༽ ལོར་རྣམ་རབ་ཏུ་བྱོན་པའི་སྐོར་ཡང་དཔལ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་ ༼ བདག་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་གྲངས། ༤༤༥ ༽ ལས། རྣམ་རབ་ཏུ་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་དྲངས་ནས་འབུལ་བ་གང་འབྱོར་བཅས་ཞབས་བརྟན་ཕུལ། མགོན་ཁང་དུ་གཏོར་གཞི་འཛུགས་པ་དང་འཕྲིན་བཅོལ་གནང་། དེ་ནས་ཕེབས་ལམ་དུ་ཆུ་རགས་རྣམས་ལ་ཕྱག་གནས་མཛད་པས་དེ་ཕྱིན་ཆུའི་གནོད་པ་མ་བྱུང་བ་དང་། རྣམ་རབ་ཕྱག་འདེབས་ལ་ལོ་ཏོག་རྒྱུན་བཞེས་ལ་ཕྱག་གནས་གནང་བས་དེ་ཕྱིན་ཤིན་ཏུ་ལོ་ལེགས་བྱུང་བ་དང་། ཚེ་དབང་གི་ཚེ་བུམ་ནོར་བུ་ཚེ་རིང་ལ་གནང་བ་ལས་བདུད་རྩི་ཆལ་ཆིལ་དུ་འབབས་པ་སོགས་བྱིན་རླབས་ཀྱི་མཚན་མ་ངོ་མཚར་བ་ཡོངས་སུ་གྲགས་ཞེས་གསུངས་པ་ལྟར་དེ་སྐབས་ཀྱི་གོང་ཙམ་ནས་ཡུལ་འདིར་རྣམ་རབ་ཏུ་གྲགས་པ་ལོ་རྒྱུས་སུ་འཁོད། ཡང་དགེ་སློང་བྱ་བྲལ་བ་པདྨ་འཕྲིན་ལས་རང་ཉིད་ཀྱི་རྟོགས་པ་བརྗོད་པ་རབ་དཀར་ཤེལ་གྱི་མེ་ལོང་༼ རྡོར་བྲག་སྐུ་ཕྲེང་བཞི་པ་རིག་འཛིན་པདྨ་འཕྲིན་ལས་ཀྱིས་མཛད། སྟོད་ཆ། ཤོག་གྲངས། ༢༤༢ བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་བསྐྲུན། ༽ ལས། རྣམ་རབ་སྤྲེ་ཞིང་དུ་འོངས་ཤིང་ཁྲོམ་དབང་བགྱིས། དེ་སྐབས་དྭགས་པོ་གྲྭ་ཚང་བ་ཡོངས་རྫོགས་འཕྲད་པར་བྱོན་པ་ལ་ཐུགས་བཞེད་ལྟར་ས་པཎ་འཇམ་དབྱངས་སྦྲགས་སྒྲུབ་ཀྱི་བྱིན་རླབས་དང་ལུང་བགྱིས་ཞེས་གསུངས། ཡང་རྒྱལ་དབང་སྐུ་ཕྲེང་ལྔ་པའི་གསུང་འབུམ་པོད་དགུ་པ་ ༼ ཤོག་གྲངས། ༣༨༡ ༽ ལས། རིགས་བརྒྱུད་རྣམས་ཀྱིས་ཀྱང་བླ་རྩིས་ཀྱི་ཡོན་ཏན་ཤུལ་ཟིན་བྱུང་ན་བརྒྱུད་པ་བཅས་པ་ལ་ཀླུ་མེས་ཀྱི་གཙུག་ལག་ཁང་གཞུང་ཉ་མོ་ཀྱུར་ལ་གཏོགས་པ་མར་ལུགས་རྔོག་པའི་གདན་ས་རྣམ་རབ་གཞུང་སྤྲེ་ཞིང་བཅས་པའི་ཁང་པ་ཞེས་གསུངས་པ་ལྟར་མདོར་ན་སྔོན་གྱི་རྒྱུས་དེབ་ཐེར་བཞི་ལྔ་ཙམ་གྱི་ནང་ད་ནས་ཡར་བརྩིས་པའི་ལོ་གྲངས་ལྔ་བརྒྱའི་གོང་ཙམ་ནས་ཡུལ་འདིར་ཡུལ་རྣམ་རྒྱལ་རབ་བརྟན་གྱི་སྡུད་མིང་དུ་རྣམ་རབ་ཅེས་བྲིས་པ་གསལ་པོར་སྣང་ཡང་དུས་ཚོད་འདིའི་གོང་ཙམ་ནས་ཡུལ་འདིར་རྣམ་རབ་ཅེས་བྲིས་པ་ལོ་རྒྱུས་ཁག་གི་ནང་མི་མངོན་པ་ལགས།
འོན་ཀྱང་རྣམ་རབ་ཅེས་པའི་ལུང་པ་དངོས་ནི་ད་ལྟའི་ཡུལ་རྣམ་རྒྱལ་རབ་བརྟན་ཞེས་སུ་གྲགས་པའི་ལུང་གཤོངས་ཆེན་པོ་དེའི་ཤར་ངོས་གཞུང་གི་རི་བོ་ཁྱུང་ལྡིང་གི་ལྷོ་ནུབ་ཏུ་གཞིས་ཆགས་པའི་སེར་ལུང་ཞེས་པའི་བརྒྱ་གྲོང་དེར་གྲགས་པ་ལས་དེ་མིན་ཡུལ་དེའི་ལུང་ཚན་མཐའ་དག་ཏུ་རྣམ་རབ་ཏུ་མ་གྲགས། ཕྱིས་སུ་ལོ་ངོ་སུམ་བརྒྱ་ཙམ་གྱི་རྗེས་ད་ལྟ་རྣམ་རབ་དྭགས་པོ་གྲྭ་ཚང་ཆགས་སའི་སྡེ་གྲོང་དེར་སེར་ལུང་གི་བརྒྱ་གྲོང་གནས་སྤོ་བྱས་པའི་མིང་ལ་རྣམ་རབ་ཞོལ་ལམ་རྣམ་རབ་མདའ་ཅེས་སུ་གྲགས་པར་མངོན་ཏེ། བོད་ཀྱི་ཡུལ་ལུང་གི་ཐ་སྙད་ཀྱི་དབང་དུ་བྱས་ན་ཞོལ་ནི་ཕུ་མདའ་གཉིས་ལས་མདའ་རུ་ངོས་འཛིན་པས་དེས་ན་ཡུལ་འདིར་རྣམ་རབ་མདའ་འམ་རྣམ་རབ་ཞོལ་ཞེས་སུ་གྲགས་ཏེ། གོང་དུ་ཞུས་པ་ལྟར་རྣམ་རབ་ཡུལ་གྱི་ལུང་ཚན་ཆེ་ཆུང་ཚང་མ་ཚུད་པའི་ཡུལ་དུ་གཡོར་པོ་གཞུང་དངོས་དང་། གཞུང་གི་མདའ་ནི་དེང་གི་ས་ཁོངས་ལྟར་ན་འོ་རག་དང་། བན་ཙ་གྲོང་ཚོར་ངོས་འཛིན་ཡང་རྣམ་རབ་ནི་བརྒྱ་གྲོང་ཆགས་པའི་སེར་ལུང་ཁོ་ནར་ངོས་འཛིན་ནས་རྣམ་རབ་ཞོལ་ལམ་མདའ་ནི་དེང་གི་གྲོང་ཁྱིམ་བརྒྱ་ཕྲག་གསུམ་ཙམ་མཉམ་དུ་གནས་པའི་སྡེ་ཚོ་ཆེན་པོ་འདིར་མིང་དེ་ལྟར་དུ་གྲགས་པ་བཅས་སོ། །
དེ་ནས་རྣམ་རབ་ལུང་པ་འདིར་གླུ་གཞས་དང་བྲོ་གར་སོགས་སྒྱུ་རྩལ་གྱི་རིགས་ཇི་ལྟར་བྱུང་ཚུལ་ཡང་སྤྱིར་ན་དམངས་ཁྲོད་རང་བཞིན་གྱི་གླུ་གར་སོགས་ནི་གང་ཟག་འདིས་སྲོལ་གཏོད། དུས་ཚོད་འདི་ཙམ་ནས་བྱུང་ཞེས་ཁ་ཚོན་བཅད་ནས་ཐོག་མའི་ལོ་རྒྱུས་བཤད་མི་ཐུབ་པ་ལྟར་རྣམ་རབ་ཡུལ་གྱི་གླུ་གཞས་སོགས་ཀྱི་བྱུང་ཚུལ་སོགས་ཀྱང་གསལ་པོར་བརྗོད་པར་དཀའ་ན་ཡང་གནའ་མི་རྒན་པོའི་ངག་རྒྱུན་དུ་སྤྱི་ལོའི་དུས་རབས་བརྒྱད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་བོད་ཀྱི་ཡུལ་ལུང་སྤྱི་བྱེ་བྲག་སོ་སོར་ཞབས་སོར་འཁོད་པ་ལས་ད་ལྟའི་གཡོར་པོ་གཞུང་ངམ་རྣམ་རབ་ཡུལ་འདིར་བྱོན་པའི་སྐབས་སེར་ལུང་ཞེས་པའི་བརྒྱ་གྲོང་གི་ཡུལ་མི་རྣམས་ཐུན་མོང་ནས་སྙན་པའི་གླུ་གཞས་དང་། སྟངས་སྟབས་ལེགས་པའི་བྲོ་གར་གྱིས་གུ་རུ་རིན་པོ་ཆེར་ཕེབས་བསུ་གཟབ་རྒྱས་ཞུས་པར་བརྟེན་གུ་རུ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་སོགས་ཀྱི་སྒོ་ནས་རིམ་པར་རྣམ་རབ་ཡུལ་གྱི་གླུ་གར་སོགས་སྒྱུ་རྩལ་གྱི་སྐོར་ཡུལ་ལུང་གཞན་ལ་ཡང་སྐད་གྲགས་ཆེན་པོ་བྱུང་བ་ལགས།
དེ་རྗེས་གོང་དུ་ཞུས་པ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་བསྐྲུན་གནང་རྗེས་ལེགས་སྒྲུབ་བྱུང་བའི་མཛད་སྒོའི་རྟེན་འབྲེལ་དུ་ལྷོ་ཁའི་ཁུལ་གྱི་ལུང་ཚན་སོ་སོ་ནས་གཞས་ཞབས་བྲོ་རྒྱག་མཁན་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་འགུགས་གནང་བའི་སྐབས་ཕྱིས་སུ་རྣམ་རབ་ཏུ་གྲགས་པའི་ཡུལ་ལུང་འདི་ནས་ཀྱང་ཕོ་གཞས་གསུམ་དང་། མོ་གཞས་ལྔ། བྲོ་པ་དགུ་བཅས་མགྲོན་དུ་བོས་གནང་ནས་གཞས་ཞབས་བྲོ་རྒྱག་པ་སོགས་ཀྱི་སྐོར་ཁམས་གསུམ་ཟངས་ཁང་གླིང་གི་ཐོག་བརྩེགས་གཉིས་པའི་ལྡེབས་རིས་སུ་འཁོད་པ་ནི་ཡུལ་འདིའི་གླུ་གཞས་སོགས་ཀྱི་སྐོར་ལོ་རྒྱུས་སུ་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་སུ་སྣང་བས་གང་ལྟར་ད་ནས་ཡར་བརྩིས་པའི་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་གོང་ཙམ་ནས་ཡུལ་འདིའི་གཞས་ཞབས་བྲོ་གངས་ཅན་ཡུལ་གྱི་སྒྱུ་རྩལ་གཞན་དང་འདྲ་བར་སྙན་གྲགས་ཆེན་པོ་བྱུང་བར་ལགས།
འོན་ཀྱང་བཤད་རྒྱུན་གཞན་ཞིག་ཏུ་གུ་རུ་རིན་པོ་ཆེ་བོད་ལ་བྱོན་པའི་སྐབས་ནས་ཡུལ་ལུང་འདིར་ཡུལ་རྣམ་རྒྱལ་རབ་བརྟན་ནམ་རྣམ་རབ་ཅེས་སུ་གྲགས་ཚུལ་དང་། ད་དུང་དེ་སྐབས་ནས་རྣམ་རབ་བྲོ་ཁམས་ཞེས་བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་སུ་འཁོད་པའི་ཚུལ་སོགས་བཤད་སྒྲོས་མ་དག་པར་གཞི་བཅོལ་ནས་ཁོ་བོས་ཀྱང་དེ་སྔོན་རྣམ་རབ་ཀྱི་གཞས་ཞབས་བྲོའི་ལོ་རྒྱུས་མདོར་བསྡུས་བྲིས་པ་དེར་བཀོད་ཡོད་ཀྱང་དེ་ལོ་རྒྱུས་དངོས་དང་མི་མཐུན་པའི་སྐོར་ཞར་བྱུང་དུ་གསལ་བཤད་ཞུས་པ་ལགས།
སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་ཙམ་ནས་རིམ་པ་བཞིན་དུ་ཡུལ་འདིར་དམངས་ཁྲོད་རང་བཞིན་གྱི་སྒྱུ་རྩལ་རྟ་ཐུང་དང་། ལྗགས་རྐྱང་། རྦད། སྒོར་གཞས། ལས་གཞས། དེ་མིན་ཆང་གཞས་སོགས་མདོར་ན་སྡེབ་སྦྱོར་ལེགས་པའི་ངག་གི་འགྱུར་ཁུག་བཟང་ཞིང་། གར་གྱི་ཉམས་དགུ་ཅི་རིགས་པའི་ཁྱད་ཆོས་ལྡན་ཞིང་སྟངས་སྟབས་ལེགས་པའི་སྒྱུ་རྩལ་རིགས་ཡུལ་འདིར་མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ད་ལྟ་ཡང་ཅུང་ཟད་ཕུན་སུམ་ཚོགས་པར་གནས་པ་ལགས།
དེ་རྗེས་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་༼ ༡༧༦༠་་་་་༡༧༩༡ ༽ ཙམ་དུ་རྣམ་རབ་ཡུལ་ནས་ལྷ་ལྡན་ཡུལ་དུ་ཐོག་མར་གར་ཕྲུག་ནས་རིམ་བཞིན་གར་དཔོན་གནང་མྱོང་ཞིང་རྣམ་རབ་ཡུལ་གྱི་གཞས་ཆེན་དང་། རྟ་ཐུང་། རྣམ་རབ་ཀྱི་ཁྲུངས་ཞུ་སོགས་གླུ་གཞས་ཀྱི་རིགས་ཙམ་མ་ཟད། སྒྲ་སྙན་ཞབས་བྲོ་སོགས་མདོར་ན་བོད་ཡུལ་གྱི་སྟོད་སྨད་བར་གསུམ་གྱི་སྒྱུ་རྩལ་རིགས་ལ་བྱང་ཆུབ་པའི་གླུ་གཞས་རབ་འབྱམས་པ་མགོན་པོ་ཚེ་བརྟན་ཞེས་པ་བྱུང་ནས་དེ་ཉིད་ཀྱིས་རྡོ་རིང་བཀའ་བློན་གུང་པཎ་ཊི་ཏ་མགོན་པོ་དོན་གྲུབ་རབ་བརྟན་གྱི་རིགས་སྲས་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་ལ་སློབ་སྟོན་གནང་མྱོང་བའི་སྐོར་ཡང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རྣམ་ཐར་ལས། ཡབ་ཡུམ་བཀའ་དྲིན་ཅན་གྱི་བཀས་བསྐུལ་ཏེ། གཞུང་གི་གར་པ་མགོན་ཚེ་དང་། དགོས་རྒོད་གཡུལ་རྒྱལ་གཉིས་གདན་དྲངས། གཞུང་གི་གར་པ་ཡི་དྲུང་ནས་གར་པ་གར་གླུ་དང་རྣམ་རབ་ཀྱི་ཁྲུངས་སུ་སོགས་བསླབ། དགོས་རྒོད་གཡུལ་རྒྱལ་གྱི་དྲུང་ནས་སྟོད་ཀྱི་སྒྲ་སྙན་དཀྲོལ་སྟངས་དང་། བོད་ཀྱི་ཞབས་བྲོ་རྡོག་བཀྱག དེ་མིན་སྲོལ་རྒྱུན་གྱི་རོལ་མོའི་བྱེ་བྲག་མང་དག་བསླབ་ཅེས་གསུངས་པ་ལྟར་དེ་སྐབས་གཡོར་པོ་གཞུང་ངམ་རྣམ་རབ་ཡུལ་དུ་གཞས་ཞབས་བྲོ་སོགས་སྒྱུ་རྩལ་གྱི་སྐོར་ལ་བྱང་ཆུབ་པའི་མཁས་པ་ཡང་བྱུང་ཡོད་པར་མངོན། དུས་དེ་ཙམ་ན་རྣམ་རབ་ཡུལ་ལུང་འདི་ནས་ལོ་ལྟར་ལྷ་སར་སྨོན་ལམ་བཅོ་ལྔ་མཆོད་པའི་སྐབས་གཞས་ཞབས་བྲོ་རྒྱག་པར་འགྲོ་དགོས་ཤིང་། རྣམ་རབ་ཡུལ་གྱི་གཞས་པ་དང་། གཞས་མ་རྣམས་སྨོན་ལམ་གྱི་གཞས་རར་འགྲོ་བའི་སྐབས་ཡུལ་ལུང་གཞན་གྱི་གླུ་པ་གླུ་མ་སོགས་གཟུར་ནས་སྡོད་དགོས་པའི་སྲོལ་ལུགས་ཡོད་པ་ནི་དེ་སྐབས་དབུས་སྡེ་པ་གཞུང་ནས་རྣམ་རབ་ཡུལ་གྱི་སྒྱུ་རྩལ་རིགས་ལ་མཐོངས་ཆེན་གང་ལེགས་གནང་བ་ཡང་གསལ་པོར་མཚོན། ད་ལྟའི་ཡུལ་འདིའི་རྒན་རྒོན་རྣམ་པའི་གསུང་རྒྱུན་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྒྱུ་རྩལ་གྱི་རིགས་སྤྱི་དང་རྣམ་རབ་ཡུལ་གྱི་གཞས་ཞབས་བྲོར་ཐུགས་མཉེས་པོ་ཡོད་པར་བརྟེན་ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ལྷ་སར་ཞབས་བྲོ་སོགས་རྒྱག་པར་འགྲོ་དགོས་པ་མ་ཟད། དམ་པ་གང་ཉིད་གཙང་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་མཛད་ནས་དབུས་ཕྱོགས་སུ་ཕེབས་པའི་སྐབས་ཆུ་ཤུར་ཆོས་འཁོར་ཡང་རྩེ་དགོན་དུ་ཕེབས་ལ་ཉེ་བའི་ཚེ་རྣམ་རབ་ཡུལ་གྱི་གཞས་པ་དང་། གཞས་མ་ཉིན་མང་པོའི་གོང་ནས་ཕེབས་བསུར་བཅར་ནས་ཟླ་ཕྱེད་ཙམ་གྱི་རིང་ཆོས་འཁོར་ཡང་རྩེར་རྒྱལ་དབང་མཆོག་ལ་གླུ་གར་གྱི་མཆོད་པ་ཕུལ་བཞིན་དུ་བཞུགས་པའི་སྐོར་ཡང་གསུང་རྒྱུན་དུ་སྣང་བ་ལགས། མདོར་ན་རྣམ་རབ་ཡུལ་གྱི་གླུ་གཞས་སོགས་ནི་འདས་པའི་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་གོང་ནས་ཡོད་པའི་སྐོར་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ནས་མི་རབས་རིམ་པར་བརྒྱུད་པའི་སྐབས་ཡུལ་ལུང་འདིར་སྒྱུ་རྩལ་སྐོར་ལ་བྱང་ཆུབ་པའི་མཁས་པ་ཡང་འགའ་ཞིག་བྱུང་ཡོད་པ་ལགས།
དེ་ལྟ་བུའི་རྣམ་རབ་ཡུལ་གྱི་གླུ་གཞས་སོགས་སྒྱུ་རྩལ་གྱི་རིགས་འདི་དག་འཕེལ་རྒྱས་འགྲོ་བའི་དུས་ཀྱང་ལོ་རེའི་ཡུལ་མི་འདུ་འཛོམས་ཐོག་ལྷ་གསོལ་བྱེད་པའི་སྐབས་དང་། གཞན་ཡང་ཆང་སའི་རྟེན་འབྲེལ་སྐབས། དེ་མིན་ལོ་ལྟར་ཡུལ་འདིར་དབྱར་ཁའི་དུས་སུ་གཏོང་བཞིན་པའི་འོང་སྐོར་རམ་དབྱར་སྐྱིད་དུས་ཆེན་དང་། ལོ་འགའ་རེའི་མཚམས་ནས་གཏོང་སྲོལ་ཡོད་པའི་ས་གཡང་འོང་སྐོར། ལྷག་པར་དུ་ད་ནས་ཡར་བརྩིས་པའི་མི་ལོ་སུམ་བརྒྱ་ཙམ་ནས་སྲོལ་ཆགས་པའི་རྣམ་རབ་བཅོ་ལྔ་མཆོད་པའི་དུས་ཆེན་འགོ་ཚུགས་པ་ནས་བཟུང་ཡུལ་འདིའི་རྟ་ཐུང་དང་། སྒོར་གཞས། རྦད། རྡོབ་ཚིག་སོགས་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད། སྔོན་དུས་ཡུལ་འདིའི་ཁྱིམ་ཚང་གྲགས་ཆེ་བ་མང་པོའི་ནང་དགོང་མོ་ཁྱིམ་དེའི་སྦྱིན་བདག་དང་གཡོག་པོ་སོགས་ཚང་མ་འདུ་འཛོམས་ཐོག་ལག་གིས་བལ་ལས་བྱེད་བཞིན་པའི་སྐབས་ཁྱིམ་དེའི་རྒན་རྒོན་རྣམ་པས་ལོ་གཞོན་རྣམས་ལ་རྟ་ཐུང་དང་། སྒོར་གཞས། གཞས་ཆེན་སོགས་གཞས་ཞབས་བྲོའི་རིགས་དགོང་མོ་རྒྱུན་དུ་སློབ་གནང་བར་བརྟེན་དེའི་རྐྱེན་པས་དུས་ཆེན་ཁག་གི་སྐབས་སུ་ཡང་གླུ་གཞས་སོགས་ལ་རང་བཞིན་གྱིས་དོན་གཉེར་བྱུང་ནས་ཕྱར་བ་ཟུར་འདེགས་ཀྱིས་ངང་འཕེལ་རྒྱས་གང་ལེགས་བྱུང་བ་བཅས་སོ། །

ད་དུང་ཡུལ་ལུང་འདིར་སྒྱུ་རྩལ་གྱི་རིགས་གཞན་ཡང་ལོ་ངོ་བརྒྱ་ཕྲག་གསུམ་ལྷག་ཙམ་གྱི་གོང་ནས་འཁྲབ་སྲོལ་མཆིས་པའི་རྣམ་རབ་དགག་དབྱེའི་ལྷ་མོའི་འཁྲབ་གཞུང་རྣམས་ཀྱང་ཡུལ་ལུང་གཞན་གྱི་ལྷ་མོ་འཁྲབ་མཁན་དང་མི་འདྲ་བར་ཡུལ་འདིའི་ལྷ་མོ་རྣམས་རྣམ་རབ་དྭགས་པོ་གྲྭ་ཚང་གི་དགེ་འདུན་རྣམ་པས་གཙོ་བོར་ལོ་རེའི་དགག་དབྱེའི་དུས་ཆེན་སྐབས་འཁྲབ་བཞིན་དུ་ལོ་ངོ་བརྒྱ་ཕྲག་གསུམ་ཙམ་མཆིས་ལགས་ཀྱང་འོན་ཏེ་ད་ལྟ་ཡུལ་འདིའི་སྐྱ་བོ་ཕོ་མོ་རྣམས་འདུ་འཛོམས་ཐོག་སྔོན་མའི་འཁྲབ་གཞུང་ཁག་ཀྱང་མ་ཉམས་པའི་ཚུལ་དུ་འཁྲབ་བཞིན་དུ་མཆིས་པ་ལགས། རྒན་རྒོན་རྣམ་པའི་གསུང་རྒྱུན་ལ་རྣམ་རབ་ཡུལ་ལུང་འདི་ཉིད་གངས་ཅན་ཁ་བའི་ལྗོངས་ཀྱི་གཞས་ཆེན་དང་། རྟ་ཐུང་སོགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་པར་ཡང་གསུང་སྲོལ་དུ་སྣང་། གནའ་བོའི་དམངས་ཁྲོད་ཀྱི་གླུ་གཞས་ཀྱི་ཚིག་དང་། གདང་དབྱངས། རྐང་ལག་གི་སྟང་སྟབས་སོགས་ཆེད་དུ་རྩོམ་པ་པོ་བྱེ་བྲག་པ་ཞིག་གིས་དམིགས་སུ་བཀར་ནས་རྩོམ་འབྲི་བྱས་པ་མ་ཡིན་ན་ཡང་ཚིག་གི་སྒོ་ནས་ལུང་པའི་གནས་བསྟོད་དང་། བླ་མའི་གསོལ་འདེབས་དང་བསྟོད་པ། ཕོ་མོའི་བར་གྱི་མཛའ་སེམས་མཚོན་པའི་འཚོ་བ་དངོས་དང་འབྲེལ་བའི་བརྗོད་བྱ་ཟབ་པ་དང་། དབྱངས་ཀྱི་སྒོ་ནས་འགྱུར་ཁུག་དང་ལྡན་ཞིང་མི་རིགས་ཀྱི་དགེ་མཚན་ལྡན་པ་སོགས་དམངས་ཁྲོད་ཀྱི་ངག་རྒྱུན་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་ལྡན་ཡོད་པ་ལགས།
སྤྱིར་ན་རྟ་ཐུང་དང་། སྒོར་གཞས། གཞས་ཆེན། ལྷ་མོའི་རྣམ་ཐར་སོགས་བོད་ཀྱི་ཡུལ་ལུང་གཞན་དུ་ཡང་གཏོང་སྲོལ་ཡོད་པ་མ་ཟད། གཞས་ཚིག་སོགས་ཀྱང་ཕལ་ཆེར་མཐུན་ན་ཡང་འོན་ཀྱང་ལུང་པ་རེ་ལ་ལུགས་སྲོལ་རེ་དང་། བླ་མ་རེ་ལ་ཆོས་ལུགས་རེ་ཞེས་པའི་བཤད་སྲོལ་ལྟར་ལུང་པ་སོ་སོའི་གླུ་གཞས་དང་ལྷ་མོའི་རྣམ་ཐར་སོགས་ལ་ཐུན་མོང་མ་ཡིན་པའི་དབྱངས་ཀྱི་འགྱུར་ཁུག་དང་། རྐང་པའི་འདེགས་འཇོག ལག་པའི་སྟང་སྟབས་སོགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ཡོད་པར་སྣང་། ད་དུང་རྣམ་རབ་ཡུལ་འདིར་ཡང་ལུང་ཚན་ཆུང་ངུ་སྤྲེ་ཞིང་དང་། རྣམ་རབ་བོག ཆོས་ཁང་། ལྷ་ཡུལ། རྣམ་རབ་ཞོལ་སོགས་ཀྱི་གདང་དབྱངས་ཀྱི་འགྱུར་ཁུག་ལ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ལྡན་ཡོད་པ་བརྟེན་རང་རང་སོ་སོའི་མི་རབས་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་སྲོལ་ལུགས་ལ་དོ་སྣང་ཤུགས་ཆེར་བྱེད་དགོས་པ་ནི་གལ་ཆེ་བའི་གནས་སུ་གྱུར་པ་ལགས། མདོར་ན་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་འཕེལ་རྒྱས་དང་ཉམས་རྒུད་རིམ་པར་བྱུང་ཡོད་ཀྱང་ང་དགུ་ལོའི་ཉམས་རྒུད་མ་བྱུང་བར་ལོ་རེའི་དུས་ཆེན་གལ་ཆེ་བ་རྣམ་རབ་བཅོ་ལྔ་མཆོད་པ་དང་། དབྱར་ཁའི་འོང་སྐོར། དབྱར་དུས་ཀྱི་ཟླ་བ་སོ་སོའི་ནང་གི་ལྷ་གསོལ་དུས་ཆེན་སྐབས་སུ་ཡང་སྔར་སྲོལ་ལྟར་གླུ་གཞས་དང་བྲོ་གར་ལ་རོལ་བཞིན་དུ་མཆིས་པ་མ་ཟད། ལྷག་པར་དུ་གོང་ཞུས་ལྟར་རྣམ་རབ་བཅོ་ལྔ་མཆོད་པའི་སྐབས་རྣམ་རབ་ཀྱི་སྒོར་གཞས་ཉིན་མཚན་འགའ་ཞིག་སྦྲེལ་ཏེ་ལུང་ཚན་སོ་སོའི་དབྱངས་ཀྱི་འགྱུར་ཁུག་ཐུན་མོང་མ་ཡིན་པའི་སྒོ་ནས་ཚིག་རྒྱག་དང་། གནས་བསྟོད་སོགས་ཀྱི་སྒོ་ནས་ངལ་དུབ་ལ་འཛེམ་པ་མེད་པར་གཞོན་སྐྱེས་ཕོ་མོ་རྣམས་གླུ་གཞས་ལ་ཅི་དགར་རོལ་བཞིན་དུ་མཆིས། ད་ལྟ་རང་མི་རིགས་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱེད་ཆོག་པའི་སྲིད་ཇུས་ཡང་དག་པའི་འོག་སྐྱེས་ཕོ་མོ་རྣམས་དུས་ཆེན་ཁག་ཙམ་མ་ཟད། དུས་རྒྱུན་དུ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་ལྷ་མོའི་རྣམ་ཐར་སོགས་སྒྱུ་རྩལ་གྱི་ལམ་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་དུ་མཆིས་པ་བཅས་སོ། །
ཞེས་རྣམ་རབ་ལུང་པར་མིང་མི་འདྲ་བ་ཇི་ལྟར་བྱུང་ཚུལ་དང་ཡུལ་འདིའི་གླུ་གཞས་སོགས་སྒྱུ་རྩལ་སྐོར་གྱི་རྩོམ་ཐུང་འདི་བཞིན་རྣམ་རབ་ངག་མིང་པས་བོད་རབ་བྱུང་བཅུ་བདུན་པའི་གནམ་ལོ་ལྕགས་བྱི་ལོའི་ཆུ་འཕྲུལ་ཟླ་བའི་མར་ངོའི་དུས་སུ་རང་གནས་རྣམ་རབ་དྭགས་དགོན་དུ་བྲིས་པའོ།། །།
རྣམ་རབ་རྟ་ཐུང་གི་གླུ་ཚིག
བཀྲ་ལ་ཤིས་པའི་ལ་འགོ་ནས་བལྟས་པས། །གཡང་དུ་ཆགས་པའི་ལ་ཚད་དང་མཇལ་བྱུང་། །གནས་ཆེན་རྩ་རི་ཤེལ་སྒོ་ལས་དྭང་བ། །ཞིང་སྐྱོང་ཆེན་མོ་མེ་ཏོག་ལས་མཚར་བ། །བཀྲ་ལ་ཤིས་པའི་ལ་དཀྱིལ་ནས་བལྟས་པས། །གཡང་དུ་ཆགས་པའི་ལ་ཚད་དང་མཇལ་བྱུང་། །གནས་ཆེན་ཁྲ་འབྲུག་ཤེལ་སྒོ་ལས་དྭང་བ། །སྒྲོལ་མ་གསུང་བྱོན་མེ་ཏོག་ལས་མཚར་བ། །བཀྲ་ལ་ཤིས་པའི་ལ་མཇུག་ནས་བལྟས་པས། །གཡང་དུ་ཆགས་པའི་ལ་ཚད་དང་མཇལ་བྱུང་། །གནས་ཆེན་བསམ་ཡས་ཤེལ་སྒོ་ལས་དྭང་བ། །ཆོས་སྐྱོང་ཆེན་མོ་མེ་ཏོག་ལས་མཚར་བ། །
རྣམ་རབ་ཀྱི་རྡོབ་ཚིག
བཀྲ་ལ་ཤིས་པའི་ལྡུམ་རའི་ནང་ལ། །གཡང་དུ་ཆགས་པའི་མེ་ཏོག་འཁྲུངས་ཡོད། །འདི་ལ་འཛོམས་པའི་ཕོ་གཞོན་ཚོ། །གནམ་ལ་ཤར་བའི་སྐར་མ་ལས་མཚར། །འདི་ལ་འཛོམས་པའི་དམན་ཆུང་ཚོ། །ས་ལས་སྐྱེས་པའི་མེ་ཏོག་ལས་མཚར། །ཁྲ་ཆུང་མིག་གིས་ལྟད་མོ་རེ་མཐོང་། །སེང་གེ་དཀར་མོའི་ལྡིར་སྒྲ་ལས་ཚ་བ། །བཀྲ་ཤིས་ལུང་པའི་ཕུ་ལ། །མ་སྐྱིད་ཞུ་ཡས་མི་འདུག །ལྷ་ཤིང་ཤུག་པས་གཙོ་བྱས། །ཤིང་སྣ་གཞན་ལས་འཛོམས་པ། །བཀྲ་ཤིས་ལུང་པའི་བར་ལ། །མ་སྐྱིད་ཞུ་ཡས་མི་འདུག །དཀར་མོ་ནས་ཀྱིས་གཙོ་བྱས། །འབྲུ་སྣ་གཞན་ལས་འཛོམས་པ། །བཀྲ་ཤིས་ལུང་པའི་མདའ་ལ། །མ་སྐྱིད་ཞུ་ཡས་མི་འདུག །ཡར་རྒྱབ་གཙང་པོས་གཙོ་བྱས། །ཆུ་སྣ་གཞན་ལས་འཛོམས་པ། །
རྣམ་རབ་གཞས་ཆེན་དལ་གཞས་ཀྱི་གཞས་ཚིག
དུས་དེ་སྐལ་བཟང་ལགས། །སྐལ་བ་བཟང་པོས་བྱས། །ད་དུང་སྐལ་བ་བཟང་ལ། སྐལ་བཟང་ཀླུ་ཡི་ཕོ་བྲང་ཡོད། །སྐལ་བཟང་ཀླུ་ཡི་ཕོ་བྲང་། །འགྱུར་བ་ཡོང་ས་མ་རེད། གལ་སྲིད་འགྱུར་བ་བྱུང་ན། །དམ་པའི་ཆོས་ལ་འགྱུར་ཤོག །
རྣམ་རབ་གཞས་ཆེན་འཁྲུག་གཞས་ཀྱི་གཞས་ཚིག
ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། གཡས་ལ་མདའ་མོ་བཏང་ནས་བཞག་ཡོད། གཡོན་ལ་གཞུ་མོ་བཀུག་ནས་བཞག་ཡོད། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། མདའ་མོ་བཏང་ནས་ཡོད་གཅིག་ཟེར། གཞུ་མོ་བཀུག་ཡོད་གཉིས་ཟེར། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། གཡས་རིའི་ལྡེབས་ནས་རྩྭ་གཅིག་བཟས། གཡོན་རིའི་ལྡེབས་ནས་ཆུ་ཞིག་བཏུང་། རྩྭ་གཅིག་བཟས་པས་གཅིག་ཟེར། ཆུ་ཞིག་བཏུང་པས་གཉིས་ཟེར། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། རྩྭ་བཟས་ཆུ་བཏུང་སྙན་པ་ཨེ་འདུག བླ་མའི་ཕྱག་འཚལ་སྙན་པ་ཨེ་འདུག ག་རེ་སྙན་པ། ཐུགས་ཁྱད་མི་འདུག ཐུགས་ཁྱད་མི་འདུག་གཅིག་ཟེར། འགྲན་ཟླ་མི་འདུག་གཉིས་ཟེར། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ཤོག་བུ་བྲེ་པོ་གང་ལ། རྣམ་པ་ནི་མི་འདུག ཐུགས་འདོད་ལ་ག་རེ་འདུག་གས། རྒྱ་ཤོག་ལ་བསྐྱོན་པ་བཞི་དང་། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། རྡོ་རྗེ་བྲག་ལ་གསེར་ཉ་སྐྱིད་པ། ལྕང་གླིང་ཕྱོགས་ལ་བྱིའུ་ཆུང་སྐྱིད་པ། ཨོ་ལོའི་སྐྱིད་པའི་ཕ་ཡུལ་མ་རེད། འདི་སྐད་གསུང་རོགས་གནང་ཞུ། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། ལ་ཡེ་ཞུས་པས། གཡས་ལ་ཚད་ལྡན་བླ་མ། གཡོན་ལ་འགོ་འདྲེན་དཔོན་པོ། མཇལ་དར་བསོད་ནམས་ཁ་བཏགས། ཕུལ་དུ་ཆོག་པ་ཡོད་དོ།། །།
ཡོང་ཁུངས། ཕུན་རྒྱལ་ཀུན་ཕན་གླིང་།
Post Views: 6,397